Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 16

Văn bản gốc(Tây Tạng)

Trang 5 / 21 (50.000 ký tự/trang)
འགྲུབ་པར་ཐེ་ཚོམ་མེད་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་
པར་བཤད་པའོ།། །།དེ་ནས་མཁའ་འགྲོ་མའི་དྲ་བའི། །འཁོར་ལོའི་ཆོ་ག་རྒྱས་པ་སྟེ། །ཞེས་བྱ་བ་ལ་ཇི་ལྟར་བསྟན་པའི་འཁྲུལ་འཁོར་དང་སྔགས་ཀྱི་རབ་ཏུ་སྦྱོར་བ། དེ་དག་ཐམས་ཅད་བསྒྲུབས་པས་གྲུབ་པར་ཐེ་ཚོམ་མེད་དོ། །སྒྲུབ་ཐབས་ཡིད་ལ་བརྟེན་པ་སྟེ། ཨ་བ་དྷཱུ་ཏཱིའི་
གནས་རྙེད་པའི་ཕྱིར་རོ། །དེའི་སྒོམ་པ་གསུངས་པ། དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་ངེས་པར་སྦྱར། །ཞེས་བྱ་བ་ལ་ལྟེ་བ་ནི་ལྟེ་བའི་པདྨའི་སྙིང་པོའི་སྟེ་དེར་ངེས་པར་སྦྱར་བའོ། །རྣམ་པར་རྟོག་པའི་སྡིག་བསྐྱོད་པས་ན་ཨ་བ་དྷཱུ་ཏཱིའི་སྟེ། མེ་འབར་བའི་གཟུགས་

ཅན་ཡིན་ལ། དེའི་བདག་པོ་ཡང་ཨ་བ་དྷཱུ་ཏཱིའི་ཞེས་བརྗོད་དོ། །དེའི་གནས་ནི་རབ་ཏུ་གནས་པ་སྟེ། རྟེན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་རྣལ་འབྱོར་པ་ལ་ཡང་དེ་བཞིན་དུ་གསུངས་སོ། །གང་དུ་ཞེ་ན་སྨིན་མའི་བར་དུ་ཞེས་བྱ་བ་སྟེ། ཟླ་བ་དང་པདྨའི་བར་དུ་ཨཱ་ལིའི་རི་མོ་བཅུ་དྲུག་གིས་
བསྐོར་བའོ། །དཔའ་བོ་འཆོལ་པའི་ཞལ་དུ་ཞེས་བྱ་བ་ལ། འཆོལ་པ་ནི་འཇིགས་སུ་རུང་བ་སྟེ་བཅོམ་ལྡན་འདས་ཀྱི་ཞལ་དུའོ། །རྒྱུ་དེས་ན་མེ་ལྷ་ཞེས་བྱ་བ་དབྱངས་ཡིག་དང་པོའི་རང་བཞིན་ལས་ལངས་པའི་མེ་ལྷ་ལ་བསྲེག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ནི་རྫས་
འདི་དག་གིས་སོ། །བསྲེག་བྱ་ལྔ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་རྣམས་ཀྱིས་སོ། །བསྲེག་བྱ་དགུ་ཞེས་བྱ་བ་ནི་རེ་རེ་ཞིང་སྟེ། བཞི་བཅུ་རྩ་ལྔའི་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འབར་ཕྲེང་རྒྱ་མཚོ་ཞེས་བྱ་བའི་རབ་ཏུ་འབར་བ་དང་ལྡན་པའོ། །བསམ་
ཞེས་བྱ་བ་ནི་སྔགས་པས་སོ། །དེ་ཅི་ཞིག་བྱ་ཞེ་ན། འཁོར་ལོ་ཞེས་བྱ་བ་སྟེ། ཀུན་ནས་སྒོ་ཞེས་བྱ་བ་ནི་ཁམས་གསུམ་མ་ལུས་པའི་དཀྱིལ་འཁོར་ཏེ་རང་བྱུང་བའི་ལྷག་པའི་ལྷའོ། །དཔའ་བོའི་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལྷག་པའི་ལྷའི་སྦྱོར་བས་སོ། །དཔའ་བོའི་གནས་
ཞེས་བྱ་བ་ནི་གཞལ་ཡས་ཁང་དང་བཅས་པའོ། །འདབ་མ་ལ་ཕོ་ཉ་མ་བཞིའོ་ཞེས་བྱ་བ་ནི་ལྟེ་བའི་པདྨའི་འདབ་མ་བཞི་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །འཁོར་ལོས་སྒྱུར་བའི་དཔའ་བོ་དང་། །གཉིས་མེད་པར་ནི་ཅི་བདེ་བར། །ཁཎྜ་རོ་ཧ་ཕྱི་རོལ་སྦྱིན། །ཞེས་བྱ་བ་ནི་ཇི་ལྟར་
འདོད་པར་བསྒོམས་ནས་དེ་ལ་ལྷག་པར་མོས་པས་སྦྱིན་སྲེག་བྱའོ་ཞེས་བྱའོ། །ཕྱི་རོལ་པ་གང་ཞེ་ན་ཁྭའི་གདོང་པ་ལ་སོགས་པའོ། །གང་གི་གཟུགས་ཀྱིས་ཤེ་ན། རང་གི་གཟུགས་སུ་ཞེས་བྱ་བ་སྟེ། ཇི་ལྟ་བའི་གཞལ་ཡས་ཁང་གི་སྒོ་དང་། མཚམས་བཞིར་སྔགས་པས་དེའི་
གཟུགས་སུ་བལྟ་བའོ། །བསྟན་པར་བྱ་ཞེས་བྱ་བ་ནི་བསྒོམ་པའོ། །གང་དུ་ཞེ་ན། འཁོར་ལོའི་དབུས་སུའོ། །འཁོར་ལོ་འདི་དག་བསྟན་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་བྱ་བ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དཀར་པོ་ལ་མཚན་མའི་ས་བོན་

གྱི་ཐིག་ལེའི་ནང་དུ་ཁམས་གསུམ་གྱི་བདག་ཉིད་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། འོད་ཟེར་བྱེ་བས་རབ་བརྒྱན་ཅིང་། །སངས་རྒྱས་སྤྲིན་གྱིས་རབ་ཏུ་འཁྲིགས། །ཐིག་ལེའི་རྣལ་འབྱོར་བསྡུས་བྱས་པ། །ཕྲ་མོའི་རྣལ་འབྱོར་རྣམ་པར་བསྒོམ། །
རིགས་ཀྱི་རིམ་པའི་མཚན་མའི་ནང་དུ་ཧཱུཾ་ལས་གྱུར་པའི་དཀྱིལ་འཁོར་ནམ་མཁའི་ངོས་ལྟར་ཡངས་པ་རྒྱལ་བའི་རིན་པོ་ཆེའི་གནས་བདེ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་རྡུལ་ཕྲ་རབ་བསགས་པ་ཡེ་ཤེས་ཀྱི་འོད་ཟེར་གྱི་ཕྲེང་བ་ལས་རྣམ་པ་སྣ་ཚོགས་ཀྱི་སྐུ་མཐའ་ཡས་པས་མ་ལུས་པའི་སེམས་ཅན་རྣམས་རྡོ་རྗེ་མཁའ་
འགྲོའི་དམ་ཚིག་གི་བྱིན་གྱིས་བརླབས་པ་སྲོག་དང་རྩོལ་བ་རབ་ཏུ་བསྡམས་ཤིང་། སེམས་ཤིན་ཏུ་བརྟན་པར་བཟུང་བ་ན། ཞག་བདུན་གྱིས་འདར་བ་དང་བསྐྱོད་པ་དང་འབེབས་པ་དང་གཡོ་བ་དང་འཕར་བ་དང་མངོན་སུམ་དུ་མཐོང་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །འཁོར་ལོ་འདི་དག་བསྟན་པ་ནི། །རྡོ་རྗེ་
སྙིང་པོ་སྙིང་རྗེ་ཆེ། །རིག་པའི་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་ནི། དེའི་ལེའུ་དང་པོར་འཁོར་ལོ་བསྟན་པ་དེ་འདིར་ཡང་དེ་བཞིན་དུ་ཐེ་ཚོམ་མི་བྱའོ། །ཕོ་ཉ་གཉིས་མེད་སྦྱོར་བའི་བདག །ཅེས་བྱ་བ་ནི་ཤིན་ཏུ་རྙེད་པར་དཀའ་བའི་སྔགས་ཀྱི་གཞུང་རྙེད་ནས་བཟླས་བརྗོད་དང་བསྒོམ་པ་དང་མངོན་པར་
ལྡན་པ་དེ་ནི་འདིར་གདོན་མི་ཟ་བར་གྲུབ་པར་འགྱུར་རོ་ཞེས་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །ཇི་བཞིན་རིམ་གྱིས་མཚོན་པ་སྟེ། །ཞེས་བྱ་བ་ལ་རིམ་ནི་ཡོངས་སུ་
བརྒྱུད་པ་སྟེ། བླ་མ་གཅིག་ནས་གཅིག་ཏུ་འོངས་པའི་གཞུང་ལུགས་ཉམས་པ་མེད་པར་བྱ་བའི་དོན་ཏོ། །མཆོད་པ་གཉིས་མེད་སྦྱོར་བའི་བདག །ཅེས་བྱ་བ་ནི་གཉིས་སུ་མེད་པའི་མཆོད་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དེའི་སྦྱོར་བའི་བདག་ཉིད་ཀྱི་སྔགས་པས་ལས་ཀྱི་
མཆོག་བསྒྲུབ་པར་བྱ་བ་ཡིན་ནོ། །ལས་ནི་སོ་སོར་སྦྱོར་བར་བྱ། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའོ། །གང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ནི་སྡེ་ཚན་བརྒྱད་དོ། །དེ་ཡི་དབྱེ་བ་རིམ་ཇི་བཞིན། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ནི་དབྱངས་ཡིག་དང་གསལ་བྱེད་སུམ་ཅུ་རྩ་གསུམ་

མོ། །ཕོ་ཉ་ནི་རྩའི་རང་བཞིན་གྱི་རྣལ་འབྱོར་མའོ། །སོགས་པའི་སྒྲས་ནི་དཔའ་བོ་ཉི་ཤུ་རྩ་བཞི་བཟུང་སྟེ། དེ་རྣམས་ཀྱི་སྔགས་སོ། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཞེས་བྱ་བ་ལ་སོགས་པ་ལ་མདའ་ནི་རླུང་སྟེ། དེའི་ཤུགས་ཀྱིས་འགྲོ་བ་ཡིན་ལ་དེས་འཁོར་བ་སྟེ། འགྲོ་
བ་དང་འོང་བར་ངེས་པར་འཇུག་པའོ། །ཕན་ཚུན་འདུས་པའི་སྔགས་ནི་ཞེས་བྱ་བ་ནི་ཨཱ་ལི་ཀཱ་ལི་དག་འདུས་པ་སྟེ་འདུས་པའོ། །ཡུལ་ཉིད་ཀྱིས་ནི་ཕྱེ་བའོ། །ཞེས་བྱ་བ་ནི་སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་མགོ་སྟེ་དེ་རྣམས་སུ་དགོད་པའོ། །ས་བོན་ཕྲེང་བ་དེ་དག་ཟིན། །ཧཱུཾ་ནི་མཐའ་རུ་
གནས་པ་ཡིན། །ཞེས་བྱ་བ་ལ་གང་དུ་འགུགས་ཤིང་གཞུག་པ་ལ་ཡི་གེ་ཧཱུཾ་གནས་པའོ། །དེ་ལ་དོན་ནི་འདི་ཡིན་ཏེ། གཡོན་པ་དང་གཡས་པའི་ངོས་གཉིས་སུ། དབྱངས་ཡིག་བཅུ་གཉིས་ཁ་གྱེན་དུ་བལྟས་པར་དགོད་དོ། །འོག་ཏུ་བལྟས་པ་ནི་ཡི་གེ་ཀ་ལ་སོགས་པ་ཕྲེང་བ་གཉིས་
ཏེ་དེའི་དབུས་སུ་ཆུད་པར་བྱའོ། །གང་ཡང་གསུངས་པ། གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དབྱངས་ཡིག་བཅུ་གཉིས་གནས་པ་སྟེ། །སྟེང་དུ་བལྟས་པར་ཡང་དག་བཤད། །ཀ་ལ་སོགས་པ་མངོན་པར་སྤེལ། །ཞེས་སོ། །བསྒྲུབ་བྱ་འགོག་པར་གྱུར་ན་ནི། །འགོག་པ་ནི་རྒྱུ་བ་
གཉིས་རྣམ་པར་བཅིངས་པའོ། །བསྒྲུབ་བྱ་ཞེས་བྱ་བ་དངོས་གྲུབ་ཏུ་གྱུར་པ་སྟེ། རྟེན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་བྱ་བ་ནི། རླུང་གིས་འགྲོ་བ་མེད་པའི་ཕྱིར་འགྲོ་བར་བྱ་བའི་ཡུལ་མི་སྲིད་པ་སྟེ། དེ་དང་དེ་ཉིད་རང་བཞིན་གྱིས་རོ་
གཅིག་ཏུ་གྱུར་པའི་ཕྱིར་རོ། །ཁ་སྦྱོར་སྦྱར་བར་གྱུར་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། ཁ་སྦྱོར་སྦྱར་བར་གྱུར་པ་ནི། །ཟླ་བ་ཉི་མར་རྣམ་པར་བཤད། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པ། །སྟེང་གི་སྒོ་རུ་རྟག་གནས་པའི། །སྣང་བྱེད་འབར་བའི་ཕྲེང་བ་
ཅན། །རྣམ་པར་གྲོལ་བའི་ལམ་གྱི་ཚོགས་སུ་རྒྱུན་གྱི་མཆོག་ཏུ་དགའ་བ་སྦྱོར་བ་ནི་ཁ་སྦྱོར་རོ། །ཡང་ན་ལག་པ་གཉིས་ཀུན་དུ་འཁྱུད་པ་ནི། རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད། །ཐབས་དང་ཤེས་རབ་མཉམ་སྦྱོར་བ། །ཁ་སྦྱོར་ཞེས་ནི་བཤད་པ་ཡིན། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །ཞེས་བྱ་བ་

ལ་སོགས་པ་ནི། པདྨར་རྡོ་རྗེ་གཞུག་པའོ། །བསྐོར་བ་ནི་བསྐྱོད་པའོ། །རྡོ་རྗེ་པདྨ་འབྱེད་པ་ནི། །སྒྲོ་ཆུན་སྦྲང་རྩིར་བྱེད་པར་བཤད། །བསྐོར་བས་འདི་ནི་བསྐྱོད་པའོ། །བདེ་དང་དགའ་བའི་རང་བཞིན་གྱིས། །ཞགས་པ་པདྨར་བཅུག་པ་སྟེ། །འདོད་ལ་ཆགས་པའི་ལྕགས་ཀྱུ་
ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་དགུག །མི་འཁྲུག་འཁྲུག་བྱེད་རྡོ་རྗེ་སྟེ། །དེ་ནི་གཏུན་ཤིང་རབ་ཏུ་གྲགས། །བཟའ་བ་རྡོ་རྗེ་འདེབས་པ་ལ། །དེ་བཞིན་གཤེགས་པ་འདུས་པའོ། །དབུགས་ལ་མདའ་ནི་སྦྱར་བྱས་ཏེ། །ཞེས་བྱ་བ་ལ་མདའ་ནི་སྒྲའོ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །
ཞེས་བྱ་བ་ལ་ཁ་ཊྭཱཾ་ག་ནི་ལྷའི་སྐུ་སྟེ། ནམ་མཁའ་ལྟ་བུའི་ཡན་ལག་པས་ན་ཁ་ཊྭཱཾ་གའོ། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཆོད་ཡོན་ངེས་པར་སྦྱར། །ཞེས་བྱ་བ་ལ། སྔགས་པས་ལྟེ་བར་བསམ་བྱ་བ། །རླུང་གི་དབུས་སུ་མེའི་དཀྱིལ་འཁོར་རོ། །དེ་སྟེང་སྣ་ཚོགས་པདྨ་དང་། །དེ་སྟེང་ཐོད་
པ་བྱང་ཆུབ་ཀྱི། །ཡེ་ཤེས་བདུད་རྩིས་ཡོངས་བཀང་བའོ། །དེ་དབུས་ཨཱ་ལི་ཀཱ་ལི་དང་། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཧཱུཾ་ཡིག་གིས་ནི་བྱིན་བརླབས་ལ། །བདག་ཉིད་བཾ་ལས་རྡོ་རྗེ་སེམས་དཔའི་སྦྱོར་བས་ཞི་བ་དང་། སྙིང་རྗེའི་གོ་འཕང་ཅན་སྟོན་ཀའི་ནམ་མཁའ་ལྟར་དྲི་མ་མེད་པ་ཟླ་བ་ལྟར་
འོད་ཟེར་གྱི་ཕྲེང་བ་དུ་མ་འཕྲོ་བ། བདུད་བཞི་ཞབས་ཀྱིས་མནན་པ་ཕག་མོ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོའོ། །སྤྱི་བོའི་ཟླ་བའི་སྟེང་དུ་མི་ཤིགས་པ། ཨ་ཏ་སའི་མེ་ཏོག་ལྟར་ཤིན་ཏུ་སྔོ་བ་ལས་བའི་འོ་མའི་རྒྱུན་ཉིན་དང་མཚན་དུ་འབབ་པའོ། །གང་ཞིག་འོག་གི་པདྨ་ལ། །ཟླ་བ་ཉི་མས་
བརྒྱན་པ་སྟེ། །ལྟེ་བའི་དབུས་སུ་དེ་བསམ་བྱ། །རླུང་གི་དབུས་སུ་མེ་དཀྱིལ་འཁོར། །ལུས་མེད་པར་ནི་མི་ལྟ་སྟེ། །རབ་ཏུ་ཞི་བའི་ཡིད་ཀྱིས་སྦྱར། །ཡང་མགོ་བོར་ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ལ་ཀླུ་ཤེ་ཤ་ནཱ་གའི་ལྷག་མ་བདེ་བ་ཆེན་པོའི་གཟུགས་ཅན་གདེངས་ཀ་གསུམ་གྱིས་མཛེས་
པའོ། །ཐིག་ལེས་བར་བརྒྱན་པ་ལས་ཆར་པའི་རྒྱུན་ལྟར་འབབ་པར་བསམ་མོ། །ཡི་གེ་ཨི་ནི་བདུད་རྩིའི་རྒྱུན། །མིག་གཉིས་སུ་ནི་དགོད་པར་བཤད། །ཀུནྡ་ཟླ་བ་དཀར་དང་མཚུངས། །དབང་པོའི་མཚོན་ཆས་བརྒྱན་པའོ། །སྟེང་དུ་སྤྲིན་གྱིས་གཡོགས་བྱ་བ། །འབྲུག་དང་གློག་གིས་བརྒྱན་པ་ནི། །

ནམ་མཁའི་དབུས་སུ་ཁྱབ་པར་བསམ། །བདུད་རྩིའི་ཆུ་རྒྱུན་རབ་འབབ་པས། །གྲོང་ཁྱེར་མཐར་ནི་ཞི་བར་བྱེད། །བསྒྲུབ་བྱའི་སྟེང་དུ་འདུག་བསམས་ན། །དུག་དང་ཚ་བའི་རིམས་ལ་སོགས། །བསམ་གཏན་ཙམ་གྱིས་སྤེལ་བར་བྱེད། །དཀྱིལ་འཁོར་དབུས་ཆུད་ཁ་དོག་དབྱིབས། །གང་ཞིག་རྟག་
ཏུ་བསམ་བྱས་ན། །དེ་ཡི་ཚེ་ནི་ཟད་འགྱུར་ནའང་། །ཚེ་རིང་བར་ནི་འགྱུར་བ་ཉིད། །ལོག་གཅིག་པར་ནི་ཁ་སྦྱོར་ན། །རྒས་པ་མེད་ཅིང་འཆི་བ་མེད། །ནད་སོགས་ཀྱིས་ནི་གདུང་མི་འགྱུར། །ཀླུ་ཆེན་རྣམ་པ་བརྒྱད་རྣམས་ཀྱིས། །གལ་ཏེ་ཟིན་པའི་དུག་ཆེན་ཡང་། །བཀོད་པས་དུག་མེད་བྱེད་པ་སྟེ། །དུག་
གིས་ཤི་བའང་སློང་བར་བྱེད། །དུས་མིན་འཆི་ལས་རྒྱལ་འགྱུར་ཏེ། །ནད་ལས་རྣམ་པར་གྲོལ་བར་འགྱུར། །སྟོན་ཀའི་དུས་ཀྱི་ཟླ་འདྲ་བ། །ལག་པ་གཡོན་པའི་མཐེ་བོང་ལ། །ཟླ་གཟུགས་ཡི་གེ་བཾ་འཕྱང་བས། །བདུད་རྩི་ཡང་དག་བཙིར་བས་ནི། །རིམ་གྱིས་དུས་མིན་འཆི་བ་འཇོམས། །དེ་ནས་
སྲུང་བའི་ཆོ་ག་འགྱུར་བ་སྟེ། །རྡོ་རྗེ་སྲུང་བཟློག་གིར་དམིགས་པས། །བདག་ཉིད་སྲུང་བཟློག་གི་གཙོ་བོ། དཀར་ཞིང་ཞལ་གཡས་པ་རྣམས་སྔོན་པོ་དང་དམར་པོ་དང་སེར་པོ་དང་། གཡོན་པ་རྣམས་ལྗང་གུ་དང་དམར་པོ་དང་དུད་ཀ་སྟེ། སྟེང་གི་ཞལ་ཆེན་དཀར་བ། ཟླ་བ་ལ་བཞུགས་ཤིང་རྒྱན་སྣ་
ཚོགས་ཀྱིས་བརྒྱན་པ། གོས་དཀར་པོས་ཉེ་བར་མཛེས་པ་གཡས་བརྐྱང་བའི་སྦྱོར་བས་འཆི་བདག་གི་བདུད་ལ་སོགས་པ་མནན་པ་སངས་རྒྱས་ལྔའི་དབུ་རྒྱན་ཆེན་པོ་དང་ཤི་བ་སོས་པར་བྱེད་པའི་མཆོག་སྤྱན་གསུམ་ཞི་ཞིང་སྙིང་རྗེའི་ཉམས་ཀྱིས་དགའ་བ་ཕྱག་དང་པོ་སྡིགས་མཛུབ་དང་བཅས་པས་རྡོ་རྗེ་
གདེངས་པ་གསོར་ཞིང་། གཞན་ཞགས་པ་དང་བཅས་པའི་དྲིལ་བུ་འཛིན་པ། དེ་བཞིན་དུ་རལ་གྲི་དང་དགྲ་སྟ་དང་གཏུན་ཤིང་དང་ཐོད་པ་དང་། མི་འཇིགས་པ་སྦྱིན་པའི་ལྕགས་ཀྱུ་དང་། ཡང་གཞུ་དང་མདའ་རྣ་དྲུང་དུ་བཀང་བ་དང་། ཁ་ཊྭཱཾ་ག་དང་ཐོ་བ་དང་བདུད་རྩིས་གང་བའི་བུམ་པ་དང་པདྨ་
དང་བཅས་པའི་དུང་དང་བཅོ་ལྔ་པ་དང་བཅུ་དྲུག་པས་དབང་བསྐུར་བའི་ཕྱག་རྒྱའོ། །འདིའི་སྙིང་གར་འཁོར་ལོ་བསམ་པར་བྱ་སྟེ། པདྨ་འདབ་མ་བརྒྱད་པ་བྲིས་ལ་ལྟེ་བར་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ། སྣ་ཚོགས་རྡོ་རྗེ་ལྟེ་བར་ཡི་གེ་ཧཱུཾ། དེའི་ལྟེ་བ་ལ་ཡང་ཡི་གེ་བཾ། ཡི་གེ་བཾ་གྱི་ལྟེ་བ་ལ་

བསྒྲུབ་བྱའི་མིང་ཡི་གེ་གསུམ་དང་སྤེལ་བ་རཀྵ་ཚིག་དང་བཅས་པ་བྲིའོ། །རྩིབས་ཀྱི་ནང་དུ་མཁའ་འགྲོ་མ་བཞི་ནི་འདིར་གཡོན་སྐོར་དུ་དགོད་པར་བྱ་སྟེ། ཌཾ་ལཾ་ཁཾ་རཱུཾ་རི་རཱྀ་ལི་ལཱྀ་དང་སྤེལ་བའོ། །པདྨ་འདབ་མ་དགོད་པ་ནི། །རིམ་པ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་ཏེ།
ཁཾ་པྲཾ་ཀཾ་ཙཾ་ཀཾ་པྲཾ་བཾ་མཾ་རྣམས་ཤར་དང་བྱང་དང་ནུབ་དང་ལྷོར་རོ། །མེ་མཚམས་ལ་སོགས་པར་ནི། སཾ་བཾ་ཨཾ་ཁཾ་བ་ལཾ་བཾ་ཏྲཾ་རྣམས་ཧཱུཾ་ཡིག་དང་སྤེལ་བའོ། །དེའི་ཕྱི་རོལ་དུ་ནི་སྣ་ཚོགས་རྡོ་རྗེ་སྟེ་ལྟེ་བ་ལ་དབྱངས་ཡིག་བཅུ་དྲུག་བྲི་བར་བྱའོ། །རྩིབས་བཞི་ལ་ནི་གནོད་མཛེས་ཞལ་བཞི་པ་བྲི་བར་བྱའོ། །
དེ་ནས་སྐེ་རགས། དེ་ནས་འདབ་མ་བཅུ་དྲུག་པའི་པདྨ་བྲི་བར་བྱས་ལ། སྐེ་རགས་ལ་ནི་ཀཾ་ཁཾ་གཾ་གྷཾ་ངཾ་། ཙཾ་ཚཾ་ཛཾ་རྣམས་བྲིའོ། །འདབ་མ་བཅུ་དྲུག་ལ་ནི་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་འཁོར་ལོ་རྩིབས་བཅུ་དྲུག་པ་བྲིས་ལ་འཁོར་ལོའི་རྩིབས་ལ་སྔོན་བཞིན་དུ་གཡོན་
སྐོར་གྱིས་བྲི་བ་ནི། ཨཾ་ཨཾ་བཾ་མཾ་མཾ་བཾ། བཾ་སུཾ། བཾ་སཾ། མཾ་ཧཾ། བཾ་ཁཾ་མཾ་ཙཾ། རཾ་ཁཾ་ཁཾ་ཧཾ་སཾ་མཾ་ཙཾ། ཨཾ་སཾ། ཧཾ་སཾ་བཾ་མཾ་བཾ་ཙཾ་བཾ་མཾ་ཞེས་བྱ་བ་རྣམས་ཡི་གེ་ཨོཾ་དང་པོར་བྱས་ལ་ཧྲི་དང་བསྒྲུབ་བྱའི་མིང་སྤེལ་བ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་སྐེ་རགས་ལ་མིང་དང་སྤེལ་བར། ཛྷཾ་ཉཾ་ཊཾ་ཋཾ་ཌཾ་ཌྷཾ་ཎཾ། ཏཾ་ཐཾ་དཾ་དྷཾ་ནཾ།
པཾ་ཕཾ་བཾ་བྷཾ་མཾ་རྣམས་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་གྲུ་བཞི་པ་ལ་སྒོ་བཞི་བ། ར་བ་ལྔས་བསྐོར་བ་སྟེ། སྒོ་བཞི་དང་མཚམས་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ། ཀཾ་ཨུཾ་སྱཾ། ཤུཾ་ཡཾ་ཡཾ་ཡཾ་ཡཾ་རྣམས། ཡཾ་རཾ་ལཾ་ཝཾ་ཤཾ་ཥཾ་སྭཱ་ཧཱ། རྣམས་དང་ལྡན་པའི་བསྒྲུབ་བྱའི་མིང་ཧཱུཾ་དང་ཧཱུཾ་ཕཊ་དང་སྤེལ་བའོ། །
སྒོའི་སྟེང་དུ་ནི་ཁ་ཟུམ་པའི་རྡོ་རྗེ་བྲིའོ། །དེའི་སྟེང་དུ་ནི་ཚིག་བརྒྱད་པའི་སྔགས་བྲི་བར་བྱའོ། །དེའི་ཕྱི་རོལ་ལ་སྐེ་རགས་ལ་ནི་སྲུང་བཟློག་འདི་བྲི་བར་བྱ་སྟེ། ན་མཿས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ནི། ཨོཾ་ཧཱུཾ་བཛྲ་ཧེ་རུ་ཀ་ཙཀྲ་ཝརྟི་སརྦ་ལོ་ཀི་ཀ་ལོ་ཀོཏྟ་ར་ཎི། ཡནྟྲ་མནྟྲ་ཏནྟྲ་བུ་པྲ་ཡོ་ག་ཏི་ནི་
ཡེ་ན་ཀེ་ན་ཙིཏ་ཀྲྀ་ཏ་ནི། སརྦ་ཎི་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། གྲིཧྣ་གྲིཧྣ་བྷཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ། ཛྙཽཾ་ཛྙཽཾ། མ་ཐ་མ་ཐ། བིདྡྷྭཾ་ས་ཡ་བིདྡྷྭཾ་ས་ཡ། ཤ་ཏ་ས་ཧ་སྲ་དྷ། ཤ་ཏ་ས་ཧ་སྲ་དྷ། བི་ཙུརྞ་ཡ། བི་ཙུརྞ་ཡ། ཨོཾ་ཕཊ་བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ་ཙཀྲ་ཝརྟི་

སེ་ཁ་མུ་ཁཾ་ཙཀྵུ་བནྡྷ་བནྡྷ་ཧཱུཾ་ཧཱུཾ། སྔགས་པ་ཆེ་གེ་མོ་རཀྵ་ཀུ་རུ་ཧཱུཾ་ཨོཾ་སྭཱ་ཧཱ། ཡི་གེ་ཀྵའི་ལྟོ་བར་འཁོར་ལོ་བྲི། ཡང་ཐའི་ལྟོ་བར་ཀྵ་བྲི་བར་བྱའོ། །ཐའི་ཕྱི་རོལ་དུ་ནི་ཨཱ་ལི་ཀཱ་ལི་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ནི་རྡོ་རྗེའི་ཕྲེང་བས་བསྐོར་ལ། ཆོ་ག་བཞིན་དུ་རབ་ཏུ་གནས་པར་བྱས་ལ། ཤི་བ་གསོ་བའི་སྔགས་
བཟླས་པར་བྱ་སྟེ། ཨོཾ་མེ་ཏྲི་སཾ་ཛི་བ་ནི་མ་ཧཱ་མཻ་ཏྲི་མི་ཁི་ཛི་བ་པྲ་བེ་ཤ་ཡ་སརྦ་བཛྲ་པདྨ་ས་མ་ཡ་ཡོ་གེ། །མ་ཧཱ་བོ་དྷི་ཙིཏྟཾ་བེ་དྷོ་བ་མུརྟེ་ཧཱུཾ་ཧཱུཾ་ཧཱུཾ་ཨ་ཨ་སྭཱ་ཧཱ། ལན་ཁྲི་བཟླས་ན་དུས་མ་ཡིན་པར་འཆི་བ་སེལ་ཏོ། །དེ་ནས་རང་བྱུང་བླང་བྱ་བ། །ཌོམྦི་འམ་ཡང་ན་བྲམ་ཟེ་ཡི། །གླང་ཆེན་རྡུལ་དང་བྱང་ཆུབ་
སེམས། །ཚིལ་ཆེན་དུད་པ་པདྨའི་ཆུ། །རྡོ་རྗེ་ཆུ་ཡིས་བྲི་བྱ་སྟེ། །ཕྲེང་བའི་སྔགས་ཀྱིས་བསྐོར་བྱས་ལ། །སྐུད་པ་དཀར་པོས་དཀྲི་བར་བྱ། །དབང་བསྐུར་ཡང་དག་མཆོད་པ་དང་། །གཏོར་མ་རབ་ཏུ་རྒྱས་པ་བྱ། །བདག་ཉིད་ཤྲཱི་ཧེ་རུ་ཀ་ཡི། །དངོས་བྱས་ནས་ནི་བཟླས་པ་བྱ། །ཨོཾ་ཧྲཱིཿཧ་ཧ་ཨཱ་མུ་
ཀ་སྱ་ཤཱནྟིཾ་ཀུ་རུ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་དྷཾ་དྷཾ་ཕཊ། མར་དང་སྦྲང་རྩི་དང་བདུད་རྩི་ལྔའི་ནང་དུ་བཅུག་སྟེ་བཞག་ན་ནད་དང་བཅས་པ་ནད་མེད་པར་འགྱུར་རོ། །ཡང་ན་རྟག་ཏུ་རྣལ་འབྱོར་པའི་མགོ་ལ་བཅིང་ན་རྣལ་འབྱོར་མ་རྣམས་མཆོག་སྟེར་བར་འགྱུར་ཞིང་། བགེགས་མེད་པར་འགྱུར་བ་དང་གཡུལ་
དུ་ཞུགས་ན་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སརྦ་སིདྡྷཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་བཛྲ་ཧེ་རུ་
ཀ་པདྨ་བྷ་བཾ་ཀྲིཏྟ་ཏེ་དྷེ་ཀུ་ཡད། གལ་ཏེ་སྡིག་པ་མི་འདོར་བ་དེའི་ཚེ་བླ་མ་དང་ཐུབ་པ་ལ་གསོལ་ཅིག་ཅེས་དེའི་སྡིག་པ་ཉེ་བར་བསྒྲགས་ལ། དེ་ནས་རང་གི་ལུས་ཁྲོ་བོ་ཆེན་པོ་དུར་ཁྲོད་ཀྱི་མེ་འཇིག་པའི་དུས་ལྟར་འབར་བ་ལ་གནས་པ་སྤྲོས་ནས་བསྒྲུབ་བྱའི་སྙིང་གར་ཞུགས་ཏེ། ཁ་སྦྱོར་གྱི་
པདྨ་སྙིང་རྗེའི་བདག་ཉིད་ཀྱིས་དྲལ་ནས་དེའི་བསྲུང་བའི་ལྷ་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་རྣམ་པར་ཤེས་པའི་ལྷ་ཁུ་ཚུར་གྱིས་བཟུང་ལ་ཟ་མ་ཏོག་གི་ནང་དུ་བཞག་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཁྱེར་ནས་མི་བསྐྱོད་པའི་སྐུ་ཐོབ་སྟེ་མཆོད་པར་བསམ་མོ། །དེ་ནས་མིང་དང་

བཅས་པར། ཨོཾ་ཕཊ་ཨ་མུ་ཀཾ་བྷ་ཀྵ་ཕཊ་ཀྵ་ཞེས་བརྗོད་ལ་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་ནས་ཟ་བར་བསམས་ཏེ། ཁྲོ་བོའི་ལྕགས་ཀྱུས་དྲངས་ཏེ་ཧཱུཾ་གི་ཁྲོ་བོའི་ཁབ་ཀྱི་ལྟེ་བའི་རྩ་བ་དབྱུང་བར་བྱ་ཞིང་སྙིང་དང་རྐང་དང་ཤ་དང་ཁྲག་རྣམས་དྲངས་ལ་དུམ་བུ་དུམ་བུར་བྱས་ནས་
སྒྲོའི་ཆུན་པོ་ལྟར་བསྐོར་བར་བྱའོ། །དེ་བཞིན་དུ་ཁྲོ་བོ་དང་མཁའ་འགྲོ་མའི་ཚོགས་དུ་མ་མཚོན་ཆ་རྣམ་པ་སྣ་ཚོགས་ཐོགས་པས་གཅོད་ཅིང་བཏུབ་པར་བལྟ་བ་དང་མཁའ་འགྲོ་མ་རྣམས་ཁྲོས་ཤིང་། མཆེ་བ་གཙིགས་པས་འཇིགས་པར་བྱེད་པར་བསམ་མོ། །ཞག་བདུན་དུ་ནི་རབ་སྦྱོར་བས། །
བློ་ལྡན་རྡོ་རྗེ་འང་ལྷུང་འགྱུར་ཏེ། །ཉིན་ཕྱེད་དང་ནི་མཚན་ཕྱེད་ན། །ལས་འདི་རབ་ཏུ་བརྩམ་པར་བྱ། །སྐྲ་གྲོལ་གཅེར་བུར་གྱུར་པ་ཡིས། །ཁྲོས་པས་གཤིན་རྗེའི་ཕྱོགས་བལྟས་ལ། །མཁྲང་བའི་སྟན་ལ་གནས་ནས་ནི། །དུས་མེའི་བྱིན་ཟ་བཟླས་པར་བྱ། །ཧཱུཾ་ཕཊ་རཾ་རཾ་རཾ་ཨ་མུ་ཀ་པཉྩ་ཨ་
ནན་ཏཪྻ་ཀ་རི་རཾ་རཾ་རཾ་ཧཱུཾ་ཕཊ། འདི་ནི་བཟླས་པ་ཙམ་གྱིས་ཀྱང་། །བསྒྲུབ་བྱ་གོམ་པ་གཅིག་མི་འགྲོ། །ཉིན་མཚན་བཅུ་བཞི་ཙམ་གྱིས་ནི། །གལ་ཏེ་རྡོ་རྗེ་འཛིན་པ་ཡང་། །འཆི་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ནས་འདིའི་ཞི་བ་བྱ་སྟེ། ཇི་སྲིད་སྡིག་པ་དོར་གྱི་བར་དུ་སྔགས་འདི་བརྗོད་པར་བྱའོ། །
ཨོཾ་སྭཱ་ཧཱ་ཨ་ཨ། བཾ་ཨ་མུ་ཀ་པཱ་པ་ཚི་ར་ཏོ་བྷཱུ་ཏ་ཏ་སྱེ་བ་ཤཱནྟིརྦྷ་བ་ཏུ་བཾ་ཨཾ་ཨ་ཨོཾ་སྭཱ་ཧཱ། གོས་དཀར་པོ་གྱོན་ལ་ལུས་དྲི་དཀར་པོས་བྱུགས་ལ་འོ་མ་འཐུང་ཞིང་ལྷ་ཁང་སྟོང་པར་བཟླས་ན་ཞི་བར་འགྱུར་རོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་
ཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི། དུས་མ་ཡིན་པར་འཆི་བ་བསླུ་བའི་རྗེས་ཐོགས་སུའོ། །མཆོད་པར་བྱ་བ་ཉིད་མཆོད་པ་སྟེ་ལས་ཀྱི་ཕྱག་རྒྱའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའོ། །ཅིའི་ཕྱིར་ཞེ་ན། སྔགས་དགོད་མཆོད་པར་
རབ་ཏུ་གྲགས། །ཞེས་བྱ་བའི་སྔགས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེའི་རྣམ་པར་དག་པ་ནི་ཡི་གེ་དགོད་པ་ཡང་སྔགས་སོ། །དེས་ན་འདི་མཆོད་པར་རབ་ཏུ་གྲགས་སོ། །དེའི་རབ་ཏུ་འཇུག་པའི་རྒྱུ་གསུངས་པ། མྱུར་དུ་དངོས་གྲུབ་བྱེད་པར་ཞེས་བྱ་བ་ལ་སོགས་པ་སྟེ། མཆོད་པ་

འདིས་མྱུར་དུ་དངོས་གྲུབ་བྱེད་པས་ན་དེའི་དོན་གྱིས་དངོས་གྲུབ་འདོད་པ་རྣམས་ཀྱིས་བྱེད་པ་སྟེ་བསྟན་པར་བྱ་བའོ། །མཚན་མ་གཉིས་ལ་སྔགས་རབ་སྦྱར། །ཞེས་བྱ་བ་ལ་ཡི་གེ་ཧཱུཾ་གིས་ནི་རྟག་ཏུ་རྡོ་རྗེ་བསྐྱེད་པའོ། །ཡི་གེ་ཨ་ཡིས་ནི་འདམ་སྐྱེས་སོ། །ཡི་གེ་བཾ་གྱིས་ནི་ཟེའུ་འབྲུའོ། །ཕཊ་ཀྱིས་
ནི་བུ་ག་བཀག་ནས་ཡེ་ཤེས་མཚོན་པའོ། །མཁའ་འགྲོ་ནི་རྡོ་རྗེ་ཕག་མོའོ། །དཔའ་བོ་ནི་དཔལ་ཧེ་རུ་ཀར་རོ། །གཉིས་སུ་མེད་པའི་རང་བཞིན་གྱིས་རབ་ཏུ་འཇུག་པའོ། །རྣལ་འབྱོར་མ་བསྲུབ་བྱ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའོ། །བློ་ལྡན་ནི་ལས་ལ་མཁས་པས་སོ། །དག་པའི་ལུས་
ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བའོ། །རང་འདོད་པ་ཞེས་བྱ་བ་ནི་རང་ཉིད་ཀྱི་འདོད་པ་སྟེ། རིགས་དང་ཚུལ་ཁྲིམས་དང་ལྡན་ཞིང་མ་དང་བུ་མོ་ལ་སོགས་པ་ལྟ་བུའི་ནང་ནས་གཅིག་བཟུང་བར་བྱས་ནས་དཔའ་བོ་དང་ཉེ་བར་བསུ་བར་བྱའོ། །རྣམ་དབྱེ་ཞེས་བྱ་བ་
ནི་ཚོགས་ཀྱི་དཀྱིལ་འཁོར་བ་ཐམས་ཅད་ལ་སོ་སོར་དབྱེའོ། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཞེས་བྱ་བ་ནི་རྣལ་འབྱོར་མས་སྐྱེས་པ་ལྟར་བྱས་པའོ། །ཅིའི་ཕྱིར་ཞེ་ན། ཚར་གཅོད་པ་དང་ཕན་འདོགས་ཕྱིར། །ལས་ཀྱི་དངོས་པོར་རྣམ་པར་བསྒོམ། །ཞེས་བྱ་བ་ལ་ཉོན་མོངས་པ་རྣམས་
ཚར་གཅོད་པ་དང་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་རོ། །ལས་ནི་དེ་བཞིན་གཤེགས་པ་རྣམས་རྣམ་པར་དག་པའི་མཚན་ཉིད་ཡིན་ལ། འདིའི་དངོས་པོར་སྣང་བ་སྒོམ་པ་ནི། ཕྱིན་ཅི་ལོག་ཏུ་སྤངས་པའི་ཕྱིར་རོ། །དེ་ཉིད་དབྱེ་བས་ཕྱེ་ནས་ནི། །ཞེས་པ་ལ་དེ་ཉིད་ནི་རིགས་ལྔ་སྟེ།
མིག་ལ་སོགས་པ་རྣམ་པར་དག་པའི་གཏི་མུག་རྡོ་རྗེ་ལ་སོགས་པའོ། །རྩ་ཡི་ལམ་དུ་སྦྱར་བར་བྱ། །ཞེས་བྱ་བ་ནི། རྩའི་སྔགས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཁྱད་པར་གྱིས་སོ། །ཡང་ན་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་གཉིས་སུ་མེད་པའི་རང་རིག་པས་སྦྱར་བར་བྱ་བ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་
ནང་། །ཞེས་བྱ་བའོ། །འདི་ཡིས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རབ་ཏུ་སྦྱོར་བས་སོ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པའང་ཞེས་བྱ་བ་ནི་ཕྱག་རྒྱར་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་དྲུག་པའི་

རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་ནི་རྣལ་འབྱོར་པ་ཆུང་ངུའི་ཐབས་ཆེན་པོའོ། །ཚར་གཅོད་ཅེས་བྱ་བ་ནི། སྨན་བཟང་པོ་དང་བཅས་པའི་སྔགས་ཀྱིས་ཚར་གཅོད་པའོ། །གནོན་པ་ཞེས་བྱ་བ་ནི་བུད་མེད་ཐམས་ཅད་མནན་པ་སྟེ་
སྒྱུ་ཅན་དང་གཡོ་ཅན་དང་གདུལ་དཀའ་བ་མ་ལུས་པ་དང་ལྷན་ཅིག་ཏུ་བསྒྲུབ་པའོ། །འདོད་པའི་ཡོན་ཏན་ལོངས་སྤྱོད་པའི། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །ཞེས་བྱ་བ་ནི་སྒྲུབ་ཐབས་ཀྱི་ཡན་ལག་གསུངས་པ་སྟེ། ཕན་ཚུན་ནི་ཕྱི་དང་ནང་ངོ་། །མཁའ་འགྲོ་མ་ཉི་ཤུ་རྩ་བཞི་པོ་དེ་དག་ཉིད་
སྔགས་དང་འདྲ་བས་ན་སྔགས་སོ། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་བྱ་བ་ནི་གཉི་ག་བསྡུས་པར་གྱུར་པའོ། །ཡང་ན་སྔགས་ནི་ཁྱད་པར་ཅན་གྱི་དབྱངས་ཡིག་གོ། །དེ་ཉིད་ཅི་ལྟ་བུ་ཞེ་ན། དང་པོ་དབྱངས་ཡིག་ཐིག་ལེ་དང་བཅས་པ་པདྨའི་སྟེང་དུ་བསམས་ན་དེ་སྐད་ཅིག་ཙམ་གྱིས་
འབར་བར་འགྱུར་ཞིང་ཡུལ་རྣམས་སུ་ཡང་ཉེ་བར་རྒྱུ་བ་ཡིན་ནོ། །དེ་ཡང་། བདེ་བ་ཐམས་ཅད་ཀྱི་ནི་མཆོག །ཆོས་ཀྱི་དབྱིངས་ནི་མི་ཤིགས་པ། །ཨུ་དང་ཐིག་ལེར་ཡང་དག་ལྡན། །སྔགས་དང་རྒྱུད་རྣམས་བཏུས་པས་ཏེ། །ཁམས་གསུམ་ཀུན་ནས་འདྲེས་པའོ། །བཟའ་དང་བཏུང་བར་ཡང་དག་
ལྡན། །ཞེས་བྱ་བའི་བར་དུ་གསལ་ལོ། །ཆོ་ག་དེ་ཉིད་ཀྱིས། སེར་སྐྱའི་མར་ནི་འཐུངས་ནས་སུ། །བཟླས་པའི་མཐར་ནི་སྐྱུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཏིལ་མར་ཞེས་བྱ་བ་ལ་སོགས་པ་ལ་སཱ་ལུ་བཏགས་པས་དྲི་མ་དྲིལ་བ་ནི་ལུས་བསྐུས་པའོ། །སྣུམ་ཁུར་ཞེས་བྱ་བ་ལ་
སོགས་པའང་གོ་སླའོ། །ཏིལ་ནག་པོ་ནི་ཟོས་ནས་སུ། །སྐེ་ཚེ་བཅས་པས་སྐྱུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡང་ཆོ་ག་དེ་ཉིད་ཀྱིས་ཏེ་གསལ་ལོ། །བ་ལང་ཤ་ཞེས་བྱ་བ་ལ་སོགས་པ་ནི་ནང་གི་སྦྱིན་སྲེག་སྟེ། ལྟེ་བའི་ཐབ་ཁུང་ཉིད་དུ་ནི། །པདྨ་ཡི་ནི་དབུས་སུ་ལྷ། །མཐེ་བོའི་ཚིགས་
ཚད་ཙམ་དུ་བལྟ། །ཕྱག་གཉིས་སྐུ་མདོག་དམར་བ་ལ། །ཉི་མའི་སྟན་ལ་བཞུགས་པ་ནི། །འོད་ཀྱི་སྣང་བས་ལེགས་གནས་པས། །ཡང་ན་ནས་ཀྱི་ཚད་ཙམ་ལ། །དབུགས་ཀྱིས་བཀུག་སྟེ་བསྲེག་པར་བྱ། །དེ་ཡི་བསམ་གཏན་ཆུད་སེམས་ཀྱིས། །དབང་དང་དགུག་པ་ཉིད་དུ་འགྱུར། །དེའི་

མོད་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རབ་ཏུ་འབད་དེ་གསང་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་སྦ་བ་ནི་གསང་བ་སྟེ། དམ་ཚིག་སྤྱོད་པའི་མཚན་ཉིད་ཆེར། །འབད་ཅིང་རབ་ཏུ་འབད་དེ་གསང་བར་བྱ་བ་མི་གསལ་བར་བྱེད་པའོ། །དཔེར་ན་དམུས་ལོང་གི་ལག་ཏུ་ནོར་བུ་མཆོག་བཞག་པ་
བཞིན་དུ་ཆོ་ག་ཁྱད་པར་ཅན་འདི་ཡང་སྐལ་བ་དམན་པས་མཐོང་བར་མི་འགྱུར་རོ། །བསོད་ནམས་ཆུང་བའི་སྒྲུབ་པ་པོས་ཀྱང་སྟེ། བླ་མ་མཉེས་པར་བྱས་པས་ནི་རྙེད་པར་འགྱུར་ཞིང་གཞན་དུ་ནི་མ་ཡིན་ནོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་བདུན་
པའི་རྣམ་པར་བཤད་པའོ།། །།དེ་ནས་བརྡ་ཞེས་བྱ་བ་ནི་བརྡར་གདགས་པའོ། །དེ་བཞིན་དུ་མཁའ་འགྲོ་མའི་ལུས་ཀྱི་མཚན་ཉིད་ནི་གང་ཡིན་དང་ཞེས་བྱ་བ་ལ་མཁའ་འགྲོ་མ་ནི་ཉི་ཤུ་རྩ་བཞིའོ། །ལུས་ནི་རྣལ་འབྱོར་མ་རྣམས་ཀྱིས་རྣལ་འབྱོར་གྱི་ལུས་སོ། །དཔའ་བོའི་ཡན་ལག་དབྱེ་ཞེས་བྱ་བ་
ནི་པུལླཱི་ར་དང་མཱ་ལ་ཡ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིའོ། །འདིས་ནི་འཁོར་ལོ་དགོད་པ་སྟོན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་སྒོམ་པ་བཞིན་དུ་དགོད་པའོ། །དཔའ་བོའི་དབང་ཕྱུག་མི་དྲི་ཞེས་བྱ་བ་ལ་སོགས་པ་ནི་དེའི་གཟུགས་ཀྱིས་སུ་ལའང་བསྟན་པར་མི་བྱའོ་ཞེས་བྱ་
བ་ལ་སོགས་པ་སྟེ་གོ་སླའོ། །གསང་བ་སྲུང་ཞེས་བྱ་བ་ནི་རང་ཉིད་སྦེད་པར་བྱེད་པའོ། །དེ་དང་ཞེས་བྱ་བ་ནི་ཚད་མར་གྱུར་པ་དང་ངོ་། །གང་ཞིག་གིས་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ཅན་ནོ། །བསོད་ནམས་མཐོང་བ་ཡིན་ཞེས་བྱ་བ་ནི་བསོད་ནམས་དེས་གྲོལ་བར་འགྱུར་བའོ། །ཅི་ཞིག་
ཅེ་ན། ལེགས་སྐྱེས་པ་ཞེས་བྱ་བ་སྟེ། ལྔ་པའི་དོན་ལ་དྲུག་པ་ཡིན་ནོ། །འདིས་ནི་ངན་འགྲོ་ལས་རྣམ་པར་གྲོལ་བར་བསྟན་ཏོ། །གནས་ཇི་ལྟ་བ་བཞིན་དུ་གནས་པ་ནི་རྣལ་འབྱོར་མ་དང་གསང་བ་མི་ཞེས་བྱ་བ་སྟེ། དམ་ཚིག་སྐྱོང་བ་རྣམས་དང་མཉམ་པའི་བདག་ཉིད་ནི་གསང་བའི་མི་སྟེ་དེ་
དང་ལྷན་ཅིག་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་རོལ་པའི་རྗེས་ལ་སྟེ། ཐམས་ཅད་བརྫུན་པ་ཉིད་དུ་ཤེས་ནས་བཤད་པའོ། །སྔགས་ཀྱིས་ཞེས་བྱ་བ་ཡེ་ཤེས་

བསྐུལ་བ་སྟེ། སྔགས་ནི་ཡིད་སྐྱོབ་གསུངས་པ་ན། །དེ་ཁོ་ན་ཉིད་བསྐུལ་བར་གསུངས། །ཞེས་གང་གསུངས་པའོ། །དེས་ཅིར་འགྱུར་ཞེ་ན། དེ་ནས་འདི་ལ་ཡང་དག་བལྟ། །ཞེས་བྱ་བ་ལ་སོགས་པ་ནི་མཆོག་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ་གོ་སླའོ། །དཔལ་ཧེ་རུ་
ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་སུམ་ཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་རྣམས་ནི་ས་སྟེང་པའི་འཇིག་རྟེན་དུ་འགྱུར་བའོ། །དཔའ་བོ་ནི་དཔལ་འཁོར་ལོ་སྡོམ་པའོ། །དེའི་སྔགས་ནི་རྐང་པ་བརྒྱད་པའོ། །དེ་དག་གི་
རྣལ་འབྱོར་ནི་དེའི་རྣམ་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གང་གི་བྱ་བ་ཡིན་ཞེ་ན། གསུངས་པ། སྒྲོན་མ་མྱོས་བྱེད་བཅས་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ་ནང་གི་སྦྱིན་སྲེག་བྱའོ་ཞེས་བྱ་བའི་དོན་ཏོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་
པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །གང་གིས་ཤེས་པ་སྒྲུབ་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་གང་གིས་ཞེས་བྱ་བ་ནི་སྔགས་ཀྱིས་ཏེ་རྙེད་པར་དཀའ་ཞིང་གསང་བར་གྱུར་པའོ། །ཇི་ལྟར་ཤེས་ཤེ་ན། བཤད་པའི་རྒྱུད་ལས་བླ་མའི་བཀའ་ལས་ཤེས་པར་
བྱའོ། །དེ་སྐད་དུ་གསུངས་པ། གང་དུ་ལས་ནི་ཡོད་གྱུར་པ། །རང་གི་ལས་ཀྱི་ཆོ་ག་མེད། །དེར་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པ་ཆོ་ག་མཁས་པས་བསྟེན། །དེ་གསུངས་པ། རྡོ་རྗེ་དང་ནི་རྟ་ཡི་འགྲོས། །གཤིན་རྗེ་ཡི་དགས་དེ་བཞིན་ཏེ། །གཞན་ཡང་རོ་ལངས་ཉིད་དང་ཡང་། །
སྲིན་པོ་ཡི་ནི་ཁྱབ་པར་གྱིས། །རིམ་དང་རིམ་ལས་བཟློག་པ་དང་། །སྟོང་པའི་སྒོ་ནི་ངེས་ནོན་པ། །རྡོ་རྗེ་ཐོད་པ་གྲྭར་ལྡན་པ། །སྔགས་ཀྱི་ཕྲེང་བས་ཁྱད་པར་བྱས། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི། །དངོས་གྲུབ་སྒྲུབ་པ་པོ་ལ་ནི། །དྲན་པའི་མཆོག་ནི་སྟེར་བར་འགྱུར། །དེ་ནས་
རྫ་རྔ་བཅིང་བ་ནི། །བྱས་ནས་དགོད་པ་ཉིད་རབ་སྤྲུལ། །དབང་ལྡན་ལ་སོགས་གཡས་སྐོར་གྱི། །སྦྱོར་བ་སོ་སོར་རེ་མིག་ལ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་བཱཾ་བིདྱཱ་རཱ་ཛ་ཧུཾ་ཧཱུཾ་ཕཊ། རེ་མིག་དབུས་སུ་ལྷ་

སྦྱིན་ནི། །ཇི་ལྟར་ལས་ཀྱི་རྗེས་མཐུན་པའོ། །དེ་ནས་ཡང་ཨོཾ་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ། གཉིས་པ་ལ་ནི་ཧཱུཾ་ཕཊ་ནི་དེ་ཧཱུཾ་ཏ་གྲི །གསུམ་པ་ལ་ནི་ཧཱུཾ་ཧྞཱ་སུཾ་ཧཱུཾ་ཧྞཱ་གྲྀཧྞཱ། བཞི་པ་ལ་ནི་ཧཱུཾ་དེ་ཧཱུཾ་དེ་ཧཱུཾ་དེ་ཧཱུཾ། ལྔ་པ་ལ་ནི་ཧོ་བྷ་ག་བཱན་ཧཱུཾ་གྲྀཧྞཱ་པ་ཡ། དྲུག་པ་ལ་ནི་ཨཱ་ན་ཡ་ཕཊ། བིད་དེ་བ་ཡ་ཕཊ་ཧུཾ་ཧཱུཾ། བདུན་པ་ལ་ནི་ཨོཾ་
ཧུཾ་ཧཱུཾ་རཱ་ཛ་ཧཱུཾ་ཧྞཱ་གྲྀ་ཨོཾ། །སྦྱོར་བ་འདི་ནི་རིངས་པ་དང་། ལྟུང་བ་དང་འདི་ཉིད་ཀྱིས་ནོན་པ་ཡང་བྱའོ། །ཡི་གེ་ཧཱུཾ་གི་གནས་སུ་འབར་བའི་རྡོ་རྗེས་གཟིར་བའི་བསྒྲུབ་བྱ་བྲི་ཞིང་རྡོ་རྗེའི་ལྟེ་བ་ལ་ཡང་ཧཱུཾ་བྲིས་པ་ལ། དཔའ་བོ་གཡུལ་དུ་བསད་པའི་བུམ་པའམ་བྲམ་ཟེའི་བུམ་པ་སྐམ་པོར་འཕྲལ་དུ་རོ་བསྲེགས་
པའི་སར་སྦའོ། །དེ་ནས་ཡང་དང་པོ་ལ་ནི་ཨོཾ་ནི་ཧཱུཾ། བཞི་པ་སྟོང་པ། ཨོཾ་གྲྀ་ཧཱུཾ། གཉིས་པ་ལ་ནི་བྷ། དགུ་པ་ལ་སྟོང་པ། སུམ་སྟོང་པའོ། །ཧཾ་སྟོང་པའོ། །གྲྀ་གསུམ་པ་ནི་ཧྞ་ཧཱུཾ་སུཾ་སྟོང་པའོ། །ཧྞ་ཕཊ་ཧྞ། བཞི་པ་ལ་ནི་སྟོང་པའོ། །ལྔ་པ་ལ་ནི་ཨོཾ་བྷ་ག་ཧཱུཾ་སྟོང་པ། ཨོཾ་པ་ཡ་པ་ཡ། དྲུག་པ་
ལ་ནི་རཱ་ཛ། སྟོང་པ། ཨཱ་ན་ཡ། སྟོང་པ། ཧྞ་སྟོང་པ། གྲྀ་བདུན་པ་ལ་ནི། ཧོ་ཧཱུཾ་བཱཾ་བིདྱཱ། སྟོང་པ། ཧྞ་ཧུཾ་ཧཱུཾ་གྲི །འདི་དག་ནི་རྟའི་འགྲོས་ཀྱིས་དགོད་པའི་སྔགས་ཏེ། ཡུལ་སྟོང་པར་མ་ཧེ་དང་རྟ་ལ་ཞོན་པའི་བསྒྲུབ་བྱ་འཐབ་པར་བྱེད་པ་རོ་ལངས་ཀྱིས་མནན་ན་དབྱེ་བར་འགྱུར་ཏེ། རྟ་དང་
མ་ཧེ་ཆོ་ག་བཞིན་དུ་བུམ་པར་བཞག་ལ། བསྒྲུབ་བྱའི་ཁང་པའི་སྒོའམ་ཡང་ན་རོ་བསྲེགས་པའི་སར་སྦ་བར་བྱའོ། །དེ་ལ་དུག་དང་ཁྲག་དང་སྐེ་ཚེའི་ས་བོན་ཐོད་པ་ལ་གཞག་ལ། མི་རུས་ཀྱི་སྨྱུ་གུས་དུར་ཁྲོད་ཀྱི་རས་སམ་དཔའ་བོའི་རོའི་བུམ་པ་ལ་སྔགས་པ་ཁ་ལྷོར་བལྟས་པས་འཁོར་ལོ་
གཉིས་བྲི་བར་བྱའོ། །མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་མཚན་ཕྱེད་ན་ཆོ་གའི་རིམ་པ་འདིས་བྱའོ། །གསད་པ་ལ་ནི་གཤིན་རྗེས་མནན་ཅིང་ཟ་བར་བྱེད་པའོ། །ཡི་དགས་ལ་ནི་ཡི་དགས་ཀྱིས་སོ། །རོ་ལངས་ལ་ནི་རོ་ལངས་ཀྱིས་སོ། །སྲིན་པོ་ལ་ནི་སྲིན་པོས་མནན་པའོ། །སྟོང་
པ་ལ་ནི་སྟོང་པའི་པདྨས་སོ། །རྡོ་རྗེས་མཐར་དབྱེ་བར་བྱའོ། །མཚམས་བཞིར་ནི་ཐོད་པ་བྲི་བར་བྱའོ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །འདི་དག་ཀུན་ལ་ཁྲོས་བྱས་ན། །འཇིགས་བྱེད་མི་བཟད་པ་དེ་བཞིན། །འཁྲུལ་འཁོར་དེ་རྣམས་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེའི་

ཕྱིར་གསུངས་པ། དངོས་གྲུབ་སྒྲུབ་པ་པོ་ལ་ནི། །དྲན་པས་འགྲུབ་འགྱུར་གདོན་མི་ཟ། །ཞེས་པའོ། །སུ་ཡིན་ཞེ་ན། ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཅེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཅེས་བྱ་བ་ནི་གྲོང་མཐའ་དང་ཉེ་
བའི་གྲོང་མཐའ་ལ་སོགས་པའི་མཐར་ཐུག་པའི་གནས་སུམ་ཅུ་རྩ་གཉིས་སོ། །དེ་རྣམས་ཀྱི་བླ་མ་ནི་ཐམས་ཅད་བླ་མ་སྟེ་ཡུལ་ཉི་ཤུ་རྩ་བཞིའོ། །ཐམས་ཅད་བླ་མ་གནས་ལ་སོགས་པ་དེ་རྣམས་ཀྱི་མཁའ་འགྲོ་མས་ནི་ཐམས་ཅད་དུ་ཁྱབ་པའོ། །དེ་རྣམས་ཀྱིས་གསང་བ་བརྗོད་ཀྱི་གཞན་
ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། གང་དག་གི་བཀོད་པའི་ཆོ་ག་ཡིན་པ་དེ་རྣམས་ཉིད་ཇི་ལྟ་བུ་ཞེས་སྙམ་དུ་དོགས་ན། གསུངས་པ། ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །ཡེ་ཤེས་ལྡན་པ་དང་སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་བདེ་བ་ཆེན་པོ་སྟེ་དེ་དང་ལྡན་པའོ། །
རང་རང་གི་དཔག་ཏུ་མེད་པའི་སྐྱེ་བའི་གནས་ནི་རང་སྐྱེ་གནས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོའོ། །དེས་བསྐྱེད་པ་ཅི་ཞིག་ཅེ་ན། འདིར་གསུངས་པའོ། །དེ་ནི་མཁའ་འགྲོ་མ་རུ་བཤད། །ཅེས་བྱ་བ་ལ་སོགས་པ་ལ། མཁའ་འགྲོ་མ་ནི་ཁམས་ཉི་ཤུ་རྩ་བཞི་སྟེ། རྣལ་འབྱོར་
མའི་རྡོ་རྗེའི་ལུས་ཉིད་དེ་བཞིན་དུ་ཡང་དག་པར་བྱུང་བའོ། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་མི་ཕྱེད་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེར་གཙོ་མོར་གྱུར་པ་ནི། རྡོ་རྗེ་དཀྱིལ་འཁོར་གཙོ་བོ་སྟེ། །དེ་རྣམས་ཉིད་ལས་སྐྱེས་པའོ། །དེ་རྣམས་ཀྱི་
གནས་གསུངས་པ། ཀུ་ལུ་ཏ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྐུའི་འཁོར་ལོ་ནས་བརྩམས་ནས་ཐུགས་ཀྱི་འཁོར་ལོའི་མཐར་ཐུག་པའོ། །ཇི་ལྟ་བའི་སྦྱོར་བ་བསྡུ་བའི་ཕྱིར་ཡུལ་འདི་རྣམས་ཀྱི་བུ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། ཞེས་བྱ་
བ་ནི་སྙོམས་པར་འཇུག་པའོ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་བྱ་བ་ལ་ཡིད་ཀྱི་ཤུགས་ནི་ཡིད་ཀྱི་ཤུགས་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པོ་འདི་དག་ནི་ཤིན་ཏུ་མགྱོགས་པར་སོང་ནས་ཡང་དག་པར་སྡུད་པའི་གཟུགས་ཅན་ནོ། །རྣལ་འབྱོར་མ་རྣམས་བརྡའི་གསུངས་པ།

རྣལ་འབྱོར་མ་དྲུག་ཅེས་བྱ་བ་ལ་སོགས་པའོ། །བརྡ་བྱ་བའི་བྱེ་བྲག་དུ་ཞིག་ཅེ་ན། འདིར་གསུངས་པ། ཀུ་ལུ་ཏ། མྱ་ངན་ཡུལ་ན་མ་མོ་རྣམས། །ཞེས་བྱ་བ་ལ་སོགས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཉེ་བར་མཚོན་པས། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཤེས་
པར་བྱའོ། །དེ་དག་གང་དུ་སྦྱར་ཞེ་ན། འདིར་གསུངས་པ། ལྷག་མ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྟེ། ཉི་ཤུ་རྩ་བཞིའི་རང་བཞིན་གྱིས་ཐམས་ཅད་བསྡུས་སོ་ཞེས་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་
འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་དཔའ་བོ་མེ་ཏོག་ཆུ། །ཞེས་བྱ་བ་ལ་སོགས་པ་ལ་མེ་ཏོག་ནི་སྦྲང་རྩི་སྟེ། དེ་དཔའ་བོས་བཏུང་བར་བྱའོ། །སྔགས་ནི་རྗེས་དྲན་བྱ་ཞེས་བྱ་བ་ནི་ཡི་གེ་ཧ་རྣམ་པ་བརྒྱད་དེ། བུ་མོ་མིག་
བཟངས་རྙེད་ནས་སོ། །ཕྱག་རྒྱ་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་གསུམ་བཟླས་པ་འདི་ཡིས་ནི། །ཞེས་བྱ་བ། ཨོཾ་སརྦ་བཛྲ་ཀཱ་མི་ཎི་སརྦ་བྷཀྵཾ་ཤོ་དྷ་ཡ། གུ་ཧྱ་བཛྲི་ཎི་སྭཱ་ཧཱ། ཞེས་པའོ། །འཐུང་དང་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །དེ་བཞིན་ཞེས་བྱ་བ་ནི་དེ་ལ་
ཡང་ངོ་། །རེག་དང་ཞེས་བྱ་བ་ནི་པདྨའི་མཆོག་ཆེན་པོ་སྟེ། ཆུ་སྐྱེས་དམར་པོ་ལྟ་བུའི་དེར་རང་ཉིད་གྲུབ་པར་བྱ་བའི་སེམས་ཀྱིས་རང་གི་རྡོ་རྗེ་སྦྱར་བར་བྱ་བའོ། །བཞད་པ་ཞེས་བྱ་བ་རྣམ་པ་བརྒྱད་པས་སོ། །གཙོ་བོ་ཆེ་ཞེས་བྱ་བ་ནི་ཆང་གིས་མྱོས་པའི་སྔགས་པས་སོ། །གང་གི་ཕྱིར་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་དུ་འདུས་ཤིང་། དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱང་རེག་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ་ཆུད་པའི་ཕྱིར་རོ། །རེག་རྡོ་རྗེ་གང་ཞིག་ཅེ་ན། བདེན་པ་ཚངས་པར་སྤྱོད་པ་དང་། ལྷ་དང་བཞད་པའི་ཕྱག་རྒྱས་བསྒྲུབ། །
ཅེས་བྱ་བ་སྟེ། བསྒྲུབ་ཅེས་བྱ་བ་ནི་བསྒྲུབ་བྱ་སྟེ་ཡེ་ཤེས་ཆེན་པོའོ། །དེ་ལྟ་བུའི་ཕྱག་རྒྱ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཇི་ལྟ་བུ་ཞེ་ན། བལྟ་བའི་བསྙེམས་པ་གྲགས་ལྡན་པ། །ཞེས་བྱ་བ་ལ་བལྟ་བ་ནི་མིག་གོ། །བསྙེམས་པ་ནི་གཡོན་པའོ། །གང་གི་དོན་དུ་རྟག་ཏུ་བསྙེམས་པ་

དང་ལྡན་པའོ། །འདིས་ནི་ཞེས་བྱ་བ་ནི་འདི་ཡིས་སོ། །མཚན་མོའམ་དེ་བཞིན་ཉིན་མོ་ཞེས་བྱ་བ་ནི། དེར་ཆུད་པའི་ཡིད་དང་ལྡན་པའོ། །དེ་ལྟར་གོམས་པར་གྱུར་པ་ལས་ཕྱག་རྒྱ་ཆེན་པོའི་རྟགས་སྐྱེ་བ་ནི། གཟུགས་དང་ལས་ཀྱི་གསང་བ་གང་། །ཞེས་བྱ་བ་ལ་སོགས་
པ་སྟེ། ཉོན་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པའོ། །དངོས་གྲུབ་མངོན་དུ་ཕྱོགས་པའི་དཔའ་བོའི་གསང་བའི་མཚན་མ་ནི་འདི་དག་སྟེ། གཟུགས་ཕྲ་བ་དང་རེག་པ་སྤང་བ་དང་། ཁྱབ་པ་དང་ཡང་དག་པར་ཐོབ་པ་ཉིད་དང་། རབ་ཏུ་སྣང་བ་
ཉིད་བརྟན་པ་དང་དབང་དུ་གྱུར་པ་དང་འདོད་དགུར་གྱུར་པ་ཞེས་བྱའོ། །དེའི་ཚེ་བཀྲེས་པ་དང་སྐོམ་པས་གནོད་པར་མི་འགྱུར་ཞིང་། བཤང་བ་དང་གཅི་བ་ལ་སོགས་པའང་ལྡོག་པར་འགྱུར་རོ། །འདི་དག་ཐམས་ཅད་རྨི་ལམ་དང་མཚུངས་ཤིང་ཁྱད་པར་ཅུང་ཟད་ཀྱང་མི་དམིགས་སོ། །
རྟག་ཏུ་དེ་དག་མཆི་མ་བྱུང་། ཞེས་བྱ་བ་སྟེ། མིག་གཉིས་ནི་འདིར་གཉིས་ཀྱི་ཚིག་ཏུ་བལྟ་བར་བྱ་སྟེ། དེ་ཡང་ཀྱེ་མ་སེམས་ཅན་གནས་པ་འདི་ནི་ཐབས་དམ་པ་འདི་ལྟ་བུ་སྐད་ཅིག་ཀྱང་མི་བསྒོམ་ལ་སྡུག་བསྔལ་མི་བཟོད་པའི་འཁོར་བའི་ཚོགས་ཅན་འཁོར་བར་སྐྱབས་མེད་པ་འདིར་སྐྱེ་བ་
དང་རྒ་བ་དང་འཆི་བ་ལ་སོགས་པའི་འཇིགས་པས་འཁྲུགས་ཤིང་གནས་པ་ལས་གཡོ་བ་དང་ལྡན་པ་འདི་ལ་སྙིང་རྗེ་རྟག་ཏུ་སྐྱེ་བས་སོ། །རང་ལས་བྱུང་བའི་ཟས་དེ་བཞིན། །ཞེས་བྱ་བ་ནི་བདེ་བའི་བདུད་རྩི་དེའི་པདྨ་ལས་བླངས་པའོ། །རྡོ་རྗེ་ལ་ནི་འགོམ་མི་བྱེད། །ཅེས་བྱ་བ་ནི་སྐྱེས་
པའི་ཚུལ་དུ་བྱེད་པ་སྟེ། ཁམས་གསུམ་ལས་འདའ་བའི་བསམ་པས་སོ། །དེ་བཞིན་གཅེར་བུར་གྱུར་པས་མཆོད། །ཅེས་བྱ་བ་ནི་ནུ་མ་དང་མཆན་ཁུང་དང་བྱིན་པ་དང་པདྨའི་དཀྱིལ་འཁོར་ལ་བལྟ་བའོ། །འདི་ནི་ཕྱག་རྒྱའི་ཚོགས་ཀྱིས་བསྟན་པ་སྟེ། གང་དེའི་དབང་པོ་ཐམས་ཅད་ཀྱི་
རོ་ཉམས་སུ་མྱང་བར་བྱའོ། །དབུགས་འབྱིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་རླུང་རྣམས་ཀྱིས་དབབ་པའོ། །བསྐྱོད་ཅེས་བྱ་བ་ནི་བསྒྲུབ་བྱའི་ལུས་བསྒུལ་བའོ། །དགོད་དང་ཞེས་བྱ་བ་ནི་དགོད་པའི་ལུས་མནན་པའོ། །གར་དང་ཞེས་བྱ་བ་ནི་གར་གྱི་འགྲོས་ཀྱིས་རབ་ཏུ་འཇུག་པའོ། །ངོ་

མཚར་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་རྨད་དུ་གྱུར་པར་མཛད་པའོ། །སྣ་ཚོགས་ཞེས་བྱ་བ་ནི་རྣལ་འབྱོར་པ་ཐམས་ཅད་དོ། །དང་པོར་ཞེས་བྱ་བ་ནི་འདིས་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ། ཞེས་བྱ་བ་འདི་ནི་དགོད་པ་བརྒྱད་ཅེས་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་
འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་སྤྱན་རས་གཟིགས་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཞིག་གི་དོན་དུ་རྣལ་འབྱོར་མ་རྣམས་སྤྱན་རས་གཟིགས་ཀྱིས་འཆད་པར་མཛད་ཅེ་ན། འདིར་གསུངས་པ། དཔའ་བོ་དང་ནི་གཉིས་
མེད་མི། །ཞེས་བྱ་བ་སྟེ། གང་གི་སྤྱན་རས་གཟིགས་ནི་མི་རྣམས་དཔའ་བོ་ལྟར་རྣལ་འབྱོར་མ་རྣམས་དང་གཉིས་སུ་མེད་པར་འགྲོ་བའི་ཕྱིར་ཏེ། དེ་ནི་དཔའ་བོ་དང་ནི་གཉིས་མེད་མིའོ། །སུ་ཞིག་ལ་སྤྱན་རས་ཀྱིས་གཟིགས་པར་འགྱུར་ཞེ་ན། འདིར་གསུངས་པ། གནས་ཀྱི་དབྱེ་བའི་ཞེས་
བྱ་བ་ལ་གནས་ནི་པུལླཱི་ར་དང་། མཱ་ལ་ཡ་ལ་སོགས་པའོ། །དེ་རྣམས་ཀྱི་དབྱེ་བ་ནི་གནས་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཆོ་ག་ནི་གང་དང་གང་དུ་གང་དང་གང་སྦྱོར་བ་དེ་ཤེས་པའོ། །ཅི་ཞིག་བྱས་པས་ཤེ་ན། བསྒོམ་ལ་རྟག་ཏུ་མངོན་དགའ་བ། །ཞེས་བྱ་བ་སྟེ། བསྒོམ་པ་དང་མངོན་པར་
བལྟ་བ་དང་ལྡན་པ་ལ། སྤྱན་རས་ཀྱིས་གཟིགས་པར་འགྱུར་རོ། །གང་དུ་གནས་པ་ལ་ཞེ་ན། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཇི་ལྟར། པདྨའི་འབྱུང་གནས་ཉམས་དགའ་ལ། །ངང་པའི་ཚོགས་རྣམས་འདུས་པ་བཞིན། །དམ་ཚིག་ལ་གནས་མཁའ་འགྲོ་མ། །རིང་
པོ་ནས་ཀྱང་གཟིགས་པར་འགྱུར། །ཞེས་པ་སྟེ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་གདུངས་པའི་ཕྱིར་རོ། །གོས་མེད་པར་རྣལ་འབྱོར་ཅན་གྱིས་ཕྱག་རྒྱ་མཆོད་པ་ནི་གཅེར་བུས་མཆོད་པའོ། །ལས་དེ་ཉིད་ཀྱིས་གྲོལ་བས་ན། །ཕྱག་རྒྱ་གཅེར་བུས་མཆོད་པ་ཡི། །ལས་ཉིད་ཀྱིས་ནི་ཡོངས་
སུ་གྲོལ། །ཞེས་སོ། །གོས་གཞན་དག་གིས་བཀབ་ནས་ནི། །ཞེས་བྱ་བ་ལ་གོས་ནི་སྟག་གི་པགས་པ་ལ་སོགས་པའོ། །གཞན་ནི་རུས་པའི་རྒྱན་གྱི་ཡན་ལག་ལ་བཞག་པའོ། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ཞེས་བྱ་བ་ནི། ཇི་ལྟར་ཆུ་ཡིས་པདྨ་མི་གོས་ཤིང་། །ཇི་ལྟར་

མཁའ་ལ་ཉི་མས་མི་གདུངས་བཞིན། །ཞེས་སོ། །དེ་བཞིན་སྐྲ་གྲོལ་གཅེར་གྱུར་པས། །ཞེས་བྱ་བ་ལ་དེ་ལ་གུས་པར་བྱས་ནས་ལས་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བསླབ་པ་དང་དབང་བསྐུར་བ་ལ་སོགས་པ་ལས་ཐམས་ཅད་བརྩམ་པར་བྱའོ། །
རྩ་བའི་སྔགས་དང་དེ་བཞིན་གཤེགས། །ཞེས་བྱ་བ་ལ་སོགས་པ་ལ་རྩ་བའི་སྔགས་ནི་བཟླས་པའོ། །ཕྱོགས་བཅིང་བར་ནི་འཇུག་པ་ཡིས། །ཞེས་བྱ་བ་ནི་ར་བ་དང་དྲ་བ་དང་བླ་རེ་དང་མདའི་དྲ་བ་དང་མེའི་དྲ་བའི་སྔགས་ཀྱིས་འཇུག་པས་མཆོད་པར་བྱེད་པའི་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ན་
མི་རྣམས་ཀྱིས་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །སྔགས་དེ་དག་བསྒྲུབ་ཅིང་བཟླས་པའི་ནུས་པ་གསུངས་པ། སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་པ་གྱེན་དུ་འཐོར། །ཞེས་བྱ་བ་སྟེ། སྙིམ་པ་མེ་ཏོག་མཁའ་ལ་གནས་ཤིང་ས་ལ་ལྟུང་བར་མི་མཐོང་བའོ། །ཡང་ན་
སྙིམ་པའི་མེ་ཏོག་ཅེས་བྱ་བ་ནི་མཁའ་ལ་སྤྱོད་པའི་སེམས་ཅན་སྟོང་ཕྲག་གམ་འབུམ་ཕྲག་གི་མཐར་ཐུག་པ་ཡང་དབང་དུ་འགྱུར་རོ། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། །ཞེས་བྱ་བ་ནི་དྲི་མ་མེད་པའི་ཡེ་ཤེས་ཀྱིས་ཐམས་ཅད་རིག་པའོ། །ཡུལ་ཡུལ་དེ་བཞིན་དགོན་པ་དང་། །
ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལུས་ཀྱི་སྦྱོར་བ་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ་འོག་ནས་འབྱུང་བའི་ཚུལ་གྱིས་ཕྱི་ནས་ལས་རྣམས་བརྩམ་པར་བྱའོ། །ཤིང་དྲུང་ཞེས་བྱ་བ་ནི་སྙིང་གར་པདྨ་འདབ་མ་དྲུག་པ་བསམ་མོ། །ཡི་གེ་བདུན་གྱི་བདག་ཉིད་ཅན་ལས་བྱུང་
བ་ནི། ཚོགས་འཕྲོ་བ་འཛིན་པ་ལས་མི་ཕྱེད་པར་འགྱུར་ཏེ། ས་འཛིན་རྣམས་ཀྱང་གཞན་དུ་མིན། །ཞེས་སོ། །བདག་གི་ལུས་ལ་རྣམ་བཀོད་དེ། །ཞེས་བྱ་བ་ནི་འཁོར་ལོ་སྟེ་བདུད་རྩི་ལྔས་ས་གཞི་བྱུགས་ལ་ཀུ་ཤ་བཏིང་སྟེ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཆོ་ག་བཞིན་དུ་ཉལ་ན་
མཁའ་འགྲོ་མའི་འཁོར་ལོ་སྤྲོས་ནས། འཇིག་རྟེན་གསུམ་དང་ལྷན་ཅིག་འདྲེས་ཤིང་རྣམ་པར་ཞུགས་ཏེ། བཅོམ་དང་མཉམ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྟོན་པར་འགྱུར་རོ། །དེ་བཞིན་སྔགས་ལས་རལ་གྲི་ཆུ། །ཞེས་བྱ་བ་ལ་སོགས་པ་ནི། བུ་མོ་གཙང་མ་ལ་བབ་པ་སྟེ། །ཕྱི་

འཕྲེད་ཀྱི་དུས་སུ་བུ་མོའི་མིག་ལ་བརྒྱ་རྩ་བརྒྱད་བཟླས་ན་ཐོ་རངས་ཇི་ལྟར་འགྱུར་བ་སྟོན་པར་འགྱུར་བ་སྟེ། ཁང་པའི་ནང་དུ་མར་མེ་སྦར་ལ་བུམ་པ་གང་བ་དང་རས་རིས་ཀྱི་ལྷ་མཆོད་ལ་རལ་གྲིའམ་མེ་ལོང་ངམ། མར་མེ་དངོས་ལ་བསྟན་པར་བྱས་ན་འདིར་སྟོན་པར་འགྱུར་རོ། །ཡང་མཐེ་བོང་
ཏིལ་མར་གྱིས་བསྐུས་ལ་སེན་རྩིས་བྱུགས་ཏེ། བསྟན་པར་བྱས་ན་སུ་ཞིག་གིས་ནོར་ཁྱེར་བ་སྨྲ་བར་འགྱུར་ཞིང་བཅོམ་པ་དང་ཉམས་པ་ལ་སོགས་པ་ཡང་སྟོན་པར་འགྱུར་རོ། །དེ་ནས་དཔའ་བོའི་ཡི་གེ་བདུན། །འཁོར་ལོ་དགོད་པའི་བྱ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། ཉི་མ་ཞེས་
བྱ་བ་ནི་ཉི་མ་ཕྱེད་ན་སྟེ། ཁྲོ་བའི་སེམས་ཀྱིས་དུར་ཁྲོད་ཀྱི་རས་སམ། ཐོད་པའམ་ཤིང་ཨརྐའི་ལོ་མ་ལ། སྔོན་དུ་བསྟན་པའི་རྩིབས་ལ་མི་རུས་ཀྱི་སྨྱུ་གུས་མིའི་ཁྲག་དང་བཅས་པས་བསྒྲུབ་བྱའི་མིང་རིམ་པ་ཇི་ལྟ་བ་བཞིན་བྲིས་ཏེ། གཟུགས་བརྙན་གྱི་ཁོང་པར་བཅུག་ལ་སྐེ་ཚེས་
བྱུགས་ནས་ཡང་ནས་ཡང་དུ་བསྲོ་ཞིང་སྔགས་སྟོང་རྩ་བརྒྱད་བཟླས་སོ། །རིམས་ཀྱིས་ཐེབས་པར་བྱ་བ་ལ་ནི་ཡི་དགས་ཀྱི་སྙིང་གར་རོ། །ལྟོ་བ་ན་བར་བྱ་བ་ལ་ནི་ཡི་དགས་ཀྱི་གླད་པར་རོ། །རྗེད་བྱེད་ལ་ནི་རླུང་དང་སྤྲིན་གྱི་དཀྱིལ་འཁོར་ལའོ། །གཟེར་བ་ལ་ནི་མདུང་རྩེ་གསུམ་པ་ལ་བྲིའོ། །
དུག་དང་མཛེ་ནད་ལ་ནི་ལྟོ་འཕྱེ་ལའོ། །གཟས་བཟུང་བ་ལ་ནི་གཟའི་གཟུགས་བརྙན་ལ་འཁོར་ལོ་རིམ་བཞིན་དགོད་པར་བྱའོ། །འདི་ནི་ནད་རྣམས་ཐམས་ཅད་ཉིད། །བསྐྱེད་ཅིང་སྐྱོང་བར་བྱེད་པའོ། །ཡི་གེ་ཤེལ་གྱི་རྣམ་པ་ལྟར། །ཞེས་བྱ་བ་ལ་གྲོ་གའི་འདབ་མའམ་ལག་པ་གཡོན་
པ་ལ་ཙནྡན་དཀར་པོ་ལ་སོགས་པས་ཟླ་བའི་དབུས་སུ་བྲི་ཞིང་བཀོད་ལ་ནད་ཀྱིས་གདུངས་པ་ལ་བསྟན་པར་བྱའོ། །བལྟས་པ་ཙམ་གྱིས་མོད་ལ་ནི། །ནད་ལས་རྣམ་པར་གྲོལ་བར་འགྱུར། །སྟོན་ཀ་ཡི་ནི་ཟླ་འདྲ་བ། །བདུད་རྩིའི་ཆུ་རྒྱུན་འབབ་པ་ནི། །སྙིང་ག་མཛོད་སྤུ་མགྲིན་མགོ་
བོར། །ཟླ་གཟུགས་ཡི་གེ་བསམས་ནས་ནི། །ཕྱོགས་བཅུར་རྣམ་པར་འབྱེར་བར་འགྱུར། །པ་ལ་ཤ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་བསྟན་པ་བཞིན་དུ་སྦྱིན་སྲེག་བྱའོ། །གང་ཚེ་མིག་སེར་ནད་ཟིན་པའི། །མཚན་ཉིད་ལྡན་པས་ཤེས་བྱས་ལ། །རང་གི་དབུགས་ཀྱིས་གཟིར་བྱས་

པས། །ཤི་བ་སློང་བར་བྱེད་པའོ། །རིམས་དང་གདོན་ཞེས་བྱ་བ་ལ་སོགས་པ་ནི། དྲན་པ་ཙམ་གྱིས་སེལ་བར་བྱེད་ཅིང་གྲིབ་མ་ཡང་མི་འགོམ་ན་ལག་པ་བསྟན་པས་ལྟ་ཅི་སྨོས་ཞེས་བྱའོ། །གཡུལ་དུ་ཁུ་ཚུར་བཅིངས་ན་ནི། །ཞེས་བྱ་བ་ནི་ལྡོང་རོས་སམ་ཡུང་བས་ལག་པ་
གཡོན་པ་ལ་འཁོར་ལོ་འདི་དག་བྲིས་པའམ། ཡང་ན་ཟངས་མ་གླེགས་པ་ལ་འཁོར་ལོ་བྲིས་ལ། ཆེ་གེ་མོའི་ལུས་ལ་མཚོན་ཆ་ཐམས་ཅད་ཟློག་ཤིག་ཅེས་བྱ་བ་དང་། སྔགས་ལན་སྟོང་བཟླས་ནས་བཅིངས་ནས་རྡོ་རྗེ་ཁུ་ཚུར་གྱི་ནང་དུ་བཅུག་སྟེ། དེ་ནས་གསང་སྔགས་རྒྱལ་པོ་དྲན། །ཇི་
སྲིད་ཁུ་ཚུར་མ་གྲོལ་བར། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །ཇི་སྲིད་ཁུ་ཚུར་མ་གྲོལ་བར། །མཚོན་ཆ་གཏོང་བར་མི་ནུས་སོ། །འདི་ཡིས་གཡུལ་ལས་བདག་རྒྱལ་ཞིང་། །རྒྱན་པོ་འགྱེད་ལས་བདག་རྒྱལ་འགྱུར། །ཡང་འགེགས་ནས་ཤི་བའི་ཁར་འཁོར་ལོ་
བཅུག་ནས་དེ་ནས་བསླང་སྟེ། དེས་རང་གི་ཁ་ནུབ་ཕྱོགས་མ་ཡིན་པར་བལྟས་ལ། འདི་བྲིས་ན་ཡང་བྲིས་པ་ཙམ་གྱིས་རྒྱན་པོ་ལས་རྒྱལ་བར་འགྱུར་རོ། །ཐམས་ཅད་དུ་ཤིན་ཏུ་མཉམ་པར་གཞག་པའི་སྔགས་པས་ཁམས་གསུམ་དུ་བཀའི་འཁོར་ལོ་རབ་ཏུ་སྦྱར་ན། ས་འོག་ས་སྟེངས་
མཐོ་རིས་སུ། །དམོད་འདེབས་ཕན་འདོགས་ནུས་པ་ཡིན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཕོ་ཉ་མོ་ཞེས་བྱ་བ་ནི་ལས་ཀྱི་ཕོ་ཉ་སྟེ། ཡི་གེ་བདུན་པ་དང་རྣལ་འབྱོར་མ་དྲུག་གོ། །
ཡི་གེ་བདུན་པ་ནི་སྣ་ཚོགས་པདྨའི་འདབ་མ་ལའོ། །རྣལ་འབྱོར་མ་དྲུག་གི་ཆོ་གའི་ཡི་གེ་ནི་འཁོར་ལོའི་རྩིབས་ལ་ལས་དང་རྗེས་སུ་མཐུན་པར་དགོད་པར་བྱའོ། །བསྒྲུབ་བྱའི་མིང་དང་སྤེལ་བྱས་ནས། །དེ་ཡི་མོད་ལ་སྒྲུབ་བྱེད་པའོ། །ཙནྡན་དམར་པོའི་རྡུལ་དང་ནི། །དེ་བཞིན་སྐེ་ཚེ་ལན་
ཚྭ་དང་། །སྒྲུབ་པར་བྱེད་པའི་རྐང་རྗེས་ས། །གཅིག་ཏུ་བྱས་ནས་བཏགས་པར་བྱ། །རྣལ་འབྱོར་མའི་འཁོར་ལོ་ལག་པ་གཉིས་ལ་བསྒོམས་ལ་སྙོམས་པར་འཇུག་པའི་ཚུལ་གྱིས་མཉེས་ནས་དུར་ཁྲོད་ཀྱི་མེའམ། སྨེ་ཤ་ཅན་གྱི་རོ་བསྲེགས་པའི་མེ་ལ་མཚན་ཕྱེད་ན་སྦྱིན་སྲེག་བྱ་སྟེ། དེའི་ཐལ་

བས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་གྲོ་གའི་འདབ་མ་ལ་འཁོར་ལོ་བྲིས་ནས་བཅུག་པ་མངོན་དུ་ཕྱོགས་པར་བཞག་ནས། དེ་བཀུག་ནས་བརྒྱལ་བར་བསྒོམ་ཞིང་གང་གི་མིང་ནས་སྨོས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་ན་དེ་འགུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བྱ་བའི་ཞེས་
བྱ་བ་ལ་སོགས་པ་ནི་གོ་སླའོ། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །ཞེས་བྱ་བ་ལ། རྡུལ་དེ་ཉིད་ནི་བླངས་ནས་ནི། །ལྕགས་ཕྱེ་དང་ནི་བསྲེས་བྱས་ནས། །བསྒྲུབ་བྱ་མིང་བསྐུལ་བཅས་པར་བྲི། །དུར་ཁྲོད་རས་ལ་འཁོར་ལོ་བྲི། །དེ་ནས་བཅིངས་ཏེ་མཆོད་པས་ལན་བདུན་བཟླས་ལ་ལམ་གྱི་བཞི་
མདོར་ས་ལ་སོར་བརྒྱད་ཙམ་བརྐོས་ནས་སྦས་པས་གང་ཡིན་པ་དེ་དེའི་མོད་ལ་མྱུར་དུ་བཅིངས་པར་འགྱུར་རོ། །ཕྱུང་ནས་བའི་འོ་མས་བཀྲུས་ན་རྣལ་མར་འགྱུར་རོ། །ཕྱེ་མ་དེ་ཉིད་བླངས་ལ་སྨྱོ་བྱེད་ཡན་ལག་ལྔ་དང་ལྡན་པར་བྱས་ནས་རོའི་གོས་ལ་འཁོར་ལོ་བསྒྲུབ་བྱའི་མིང་དང་བཅས་པ་རིམ་པ་
བཞིན་བྲིས་ལ་གཏུམས་ཏེ། ལན་བརྒྱ་བཟླས་ལ་དུར་ཁྲོད་ཀྱི་ས་ལ་སྦས་ན་ངེས་པར་འཕྲལ་དུ་སྨྱོ་བ་ཉིད་དུ་འགྱུར་ལ། སླར་གསོ་བ་ལ་ནི་བཏོན་ཏེ་བའི་འོ་མས་བཀྲུས་ན་ཐར་བར་འགྱུར་རོ། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །ཞེས་བྱ་བ་ཡིན་ནོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་
སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །བ་ཡི་འོ་མ་ཡིས་ཞེས་བྱ་བ་ནི་དེས་བཀྲུ་བར་བྱ་བའོ། །ལིངྒ་ནི་རང་བྱུང་བ་ལའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི།
ཉིན་གཅིག་བཞིན་དུ་ཉི་མ་བདུན་དུ་འོ་མ་འཐུང་ཞིང་བྱས་ལ། དེ་ནས་ཞག་གསུམ་ལོན་པར་གྱུར་པ་དང་། ཆུ་བོ་ཞེས་བྱ་བ་རྒྱ་མཚོར་འགྲོ་བ་དེར་སོང་ལ་རྣལ་འབྱོར་མའི་འཁོར་ལོ་མཆོད་དེ་བཀའ་ནོས་ན་ཚིག་གི་དངོས་གྲུབ་ཏུ་འགྱུར་རོ། །སྨྲས་པ་རྣམས་ངེས་པར་འགྱུར་རོ། །སྐྱེ་གནས་
བརྒྱ་ཞེས་བྱ་བ་ནི་རོའི་སེན་རྩི་དང་རོ་ཙ་ནས་གྲོ་ག་ལ་སྔར་བསྟན་པའི་འཁོར་ལོ་མིང་དང་སྤེལ་བ་བྲིའོ། །ལྟོ་བར་གནས་ཞེས་བྱ་བ་ནི་དེར་གཞུག་པའོ། །གང་གི་ལྟོ་བར་ཞེ་ན། དེའི་གཟུགས་བརྙན་བྱས་པའི་སྟེ། ཙནྡན་དམར་པོ་ལ་སོགས་པ་སྒྲ་ཇི་བཞིན་ནོ། །དེའི་སྐྱེ་གནས་ནས་

སྐུད་པ་དབྱུང་ངོ་། །ཡང་ན་ལིང་གར་ཡང་བསམས་ལ། །ལག་པ་གཡོན་པའི་ཁུ་ཚུར་གྱི་མཐེ་བོས་སྐུད་པ་མནན་ལ། བློ་ལྡན་ཐུན་གསུམ་མཐེའུ་ཆུང་བསྐྱོད། །ཅེས་བྱ་བ་ལ་སོགས་པ་སྟེ་གསལ་ལོ། །བསྲོས་ན་ཞེས་བྱ་བ་ནི། ཇི་སྲིད་སྤྲ་ཚིལ་མ་ཞུ་བར། །ཞེས་བྱ་
བ་དང་སྦྱར་བར་བྱའོ། །དུད་འགྲོའི་ནི་ཞེས་བྱ་བ་ནི་རོའི་འོ། །ལས་ཀྱི་ཕོ་ཉ་མོའི་ཞེས་བྱ་བ་ནི་རྗེས་སུ་ཤི་བ་སྟེ་བུད་མེད་དང་སྐྱེས་པ་ལྷན་ཅིག་བསྲེགས་པའོ། །འཛིན་ཞེས་བྱ་བ་ནི་སྔགས་པས་དེའི་མིང་ནས་བོས་ལ་ཁྱོད་ཀྱིས་བདག་གི་བྱ་བ་རྟག་ཏུ་གྱིས་ཤིག་ལན་གསུམ་དུ་བསྒོ་བར་བྱའོ། །
དེ་ནས་ཀ་ར་བཱི་རའི་ལྕུག་མ་ལག་པ་ཕྱེད་ཀྱི་ཚད་ཙམ་བླངས་ལ་ཆེ་གེ་མོ་འདིར་ཤོག་ལ་ཆེ་གེ་མོ་ཞེས་བུ་མོ་རང་གི་མིང་ནས་བརྗོད་ལ། མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས་བསྐོར་བར་བྱའོ། །དབུས་གནས་ཞེས་བྱ་བ་ནི་སྐྱེ་གནས་ཁ་སྦྱར་བའི་དབུས་སུ་གནས་པའོ། །མེ་ཏོག་
དམར་པོ་ཞེས་བྱ་བ་ནི་ལས་འདི་ཟླ་བ་གཟས་ཟིན་པའི་དུས་སུ་བྱ་བའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཡི་གེ་ཧ་ལྔ་ཡི། །ཞེས་བྱ་བ་ནི། ཧ་ཧི་ཧུ་ཧེ་ཧོའི་མཐར་ཐུག་པའོ། །ལས་བརྗོད་པ་
སྟེ། དྲུག་པ་དབུས་སུ་བསྒྱུར་བ་ནི། །ཧེ་རུ་ཀ་ཡི་རབ་སྣང་བ། །ཉི་དབུས་རྡོ་རྗེ་རྩེ་ལྔར་གྱུར། །ཡི་གེ་ཧ་ལྔས་བྱིན་གྱིས་བརླབས་པའོ། །ཡི་གེ་ཧ་ནི་ལྔ་པོ་ཞེས་བྱ་བ་ནི་གོ་སླའོ། །རི་བོང་ཞེས་བྱ་བ་ནི་རི་བོང་གི་ཐོད་པར་གནས་པའི་ས་བོན་གཟུང་བར་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་
དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་མ་ཀུན་སྙིང་པོ་སྟེ། །ཞེས་བྱ་བ་ནི་གསུངས་མ་ཐག་པའི་ལེའུའི་རྗེས་ཐོགས་ལའོ། །སྙིང་པོ་ནི་སྔགས་ཏེ་མཁའ་འགྲོ་མ་ཐམས་ཅད་
ཀྱི་སྙིང་པོའོ། །འདི་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའོ། །མི་རུས་ཀྱི་རྒྱུ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ནི་གསལ་ལོ། །སའི་རང་བཞིན་ལས་ཞེས་བྱ་བ་རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལས་སོ། །དེ་ནས་ལོང་བར་བྱ་བ་ནི། བ་མ་ཤི་བའི་བེའུ་མོའི་ལྕི་བ་བླངས་ལ་གཟུགས་

བྱས་ཏེ་སྙིང་གར་སྔགས་བཅུག་ལ་མིག་ལ་ལྷང་ཚེར་བཀབ་སྟེ་སྦས་ལ་ཕུར་བུས་གདབ་པར་བྱའོ། །བཏོན་ན་ནི་ཐར་བར་འགྱུར་རོ། །དེ་ནས་སྐྱེས་པ་བུད་མེད་དུ་བྱ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་ཀ་ཀ་ཨ་ན་དྷི་ཀའི་འབྲས་བུ་ནི་ནག་པོ་ཆེན་པོའི་འབྲས་བུའོ། །བཀྲེས་པ་ཞེས་བྱ་བ་
ནི་ཁ་སྟེ་སྔར་བཤད་པའི་ཆོ་ག་བཞིན་དུ་བུད་མེད་ཀྱི་ཐོད་པར་སྐྱེས་པའི་ས་བོན་བླངས་ལ་རི་བོང་གི་ཁྲག་དང་བཏགས་པར་བྱའོ། །ལག་པ་བཅིངས་ལ་ཞེས་བྱ་བ་ནི་དེ་ཁུ་ཚུར་གྱིས་བཟུང་ནས་ཉི་མ་བཅུ་གཉིས་པ་ལ་ཐུག་པའི་བར་དུ་བཟླས་སོ། །མགོ་ལས་བསལ་ན་ནི་སླར་
རྣལ་མར་འགྱུར་རོ། །དེ་ནས་སྐྱེས་པ་ཁྱིར་བྱ་བར་འདོད་ན་ཞེས་བྱ་བ་ལ་རྒྱལ་གྱི་ལྕགས་ཞེས་བྱ་བ་ནི་གསེར་རོ། །སྦྱིན་སྲེག་བྱས་ལ་ཞེས་བྱ་བ་ནི་ལས་ཐམས་ཅད་པའི་ཐབ་ཁུང་ངོ་། །མགོ་ལས་བསལ་ན་ནི་རྣལ་མར་འགྱུར་རོ། །རྫས་རྫས་མ་ཡིན་པར་འདོད་ན་ཞེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །མཁའ་འགྲོ་མ་ཀུན་དགེ་བ་གང་། །ཞེས་བྱ་བ་ནི་གསུངས་པའི་ལས་དེ་ལ་གསུངས་
པའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདི་བཟླས་པས་འགྲུབ་པ་སྟེ། །ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་ལ་སོགས་པ་ལ་མ་ལྟོས་པར་ལས་ཐམས་ཅད་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གསུངས་མ་ཐག་པའི་གསང་སྔགས་གང་ཡིན་པ་དེ་ནི་གནས་ཀྱི་
དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་མདོར་བསྡུས་ནས་གསུངས་པ། མཁའ་འགྲོ་མ་ནི་ཀུན་གྱི་གནས། །ཞེས་བྱ་བ་ལ་སོགས་པ་སྟེ། རི་བོ་བཟང་པོ་ཞེས་བྱ་བ་ནི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རི་རབ་རྩེ་མོ་བརྒྱད་པ་མེ་ཏོག་དང་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་བྲི་བའོ། །
དེའི་སྟེང་དུ་གཞལ་ཡས་ཁང་འདིའི་ནང་དུ་གསེར་དང་དངུལ་ལ་སོགས་པའི་བུམ་པའི་སྟེང་དུ་ཀུན་ད་དང་ཟླ་བ་ལྟ་བུའི་ཧ་ཧ་ཧེ་ཧེ་ཞེས་བྱ་བ་ལ་བཞད་པའི་ཕྱག་རྒྱ་དེས་མཚམས་གྱི་འདབ་མའི་ཐོད་པ་བཞི་ལ་བྱིན་གྱིས་བརླབས་པའོ། །ཕྱོགས་ཀྱི་འདབ་མ་བཞི་ལ་མཁའ་འགྲོ་མ་ལ་སོགས་པ་

བཞིའོ། །འཁོར་ལོ་གསུམ་རྣམས་ལ་དཔའ་བོ་དང་དཔའ་མོ་རྣམས་སོ། །ཁྭའི་གདོང་པ་ལ་སོགས་པ་བཞི་ནི་སྒོ་རྣམས་སོ། །གཤིན་རྗེ་འཇོམས་མ་ལ་སོགས་པ་ནི་མཚམས་སུ་སྟེ་མདོར་བསྡུས་པའོ། །རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །ཅེས་བྱ་བ་ནི་སྐུའི་འཁོར་ལོ་ནས་བརྩམས་ནས་ཐུགས་ཀྱི་འཁོར་ལོའི་མཐར་
ཐུག་པ་རྣམས་ཀྱི་ལྷག་མ་དགོད་པའོ། །འཁོར་ལོ་བདག་ཉིད་རྟག་ཏུ་བསྒོམ། །ཞེས་བྱ་བ་ནི་ནང་གི་རྣལ་འབྱོར་བསྟན་པའོ། །སྔར་བཤད་པ་ཡི་ཆོ་ག་ཡིས། །ཞེས་བྱ་བ་ནི་ལེའུ་དང་པོ་དང་གསུམ་པར་གསུངས་པའི་ཆོ་གས་སོ། །རྗེད་ཅེས་བྱ་བ་ནི་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་
བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཇི་སྲིད་ཆོ་གས་ཕྱུགས་བསྒྲུབ་པ། །ཞེས་བྱ་བ་ལ་ཕྱུགས་ཀྱི་སྒྲ་ནི་མཆོག་སྟེ་དེ་ཁ་ན་མ་ཐོ་བ་མེད་པས་རྙེད་པའོ། །སྐྱེ་བ་གཅིག་ཅེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་གཅིག་ནས་བརྩམས་ནས་རྒྱུན་མ་ཆད་པར་བདུན་པའི་མཐར་ཐུག་
པའོ། །ཉིད་ཅེས་བྱ་བ་ལ་སོགས་པ་ལ། གཞན་བྱོལ་སོང་གི་ཕྱུགས་ཀྱི་སྤུ་དང་ལྡན་པའོ། །དེའི་སྐྲ་དང་། སེན་མོ་དང་། སོ་དང་། པགས་པ་དང་། སྤུ་དང་། ཡན་ལག་ལྔ་བསྲེས་ནས་ལག་པ་དང་། མགོར་བཟུང་ན་དེ་དང་འདྲ་བར་འགྱུར་རོ། །བཀྲོལ་ན་རྣལ་མར་འགྱུར་རོ། །དཀའ་ཞིང་ཉོན་མོངས་ལ་དགའ་བ། །ཞེས་བྱ་
བ་ནི་གང་གི་ཕྱིར་གནོད་པ་བྱེད་ཅིང་སེལ་བའི་དོན་གྱིས་དངོས་གྲུབ་ཀྱི་ལམ་དང་འགལ་བ་ཞེས་བྱའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་སྦྱིན་སྲེག་ཆོ་ག་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཕྱི་དང་ནང་གི་སྦྱོར་བ་
ཇི་ལྟ་བ་བཞིན་ནོ། །གང་གིས་བསྲེག་པར་བྱ་ཞེ་ན། ལེའུ་བཞི་བཅུ་རྩ་བདུན་པའི་སྦྱིན་སྲེག་གི་སྔགས་ཀྱིས་སོ། །ལྷག་པའི་ཚེ་ནི་དཱུརྺའོ། །ཀུསྨཎྜཾ་ཞེས་བྱ་བ་ནི་དེའི་ས་བོན་ནོ། །ཁྱིམ་གྱི་ཏཱ་མ་ལའི་འདབ་མ་ལ་ཞེས་བྱ་བ་ནི་བཱ་ས་ཀའི་འདབ་མ་སྟེ་དེས་སྦྱིན་སྲེག་བྱའོ། །འདིའི་རབ་ཏུ་སྦྱོར་བ་གསུངས་པ་ནི་ཏཱ་མ་ལའི་འདབ་མ་ལ་
རོ་བསྲེགས་པའི་སོལ་བས་ཡི་གེ་གའི་ནང་དུ་ཆུད་པར་བསྒྲུབ་བྱ་བྲིས་ལ་བཅིངས་ཏེ། ཉ་སྐྱོགས་ཀྱི་ནང་དུ་བཅུག་ནས་དཱུརྺ་དང་འབྲས་ཀྱི་ཕུབ་མ་ལ་སོགས་པས་བཀང་སྟེ། ཁ་གབ་ཀྱིས་བཅད་ལ་སྤྲ་ཚིལ་གྱིས་རྒྱས་བཏབ་ནས། ཕྱི་སའི་ནང་དུ་ཁ་སྦུབ་ཏུ་དབུགས་མི་ཕྱིན་པར་བཞག་ན་ཁ་བཅིངས་པར་འགྱུར་རོ། །དེ་ནས་

གཞན་ཡང་བཤད་བྱ་བ། །ཞེས་བྱ་བ་འདི་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གཞུང་ལུགས་ཤིན་ཏུ་རྙེད་དཀའ་བ། །ཞེས་བྱ་བ་ནི་འདིར་ཡང་ཕྱག་ན་རྡོ་རྗེ་ལ་བོས་
ཏེ་གསུངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་མན་ངག་བླ་མ་ཆེན་པོ་ལ་གུས་པ་མ་གཏོགས་པར་དཀའ་བས་ཀྱང་རྙེད་པར་མི་འགྱུར་བས་ཤིན་ཏུ་ཡང་རྙེད་དཀའ་སྟེ། ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་འགྱུར་བས་ན། བདེན་པ་གཉིས་ལ་ལེགས་པར་གནས་པའི་ཟུང་དུ་འཇུག་པ་རྒྱུ་བ་སྟེ། ཕྱག་རྒྱ་ཆེན་པོས་དེ་མངོན་པར་རྫོགས་པའི་
སངས་རྒྱས་བྱང་ཆུབ་པའོ། །དེ་ཡང་རིམ་པ་ཇི་ལྟ་བཞིན། །ཉམས་པ་མེད་པར་ལྷག་པར་ཁོང་དུ་ཆུད་ཅིང་བསྒྲུབ་པར་བྱ་བའི་རྗེས་སུ་འཇུག་པ་སྒྲུབ་པ་པོ་རྣམས་ཀྱི་སྒྲུབ་ཐབས་དང་སྤྱོད་པའི་ཆོ་ག་ཤིན་ཏུ་གསལ་བ་བསྐྱེད་པའི་རིམ་པ་ནས་བརྩམས་ནས། ཇི་སྲིད་རྫོགས་པའི་རིམ་པའི་མཐར་ཐུག་པའི་ཏིང་ངེ་འཛིན་མངོན་སུམ་དུ་
དཔལ་ཧེ་རུ་ཀ་དང་མཉམ་པར་གྱུར་པ་སྟེ། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་སྡོམ་པ་ལས། །བྱུང་བའི་ཏིང་འཛིན་རྫོགས་པ་ཡི། །སངས་རྒྱས་བྱང་ཆུབ་ཕྱག་རྒྱ་ཆེའི། །ལས་གནས་རྣལ་འབྱོར་མ་ཡི་བཀའ། །འདྲེན་ཞིང་ཉེ་བར་སྤྱོད་པ་བཅས། །ལན་དང་བཅས་ཤིང་སངས་རྒྱས་སྤྱན། །མཆོག་ལས་
མཆོག་ཏུ་གྱུར་པ་དང་། །གཅིག་ནས་གཅིག་བརྒྱུད་མན་ངག་སྟེ། །ཐོས་དང་བསམ་པ་སྒོམ་པ་ཡིས། །ཤེས་རབ་ཡེ་ཤེས་གོམས་པ་ནི། །རྣལ་འབྱོར་རྒྱུན་ཆགས་རབ་འབྲེལ་པས། །རྒྱུན་མི་ཆད་དོན་སྐལ་བ་ཅན། །ཡོངས་སུ་སྨིན་ཅིང་ཡོངས་སུ་བྱང་། །སྣོད་ལྡན་དེ་ཡི་ཕྱིར་བསྟན་པས། །འོང་བ་གང་ཡིན་འདིར་གཞུང་ལུགས། །རྒྱུད་
རྣམས་ཀུན་དུ་གསུངས་པ་གང་། །གསང་ཆེན་སངས་རྒྱས་ཀུན་གནས་པ། །འབུམ་ཕྲག་སུམ་འགྱུར་གང་ཡིན་ཉིད། །རབ་རྒྱས་རྒྱུད་ལ་འོངས་པའོ། །དེས་ན་བསྐྱེད་པའི་རིམ་པ་ལ་བརྟེན་པའི་དེ་ཁོ་ན་ཉིད་བཅུ་བཞི་སྒོམ་པའི་རྫོགས་པའི་རིམ་པ་མཐར་ཐུག་པའི་ཉོན་མོངས་པ་དང་བྲལ་བའམ་བརྩོན་འགྲུས་དང་ལྡན་པས་དཔའ་བོ་སྟེ་དགེ་
བ་ལ་སྤྲོས་པས་སོ། །དེའི་མངོན་སུམ་དུ་བྱེད་པ་ནི་འདིར་བརྡ་གསུངས་པའོ། །ང་ཡིས་ནི་རྡོ་རྗེ་འཛིན་པས་སྦས་པའོ། །གང་དུ་ཞེ་ན་རྒྱུད་གཞན་དག་ཏུ་སྟེ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་རྣམས་སུའོ། །གོས་དང་ཞེས་བྱ་བ་ནི་སྟག་གི་པགས་པའོ། །ཡང་ན་ངེས་པར་གནས་པར་བྱ་བས་ན་གོས་ཏེ་གཞལ་ཡས་ཁང་ངོ་། །ཕྱག་རྒྱ་

ལྔ་ནི་འཁོར་ལོ་ལྔ་ལ་སོགས་པའོ། །ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔའོ། །ཤེས་རབ་ཡན་ལག་ཅེས་བྱ་བ་ནི་ཁ་ཊྭཱཾ་གའོ། །ཡང་ན་ཤེས་རབ་ཀྱིས་མགྲིན་པར་འཁྱུད་པའོ། །ཕུར་བུ་འདྲ་ཞེས་བྱ་བ་ནི་ཁྲོ་བོའི་ཕུར་བུ་དང་རྡོ་རྗེའི་ར་བ་དང་བླ་རེ་དང་མདའི་དྲ་བ་དང་མེ་ལོང་གི་དྲ་བ་ལ་སོགས་པའོ། །ཨཱ་ལི་ཀཱ་ལི་
ཞེས་བརྗོད་ནས། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་གཟུགས་ཀྱིས་རྣམ་པར་བསྒོམ་པའོ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བའི། །ཞེས་བྱ་བ་ལ་རྒྱུ་ནི་བྱེད་པའོ། །དེ་ལ་སོགས་པ་ནི་རྒྱུ་སོགས་ཏེ། བསྐྱེད་པའི་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་སྟོང་པ་ནི་བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྔོན་འགྲོ་ཞེས་བྱ་བ་ནི་གསུམ་པ་སོ་སོར་རྟོག་པའི་ཡེ་
ཤེས་སོ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཞེས་བྱ་བ་ལ་རྒྱུ་རྡོ་རྗེ་འཛིན་པ་ནི་འཇུག་པའོ། །འཇུག་པའི་རྒྱུ་ནི་སྒྲ་སྟེ་གནས་སྐབས་བཞི་པའི་ཡི་གེ་ཧཱུཾ་ངོ་། །སོགས་པ་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་མཚན་མའི་བར་དུའོ། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །ཞེས་བྱ་བ་ནི་གསུམ་པོ་དེ་དག་གོང་བུའི་གཟུགས་སུ་བསྡུས་པའི་སྦྱོར་བ་སྟེ་
བྱ་བ་གྲུབ་པའི་རྣལ་འབྱོར་རོ། །བདུད་རྩིས་ཚིམ་བྱེད་ཅེས་བྱ་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱིས་རྡོ་རྗེ་འཛིན་པ་ཡོངས་སུ་བརྙེས་པའོ། །མྱ་ངན་འདའ་ཞེས་བྱ་བ་ནི་ཉེ་བར་བསྡུས་པའོ། །ལག་པའི་མཆོད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་ལྟ་བུར་གྱུར་པ་ཡང་། གལ་ཏེ་བག་མེད་པས་མ་གྲུབ་ན། དེ་འཕོ་བའི་ཚེ་རྣལ་འབྱོར་པ་རྣམས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ་གོ་སླའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་ལྔ་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།སྣ་ཚོགས་བླ་མའི་ཞལ་སྔ་ནས་ཀྱི་བཀའ་དྲིན་དང་། །སློབ་དཔོན་དུ་མའི་གཞུང་ལུགས་རྣམ་པར་བལྟས་པ་ཡིས། །བདག་ཉིད་དྲན་པར་བྱ་ཕྱིར་སྒྲུབ་ཐབས་
གླེང་གཞི་ནི། །མཆོག་ཏུ་གསལ་ཞིང་འབར་བ་དད་པས་བྲིས་པ་ཡིན། །བདག་གིས་རྣལ་འབྱོར་མི་གཉིས་ཀྱི། །དཀའ་འགྲེལ་རྫོགས་པར་བྱས་པ་ལས། །གྱུར་པའི་དགེ་བ་གང་ཡིན་དེས། །རྣལ་འབྱོར་ཅན་གྱི་དོན་བྱེད་ཤོག །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལ་
ཝ་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།ཡང་དག་ཡེ་ཤེས་སྣང་བྱེད་པ། །སྦས་པའི་ཉི་མའི་ཞལ་སྔ་ནས། །ལ་ཝ་པ་ཡིས་དཀའ་འགྲེལ་ནི། །འབད་པ་ཆེན་པོས་བཤད་པའོ། །རྒྱ་གར་གྱི་མཁན་པོ་སཱུརྱ་གུཔྟ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ལཀྵ་ཨ་བྷི་དྷ་ནཱ་ཏ་ཨུདྡྷྲྀ་ཏོ་ལ་གྷུ་ཏནྟྲ་པིཎྜ་ཨརྠ་བི་ཝ་ར་ཎཾ་ནཱ་མ། བོད་སྐད་དུ། མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་གི་གཡོན་དང་གཡས་
པའི་ཞབས་ཀྱིས་གཞུ་འཛིན་དང་ནི་གངས་རིའི་བུ་མོ་ཉི་མར་བརྫིས། །ཁྲོ་བོའི་གཟིགས་པས་ལྷ་དང་འབྱུང་པོ་ལྷ་མིན་དབང་པོ་གཟའ་ཡི་ཚོགས་བཅས་སྐྲག་མཛད་ཅིང་། །ཕྱག་རྒྱ་གླང་པོ་སྟག་ལྤགས་བྲང་འགྲོ་དགེ་བྱེད་མི་ཡི་ཐོད་པ་མགོ་བོའི་ཕྲེང་བས་བརྒྱན། །དེ་ལ་བཏུད་ནས་དེ་ཡི་རྒྱུད་དང་
འགྲེལ་བཤད་གསལ་བ་རྡོ་རྗེའི་ཚིག་རྣམས་འབྱེད་པ་འདི་བྲི་བྱ། །དཔའ་བོའི་དབང་པོས་བསྐུལ་བ་འདི། །དཔལ་ཕྱག་རྡོ་རྗེ་བདག་གིས་ནི། །རྣལ་འབྱོར་པ་ཡི་དགེ་སྤེལ་ཞིང་། །ཕྱག་རྒྱ་ཆེ་འབྲས་ཐོབ་བྱའི་ཕྱིར། །དེ་ནས་མངོན་བརྗོད་འབུམ་པ་ཡི། །རྒྱུད་ལས་སྙིང་པོ་ཕྱུང་བ་ནི། །དཔལ་
ཧེ་རུ་ཀ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྙིགས་མ་ལྔ་ཡི་དུས་འདིར་ནི། །བསོད་ནམས་ཡེ་ཤེས་འབྲས་ཐོབ་ཕྱིར། །ཕག་མོས་གསོལ་བཏབ་རྡོ་རྗེ་ཅན། །ཉུང་ངུའི་རྒྱུད་ནི་རབ་གསལ་མཛད། །ཚེ་ཐུང་བརྩོན་འགྲུས་ཆུང་བ་ཡི། །སྒྲུབ་པོ་རྣམས་ལ་ཕན་ཕྱིར་ཏེ། །
འདོད་ཆགས་ཞེ་སྡང་སོགས་ལྡན་ལ། །དེ་ཉིད་ཀྱི་ནི་ཐབས་ཀྱིས་ཀྱང་། །གསང་ཆེན་མཁའ་འགྲོ་མ་གསང་བ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །འདོད་
པའི་དོན་ཀུན་སྒྲུབ་བྱེད་པ། །སྒྲ་ཡི་ཚུལ་ལས་རྣམ་པར་འདས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། །ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཐབས་དང་ཤེས་རབ་ལས་བྱུང་བ། །སྔགས་དང་རྣལ་འབྱོར་ཆོ་གའི་རིམ། །བརྗོད་བྱར་བཤད་
པ་དེ་ཉིད་ནི། །རྗོད་པར་བྱེད་པར་གསུངས་པ་སྟེ། །ལྷན་ཅིག་སྐྱེས་དགའ་ཧེ་རུ་ཀ །དབུ་མ་མཆོག་གིས་དབུགས་འབྱུང་བ། །བཤང་གཅི་ཟླ་བ་ཉི་མ་ཡི། །རྩ་ནི་བཞི་དང་ཡང་དག་ལྡན། །ཕྱག་རྒྱ་ཆེན་པོ་རྟེན་མེད་པ། །རྡོ་རྗེ་ཕག་མོ་རིགས་ལྡན་མ། །ལས་ཀྱི་ཕྱག་རྒྱའི་བདེ་

སྤངས་པའི། །རྣལ་འབྱོར་པ་དེས་དེ་མཆོད་བྱ། །ཞེས་པ་ཨེ་ཝཾ་དབང་བསྐུར་དོན། །ཉུང་ངུའི་རྒྱུད་ལས་གསལ་མིན་གང་། །མདོར་བསྡུས་ཙམ་ཞིག་རབ་གསུངས་ཏེ། །འགྲེལ་པས་རྣམ་པར་རྒྱས་པར་བྱ། །འདིར་དང་པོར་རེ་ཞིག་བརྗོད་པར་བྱ་བ་དང་རྗོད་པར་
བྱེད་པ་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱིས་རང་གི་སེམས་ཀྱིས་བསམ་པས་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ། གསང་ཆེན་མཆོག་ལ་བཞུགས་པ། དཔའ་བོ་དང་དཔའ་མོའི་
དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། རྡོ་རྗེ་ཕག་མོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་སྙིང་པོ་ལས་སྙིང་པོ་མཆོག་གི་རྒྱུད་གཞུང་གི་ཚད་སྟོང་བདུན་བརྒྱ་པ་ཡང་དག་པར་བསྟན་ཏོ་ཞེས་པའོ། །འདིར་
ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་བརྗོད་པར་བྱ་བའོ། །འདིར་རྟོགས་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དེ་དག་གིས་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དཀྱིལ་
འཁོར་དུ་འཇུག་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ནི་དགོས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དང་སངས་རྒྱས་ཉིད་ནི་དགོས་པའི་དགོས་པའོ། །འདི་རྣམས་མངོན་པར་གཟིགས་
ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱིས་ཞེས་པ་ངེས་པ་ནི་ཉན་ཐོས་ཀྱི་སྡོམ་པ་སྟེ། དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །དེ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་བདག་ཉིད་ཅན་ཏེ། རང་གི་སེམས་ཀྱི་བསམ་པ་
དེས་ཀྱང་། སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་སྙིགས་མ་ལྔའི་དུས་ན་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བའི་སྒྲུབ་པ་པོ་རྣམས་ཀྱང་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་བསྒོམ་པའི་ཐབས་དེ་ཉིད་ཀྱིས་སོ། །གསང་ཆེན་མཆོག་ལ་བཞུགས་པ་ཞེས་པ་ཆོས་འབྱུང་

ནམ་མཁའི་ཁམས་ནི་གསང་ཆེན་ཏེ། དེ་ལ་བཞུགས་པ་ནི་གསང་ཆེན་མཆོག་ལ་བཞུགས་པའོ། །དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཞེས་པ་དཔའ་བོ་ནི་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞི་སྟེ། ཟླ་བའི་རྐང་པ་རྣམས་སོ། །དཔའ་མོའི་དབང་
ཕྱུག་མ་ནི་མཁའ་འགྲོ་མ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྣམས་སོ། །དེ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །རྡོ་རྗེ་ཕག་མོས་གསོལ་བ་བཏབ་པ། བཅོམ་
ལྡན་འདས་དཔལ་ཧེ་རུ་ཀ་ཞེས་པ། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཡིག་རྒྱུ་དང་བྲལ་བའོ། །རུ་ཡིག་གཟུགས་ལས་ངེས་པར་གྲོལ། །ཀ་ཡིག་བྱེད་པ་སྤངས་པའོ། །ཞེས་པ་དང་། དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །བྷ་ག་ཡང་ནི་བདུད་བཅོམ་ཕྱིར། །གང་
ལ་དེ་མངའི་ཕྱིར་ན་ནི། །བཅོམ་ལྡན་ཁམས་གསུམ་དབང་ཕྱུག་གསུངས། །ཞེས་པའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་སྙིང་པོ་ལས་སྙིང་པོ་མཆོག་གི་རྒྱུད་གཞུང་གི་ཚད་སྟོང་བདུན་བརྒྱ་པ་ཡང་དག་པར་བསྟན་ཏོ། །བཅོམ་
ལྡན་འདས་དེ་ཡང་རྒྱུད་འདིའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དང་པོ་བཞུགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་གི་སྤྱོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་གསོལ་བ་འདེབས་པ་པོ་དང་། སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རིགས་
ལྡན་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཕོ་ཉ་མོའི་དངོས་གྲུབ་དང་། མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འདོད་པའི་དངོས་སྒྲུབ་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ལ་སོགས་པ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་རྣལ་འབྱོར་པ་ཉིད་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་བསྐྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་བྲལ་

བ་བསྲུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བདུད་རྩི་ལྔ་བཟའ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཚོགས་ཀྱི་འཁོར་ལོ་ལ་མཐེ་བོང་དང་མིང་མེད་དག་གིས་ཞལ་དུ་ཟླ་བའི་བཏུང་བ་མྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དབང་པོ་གཉིས་སྙོམས་པར་འཇུག་
པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཟླ་བ་བཟའ་བ་སྔགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་ཞེས་པ་ལྷ་དང་མིའི་བདེ་བ་ཆ་བཅུ་དྲུག་པ་འགྱུར་བ་མེད་པའི་བདེ་བ་མཆོག་མཆོད་པར་བྱའོ་ཞེས་པ་བཅོམ་ལྡན་འདས་རྣམ་པར་གནས་པ་སྟེ་ལེའུ་དང་པོའི་བསྡུས་པའི་དོན་ཏོ།། །།
དེ་ནས་རིའི་ཕུག་ལ་སོགས་པ་གནས་ངེས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་བླ་མ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་
དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དབང་བསྐུར་བ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཕྱག་རྒྱའི་སྤྱོད་པ་དང་། མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་པ་བཅོམ་ལྡན་འདས་དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུའི་ངོ་བོར་བཞུགས་
པའོ། །དེ་ནས་མཁའ་འགྲོ་མའི་གནས་སུ་རོལ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་རིག་པའི་རྒྱལ་པོའི་