Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 16

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
། །ཡི་གེ་དྲུག་ལས་ཡང་དག་བྱུང་། །དངོས་གྲུབ་ཉེ་བར་བྱེད་པ་མོ། །མགོན་པོའི་སྐུ་མདོག་ཇི་ལྟ་བར། །དེ་བཞིན་དུ་ནི་ཕག་མོ་སྟེ། །དབྱིབས་དང་ཕྱག་རྒྱ་དེ་དང་མཚུངས། །མི་ཡི་པགས་
པ་སྤངས་ནས་སུ། །ལྷ་མོ་མདའ་གཞུ་བསྣམས་པར་མཛད། །ཡན་ལག་ཀུན་དང་རྩ་ཞལ་སྔོ། །གཡས་དང་གཡོན་ནི་སེར་དང་ལྗང་། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །ལྷ་མོའི་པུས་མོ་གཉིས་འཁྱུད་པས། །མཆོག་ཏུ་དགའ་བས་མྱོས་པ་མོ། །སྙིང་གར་ཡེ་
ཤེས་གནས་བསམས་ཤིང་། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་པ། །གོ་ཆ་གཉིས་ཀྱིས་རྣམ་པར་བརྒྱན། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །ཤིན་ཏུ་མཉམ་གཞག་སྔགས་བཟླས་བྱ། །ཨོཾ་ཧྲིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཡི་གེ་དྲུག་པོ་དེ་རྣམས་ཀྱིས། །མཁའ་འགྲོ་མ་དྲུག་བྱང་
ཆུབ་ཀྱི། །ཡན་ལག་དྲུག་མཆོག་བསྒོམ་པར་བྱ། །བདུན་པ་དབུས་སུ་གྱུར་པ་ནི། །ཡི་གེ་ཧཱུཾ་མཛད་ཧེ་རུ་ཀ །དྲན་པ་བྱང་ཆུབ་ཡན་ལག་སོགས། །ཞེས་པས་སོ། །ཨོཾ་དྷི་དྷི་དྷིཾ་ཧཱུཾ་ཕཊ། ཡི་གེ་བོཾ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲིཾ་ཉིད་དང་། །ཧཱུྃ་དང་ཕཊ་ཅེས་བཤད་པ་ནི། །
རྣལ་འབྱོར་མ་ནི་དྲུག་ཏུ་གྲགས། །ཡི་གེ་རེ་རེ་ཡང་དག་གནས། །ཞེས་བྱ་བ་དེ་ལ་འདིའི་ཆོ་ག་རིམ་པ་བཞིན་དགོད་པར་བྱའོ། །པདྨ་འདབ་མ་ལྔ་པ་ལྟེ་བ་དང་གེ་སར་གྱིས་འཁྲིགས་པ་བྲིས་ལ་དེའི་དབུས་སུ་ནི་ཡི་གེ་བཾ་ལས་ཡང་དག་པར་བྱུང་བའི་ཕག་མོ་ནི། སྐུ་མདོག་དམར་
མོ་འོད་འབར་མ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཕྱོགས་གོས་ཕྱེད་ཀྲུང་བཅས་པའི་གར། །ཕྱག་རྒྱ་དྲུག་གིས་བཏབ་པའི་སྐུ། །མགོ་བོའི་མེ་ཏོག་ཕྲེང་བ་ཅན། །དུས་མཚན་འོག་ཏུ་བྱས་ནས་སུ། །

རྐང་པས་མནན་པར་གྱུར་པ་ན། །སྡང་བ་ཀུན་དང་ལྷ་བདུད་དགྲ། །མེ་ལྟར་འབར་བ་དམར་ཆེན་མ། །གཡས་དང་གཡོན་ནི་སྔོ་དང་ལྗང་། །ཐོད་པ་ཉིད་དང་ཁ་ཊྭཱཾ་ག །ཞགས་པ་ལྕགས་ཀྱུ་དེ་བཞིན་ཏེ། །མགོ་དང་ཟངས་གྲི་འཛིན་པ་ནི། །དངོས་གྲུབ་ཐམས་ཅད་
སྦྱིན་བྱེད་པའོ། །ཤར་ཕྱོགས་ལ་སོགས་པའི་ལྷ་མོ་རྣམས་ནི་གཡོན་སྐོར་གྱིས་བསམ་པར་བྱ་སྟེ། ཡོཾ་གིས་གཤིན་རྗེ་མའོ། །མཾ་གྱིས་རྨོངས་བྱེད་མའོ། །ཧྲིཾ་གིས་ཡང་དག་སྐྱོད་མའོ། །ཧཱུཾ་གིས་སྐྲག་བྱེད་མའོ། །ཕཊ་ཀྱིས་ནི་གཏུམ་མོ་སྟེ། དེ་རྣམས་ཐམས་ཅད་ཞལ་གཅིག་དང་། །
ཕྱག་བཞི་སྤྱན་གསུམ་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་ཅན་གར་གྱི་མཆོག །ཕྱག་རྒྱ་ལྔ་ཡིས་བརྒྱན་བྱས་ཤིང་། །མགོ་ཡི་ཕྲེང་བའི་དོ་ཤལ་བྱས། །རང་རིག་སྣང་བའི་དབུ་རྒྱན་ཅན། །སྙིང་རྗེས་འཁྲུག་པའི་བདེ་དམ་པ། །སྔོ་དང་དཀར་དང་སེར་པོ་དང་། །ལྗང་དང་དུ་བ་སྐྱ་བོ་སྟེ། །
ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །དྲིལ་བུ་དང་ནི་ཅང་ཏེའུ་གྲི། །ཡང་། གཉིས་མེད་སྦྱོར་བ་སྙོམས་ཞུགས་པས། །རྡོ་རྗེ་སེམས་སོགས་ཐམས་ཅད་ནི། །འཁྱུད་ལ་སོགས་པའི་རིམ་པ་བཞིན། །ཕྱག་དང་མཚོན་ཆ་མདོག་སྔོ་གསུང་། །ལྟེ་བ་སྙིང་ག་མགྲིན་པ་མགོ། །སྤྱི་གཙུག་ཡན་
ལག་ཀུན་མཚོན་ཆ། །ཞེས་བྱའོ། །དེ་རྗེས་ལྷ་མོའི་སྙིང་པོ་ཡི། །སྔགས་ཀྱི་ཡི་གེ་ཡོངས་རྫོགས་པ། །དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག །ཇི་ལྟར་གོ་རིམས་བཞིན་འབྱུང་བཤད། །ཡི་གེ་སོ་སོ་ཡོངས་རྫོགས་ལས། །དྲག་པོ་བཅུ་དང་གསུམ་བདག་ཉིད། །དངོས་
གྲུབ་ཐམས་ཅད་རབ་སྟེར་བའོ། །ཆོས་ཀྱི་དབྱིངས་ལས་འབྱུང་བ་ཡི། །གཞལ་ཡས་ཁང་པ་ཡིད་དགའ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། །དར་དང་མེ་ཏོག་ཕྲེང་འཕྱང་བའི། །དབུས་སུ་པདྨ་དམར་པོ་ནི། །
འདབ་མ་བརྒྱད་པས་བརྒྱན་པའོ། །ལྟེ་བ་ལ་ནི་ཕག་མོ་སྟེ། །འདབ་མར་ལྷ་མོ་རྣམས་ནི་དགོད། །མཚམས་ཀྱི་སྒོ་ཡི་ཕྱོགས་རྣམས་སུ། །ལྷ་མོ་རྣམས་ཀྱི་སྙིང་པོ་བསྒོམ། །ཕྱག་འཚལ་བ་དང་རྒོད་མའི་ཁ། །ཛྲ་གི་ནི་དང་དྲག་ཅན་མ། །ཤར་དང་བྱང་གི་ཕྱོགས་དང་ནི། །ནུབ་

དང་ལྷོ་ཕྱོགས་སྒོ་རུའོ། །ཁྲོས་མ་དང་ནི་གཙོ་མོ་ཉིད། །ཁ་བ་མ་དང་གསེར་ལྡན་མ། །དེ་རྣམས་མཚན་གྱི་ལྷ་མོ་སྟེ། །མེ་ལ་སོགས་པ་དགོད་པར་བྱ། །ཧཱུཾ་མཛད་ལྷ་མོ་བྱིན་ཟའི་མིང་། །ཕཊ་མཛད་མ་དང་སྦས་མཛད་མ། །ཤར་དང་དེ་བཞིན་བྱང་དང་ནི། །ནུབ་དང་ལྷོ་ཡི་འདབ་
ལྷ་མོ། །ཡི་གེ་ཧ་ལས་དབུས་གཙོ་མོ། །སྔོ་ཞིང་དྲག་ཤུལ་གཟི་བརྗིད་ཆེ། །ཤིན་ཏུ་དྲག་པོ་བདུད་ཀུན་འཇོམས། །མཚན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །རྡོ་རྗེ་ཕག་མོ་ཞེས་བྱ་བ། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །སྔོ་དང་སེར་དང་དམར་དང་ལྗང་། །སྟེང་
དཀར་ཞི་དང་ཞལ་ལྔ་པ། །བཅུ་གཉིས་ཕྱག་དང་ཞལ་གསུམ་སྟེ། །རྣམ་འགྱུར་མཆེ་བ་གཙིགས་པ་སྟེ། །གཡས་བརྐྱང་པ་ལ་ལེགས་གནས་པ། །ཞབས་མནན་མཛད་ནས་འཇིགས་བྱེད་དང་། །ཙཱ་མུཎྜཱི་ཡང་འཇིགས་པས་བརྒྱལ། །ཐོད་པའི་ཕྲེང་ཅན་སྣ་ཚོགས་པའི། །
རྒྱན་རྣམས་ཀུན་གྱིས་བཀླུབས་པའོ། །གསུས་པ་འཕྱང་ཞིང་སྐྲ་གྲོལ་མ། །ཕྱོགས་ཀྱི་གོས་ཅན་རང་འོད་ཀྱི། །ཐབས་དང་བདེ་ལ་ལེགས་གནས་པ། །སྙིང་རྗེ་འཁྲུགས་ཤིང་མྱོས་པ་ཡི། །རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ། །ཐོད་པ་ཁ་ཊྭཱཾ་མདུང་དང་ནི། །ཟངས་གྲི་ཅང་ཏེའུ་
ཞགས་པ་དང་། །ལྕགས་ཀྱུ་ཚངས་པའི་མགོ་དང་ནི། །དགྲ་སྟ་དང་ནི་སྡིགས་མཛུབ་བསྣམས། །ཕྱག་གཉིས་མི་ཡི་པགས་པ་ཡི། །སྣམ་བུ་གྱེན་དུ་འཕྱར་བའོ། །སེར་དང་ལྗང་དང་དམར་དང་སྔོ། །འདབ་མའི་ལྷ་མོ་རྣམས་ཀྱི་མདོག །སྔོ་དང་ལྗང་དང་དཀར་དང་སེར། །སྒོ་བཞི་པོར་
ནི་གནས་པའོ། །དམར་དང་དུད་དང་སྔོ་དང་དཀར། །མེ་སོགས་དབང་ལྡན་བར་གནས་པའི། །བཅུ་གཉིས་དེ་རྣམས་ཞལ་གཅིག་པ། །ཕྱག་བཞི་པ་ལ་སྤྱན་གསུམ་སྟེ། །རྒྱན་རྣམས་ཀུན་གྱིས་བཀླུབས་པའོ། །ཡི་དགས་ཀྱི་ནི་གདན་སྟེངས་སུ། །ཕྱེད་ཀྲུང་བཅས་པས་ཤིན་ཏུ་
གནས། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །ནུ་མ་གཉིས་འཕྱང་གཟུགས་བཟང་བ། །ཡིད་དགའ་རྣམ་པར་འགྱུར་བའི་ཞལ། །ཟུར་གྱིས་བལྟ་ཞིང་གཡོ་བ་སྟེ། །གཡས་པ་རྡོ་རྗེ་ཅང་ཏེའུ་འཛིན། །གཡོན་པ་ཁ་ཊྭཱཾ་ཁྲག་གིས་ནི། །གང་བའི་སྣོད་དང་དྲིལ་བུའོ། །འོན་ཀྱང་སྒོའི་ལྷ་

མོ་ཞེས་བྱ་བ་རྣམས་ཀྱི་གདན་ལ། ཤར་ཕྱོགས་ཀྱི་ནི་དབང་པོའོ། །བྱང་ཕྱོགས་ཀྱི་ནི་གནོད་སྦྱིན་ནོ། །ནུབ་ཕྱོགས་སུ་ནི་ཆུ་བདག་གོ། །ལྷོའི་ནི་གཤིན་རྗེའོ། །དེ་རྣམས་ཀྱི་སྙིང་གའི་གཡས་བརྐྱང་བའི་གནས་པས་གནས་པ། སྤྱན་གསུམ་པ་སྐྲ་གྱེན་དུ་འགྲེང་བ་
ཐོད་པའི་ཕྲེང་བ་ཅན་སྤྲུལ་གྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་འབེབས་པ་རྣམས་གཙོ་བོའི་ཕྱག་ཏུའོ། །གཞན་གྱིས་རྡོ་རྗེ་གསོར་བ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་མགོ་བོ་འཛིན་པའོ། །ཞལ་རྣམ་པར་
འགྱུར་ཞིང་གསུས་པ་འཕྱང་བ་ཀུན་ཀྱང་མགོ་བའི་ཕྲེང་བས་བརྒྱན་པ་སྟེ། གཅེར་བུ་པདྨ་རྒྱས་པ། བྱང་ཆུབ་སེམས་ཀྱི་གཟི་བརྗིད་བསྐྱེད་ཅིང་མྱོས་པ་སྟེ། དཀྱིལ་འཁོར་ཐམས་ཅད་དུ་རང་གི་འོད་ཀྱིས་ཐབས་དང་མཆོག་ཏུ་དགའ་བས་གང་བའོ། །སྐུ་དང་གསུང་དང་ཐུགས་དང་སྙིང་གར་
ཡེ་ཤེས་ཀྱི་གནས་དང་། གོ་ཆ་གཉིས་རྣམ་པར་བརྒྱན་ལ་དབང་བསྐུར་ཏེ་མཆོད་ནས་བསྟོད་ལ། སྔགས་ཀྱི་བཟླས་པས་སྤྲོ་བར་བྱ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ས་སྟེང་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །ཞེས་བྱ་བ་ནི། དེ་རྣམས་ནི་ཡིད་
བཞིན་ནོར་བུ་ལྟར་འགྲོ་བ་མ་ལུས་པའི་འདོད་པའི་དོན་སྒྲུབ་པར་བྱེད་པའོ་ཞེས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ལས་མཆོག་གོ་རིམས་ཇི་བཞིན་དུ། །ཞེས་བྱ་བ་ལ་བསམ་གཏན་
ཙམ་གྱིས་གྲུབ་པར་འགྱུར་བ་དང་། ཁ་ཅིག་ནི་བསམ་གཏན་དང་སྔགས་ཀྱིས་གྲུབ་པར་འགྱུར་བ་དང་། ལ་ལས་ནི་བསམ་གཏན་དང་སྔགས་དང་འཁྲུལ་འཁོར་གྱི་བྱ་བས་འགྲུབ་པ་སྟེ། རང་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །འཇིག་རྟེན་གསུམ་པོ་གང་
ཅུང་ཟད། །ཞི་སོགས་ཡིད་ལ་འདོད་ཙམ་གྱིས། །སྔགས་མཆོག་ཆོ་ག་ཤེས་པས་ནི། །དེ་ཀུན་སྐད་ཅིག་དེ་ལ་འགྲུབ། །ཀླུ་ཐམས་ཅད་ཀྱི་སྒྲས་ནི་ཆུ་བདག་དང་མཐའ་ཡས་ལ་སོགས་པ་བཟུང་སྟེ། སྔགས་ལན་ཅིག་བཟླས་པ་དང་། བསམ་གཏན་གྱིས་བསྐུལ་

ནས་བཀའ་བཀུག་སྟེ། དེ་དག་ཤིན་ཏུ་འཇིགས་པས་མྱོས་ནས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་རྫུ་འཕྲུལ་གྱིས་བར་སྣང་གི་ནམ་མཁའ་ལ་སོང་སྟེ་ཆུའི་ཚོགས་ཀྱི་རྒྱུན་འཐོར་བར་བྱེད་དོ། །ཡང་ན་ཆུ་བོ་དང་། རྒྱ་མཚོ་དང་། ལྟེང་ཀ་དང་། ཁྲོན་པ་དང་། རྫིང་བུའི་འགྲམ་རྣམས་སུ་
རྡོ་རྗེ་བྱ་ཁྱུང་གཟི་བརྗིད་ཆེན་པོའི་གཙོ་བོ་དེས་ཀླུ་རྣམས་ལ་བཀའ་བསྒོ་བར་བསྒོམས་ལ། བློ་བཟང་པོས་ཁྲོ་བས་འཁྲུག་ཅིང་བཟླས་པར་བྱ་སྟེ། པདྨ་འདབ་མ་བརྒྱད་པ་ཉམས་དགའ་ཞིང་ལྟེ་བ་དང་གེ་སར་གྱི་ཕྲེང་བས་འཁྲིགས་པའི་དབུས་སུ། རྡོ་རྗེ་ཆེན་པོ་མཆེ་བ་གཙིགས་པས་
འཇིགས་པ་དང་བཅས་ཤིང་། ཕྱག་བརྒྱད་པ་ཞལ་བཞི་པ་སྟེ། ཞལ་དང་པོ་སྤྲིན་གྱི་མདོག་ལྟ་བུར་སྔོ་ཞིང་ཁྲོ་བ་དང་བཅས་པ། གཡས་པ་དུ་བ་ལྟ་བུ་གཡོན་པ་སྔོ་བསངས་སྟེང་དུ་བྱ་ཁྱུང་གི་ཞལ་ཤིན་ཏུ་དམར་བ་ཉི་མ་བཅུ་གཉིས་ཀྱི་འོད་ལྟར་གཟི་བརྗིད་རྣོ་བ་མཆེ་བ་གཙིགས་
ཤིང་འཇིགས་པར་མཛད་པའོ། །གཡས་པས་རྡོ་རྗེ་མཆོག་གསོར་བ་དང་། གཡོན་པས་སྡིགས་མཛུབ་མཛད་ཅིང་ཞགས་པ་དང་བཅས་པ་དང་། གཞན་གཉིས་ཀྱིས་དབང་པོའི་པགས་པའི་ན་བཟའ་མནབས་པ། ཐོད་པ་དང་ནི་ཁ་ཊྭཱཾ་ག །ལྕགས་ཀྱུ་དང་ནི་མདུང་འཛིན་ཞིང་། །བརྒྱད་
པ་ཅང་ཏེའུ་རུ་ནི་འདོད། །གཡས་བརྐྱང་ཞབས་ཀྱིས་གནོན་པ་ནི། །ཆུ་བདག་འཇིགས་པས་བརྒྱལ་བར་འགྱུར། །ཟླ་ཕྱེད་རལ་པ་བཅིངས་པ་ལ། །སྣ་ཚོགས་རྡོ་རྗེས་ཉེ་བར་བརྒྱན། །ཕྱག་རྒྱ་དྲུག་པོ་སྐུ་ལ་བརྒྱན། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །སྟག་ལྤགས་ཀྱི་ནི་
ཤམ་ཐབས་ཅན། །མཆེ་བས་མ་མཆུ་སྡེབས་མཛད་ཅིང་། །ཁྲོ་བོའི་ལྟ་བས་གཟིགས་མཛད་ཅིང་། །འདབ་མ་བརྒྱད་ལ་ཀླུའི་རྒྱལ་པོ་བརྒྱད་བྲི་བར་བྱའོ། །ཤར་ཕྱོགས་སུ་ནི་མཐའ་ཡས་སོ། །བྱང་ཕྱོགས་སུ་ནི་ནོར་རྒྱས་བུའོ། །ནུབ་ཕྱོགས་སུ་ནི་པདྨའོ། །དབང་ལྡན་དུ་ནི་པདྨ་ཆེན་
པོའོ། །མེ་མཚམས་སུ་ནི་དུང་སྐྱོང་ངོ་། །སྲིན་པོར་ནི་སྟོབས་ཀྱི་རྒྱུའོ། །རླུང་མཚམས་སུ་ནི་མ་དྲོས་པ་སྟེ། དཀར་དང་སྔོ་དང་དམར་དང་ལྗང་། །སེར་དང་དུད་ཀ་སྐྱ་ལྗང་སེར། །རིན་ཆེན་ལྡན་པའི་གདེངས་ཀ་མཐོ། །ཐལ་མོ་མཆོག་ཏུ་སྦྱར་བྱས་ནས། །བཅོམ་ལྡན་འདས་ཀྱི་ཞལ་དུ་

བལྟ། །འཇིགས་པའི་ས་ནི་བཀའ་ནོད་ཅིང་། །སྐྲག་པ་དང་བཅས་བལྟ་བར་བྱ། །ཡང་ན་ཕྱག་བཅུ་གཉིས་པའི་བདེ་བ་ཆེན་པོ་བསྒོམ་པར་བྱ་སྟེ། སྔོན་དུ་བསྟན་པ་བཞིན་ཏེ། ཆུ་བདག་ཆུང་མ་བཅས་པ་མདོག་དཀར་པོ་མནན་པའོ། །ཀླུ་རྣམས་དང་ཆུ་བདག་ནི་སྙིང་
གར་ཧཱུཾ་ནཱཾ་ཧཱུཾ་བྲིའོ། །བྲིས་སྐུ་ལ་དམིགས་ཤིང་ཤར་དུ་བལྟས་པས་རྩ་བའི་སྔགས་བཟླས་པར་བྱ་སྟེ། འབུམ་གྱིས་ན་མངོན་དུ་གྱུར་ནས། རྡོ་རྗེ་ཁྲོ་བོ་བྱ་ཁྱུང་ཞེས་བྱ་བའི་གཙོ་བོ་ཆེན་པོའི་བཀའ་ཙམ་གྱིས་ཆར་འབེབས་པར་འགྱུར་རོ། །ཨོཾ་ཨཾ་ཨ་ནནྟཱ་ཡ་ཧཱུཾ་ནཱ་ཧཱུཾ་སྭཱ་ཧཱ། ཨོཾ་བཱཾ་བཱ་སུ་ཀི། ཨོཾ་ཏཾ་ཏཀྵ་ཀ །
ཨོཾ་པཾ་པདྨ། ཨོཾ་མཾ་མ་ཧཱ་པདྨ། ཨོཾ་སཾ་སཾ་ཁ་པཱ་ལ། ཨོཾ་ཀཾ་ཀརྐོ་ཊ་མ། ཨོཾ་ཨཾ་ཨ་ན་བ་ཏ་བ་ཏ། ཨོཾ་བཾ་བ་རུ་ཎ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ནཱ་གཱ་ནཱཾ་བཪྵ་པ་ཡ་ཧཱུཾ་ནཱཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ནི་ཐམས་ཅད་བལྟ་བར་བྱའོ། །ཁྲོ་བོ་ཆེན་པོ་སྒོམ་པས་ཐམས་ཅད་ཁྲི་ཕྲག་ཏུ་བཟླས་པ་དབུལ་ལོ། །མི་སྨྲ་བར་གྱུར་ཅིང་
ཤིན་ཏུ་མཉམ་པར་གཞག་པས་ཚངས་པར་སྤྱོད་ཅིང་འོ་མ་དང་། སཱ་ལུའི་འབྲས་ཆན་བཟའ་བར་བྱ་སྟེ། ཀླུའི་གཏོར་མ་དང་ལྡན་ཞིང་། འོ་མས་ཁྲུས་བྱས་ལ་འོ་མའི་སྦྱིན་སྲེག་དབུལ་བར་བྱ་སྟེ། འོ་མ་ཅན་གྱི་ཤིང་ལས་སྐྱེས་པའི་ཡམ་ཤིང་མཐོ་གང་པ་དང་ལྷན་ཅིག་བསྲེག་པར་བྱས་ལ་བུམ་པ་
འོ་མས་བཀང་སྟེ་འོ་མ་དང་བཅས་པའི་གཏོར་མ་ཕྱོགས་བཅུར་རབ་ཏུ་སྦྱིན་ནོ། །དེ་ལྟ་བུའི་ཆོ་གས་མཆོད་ལ། དུས་བཞིར་སྟོང་ཕྲག་བཟླས་པར་བྱ་སྟེ། ཞག་བདུན་གྱིས་ངེས་པར་ས་གཞི་ཐམས་ཅད་དུ་ཆར་འབབ་པར་འགྱུར་རོ། །ཡང་ན་འདིར་ཆུ་དང་ཡུངས་ཀར་དངུལ་གྱི་སྣོད་དུ་བླུགས་
ལ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །སངས་རྒྱས་ཀྱི་གཟུགས་བརྙན་གདུང་དང་བཅས་པ་ལ། དྲི་ཆུ་དང་། འོ་མར་བསྲེས་པས་ཁྲུས་བྱས་ལ་ཆུ་འགྲམ་གཉིས་ཀྱི་ས་གཅིག་ཏུ་བྱས་ནས་ཀླུའི་གཟུགས་བྱ་སྟེ། མགོ་དགུ་པ་ནུབ་ཏུ་བལྟས་བ་གཞག་གོ། །དེ་ནས་ཁྲུས་བྱས་ལ་མཆོད་དེ།
དེ་དང་ཁྲུས་ཀྱི་ཆུར་བཅས་པ་ཆུ་ཀླུང་དུ་གཏོར་བར་བྱའོ། །དེ་མ་ཐག་ཏུ་ཀླུ་རྣམས་མགུ་ནས་འཛམ་བུའི་གླིང་ཐམས་ཅད་དུ་ཆར་རྒྱུན་མི་འཆད་པ་འབེབས་པར་འགྱུར། ས་གཞི་འབྲུ་དང་ལྡན་པར་འགྱུར་ཞིང་། སེམས་ཅན་ཐམས་ཅད་བདེ་བའི་རེག་པའི་གནས་པས་གནས་པར་འགྱུར་རོ། །དེ་ནས་

འཁྲུལ་འཁོར་གྱི་རབ་ཏུ་སྦྱོར་བར་བྱ་སྟེ། སྔགས་ཀྱི་འཁྲུལ་འཁོར་ལས་བྱུང་བ། །གདེངས་ཀའི་དབང་ཕྱུག་འཁོར་ལོའི་མིང་། །མཆོག་ཏུ་རྨད་བྱུང་བརྟག་པ་ཡང་། །ཐོས་པ་ཙམ་གྱིས་སྐྲག་བྱེད་ན། །མིང་དང་བཅས་པར་བྲིས་པ་ཡིས། །གདེངས་ཀ་ཐམས་ཅད་སྨོས་ཅི་དགོས། །གྲོ་ག་
འམ་ནི་རས་དཀར་ལ། །འདབ་བརྒྱད་པདྨ་བྲི་བར་བྱ། །འཁོར་ལོ་གསུམ་པོ་རིམ་ཇི་བཞིན། །རྡོ་རྗེ་པདྨ་འཁོར་ཕྲེང་བསྐོར། །དུག་དང་ལན་ཚ་སྐེ་ཚེ་དང་། །ཚ་བ་གསུམ་དང་དུར་ཁྲོད་སོལ། །སྣ་ཚོགས་གཡོན་གྱི་སྐོར་ཕྱོགས་སུ། །ཤིན་ཏུ་མཉམ་པར་གཞག་པ་ཡིས། །ཤར་ལ་
སོགས་པའི་ཕྱོགས་དང་ནི། །དབང་ལྡན་ཕྱོགས་ཀྱི་མཚམས་ནས་བརྩམ། །ཀ་ར་ཀ་ར་ལ་སོགས་པའི། །སྔགས་འདི་དག་ནས་བརྩམས་ནས་ནི། །རབ་གཏུམ་མོ་ལ་སོགས་པ་དང་། །བརྩོན་ཆེན་མཐའ་མར་རབ་ཏུ་གནས། །རང་མིང་བཅས་པར་བྲི་བྱ་སྟེ། །ཧུཾ་ཧཱུཾ་ཕཊ་དང་སྦྱར་
བར་བྱ། །ཨོཾ་ནི་ཐམས་ཅད་གསལ་བྱེད་ཅིང་། །གྲུབ་སྦྱིན་འདོད་པ་ཐམས་ཅད་གསལ། །འཁོར་ལོ་གསུམ་གྱིས་ཡོངས་བསྐོར་བའི། །རྩིབས་མཆན་མུ་ཁྱུད་ཀླུ་བརྒྱད་པོ། །མཐའ་ཡས་ལ་སོགས་བྲི་བར་བྱ། །འདབ་བརྒྱད་ལྟེ་བའི་དབུས་སུ་ནི། །ཧཱུཾ་ནཱཾ་ཧཱུཾ་སརྦ་ནཱ་ག་བཪྵ་
པ་ཡ་ཤཱི་གྷྲཾ་ཕཊ། དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །རིན་ཆེན་དང་ལྡན་གདེངས་གསུམ་མཐོའི། །མཇུག་མ་ཕན་ཚུན་སྐྱེ་དཀྲིས་བསྐོར། །དེ་རྣམས་ཀྱི་ནི་གདེངས་ཀ་ལ། །ཧཱུཾ་ནཱཾ་ཧཱུཾ་ནི་རྣམ་དགོད་བྱ། །གྲོག་མོའི་མཁར་གྱི་ས་དང་ནི། །བ་ཡི་རྣམ་ལྔར་བཅས་པ་ཡིས། །མཐོ་གང་
ཙམ་པའི་ནོར་རྒྱས་ཀྱི། །གཟུགས་བརྙན་བྱས་ལ་དེ་ཡིས་ནི། །སྙིང་གར་འཁོར་ལོ་གཞུག་བྱ་སྟེ། །དགུག་སོགས་བྱས་ནས་ཡང་དག་མཆོད། །ཀ་ར་བཱི་རའི་ལྕུག་བཀབ་སྟེ། །བར་ཆད་མེད་པར་ཆུས་ཁྲུས་བྱ། །ལན་ཅིག་བཟླས་པའི་གུ་གུལ་གྱིས། །བདུག་པ་རྒྱུན་མི་
འཆད་པར་སྦྱར། །གལ་ཏེ་འབབ་པར་མ་གྱུར་ན། །དེ་ནི་ཉི་མ་བདུན་པ་ལ། །དུམ་བུ་དུམ་བུར་བྱས་ནས་སུ། །བུམ་པའི་ནང་དུ་གཞུག་བྱས་ལ། །ཆུ་བོ་ཆེན་པོར་བསྐུར་བར་བྱ། །དེ་ཡིས་ཀླུ་ཀུན་ཕམ་ནས་ནི། །འཇིགས་དང་བཅས་པས་བརྒྱལ་འགྱུར་ཏེ། །ཆུ་ཡི་ཚོགས་ནི་འབེབས་

པར་བྱེད། །ལག་པ་གཡོན་པ་ལ་འཁོར་ལོ་ཡིད་ཀྱིས་བསམས་ལ། མིང་དངོས་སུ་བྲིས་ནས་ལན་ཅིག་བཟླས་པས་ནི་དུས་སུ་སྦྲུལ་གྱིས་ཟིན་པ་སློང་བར་བྱེད་དོ། །ལག་པ་བསྟན་པ་ཙམ་གྱིས་ལྷ་ཐམས་ཅད་དང་གནོད་སྦྱིན་ཐམས་ཅད་དང་སྲིན་པོ་ལ་སོགས་
པའི་གདོན་གྱིས་གཟིར་བ་ལས་གྲོལ་བར་འགྱུར་རོ། །ཡང་ན། ཁམ་ཕོར་སོ་ནི་མ་བཏང་བར། །དུག་ལ་སོགས་པས་བྲིས་བྱས་པ། །དཀྱིལ་འཁོར་གསུམ་པོ་ཆུ་དག་གིས། །འདབ་བརྒྱད་པདྨས་མཚན་པ་ཡི། །དཀྱིལ་འཁོར་དམ་པ་བྲིས་བྱས་ལ། །ལྟེ་བར་ཡི་གེ་བཾ་བྲིས་
ནས། །ཧཱུཾ་གཉིས་ཀྱིས་ནི་གཟིར་བར་བྱ། །འདབ་བརྒྱད་ལ་ནི་དེ་བཞིན་དུ། །ཀླུ་བརྒྱད་སྙིང་པོ་གཟིར་བ་བྲི། །དེ་ནས་སྔགས་འདི་གདབ་པར་བགྱི། །མཚོ་སྐྱེས་ཀུན་དུ་བསྐུར་བར་བྱ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལཾ། ཧ་ན་ཧ་ན་པ་ཙ་པ་ཙ་བི་དྷྭནྶ་ཡ། ཨུ་ཙྪ་ཊ་ཡ། སརྦ་ཎི་མཱ་ར་ཡ་
ཧཱུཾ་ཕཊ། དེ་ནས་དགུག་པ་ལ་སོགས་པ་བྱས་ནས་ཡང་དག་པར་མཆོད་དེ། ཁ་སྦྱར་ལ་ཀླུའི་སར་གཞུག་སྟེ། གུ་གུལ་དང་སརྫ་ར་དང་སྒོག་སྐྱ་བསྲེས་པའི་བདུག་པས་བདུག་ཅིང་སྔགས་བཟླས་ན་ཆར་འབབ་པོ། །ཟློག་པར་བྱེད་དོ་ཞེས་བྱ་བ་ནི་བཀའ་ཡི་འཁོར་ལོ་རབ་སྦྱོར་
བས་སོ། །ཡང་ན་རྡོ་རྗེ་འཛིན་པའི་སྤྱི་བོར་ཕུལ་བའི་མེ་ཏོག་བླངས་ལ་རྩ་བའི་སྔགས་ལན་བདུན་བཏབ་སྟེ་སྲིན་ལག་ལ་བདུགས་ན་འདིས་ནམ་མཁའ་ལ་ཆར་བཟློག་པར་འགྱུར་རོ། །རྒྱ་མཚོ་སྐེམས་པར་བྱེད་དོ་ཞེས་བྱ་བ་ནི། ཇི་ལྟར་གསུངས་པའི་ཆོ་ག་དང་། སྒོམ་པ་རྒྱ་
མཚོར་བུང་བའི་སྔགས་པས་ཤིན་ཏུ་ཁྲོས་པའི་གཟི་བརྗིད་ཆེན་པོས་སྐམས་པར་འདིར་གདོན་མི་ཟའོ། །ཁ་དང་ཁ་ལ་ཡོངས་སུ་བཟླས་ནས་བསྣུན་ན་ཆུ་བོ་རྒྱུན་ལས་བཟློག་གོ། །ཐོག་ཟློག་པར་བྱེད་དོ་ཞེས་བྱ་བ་ནི་སྡིགས་མཛུབ་ཙམ་གྱིས་སོ། །བཟླས་བརྗོད་འབུམ་བྱས་པས་
ས་གཡོ་བར་བྱེད་ཅེས་བྱ་བ་ནི། གཡས་བརྐྱང་སྦྱོར་བས་གར་མཛད་བཞིན་པའི་དགའ་བ་དང་བཅས་སྤྲོ་བ་དང་བཅས་པས་མཁའ་འགྲོ་མའི་འཁོར་ལོ་རབ་ཏུ་མགུ་བར་བྱེད་དོ། །ཤིང་ལ་འཛེགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་སྒྲུབ་པ་པོ་གྲུབ་པར་འགྱུར་བ་དེའི་ཚེ་ཐམས་ཅད་

བྱེད་དོ་ཞེས་བྱ་བའོ། །གཟུགས་བརྒྱ་སྟོང་དུ་མ་ཞེས་བྱ་བ་ལ་སོགས་པ་ནི། ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་གནས་པས་འཇིག་རྟེན་འདིར་གང་གྲུབ་པའི་སངས་རྒྱས་དེ་ལ་ལྟ་ཅི་སྨོས་སོ། །སྙིང་རྗེ་ཆེན་པོའི་འཇུག་པའི་སྨོན་ལམ་གྲུབ་པ་རྣམས་ནི་དུས་རྟག་ཏུ་སེམས་ཅན་ཇི་ལྟར་འདུལ་
བའི་དབང་གིས་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ། །གཞན་ཡང་བརྩོན་འགྲུས་དམན་གྱུར་པ། །གང་ཚེ་སྒྲུབ་པོ་དངོས་གྲུབ་འདོད། །དེ་ཚེ་སྔགས་དང་རྒྱུད་ཀྱིས་འགྲུབ། །སྔགས་ནི་ཡིད་སྐྱོབ་ཅེས་གྲགས་པ། །རྒྱུད་སྨན་བཟང་པོ་ཐབས་ཆེན་ཐོབ། །སུ་ལ་དངོས་གྲུབ་
གྲུབ་མི་འགྱུར། །མ་ལུས་གཟུགས་སུ་སྒྱུར་བར་བྱེད། །རང་བཞིན་བསོད་ནམས་དམན་པས་ཀྱང་། །ཚོགས་པ་རྣམས་ནི་རྙེད་འགྱུར་ན། །རྣམ་པ་སྣ་ཚོགས་ལ་སོགས་པའི། །སེམས་ཅན་རྣམས་ནི་ཆགས་བྱའི་ཕྱིར། །བྱ་བ་རྣམས་ནི་སྐྱེད་པར་བྱེད། །དང་པོ་ལྷའི་བདག་ཉིད་དུ་
གྱུར་པར་བྱས་ལ། ཕྱི་ནས་ས་བོན་གྱི་དངོས་པོ་གྲུབ་སྟེ། ཇི་ལྟ་བུའི་ས་བོན་ལ་སོགས་པ་ཡིན་ཞེ་ན་ཤིང་གི་ཚོགས་ཀྱིས་ཏེ། ཨེ་རཎྜ་དང་སྨྱོ་བྱེད་ལ་སོགས་པ་བཤད་པ་དང་དེ་བཞིན་དུ་ས་བོན་རྣམས་སོ། །དེ་དག་ལ་སོགས་པ་ཡོངས་སུ་སྨིན་པ་རྣམས་ཆོ་ག་བཞིན་དུ་སྒྲུབ་པར་
བྱེད་དེ། དཀར་པོ་མ་ཡིན་པའི་འབྱུང་པོའི་ཉི་མ་ལ་རིགས་ངན་གྱི་མེ་ཏོག་གིས་བསྒོ་ཞིང་བདུད་རྩི་ལྔས་ཀྱང་མཉེས་ལ་ཉིན་མཚན་དེ་ལ་སྐམས་ཏེ། ཁྱི་ནག་པོའི་ཐོད་པར་དུར་ཁྲོད་ཀྱི་སས་བཀང་ལ། མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་ཇི་ལྟར་བསྟན་པའི་མ་མོའི་གནས་སུ་བསྐྱེད་ནས་
སྒྲུབ་པ་པོའི་ས་བོན་བླངས་ལ། སྔགས་པས་ཧེ་རུ་ཀ་དང་བླ་མ་མགོན་པོ་ཁྱད་པར་དུ་མཆོད་པ་བྱས་ལ་དུར་ཁྲོད་དུ་གཏོར་མས་མཆོད་དེ། མངོན་པར་བསྔགས་ལ་གང་གི་གཟུགས་སུ་བསམས་ནས་མགྲིན་པར་བཅིངས་ནས་དེའི་གཟུགས་སུ་བསྒྱུར་ཏེ་བཀྲོལ་ན་སླར་ཡང་རང་གི་གཟུགས་
སུ་འགྱུར་རོ། །ཡང་གསེར་ཤིང་གི་ས་བོན་བླངས་ལ་ཟླ་བ་མར་ངོ་ལ་སྦྲུལ་ནག་པོའི་ཞག་གིས་བྱུགས་ལ། མར་ངོའི་ཚེས་བརྒྱད་དང་། བཅུ་བཞི་ལ་ཁྭ་ནག་པོའི་ཐོད་པར་ཇི་སྐད་བསྟན་པའི་གནས་སུ་མཉམ་པར་གཞག་པས་བསྐྱེད་དེ། སྨིན་མའི་ས་བོན་བླངས་ནས་ཆོ་ག་བཞིན་བྱ་

སྟེ། གང་ཡིན་པའི་གཟུགས་སུ་བསམས་ནས་མགྲིན་པ་བཅིངས་ན་དེའི་མོད་ལ་སྦེད་པར་འགྱུར་རོ། །དང་པོར་རེ་ཞིག་ཆོ་ག་ཤེས་པས་བྲམ་ཟེ་མཆོག་གི་རིགས་ལས་བྱུང་བའི་གསལ་ཤིང་ངམ་མཚོན་གྱིས་བརྒྱབ་པ་ཡང་རུང་སྟེ་དེའི་ཐོད་པ་བླངས་ལ། གྲོག་མཁར་
གྱི་སས་བཀང་སྟེ་དགོངས་མོའི་དུས་སུ་དུར་ཁྲོད་དམ་ལམ་གྱི་བཞི་མདོ་དང་སུམ་མདོ་དང་ཆུ་བོའི་འགྲམ་རྣམས་སུ་ས་བོན་བཅུག་ལ་ཆུས་གཏོར་བ་དང་གཏོར་མ་སྦྱིན་པ་དང་ཉི་མ་རེ་རེ་བསྲུང་བར་བྱ་སྟེ། དཔལ་ཧེ་རུ་ཀའི་གཟུགས་ཕྱག་རྒྱ་དང་རྒྱན་ཀུན་གྱིས་བརྒྱན་པ། ཁ་ཊྭཱཾ་ག་དང་ཐོད་པ་
ལག་པ་གཡོན་པས་འཛིན་ཅིང་། ལག་པ་གཡས་པས་རྔེའུ་ཆུང་འཛིན་པའི་སྤྱོད་པའི་གཟུགས་ཀྱི་བརྟུལ་ཞུགས་ཀྱིས་བསྲུང་བར་བསམས་ན་ཤ་ཟ་ལ་སོགས་པ་རྣམས་ཀྱིས་ཚུགས་པར་མི་འགྱུར་ལ་གཞན་དུ་ན་མངོན་པར་འགྱུར་རོ། །སྨན་བཟང་པོ་རྫོགས་པར་བྱ་བ་ལ་ནི་ཚེས་དང་
སྐར་མ་དང་གཟའ་བཟང་པོ་ལ་གཟུགས་པ་དང་བླང་བར་བྱ་སྟེ། གང་དང་འདྲ་བའི་གཟུགས་སུ་བྱེད་པར་འདོད་པའི་སྔགས་པ་མཉམ་པར་གཞག་པར་བྱེད་དེ། གང་དང་གང་གི་ཁྲག་གིས་འབྲས་བུ་རྣམས་ལ་མང་དུ་གཏོར་ཞིང་དེའི་ཤ་ལ་སོགས་པས་བྱུགས་ལ་དེའི་ཞག་གིས་
ཀྱང་མཉེ་བར་བྱ་སྟེ། དེའི་ཐོད་པ་ཇི་ལྟར་བསྟན་པ་དེ་བཞིན་བསྐྱེད་ཅིང་། དེའི་ཞག་དང་ཆུ་དང་ཤ་དང་ཁྲག་གིས་གཏོར་མ་དང་བདུག་པ་དང་བྱུག་པ་ལ་སོགས་པ་ནན་ཏན་དུ་ཡང་དང་ཡང་དུ་བྱས་ལ། སྨིན་པའི་དུས་བླང་བར་བྱ་སྟེ། གཅེར་བུ་སྤྱི་གཙུག་གྲོལ་བས་བུ་མོའི་ལག་
པ་གཡོན་པར་ཐོད་པ་བཞག་ཅིང་། ཅི་ནས་ཀྱང་འབྲས་བུ་ས་ལ་མ་ལྷུང་བར་གཟུང་ངོ་། །གྲུབ་པའི་ས་བོན་དེ་བསྒྲིམས་ཏེ་བླངས་ལ་ཆ་གསུམ་དུ་བྱས་ལ་གཅིག་ནི་བླ་མ་རྡོ་རྗེ་འཆང་ལ་དབུལ་ལོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་
རྣམས་ལ་དབུལ་ལོ། །གསུམ་པ་ནི་བདག་ཉིད་ཀྱིས་བཟུང་ལ། ཁྭའི་གདོང་པ་ལ་སོགས་པའི་རྣལ་འབྱོར་འབྱུང་པོའི་མ་མོའི་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ་ཁར་བཅུག་ན་རྣལ་འབྱོར་པ་སྣ་ཚོགས་ཀྱི་རྣམ་པ་དང་མཚུངས་པར་སྣང་སྟེ། ཆོ་ག་ཇི་ལྟ་བ་བཞིན་དུ་ངེས་པར་

དེ་འདྲ་བའི་གཟུགས་སུ་མཐོང་བར་འགྱུར་རོ། །སྦྱོར་བའི་ནུས་པ་སྐྱེས་བུ་ཐམས་ཅད་དུ་མི་སྣང་བར་འགྲུབ་པར་འགྱུར་ཏེ། ས་བོན་གྱི་དམ་ཚིག་འགྲུབ་པའི་ཆ་ཙམ་ཡང་འུག་པ་ལ་སོགས་པ་རྣམས་ཀྱིས་མི་མཐོང་ན་ས་ལ་སྐྱེས་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བློ་དང་ལྡན་
པས་ཇི་སྲིད་འདོད་པའི་བར་དུ་མཉམ་པར་གཞག་ན་ལྷའི་བུ་མོ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་འགྱུར་རོ། །འདོད་ན་ཁ་ནས་བཏོན་ན་མཐོང་ཞིང་མི་འདོད་ན་མི་མཐོང་བར་འགྱུར་ཏེ། མི་སྣང་བའི་དབང་ཕྱུག་ཏུ་འདོད་པར་འགྱུར་རོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་ཕྱེ་མར་བྱེད་
དོ་ཞེས་བྱ་བ་ནི། །སྔགས་ཀྱི་རྒྱལ་པོས་མེ་འབར་བའི། སྟ་གྲི་བཞིན་དུ་གཏུབ་པར་བྱའོ། །ལག་པ་གཡོན་པ་ཟླ་བའི་འོད་ལྟར་དྲི་མ་མེད་པའི་འཁོར་ལོ་འདི་བཀོད་ན་གནས་པ་དང་རྒྱུ་བ་དང་ཡན་ལག་ལས་སྐྱེས་པ་དང་སྦྱར་བ་ལས་བྱུང་བའི་དུག་རྣམས་ལག་པའི་མཐིལ་བསྟན་པ་ཙམ་གྱིས་
བདུད་རྩིར་བྱེད་ཅིང་ཟླ་བའི་འོད་ལྟར་དྲི་མ་མེད་པའི་འོད་ཟེར་འབར་བས་དུག་སྣ་ཚོགས་ཀྱིས་བརྒྱལ་བ་ཡང་སློང་བར་བྱེད་དོ། །བདུད་རྩི་བཅུད་ཀྱིས་ལེན་གསུངས་ཏེ། བདུད་རྩི་ཟ་བ་ལ་སོགས་པའོ། །དུག་ཏུ་བྱེད་དོ་ཞེས་བྱ་བ་ནི་འབད་པ་མེད་པར་གང་དུ་སྔགས་ནག་པོར་བྱས་པ་ཉིད་ཀྱིས་
སོ། །ཡང་ན་ཀུ་བ་ཁན་དེའི་ས་བོན་བླངས་ལ་སྦྲུལ་ནག་པོའི་ཞག་གིས་བྱུགས་ཏེ། ཟླ་བ་མར་ངོའི་གཟའ་མ་རུངས་པ་ལ་དགོངས་ཀའི་དུས་སུ་སྦྲུལ་ནག་པོའི་ཐོད་པར་བཞི་མདོའི་སས་བཀང་ལ་བཙུགས་ནས་སྐྱེས་བུའི་ཁུ་བའི་ཐིག་ལེ་བྱས་ནས་གང་ལ་བལྟས་པའི་བཟའ་བ་དང་བཅའ་བ་
དང་བཏུང་བ་ལ་སོགས་པ་རྣམས་ཁ་ཞིང་སྔགས་དང་བཅས་པ་ནི་དུག་ཏུ་འགྱུར་ལ་འདོད་ན་རྣལ་མར་འགྱུར་རོ། །ཟླ་བ་ཞེས་བྱ་བ་ཆང་ངོ་། །འོ་མ་ཞེས་བྱ་བ་འོ་མའི་བཏུང་བའོ། །ཟླ་བའི་འོད་ལྟར་དྲི་མ་མེད་པའི་བསམ་གཏན་ཙམ་གྱིས་སོ། །ཡང་ན་ཤིང་ཨརྐ་དཀར་པོ་དང་མེ་སྦར་
ལ་པདྨའི་སྣལ་མ་ཕྲ་མོ་ཕྱེ་མར་བྱས་ཏེ། འོ་མ་དང་ལན་མང་དུ་བཏགས་ཏེ་སྔགས་ཀྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་དབུལ་ནས་དེའི་ཐལ་བ་བླངས་ལ་ཙིང་ཀའི་ཁུ་བས་སྦྲུས་ཏེ། གྲིབ་མ་ལ་ལན་བདུན་གྱི་བར་དུ་བསྐམ་པར་བྱའོ། །དེ་ནས་མཆོད་པའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱི་

སོར་མོའི་ནང་བཀང་ལ་ཆང་གི་སྣོད་ཀྱི་ནང་དུ་ཐལ་བ་བླུགས་ལ་འོ་མ་དང་ཀུན་ད་དང་། ཟླ་བ་ལྟར་དྲི་མ་མེད་པར་འགྱུར་རོ། །རྟོག་པས་རྨོངས་པའི་སེམས་ཅན་རྣམས་ལ་ལས་འདི་སྤྱད་པར་བྱའོ། །ཇི་ལྟར་ཀུ་སུ་མའི་མེ་ཏོག་བསྐམས་པའི་ཕྱེ་མ་ལ་ཛམ་བི་རི་འབྲས་བུའི་ཁུ་བས་
ལན་མང་དུ་སྦྲུས་ལ་བའི་གཅིན་གྱིས་སྦངས་ནས་པདྨའི་སྣོད་དུ་བླུགས་པས་ནི་འོ་མ་དང་ཆང་དང་འདྲ་བར་བྱེད་དོ། །ཚེར་མ་དང་བཅས་པའི་ཀ་རཉྫའི་འབྲས་བུའི་ཕྱེ་མ་དང་ནཱ་རིའི་པགས་པ་དང་བཅས་པས། ལྟག་པ་ལ་སོགས་པ་ལ་བྱུགས་ན་དྲི་འཕྲོག་པར་བྱེད་དོ། །དེ་ལྟར་
མེ་ཏོག་དང་ཤིང་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱི་དྲི་འཕྲོའོ། །མེ་ཏོག་སྣ་ཚོགས་པ་ལ་ཕན་ཚུན་དུ་བདུག་པ་ལ་སོགས་པས་བདུགས་པའམ་བསྲེགས་ན། གང་དུ་འདོད་པ་དྲི་བྲོ་བར་བྱེད་དོ། །ནམ་མཁའ་ལྡིང་གི་གདོན་གྱིས་འགྲོ་བ་འབྱིན་པར་བྱེད་ཅིང་
ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་དེ་ཉིད་ཀླུ་རྣམས་སྤངས་ཤིང་ཟླ་བས་ཉེ་བར་བརྒྱན་པ་ལ་ལྷའི་བུ་མོ་དང་སྐྱེས་པ་གཉིས་ཀྱི་མིང་དང་སྤེལ་ལ་སྐར་མ་རྒྱལ་གྱི་དུས་སུ་གོ་རོ་ཙ་ནས་བྲིས་ལ་མཆོད་པ་ཆེན་པོ་བྱས་ཏེ་བཟུང་ལ་བདག་ཉིད་དཔལ་ཧེ་རུ་ཀའི་བདག་ཉིད་དུ་སྦྱོར་ཞིང་།
རང་གི་རིག་མ་ནི་རྡོ་རྗེ་ཕག་མོས་ཡོངས་སུ་བརྟགས་པ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་གནས་ནས་མཚན་ཐོག་ཐག་རིག་པའི་རྒྱལ་པོ་བཟླས་པ་བྱས་ན་རང་ཉིད་འོངས་ཏེ་འདུས་པ་ནི་བུད་མེད་དང་འདུས་པ་ཞེས་བྱའོ། །རིག་མ་ལས་རྡུལ་རང་བྱུང་སྟེ་བུད་མེད་རྣམས་
ཀྱང་འདུས་པར་འགྱུར་རོ། །ནམ་མཁའ་ལྡིང་གི་གདོང་གིས་འགྲོ་བ་ཞེས་བྱ་བ་ནི། གོ་བཟློག་འདུག་སྟངས་ཀྱིས་ཤིན་ཏུ་རྒྱས་པའི་པདྨའི་ནང་དུ་ཆུད་པའི་ཁྲག་དང་བཅས་པའི་རྩ་ཁ་བྱེ་བ་ལས་འབྱིན་པར་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་རིགས་སུ་
འགྱུར་བས་མི་མཆོག་སྟེ་དཔལ་དང་ལྡན་ཞིང་མཚན་དྲི་མ་མེད་པར་འགྱུར་རོ། །དེའི་ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་འཕྲོགས་མི་ནུས་ཏེ། འབྱུང་པོ་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བས་འཁོར་ལོས་སྒྱུར་བ་དང་མཉམ་པར་དཔལ་དང་ལྡན་ཞིང་ཚེ་དང་ནད་མེད་པར་ཕུན་

སུམ་ཚོགས་པས་མཚན་པའོ། །དྲན་པ་ཙམ་གྱིས་གསོད་པར་བྱེད་དོ་ཞེས་བྱ་བ་ལ་འཁོར་ལོ་དེ་ཉིད་ཉི་མའི་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་དུག་དང་ལན་ཚྭ་དང་སྐེ་ཚེས་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བས་གཟུགས་བརྙན་བྱས་ལ་སྙིང་གར་བཅུག་ལ་བསྒྲུབ་བྱ་དྲན་བཞིན་དུ་བཀུག་སྟེ་བཅུག་
ལ་དུར་ཁྲོད་དུ་སྦས་ནས་མིའི་རུས་པའི་ཕུར་བུས་སྙིང་གར་བཏབ་ནས་ཆུ་ཚན་བླུགས་ལ་ཁྲོ་བས་སྔགས་བཟླས་ན་ཉི་མ་བདུན་གྱིས་འཆི་བར་འགྱུར་རོ། །གཏུམ་མོ་སྦར་བ་འབར་བའི་ཕྲེང་བའི་ཏིང་ངེ་འཛིན་ལ་གནས་ནས་ལྷོ་ཕྱོགས་ཀྱི་རླུང་གིས་བརྡབས་ཤིང་བུས་ན་གང་ཡིན་པ་དེར་མེ་སྐྱེད་པར་
བྱེད་དོ་ཞེས་པའོ། །རྩེ་གཅིག་པའི་རྡོ་རྗེ་གསོར་ཞིང་སྔགས་བཟླས་པས་ནི་ས་འོག་པ་རྣམས་འཇོམས་པར་བྱེད་དོ། །ལག་པའི་མཐིལ་དུ་མངོན་པར་བསྔགས་ནས་རླུང་གི་རྗེས་སུ་བསྣུན་ན་གང་དུ་འདོད་པ་དེར་སེར་བ་འབེབས་པར་འགྱུར་རོ། །དྲན་པ་ཙམ་གྱིས་གློག་སྐྱེད་པར་བྱེད་དོ་ཞེས་བྱ་
བ་ལ་སོགས་པ་ནི་གོ་སླའོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་རོ་བསྲེགས་པའི་མེ་ལ་ཤིང་ཨརྐ་བསྲེགས་ལ་ད་དུ་རའི་ཁུ་བས་མེ་བསད་ནས་སོལ་བ་དེས་དུག་དང་ལན་ཚྭར་བཅས་པས་དུར་ཁྲོད་རས་ལ་ཉི་མའི་དབུས་སུ་ཆུད་པའི་
འཁོར་ལོ་བྲིས་ནས་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་མིང་དང་སྤེལ་བ་བཅུག་ལ་དགུག་པ་ལ་སོགས་པ་བྱས་ལ་གུ་གུལ་ཆེན་པོས་བདུགས་ནས་གང་གི་མིང་ནས་བཟུང་སྟེ། སྔགས་ཀྱིས་ལན་ཅིག་བཟླས་ཏེ་བསྣུན་ན་དེའི་མོད་ལ་ལྟུང་བར་འགྱུར་རོ། །
འཁོར་ལོ་དེ་ཉིད་ས་ཀྭ་ཏ་ཀའི་སྨྱུ་གུས་ཤ་ཟའི་སྙིང་གར་ཆོ་ག་བཞིན་དུ་བྲིས་ལ་ཇི་སྐད་གསུངས་པའི་ཐལ་བསྔགས་དང་བཅས་པས་གང་གི་མིང་ནས་སྨོས་ཏེ་བསྣུན་ན་དེ་ཤ་ཟས་གཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ལ་གོང་དུ་བསྟན་པའི་སོལ་བས་འབྱུང་པོའི་ཉིན་ཞག་
གི་མཚན་མོ་ལ་སྤང་ལེབ་བམ་རྩིག་པའི་ངོས་སམ་དབེན་པའི་གནས་གང་ཡང་རུང་བར་གཟའ་རྣམས་ཀྱི་ཕྱག་མཚན་གྱི་དབུས་སུ་འཁོར་ལོ་ལ་བསྒྲུབ་བྱའི་མིང་དུ་སྤེལ་བ་བྲེས་ནས་གུ་གུལ་ཆེན་པོས་བདུགས་ན་དེ་གཟས་བཟུང་བར་འགྱུར་རོ། །སླར་གསོ་བ་ལ་ནི་དེ་དག་ཐམས་ཅད་

ལ་ཡང་ནན་ཏན་དུ་འོ་མས་བཀྲུ་ཞིང་ཞི་བའི་ཡིད་ཀྱིས་བཟླས་པར་བྱའོ། །ཨ་ཏི་མུཀྟའི་ལྕུག་མ་ཞེས་བྱ་བ་ལ་སོགས་པ་ལ་ཙནྡན་དམར་པོའི་རྡུལ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་དུར་ཁྲོད་ཀྱི་རས་ལ་རོའི་སེན་རྩི་དང་རོ་ཙ་ན་ལས་སྔོན་དུ་གསུངས་པའི་འཁོར་
ལོ་ཟླ་བའི་དཀྱིལ་འཁོར་ལ་བྲིས་ཏེ་སྙིང་གར་བཅུག་ལ་དྲིའི་ཆུས་ཁྲུས་བྱས་ནས་དགུག་པ་ལ་སོགས་པ་བྱ་ཞིང་། ཨ་ཏི་མུཀྟའི་ལྕུག་མ་ལ། བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་ལན་བདུན་བཟླས་ནས་གང་ལ་བསྣུན་ན་དགའ་བ་ཆེན་པོའི་མདོག་དམར་ཞིང་གཅེར་བུ་སྐྲ་གྲོལ་བ་
མྱོས་ཤིང་བྱང་ཆུབ་ཀྱི་སེམས་རྒྱུན་དུ་འབབ་པ་རྔ་མོ་ལ་ཞོན་པ་དབུགས་ཀྱི་ཞགས་པས་བཀུག་སྟེ། རྐང་པ་དག་གི་མདུན་དུ་འགྱིལ་བར་བསམ་མོ། །ཉི་མ་བདུན་ཡོངས་སུ་རྫོགས་པས་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །མི་རོའི་ཐོད་ཚལ་ལ་ལྡོང་རོས་དང་། ཡུང་བས་གང་
གི་མིང་དང་སྤེལ་བའི་འཁོར་ལོ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྲིས་ནས་དུར་ཁྲོད་དམ་ལམ་གྱི་བཞི་མདོར་ཁྲུ་གང་ཙམ་དུ་བརྐོས་ཏེ། ཁ་སྦུབ་ཏུ་སྦས་ལ་གསེག་མ་ལ་ལན་བདུན་བཟླས་ནས་བསྣུན་ཏེ། དེ་ཇི་སྲིད་འཚོའི་བར་དུ་བཅིངས་པར་འགྱུར་རོ། །གང་གི་ཚེ་བགྲོད་འདོད་
པ་དེའི་ཚེ་ཡང་ཚུབ་མས་ཁྱེར་བའི་ཤིང་ལོ་ལ་མཆི་མ་དང་ཁྭའི་ཁྲག་དང་བྱ་རོག་གི་སྒྲོའི་རྩ་བ་ལ་སྨྱུ་གུས་མིང་དང་བཅས་པར་བྲིས་ནས་གྱེན་དུ་ལྡང་བའི་རླུང་ལ་བསྐུར་ན་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ་ཞེས་སོ། །རེངས་པ་གསོ་བ་ལ་ནི་ཕྱུང་ནས་བཀྲུ་བར་བྱའོ། །ར་ནག་པོའི་ཡན་
ལག་ལྔ་དང་ཏིལ་མར་ཆེན་པོ་དང་གུ་གུལ་ཆེན་པོ་རྣམས་ཆ་བསྙམས་ལ་ཆང་གིས་སྦྲུས་ཏེ་མཆོད་པའི་དུས་སུ་ལན་ཅིག་བཟླས་ཏེ་བདུག་པར་སྦྱར་ན་དེ་བསྣམས་པ་ཙམ་གྱི་མོད་ལ་འབེབས་པར་འགྱུར་རོ། །ཡང་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཤོ་ཀའི་སྨྱུ་གུས་ཀླུ་རྣམས་སྤངས་པའི་
འཁོར་ལོ་དེ་ཉིད་ལ་བྲིས་ལ་ཡི་གེ་ཨེའི་དབུས་སུ་རཀྵ་ཞེས་བྱ་བའི་མིང་དང་སྤེལ་བར་བྱས་ནས་ཡང་དག་པར་མཆོད་ཅིང་དེ་ཁྱིམ་གྱི་ཕྱོགས་གཅིག་ཏུ་བཞག་ན་ལུས་སྲུལ་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །འཁོར་ལོ་དེ་ཉིད་དུ་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་

བྲིས་ནས་བུད་མེད་ཀྱི་རོ་བསྲེགས་པའི་ཐལ་པ་དང་ཙནྡན་དམར་པོའི་རྡུལ་དུ་བསྲེས་པས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་དགུག་པ་ལ་སོགས་པ་བྱས་ནས་སྙིང་གར་བཅུག་ནས་ཡང་དག་པར་མཆོད་དེ་ཀ་ར་བཱི་རའི་ལྕུག་མ་བསྒྲུབ་བྱའི་ལག་པའི་ཚད་ཙམ་བུད་མེད་རོ་བསྲེགས་པའི་
འབར་བའི་མེ་ལ་བསྐྱུར་ལ་ཇི་སྲིད་མ་ཚིག་པར་དེ་མྱུར་དུ་བླངས་ཏེ་རིག་པའི་རྒྱལ་པོ་ལན་ཅིག་བཟླས་ནས་གང་ཞིག་དྲན་བཞིན་བསྐོར་ན་དེ་འགུགས་པར་བྱེད། ལྟོར་བསྣུན་ན་མངལ་འཕོ་བར་འགྱུར་རོ། །གཞན་ཡང་རྐང་པ་བརྒྱད་པ་ཡི། །སྔགས་ཀྱི་ལས་མཆོག་བཤད་པར་བྱ། །
ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །དབུས་སུ་བདེ་ཆེན་འཁོར་ལོ་བྲི། །འདབ་བརྒྱད་པདྨ་གེ་སར་ལྡན། །རྡོ་རྗེ་པདྨ་འཁོར་ལོ་ཡི། །ཕྲེང་བས་གསུམ་བསྐོར་དབུས་སུ་ནི། །སྣ་ཚོགས་རྡོ་རྗེའི་ཕྲེང་བསྐོར་
ནས། །འོད་ཟེར་ཚོགས་ནི་སྤོ་བྱ་སྟེ། །འོན་ཀྱང་དཀར་དམར་སྔོ་རྣམ་པ། །ལས་ཀྱི་འོད་ཟེར་གྱིས་བརྒྱན་པ། །དབུས་སུ་དཔའ་བོའི་སྙིང་པོ་དང་། །ཇི་ལྟར་བསྟན་ཞིང་བསྒྲུབ་བྱའི་མིང་། །དེ་ལྟ་བུ་ཡི་ཆོ་གས་བྲི། །འདི་ནི་སྲུང་བ་ཆེན་པོ་སྟེ། །སྲུང་བ་ཀུན་གྱི་དམ་པ་ཡིན། །རིམས་
དང་ལྟོ་བ་ན་བ་དང་། །དུག་གི་ནད་དང་མཁའ་འགྲོ་ཉེ་བར་འཚེ་བ་དང་། གཟའི་གནོད་པ་དང་། བདུད་དང་། ལོག་འདྲེན་དང་། གང་དག་ལུས་སྲུལ་པོ་ལ་སོགས་པ་དག་གྲིབ་མ་ལ་ཡང་འདའ་བར་མི་ནུས་ན་དེའི་ལུས་ལ་ལྟ་ཅི་སྨོས། །ཟླ་གཟུགས་འདྲ་བའི་ཡི་གེ་བལྟ། །ཕྱོགས་བཅུར་
འབྱེར་བར་བྱེད་པ་ཡིན། །དཀར་པོ་ཡིས་ནི་ཞི་བར་འགྱུར། །ནག་པོས་སྐད་ཅིག་གསོད་པར་འགྱུར། །དམར་པོས་དབང་དུ་བྱེད་འགྱུར་ཏེ། །དེ་ཉིད་ཀྱིས་ནི་ངེས་པར་འགུགས། །སེར་པོ་ཡིས་ནི་རེངས་པ་དང་། །དཔུང་ཚོགས་བཞོན་པར་བཅས་པས་གནོན། །རྣལ་འབྱོར་མ་ཡི་
སྙིང་པོ་མཆོག །གསང་བ་ལས་ཀྱང་ཤིན་ཏུ་གསང་། །སྔགས་ཀྱི་དེ་ཉིད་རབ་སྦས་པ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ། །རྒྱུད་ནི་གང་གིས་མི་ཤེས་ཤིང་། །བླ་མ་ཆེ་ལ་གུས་མེད་པར། །སྔགས་ཀྱི་དངོས་གྲུབ་འབྲས་འདོད་དང་། །རྣལ་འབྱོར་པ་ནི་རྣལ་འབྱོར་འདོད། །གསང་སྔགས་

འདི་ནི་རྣམ་སྤངས་པས། །དེ་ནི་འབྲས་བུ་ཐོབ་མི་འགྱུར། །དཔེར་ན་ལ་ལ་འབྲས་འདོད་པས། །ཕུབ་མ་རྡུང་བར་བྱེད་དང་མཚུངས། །དེ་ནི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །དེ་ཕྱིར་མཆོག་འདོད་གང་ཡིན་པས། །འབད་དེ་རྡོ་རྗེ་སློབ་
དཔོན་གཟུང་། །གསང་སྔགས་འདི་ནི་འདོད་སྤྱོད་པའི། །བྱིན་གྱི་རླབས་ཀྱིས་འབྲས་བུ་སྟེར། །ཞེས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།དེ་ནས་སྐུ་གསུམ་བཤད་བྱ་སྟེ། །ཞེས་བྱ་
བ་ལ་སྐུ་གསུམ་གྱི་སྒྲས་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་སོ། །དེ་ལ་སྐུ་དང་གསུང་གི་གསང་བ་ཞེས་བྱ་བ་བསོད་ནམས་ཀྱི་རྒྱུ་མཐུན་པའི་མཚན་ཉིད་ནི། དེ་བཞིན་གཤེགས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་དེ། ཀུན་རྫོབ་དང་དོན་དམ་
པའི་མཚན་ཉིད་དོ། །གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བར་ཞུགས་ཤིང་ཁོངས་སུ་ཆུད་པས་ཆད་པ་མེད་པ་རྟག་པ་མེད་པ། ཡིད་ཀྱི་རྣམ་པར་ཤེས་པའི་ལམ་ནས་འཇུག་པའི་བསམ་གཏན་གོམས་ཤིང་བྱང་བས་མི་དམིགས་ཤིང་ཀུན་ནས་ཉོན་མོངས་པ་མེད་པ་རྣམ་པར་
བྱང་བ་མེད་པ་སྟོང་པ་མ་ཡིན་ཞིང་ལུས་ཀྱི་ཡུལ་མ་ཡིན་པ་དག་གི་སྤྱོད་ཡུལ་ལས་འདས་པ་ཡིད་ཀྱི་རང་བཞིན་གྱི་ཡུལ་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའི་ཁམས་དང་མཉམ་པར་འཇུག་པ་ཆོས་ཀྱི་སྐུའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་
དམ་པའི་སྒོ་ནས་སྐུ་གསུམ་པོ་བལྟ་བར་བྱའོ། །དེ་རྣམས་ཀྱི་སྒྲུབ་པ་བཤད་པར་བྱ་སྟེ། གང་ཞེ་ན། ཧེ་རུ་ཀ་དཔལ་གཉིས་མེད་སྦྱོར། །ཞེས་བྱ་བ་སྟེ་གཞལ་ཡས་ཁང་གི་དབུས་སུ་ཡི་གེ་བྷྲཱུཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་
བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་དབུས་སུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་ན་རྡོ་རྗེ་དང་རྔེའུ་ཆུང་། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་དང་དྲིལ་བུ་འཛིན་པ། ཕག་མོ་མདོག་དམར་མོ་ལ་འཁྱུད་པ་

གཡས་བརྐྱང་བའི་གནས་པས་གནས་པ་སྟེ། བསྲུབ་བྱ་སྲུབས་པའི་སྦྱོར་བས་འདོད་ཆགས་ཀྱི་མེ་འབར་བས་ཞུ་བར་གྱུར་པར་བལྟའོ། །དེའི་འོད་ཟེར་ལས་ངེས་པར་འབྱུང་བའི་རྣལ་འབྱོར་མ་རྣམས་ཀྱི་རྡོ་རྗེའི་གླུས་ཡང་དག་པར་བསྐུལ་བར་བསམས་ཏེ། ཨོཾ་ཧཱུཾ་ཨ་མ་ཧཱ་སུ་ཁ་ཨ་ལ་ལ་ལ་ཧོ།
མ་ཧཱ་སུ་ཁ་ར་ཙ་ཏསྟྭཾ། སུ་ར་ཏ་སུ་ཁ་བི་ཡོག་སུ་ར་ཏོ་ཨ་ཧོ་མ་ཧཱ་སུ་ཁཾ་སུ་ཁ་མ་ནུ་སིདྡྷི་ཧོ། སུ་ར་ཏ་ས་མ་ཡ་སཽ་ཁྱ་བ་ཡཾ། ཨོཾ་ཧཱུཾ་ཨ་ཧོ་ཨ་ཧོ་བྷ་ག་བཱན་མ་ཧཱ་སུ་ཁཾ། ཨུཏྟ་ར་སརྦོ་ཐ་མོ་སཽ་ཁྱ་མ་ཡ་ཧཱུཾ་ཨ་ལ་ལ་ལ་ཧོ། སྟཾ་བ་ར་མ་སུ་ཁ་མ་ལེན་དུ་པོ་བོ་ཏིཾ་མ་ཛ་ལ་སུ་ཁཾ་ཨ་ལ་ལ་ལ་ཧོ། བི་ཏི་
སྭ་བྱ་མ་ཡ། སྒྲ་བརྙན་དང་འདྲ་བའི་གླུས་བསྐུལ་མ་ཐག་ཏུ་དེའི་ངོ་བྱས་ནས་བཞེངས་ཏེ། རིག་རྣམས་ཀྱི་བདག་པོ་ཆོས་ཀྱི་སྐུའི་རང་བཞིན་གྱིས་འོད་གསལ་བ་དཔལ་ཐུགས་ཀྱི་མཁའ་འགྲོ་བདེ་བ་ཆེན་པོ་མདོག་སྔོ་ཞིང་གཟི་བརྗིད་ཆེན་པོ་ཉི་མ་བྱེ་བ་ལྟར་གསལ་ཞིང་། ཁྲོ་བོའི་ལྟ་
བ་དང་ལོ་བཅུ་དྲུག་ལོན་པའི་རྣམ་པ་ལྟ་བུ་མཚན་ཐམས་ཅད་ཡོངས་སུ་རྫོགས་པ་དཔེ་བྱད་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་ཞིང་། ཞལ་བཞི་པ་ཕྱག་བཅུ་གཉིས་པ། གཡས་བརྐྱང་བའི་གནས་པས་བཞུགས་ཤིང་། སྤྱན་གསུམ་པ་ཞལ་མཆེ་བ་རྣམ་པར་གཙིགས་པ་སྟེ།
ཞལ་གཡོན་པ་དང་གཡས་པ་དཀར་ཞིང་སེར་བ་ནུབ་ཕྱོགས་ཀྱི་ཞལ་དམར་པོའོ། །ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཡང་དག་པར་ལྡན་པ་གཞན་གྱིས་ཁྱབ་འཇུག་གི་མགོ་བོ་བཟུང་ནས་ཁྱབ་འཇུག་གི་པགས་པ་བསྣམས་པ་སྟེ། ཕྱག་ལྷག་མ་རྣམས་ཀྱིས་དགྲ་སྟ་དང་མདུང་རྩེ་
གསུམ་དང་ཟངས་གྲི་དང་ཅང་ཏེའུ་རྣམས་ནི་ཕྱག་གཡས་ནའོ། །གཡོན་པས་ནི་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་སྡིགས་མཛུབ་བོ། །ཐོད་པའི་ཕྲེང་བས་དཔའ་བོ་དབུ་བཅིངས་ཤིང་། སྤྱི་བོར་མཐོ་བ་ཟླ་བ་ཕྱེད་པས་རལ་པ་བཅིངས་ཏེ། སྣ་ཚོགས་རྡོ་རྗེས་མཚན་པ་བསྣམས་
པ་སྟག་གི་པགས་པ་མནབས་ཤིང་། རྒྱན་ཐམས་ཅད་ཀྱིས་ཀླུབས་པ་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ་སྟེ། དེ་ནི་ཞལ་གཅིག །ཕྱག་གཉིས་པ་སྤྱན་གསུམ་པ་གཅེར་བུ་མདོག་སྔོ་བ་སྟེ། དུམ་བུས་མཚན་པའི་སྐ་རགས་ཅན་རྒྱན་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཕྱག་

གཡོན་པས་འཁྱུད་ཅིང་ཐོད་པ་ཐོགས་པ་གཡས་པ་རྡོ་རྗེ་གདེངས་པ་དང་སྡིགས་མཛུབ་མཛད་པའོ། །འདབ་མ་རྣམས་ལ་ནི་མཁའ་འགྲོ་མ་ལ་སོགས་པའོ། །འཁོར་ལོ་རྩིབས་བརྒྱད་ལ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་དང་། ཁྭའི་གདོང་པ་ལ་སོགས་པ་ནས་གཤིན་
རྗེ་འཇོམས་མའི་མཐར་ཐུག་པ་འདི་ནི་རྣལ་འབྱོར་མ་ཉི་ཤུ་སྟེ་ཞལ་གཅིག་པ་ཕྱག་བཞི་པ་ལ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ནི་མཁའ་འགྲོ་མ་ལ་སོགས་པའོ། །མཚམས་རྣམས་སུ་ནི་དུམ་བུའི་ཐོད་པས་མཚན་པའོ། །ཡང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་
རྣམས་ནི་གཡོན་སྐོར་གྱིས་ཕྱོགས་ཀྱིས་སོ། །སྔོ་སྐྱ་དང་སེར་པོ་དང་ལྗང་གུ་དང་སེར་པོ་ནི་གཡས་སྐོར་གྱིས་མཚམས་ན་གནས་པའོ། །ཐོད་པའི་དུམ་བུ་ཅན་དང་རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་བོ་རྣམས་ནི་ཕྱག་བཞི་པའོ། །རྣལ་འབྱོར་མ་རྣམས་ནི་ཕྱག་གཉིས་པའོ། །རྡོ་རྗེ་དང་
དྲིལ་བུ་དང་ཁ་ཊྭཱཾ་ག་དང་ཅང་ཏེའུ་ནི་དཔའ་བོའི་འོ། །ལྷ་མོ་རྣམས་ཀྱིས་ནི་ཐོད་པ་དང་རྡོ་རྗེ་དང་སྡིགས་མཛུབ་པོ། །ཐུགས་ལ་སོགས་པ་བྱིན་གྱིས་རློབ་པའི་དུས་སུ་ནི་རྡོ་རྗེ་བཞི་པོ་འབའ་ཞིག་གིས་སོ། །སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་སྔ་མ་བཞིན་དུའོ། །
གསུང་རྡོ་རྗེ་ཡང་མདོག་དམར་ཞིང་དབང་ཕྱུག་ཆེན་པོའི་མགོ་བོ་བསྣམས་ནས་པདྨ་དང་དྲིལ་བུ་བསྣམས་པ་ནི་ཁྱད་པར་རོ། །དཀར་པོ་དང་དམར་པོ་དང་སྔོན་པོ་དང་ལྗང་གུ་ནི་གཡོན་སྐོར་གྱི་ཕྱོགས་ཀྱིའོ། །སེར་པོ་དང་དཀར་པོ་དང་ལྗང་གུ་དང་ནམ་མཁའ་ལྟར་སྔོ་བསངས་ནི་གཡས་
སྐོར་གྱི་མཚམས་ཀྱིའོ། །འཁོར་ལོའི་ཤུགས་མ་ལ་སོགས་པ་སྐུའི་རྡོ་རྗེ་མ་ཡང་སྔ་མ་བཞིན་ཏེ། འཁོར་ལོ་དང་དྲིལ་བུ་དང་ཚངས་པའི་མགོ་བོ་ཐོགས་པས་ཚངས་པའི་པགས་པ་བསྣམས་པ་ནི་ཁྱད་པར་རོ། །སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ་སྟེ། དེ་ཡང་དཀར་མོ་
ཐོད་པ་དང་འཁོར་ལོ་ཐོགས་ནས་སྡང་བ་རྣམས་ལ་སྡིགས་མཛུབ་བྱེད་པའོ། །སྔོན་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་ནི་གཡོན་སྐོར་གྱིས་ནི་མཁའ་འགྲོ་མ་ལ་སོགས་པའི་འོ། །ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ཟླ་བ་ལྟར་དཀར་བ་དང་དུད་ཀ་དང་སྐྱ་བོ་

དང་དཀར་པོ་ནི་ཕྱོགས་དང་མཚམས་ཀྱིའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཐུགས་ཀྱི་མཁའ་འགྲོའི་འོ། །ཨོཾ་ཧཾ་བྷ་ག་དྷ་ཀ་ཨཱ་རོ་ལི་ཀ་ཌཱ་ཀི་ནི་ཛཱ་ལ་སམྦ་ར་ཧཱུཾ་ཕཊ་སྭཱ་ཧཱ། པདྨ་མཁའ་འགྲོའི་སྙིང་པོའི་འོ། །ཨོཾ་ཨཱ་རོ་ལི་ཀ་ཛིཾ་ཧཱུཾ་ཕཊ། ཉེ་བའི་སྙིང་
པོའོ། །ཨོཾ་པདྨ་ཌཱ་ཀི་ནཱི་ཧྲཱིཿ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་པདྨ་ཌཱ་ཀི་ནཱི་ཡེ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཤྲཱི་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་རུ་ལུ་རུ་ལུ་བྷྲཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བྷྲཱུཾ་ཨཾ་བྷྲཱུཾ་ཧཱུཾ་ཕཊ། སངས་རྒྱས་མཁའ་འགྲོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་
ཡེ་བཻ་རོ་ཙ་ནཱི་ཡེ་བྷཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་བྷྲཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །རྣལ་འབྱོར་པ་དམན་པ་རྣམས་ཀྱི་རབ་ཏུ་སྦྱོར་བ་ཤེས་པར་བྱ་སྟེ། སྔགས་པས་ཡུངས་ཀར་གྱི་འབྲས་བུ་མང་པོ་ལ་འགེགས་པའི་རོའི་ཁྲག་དང་། ཞག་
གིས་ཡང་དང་ཡང་བྱུགས་ལ་ཚེས་བརྒྱད་ཀྱི་སྐར་མ་རྒྱལ་ལ་ཉི་མ་ཚ་བའི་དུས་སུ་གཞི་ལ་གཟུགས་པར་བྱ་སྟེ། གསང་བའི་ཞིང་ས་ཞག་དང་ཁྲག་གིས་བྲན་པ་དང་དེའི་ཐོད་པར་བཀུག་སྟེ། བསྐྱེད་ལ་སྨིན་པའི་ས་བོན་ཅི་རིགས་པ་བླངས་ཏེ། བློ་དང་ལྡན་པས་མར་ཁུའི་
རྒྱུ་མེ་ལ་མ་རེག་པར་བཙིར་ནས་མར་ཁུ་ས་ལ་མ་རེག་པར་བཞག་སྟེ་སྔགས་དང་རྣལ་འབྱོར་གྱིས་བསྲུང་ངོ་། །དེ་ནས་ཡང་འགེགས་པའི་ཚིལ་ལས་མར་ངོའི་ཉིན་ཞག་ཁྱད་པར་ཅན་ལ། མདུན་དུ་མཎྜལ་བྱས་ལ་སྔགས་པས་ཆོ་ག་བཞིན་དུ་མཆོད་ནས་དཔལ་ཧེ་རུ་ཀ་དང་
གཉིས་སུ་མེད་པ་ཡི་དགས་རྣམས་ལ་གཏོར་མ་ཤ་དང་ཁྲག་དང་ལྡན་པ་བྱིན་ལ་ཧེ་རུ་ཀའི་སྤྱོད་པས་རྣལ་འབྱོར་ཆེན་པོ་ངལ་སོ་ཞིང་སྔགས་བཟླས་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཡི་གེ་ཧཱུཾ་གི་སྙིང་པོ་འཇིགས་པའི་སྒྲ་བསྒྲགས་པར་བྱའོ། །དེ་ནས་རླུང་གིས་མེ་བསྐྱོད་
པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྐང་པ་ལ་ཧཱུཾ་བཀོད་པའི་རྒྱལ་མཚན་བསམས་ལ་སྔར་བསྟན་པའི་མར་ཁུས་བྱུག་པར་བྱའོ། །དེ་ནས་རྐང་མཐིལ་ནས་བརྩམས་ནས་མགོ་བོའི་བར་དུ་གུ་གུལ་ཆེན་པོའི་བདུག་པས་རྒྱུན་མི་འཆད་པར་བདུགས་ལ་མཎྜལ་གྱི་མེ་ཏོག་

གིས་རྣལ་འབྱོར་པ་ཐམས་ཅད་ཀྱི་བཀས་སྙིང་ག་དང་མགོར་བརྡེགས་ལ། ང་རྒྱལ་གྱིས་སྔགས་བཟླས་ཤིང་དྲིལ་བུ་སྒྲ་དྲག་ཏུ་དཀྲོལ་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བདག་གི་དཔྲལ་བར་བཞག་པ་བསྟན་པར་བྱའོ། །དེའི་ཚེ་རོའི་ལུས་ལ་བགེགས་སྣ་ཚོགས་འབྱུང་
སྟེ་བར་ཆོད་བྱེད་དོ། །དེ་ལ་སྔགས་ཆེན་པོ་གྲུབ་པའི་རྫས་ཀྱིས་བགེགས་བཟློག་པར་བྱ་བའི་ཕྱིར་འཇིགས་པར་མི་བྱ་ཞིང་དྲག་པོའི་གཟུགས་ཀྱིས་དཔའ་བོའི་དམ་ཚིག་ཅི་རིགས་པར་བསྟན་པར་བྱ་ཞིང་། བདུད་རྩི་ལྔ་དང་ཆང་དུ་ལྡན་པའི་ཐོད་པར་གཏོར་མ་བྱིན་ལ་བདག་ལ་རྣལ་
འབྱོར་མཁའ་ལ་སྤྱོད་པ་གྲུབ་པ་བྱིན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དེའི་ལུས་ལ་འཛགས་པའི་མར་ཁུ་བླངས་ལ་ཀུ་བ་ལ་སོགས་པ་གང་ཡང་རུང་བར་བླུགས་ནས་རྐང་མཐིལ་དུ་བྱུགས་ན་ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་བྱེད་པར་འགྱུར་རོ། །ཡང་སྦུར་ཏེར་གྱི་
ས་བོན་ལ་ཉ་སྐྱོགས་སུ་བྱི་དང་ཀའི་ཁུ་བ་དང་ཁྲག་གིས་ཡང་དང་ཡང་དུ་སྦགས་ལ་གང་ཡིན་པའི་ཐོད་པར་དུར་ཁྲོད་ཀྱི་སས་བཀང་བར་བཅུག་ནས་གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་བསྟན་པ་བཞིན་དུ་ཅི་རིགས་པར་བྱས་ལ་ཡོངས་སུ་སྨིན་པའི་ས་བོན་བླངས་ལ་ཁར་
བཅུག་ན་བྱར་འགྱུར་རོ། །དེ་ལ་སོགས་པའི་ས་བོན་ཁྲག་དང་ཞག་གིས་ཡང་དང་ཡང་དུ་སྦགས་ཤིང་ཤ་དང་རུས་ཕྱེའི་བདུག་པས་བདུགས་ལ་དེའི་ཐོད་པར་བསྐྱེད་དེ་དུས་སུ་སྨིན་པའི་འབྲས་བུ་བླངས་ལ་ཁར་བཅུག་ན་དེ་འདྲ་བའི་གཟུགས་སུ་མཐོང་ཞིང་ཚེ་དང་ནད་མེད་པ་
ཕུན་སུམ་ཚོགས་པར་བྱེད་ལ་དེ་ལྟར་ཁྭ་དང་ཅེ་སྤྱང་དང་ཁྲ་དང་རྨ་བྱ་དང་ཁྱིམ་བྱ་ལ་སོགས་པའི་གཟུགས་སུ་བྱེད་དོ། །ཁ་ནས་བཏོན་ན་ནི་སྔ་མ་བཞིན་ནོ། །ཟླ་བ་མར་ངོའི་སྐར་མ་རྒྱལ་དང་། གཟའ་ཉི་མ་ལ་ལི་ཏ་ལའི་ས་བོན་བླངས་ཏེ། ཡང་ཟླ་བ་མར་ངོའི་གཟའ་ཉི་མ་
ལ་གཅེར་བུས་མ་དུ་ལུང་གའི་ས་བོན་བླངས་ལ་གང་ཡང་རུང་བ་དེའི་ཡན་ལག་གི་མཆོག་ཏུ་བཅུག་ལ་ཤ་ལས་བསྐྱེད་པར་བྱའོ། །རུས་པའི་སྙིང་པོ་མར་ཁུ་དང་པགས་པ་དང་རུས་པར་བཅས་པས་རིག་མའི་ཕྱག་བརྒྱན་ཏེ། བདག་ཉིད་ཐལ་བས་བྱུགས་ནས་དེ་ལ་བླུགས་

པར་བྱས་ན་འབུ་སྲིན་ལ་སོགས་པའི་ཉེ་བར་འཚེ་བས་མི་ཚུགས་པར་འགྱུར་རོ། །འཁྲུལ་འཁོར་གྱི་ཆོ་ག་སྔགས་དང་ལྡན་པས་ཆུ་དྲོན་གྱིས་མཁས་པས་རྟག་ཏུ་བཀྲུ་བར་བྱའོ། །གཤིན་རྗེ་མཐར་བྱེད་དང་བགེགས་མཐར་བྱེད་སྔགས་ཀྱིས་མངོན་པར་བཟླས་པའི་བྱ་བ་དང་
བཅས་པས་ཤ་ཟ་ལ་གཏོར་མ་སྦྱིན་ནོ། །གཞན་དུ་བཏོན་ཏེ་ཁྱེར་བར་འགྱུར་རོ། །སངས་རྒྱས་སྤྱན་གྱི་སྔགས་ཀྱིས་ནི་གཟུགས་ལ་མཱ་མ་ཀཱིའི་སྙིང་པོས་བཀྲུ་བར་བྱའོ། །སྒྲོལ་མ་ཡིས་ནི་བསྐྱེད་ཅིང་། དེ་བཞིན་དུ་གོས་དཀར་མོས་ནི་བསྲུང་བར་བྱའོ། །དེ་ལྟར་ན་སྐྱོན་མེད་
ཅིང་བསྐྱེད་ན་གྲུབ་པའི་རྫས་སུ་གདོན་མི་ཟའོ། །དེ་བས་ནི་དེའི་ས་བོན་སྔར་བསྟན་པ་བཞིན་དུ་བླངས་ལ་ལྕགས་གསུམ་གྱིས་དཀྲི་བར་བྱའོ། །མ་ཤ་གསུམ་དང་ར་ཏི་ཕྱེད་དང་བརྒྱད་ནི་ཉི་མའི་ཚད་དོ། །མ་ཤ་བཞི་དང་ར་ཏི་ཕྱེད་དང་གསུམ་ནི་ཟླ་བའི་ཚད་དོ། །མ་ཤ་གསུམ་
དང་ར་ཏི་ཕྱེད་དང་ལྔ་ནི་སྲེག་བྱེད་ཀྱི་ཚད་དོ། །དེ་ལྟར་གོ་རིམས་བཞིན་དུ་ཉི་མ་དང་ཟླ་བ་སྲེག་བྱེད་རྣམས་ཀྱི་རིལ་བུ་དཀྲིས་ན་བློ་དང་ལྡན་པས་ཁར་བཅུག་ན་སྦེད་པར་བྱེད་དོ། །འཇིག་རྟེན་གསུམ་དང་ཟླ་བ་ཉི་མས་མི་མཐོང་ལ་ཁ་ནས་བཏོན་ན་ནི་སླར་མཐོང་བར་འགྱུར་རོ། །ཡང་ལྕགས་གསུམ་
གྱིས་མ་དཀྲིས་པར་ཁར་བཅུག་ན་ནི། དེ་མ་ཐག་ཏུ་མ་དུ་ལུང་གའི་གཟུགས་སུ་འགྱུར་ལ་བཏོན་ན་ནི་གྲོལ་བར་འགྱུར་རོ། །ཚིག་འཕྲོག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གྲུབ་པ་སྟེ་གཞན་དུ་ནི་མ་ཡིན་ནོ། །དེ་ནས་སྔགས་ཀྱི་འཁོར་ལོ་ནི། །ཆོ་ག་ལས་ཀྱི་མཆོག་ཡིན་
ཏེ། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། །སྔགས་པས་ལི་ཁྲིའི་མདོག་འདྲ་ཞིང་། །ཟླ་བའི་དཀྱིལ་འཁོར་བསམ་པར་བྱ། །དེ་ཡི་དབུས་དགོད་པདྨ་ནི། །བཅུ་དྲུག་འདབ་མས་བརྒྱན་པ་སྟེ། །དེ་དབུས་འདབ་བརྒྱད་གེ་སར་ལྡན། །བཅུ་དྲུག་འདབ་མའི་ཤར་ཕྱོགས་ལ། །
ཨོཾ་ཤཱི་ཧེ་ཧེ་རུ་རུ་ཀཾ་བཛྲ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར། དབུས་སུ་ར་དང་ཧཱུཾ་ཧཱུཾ་ཕཊ། །ཕྱོགས་རྣམས་སུ་ནི་གཡོན་སྐོར་རོ། །ཕྱོགས་མཚམས་སུ་ནི་ཐོད་པ་སྟེ། །ལྟེ་བར་སྭཱ་ཧཱ་དང་སྤེལ་བའི། །བསྒྲུབ་བྱའི་མིང་ནི་བྲི་བར་བྱ། །དབུས་ནི་སྣ་ཚོགས་རྡོ་རྗེ་ཕྲེང་། །ཕྱི་རོལ་རྡོ་རྗེའི་ཕྲེང་གིས་

བསྐོར། །འོད་དམར་འབར་བས་རྣམ་བརྒྱན་པར། །ཡི་དགས་སེན་རྩིའི་ཁུ་བ་དང་། །ཙནྡན་དམར་པོ་བསྲེས་པ་ཡིས། །ཡན་ལག་འོད་མེད་ཀྱིས་བརྒྱན་ཞིང་། །གཅེར་བུར་གྱུར་པས་རང་གིས་བྲི། །མ་མོའི་ཁྱིམ་མཉམ་ཡིད་འོང་བར། །ཤིན་ཏུ་འཇམ་པོའི་
སྟན་གནས་ཤིང་། །ལྷ་ཡི་རྣལ་འབྱོར་དམིགས་ནས་སུ། །སྐྱེ་གནས་ཕྱག་རྒྱ་དེ་ནས་བཅིང་། །བསྒྲུབ་བྱ་ལ་ནི་མངོན་ཕྱོགས་ཏེ། །སྔགས་བས་བརྒྱ་དང་རྩ་བརྒྱད་བཟླས། །ཙནྡན་དམར་པོའི་རྡུལ་ལས་ནི། །བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །དེ་ཡི་ལྟེ་བར་འཁོར་ལོ་གཞུག །
སྐྱེ་གནས་ནས་ནི་སྐུད་པ་དབྱུང་། །ཡང་ན་སྣ་ཡི་བུ་ག་ནས། །ཕྱག་རྒྱ་ལྡན་པས་མཐེ་ཆུང་བསྐྱོད། །སྐུད་པ་བཟུང་ནས་དུས་གསུམ་དུ། །ཡིད་ལ་གནས་པའི་འཁོར་ལོ་བསྐྱོད། །བྲམ་ཟེ་གསོད་ཀྱང་ཉིན་བདུན་གྱིས། །གྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཡང་ན་ཚ་བ་གསུམ་བྱུག་
ལ། །སྤྲ་ཚིལ་གྱིས་ཀྱང་རབ་ཏུ་བྱུག །ཟངས་མའི་ཁབ་ཀྱིས་སྐྱེ་གནས་དབུག །སེང་ལྡེང་འདབ་མ་དུ་མེད་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ཀྱང་། །བློ་དང་ལྡན་པས་ཉིན་བདུན་གྱིས། །བསྒྲུབ་བྱ་ངེས་པར་འགུགས་པར་འགྱུར། །དེ་ནས་མི་བདག་བུ་མོ་སོགས། །འཁོར་
དང་བཅས་པའི་མིང་བྲིས་ལ། །བསྒྲུབ་པར་བྱ་བའི་རྐང་རྗེས་ལ། །ཙནྡན་དམར་པོ་ཉིད་དང་ནི། །དུར་ཁྲོད་ཟས་ལྷག་ཐལ་བ་རྣམས། །སྔགས་པས་གཅིག་ཏུ་བྱས་ནས་ནི། །སེང་ལྡེང་མདག་མེ་དུ་མེད་ལ། །རྡུལ་གཉིས་ལག་གཉིས་ཀྱིས་མཉེས་ནས། །སྔགས་དང་ལྡན་པའི་
སྦྱིན་སྲེག་བྱ། །དེ་ཡི་ཐལ་བས་བསྒྲུབ་བྱ་ཡི། །གཟུགས་བྱས་འཁོར་ལོའི་སྙིང་གར་གཞུག །སྤྲ་ཚིལ་གྱིས་ནི་བྱུགས་ལ་བསྲོ། །ཅི་ནས་སྤྲ་ཚིལ་མ་ཞུ་བར། །ཉི་མ་བདུན་དུ་བསྒྲུབ་བྱས་ན། །ལྷ་ཡི་འཇིག་རྟེན་འོང་འགྱུར་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །མྱོས་ཤིང་
རྨོངས་ནས་བརྒྱལ་གྱུར་ནས། །རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །འདིས་ནི་བཅིངས་པར་ཡང་བྱ་སྟེ། །ཐོད་པ་སྐམ་པོ་ལ་ལྡོང་རོས་དང་ཡུང་བས་མིང་དང་བསྲེས་པའི་འཁོར་ལོ་བྲིས་ལ་དུར་ཁྲོད་དམ་ལམ་གྱི་བཞི་མདོར་སྦས་ན། ཇི་སྲིད་འཚོའི་བར་དུ་བཅིངས་པར་འགྱུར་རོ། །

དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པས་སྐྱེ་བ་བདུན་པ་ལ་སོགས་པའི་ཕྱུགས་བཟུང་བ་སྟེ་སྐྱེ་བ་གཞན་གྱིས་བར་མ་ཆོད་པའོ། །དེའི་
མཚན་ཉིད་ནི་ལེའུ་བཞི་བཅུ་རྩ་དགུ་པ་ལས་སྟོན་པས་འདིར་མ་བརྗོད་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ནས་ཉེ་བའི་སྙིང་པོ་བཤད། །ཅེས་བྱ་བ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཏེ་དགུག་
པ་ལ་སོགས་པའི་དོན་གྱི་ལས་རྣམས་བསྡུས་པའི་སྙིང་པོའོ། །འདབ་མ་དྲུག་པའི་པདྨ་ཡི། །གེ་སར་ཟེ་འབྲུས་མཚན་པ་སྟེ། །ཟླ་བས་ཉེ་བར་མཛེས་བྱས་ཤིང་། །རྡོ་རྗེ་ཕྲེང་བ་བཟང་པོས་བརྒྱན། །དེ་ཡི་ཕྱི་རོལ་འཁོར་ལོ་ནི། །ཟླ་བའི་འོད་འདྲ་དྲི་མེད་བྲི། །པདྨ་དྲུག་ལ་རིག་པ་ཆེ། །
ཡི་གེ་གཡོན་ནས་བསྐོར་བ་བྲི། །བདུད་ཀྱི་ལས་ཀུན་ཟློག་བྱེད་པའི། །འཁོར་ལོའི་རྒྱལ་པོ་ཞེས་བྱ་བའོ། །འཁོར་ལོ་དེ་ཡི་རྩིབས་ལ་ཡང་། །རྣལ་འབྱོར་མ་དྲུག་སྙིང་པོ་སྟེ། །དབུས་སུ་བདུན་པ་ཧེ་རུ་ཀ །དུར་ཁྲོད་སེན་རྩི་རོ་ཙ་ན། །རང་གི་ཁུ་བ་བཅས་པས་བྲི། །ཁ་ནས་
གསང་སྔགས་རྒྱལ་པོ་ཟློས། །རྗེས་ཆགས་ཕྱོགས་སུ་ལག་བརྐྱང་སྟེ། །བསྒྲུབ་བྱ་མདུན་དུ་བསམས་ནས་ནི། །རྣལ་འབྱོར་སྙོམས་པར་འཇུག་པ་ཡི། །རྗེས་སུ་ཆགས་པས་བསྒྲུབ་བྱས་ན། །ལྷ་ཡི་འཇིག་རྟེན་འོང་འགྱུར་ཏེ། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཡང་ན་
ཙནྡན་དམར་པོ་དང་། །སྐེ་ཚེ་ལན་ཚྭ་དེ་བཞིན་ཏེ། །བསྒྲུབ་བྱའི་རྐང་རྗེས་ས་དང་ནི། །གཅིག་ཏུ་བྱས་ནས་བཏབ་པར་བྱ། །དེ་ཡི་གཟུགས་བྱས་གྲོ་ག་ལ། །འཁོར་ལོ་བྲིས་ནས་སྙིང་གར་གཞུག །གང་གི་མིང་སྨོས་བཟླས་ནས་སུ། །བསྒོམས་ན་ངེས་པར་འགུགས་པར་
འགྱུར། །སྒྲུབ་པའི་སྦྱོར་བ་འདི་ཡིས་ནི། །ས་ཡི་བདག་པོ་ཉིད་དང་ནི། །ནོར་དང་སྐྱེ་བོ་དབང་དུ་འགྱུར། །སྐེམས་ཤིང་ཞེས་བྱ་བ་ནི་ནུས་པ་དང་ལྡན་པའོ། །འདི་ཆུ་ལ་ཡོངས་སུ་བཟླས་ལ་ཞེས་བྱ་བ་ནི་ལག་པ་ལ་འཁོར་ལོ་བསྒོམས་པས་སོ། །མིའི་ཁྲག་དང་ཞེས་བྱ་བ་ནི་དཔའ་

བོའི་རོ་དེ་ཉིད་ཀྱིའོ། །སྣོད་དུ་ཞེས་བྱ་བ་ནི་ཐོད་པར་རོ། །ཉན་མིག་ཅེས་བྱ་བ་ལ་ཉན་ཞེས་བྱ་བ་རྣ་བའོ། །དེ་ལ་རེག་པ་ཙམ་གྱིས་མིག་རྣོ་བར་འགྱུར་ཏེ། འདི་ནི་གླིང་མཐའ་ནས་རྙེད་པའོ། །ཁྲག་དང་ཞེས་བྱ་བ་ནི་དཔའ་བོའི་སྙིང་གི་ཁྲག་དང་སྟེ། ཡང་དང་ཡང་དུ་
བསྒོས་ལ་གྲིབ་མ་ལ་བསྐམས་པའོ། །ལྕགས་གསུམ་ཞེས་བྱ་བ་སྔར་བསྟན་པ་བཞིན་ནོ། །ལྷག་པར་གནས་པར་བྱས་ལ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་ཆོ་གའི་རིམ་པའོ། །དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ་ཞེས་བྱ་བ་ནི། རོའི་སྟེང་དུ་དུར་ཁྲོད་ལ་སོགས་དབེན་པའི་གནས་
སུ་ཚོན་སྣ་ལྔས་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་བསྒྲུབ་པར་བྱ་བ་སྟེ། གུ་གུལ་གྱིས་བདུག་པར་བྱའོ་ཞེས་བྱའོ། །ཉེ་བའི་སྙིང་པོའི་སྔགས་འདིས་ཞེས་བྱ་བ་ལ་སོགས་པ་ནི་གསལ་ལོ། །ཡང་ན་ཉི་མ་ཕྱེད་ན་ཁྲོ་ཞིང་ང་རྒྱལ་གྱིས་ནོན་པའི་སེམས་ཀྱིས་དུར་ཁྲོད་ཀྱི་རས་
སམ། ཤིང་ཨརྐའི་འདབ་མ་ལ་མིའི་རུས་པའི་སྨྱུ་གུས་སྔར་བསྟན་པའི་སོལ་བ་དང་དུག་ལ་སོགས་པ་དྲག་པོའི་རྫས་ཀྱིས་ཇི་ལྟར་བསྟན་པའི་འཁོར་ལོ་བྲིས་ལ། དུར་ཁྲོད་ཀྱི་ཐལ་བས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ་སྙིང་གར་བཅུག་ནས། སྐེ་ཚེས་བྱུགས་ལ་ཡང་དང་
ཡང་དུ་བསྲོ་བར་བྱས་ན་ལུས་ཚ་བས་བཏབ་སྟེ་ས་ལ་འགྱེལ་བར་འགྱུར་རོ། །དེ་རོ་བསྲེགས་པའི་ས་ལ་སྦས་ལ་མི་རུས་ཀྱི་ཕུར་བུས་སྙིང་གར་བཏབ་ལ་ཚིགས་ཐམས་ཅད་ཚེར་མས་བཀང་སྟེ། སྙིང་གར་ཆུ་ཚན་བླུགས་ན་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ནས་འཆི་བར་
འགྱུར་རོ། །ཡང་ན་མི་རོའི་ཁར་སྐྱེས་པའི་ཡུངས་ཀར་གྱི་འབྲས་བུ་བླངས་ནས་གང་གི་མིང་ནས་སྨོས་ཏེ་གཟུགས་བརྙན་ལ་བསྣུན་ན་དེ་དེའི་མོད་ལ་འཆི་བའམ་ལུས་རིམས་ཀྱིས་འདེབས་པར་འགྱུར་ཞིང་། འོ་མས་བཀྲུས་ན་སླར་ཡང་ཐར་བར་འགྱུར་རོ། །དུར་ཁྲོད་ཀྱི་རས་ལ་ཡུང་
བའམ་ལྡོང་རོས་ཀྱིས་འཁོར་ལོ་བྲིས་ལ་ཙནྡན་དམར་པོའི་རྡུལ་དང་། སྐེ་ཚེ་དང་ལན་ཚྭ་དང་དེ་བཞིན་དུ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་གཅིག་ཏུ་བྱས་པའི་ཕྱེ་མ་ལྕགས་ཕྱེ་དང་བསྲེས་ལ། རས་ཀྱིས་ཕུར་ལ་ལམ་གྱི་བཞི་མདོར་སོར་བརྒྱད་ཙམ་བརྐོས་ལ་དགྲའི་མིང་དང་བཅས་

པར་ལན་བདུན་བཟླས་ནས་སྦས་ན་དེ་ཇི་སྲིད་འཚོའི་བར་དུ་བཅིངས་པར་འགྱུར་རོ། །བཏོན་ནས་འོ་མས་བཀྲུས་ན་སླར་རྣལ་མར་འགྱུར་རོ། །སྨེ་ཤ་ཅན་གྱི་རོ་བསྲེགས་པའི་ཐལ་བས་བསྒྲུབ་བྱའི་གཟུགས་བྱས་ནས་གང་ཡིན་པའི་མིང་དང་འཁོར་ལོ་བྲིས་ནས་སྙིང་གར་བཅུག་སྟེ་
དེ་ཉིད་ཀྱི་ཐལ་བས་ལན་བདུན་བཟླས་ནས་བསྣུན་ན་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་སོ། །རིམས་ཀྱིས་ཐེབས་པར་བྱ་བ་ལ་ནི། ཡི་དགས་ཀྱི་སྙིང་གར་གང་ཞིག་གི་མིང་དང་སྤེལ་ནས་འཁོར་ལོ་བྲིས་པ་དེ་དེས་ཐེབས་པར་འགྱུར་རོ། །ལྟོ་ན་བར་བྱ་བ་ལ་ནི་ཡི་དགས་ཀྱི་
ཀླད་པ་ལ་བྱའོ། །བརྗེད་བྱེད་ལ་ནི་རླུང་དང་སྤྲིན་གྱི་འཁོར་ལོ་བྱའོ། །གཟེར་གདབ་པ་ལ་ནི་མདུང་རྩེ་གསུམ་པ་ལའོ། །དུག་དང་མཛེ་ནད་ལ་ནི་ལྟོ་འཕྱེ་ལའོ། །གཟའ་གང་ཡིན་པའི་མཚན་མའི་ནང་དུ་ཆུད་པར་བྲིས་ན་དེས་འཛིན་པར་འགྱུར་རོ། །སྦྱིན་སྲེག་གི་མེའི་ཐལ་བ་
ཞེས་བྱ་བ་ནི་སྔར་བསྟན་པའི་སྨན་གྱི་སྦྱིན་སྲེག་གི་ཐལ་བས་གཟུགས་བྱས་ལ་དེའི་སྙིང་གར་འཁོར་ལོ་བཅུག་ནས་གང་གི་མིང་ནས་སྨོས་ཏེ་བསྣུན་ན་དེ་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། །ཆུ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གཏོར་ན་སླར་ཡང་སྣང་བར་འགྱུར་རོ། །ཐོད་པ་ཁ་
སྦྱར་གྱི་ཕྱག་རྒྱ་ལ་ཞེས་བྱ་བ་ལ་ཁྱི་སྨྱོན་པའི་ཐོད་པ་ཁ་སྦྱར་གྱི་ནང་དུ་གཞུག་པར་བྱ་སྟེ། གང་ཞིག་གི་མིང་དང་སྤེལ་བའི་འཁོར་ལོ་སྨྱོ་བྱེད་ལྔ་དང་ལྡན་པ་དབུགས་མི་འབྱིན་པར་ལན་བདུན་བཟླས་ཏེ་བཅུག་ནས་བཅིངས་ལ་རྒྱས་བཏབ་ནས་དུར་ཁྲོད་དུ་གང་མིང་དང་བཅས་
ནས་སྦས་ན་དེ་སྨྱོ་བར་འགྱུར་རོ། །དེ་ཉིད་ཀྱིས་སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །བཏོན་ནས་འོ་མས་བཀྲུས་ན་སླར་ཡང་གྲོལ་བར་འགྱུར་རོ། །སྨན་བཟང་པོ་བསྒྲུབས་ནས་ཁང་སྟོང་དུ་སོང་སྟེ་ལན་བརྒྱ་བཟླས་ལ་བདག་ཉིད་ཀྱི་སྤྱི་བོར་བཅིངས་ན་ཞེས་བྱ་བ་ལ་སོགས་པ་སྟེ་
སྒྲ་ཇི་བཞིན་པར་བསྟན་ཏེ་གོ་སླའོ། །གཞན་གྱི་དཔུང་མངོན་དུ་ཕྱོགས་པ་ནི་ཞེས་བྱ་བ་ལ། ལྡོང་རོས་སམ་ཡུང་བས་ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་འདི་བྲིས་ལ་ལན་སྟོང་དུ་ཡོངས་སུ་བཟླས་ཏེ་ཁུ་ཚུར་བཅངས་ནས་གཞན་གྱི་དཔུང་མངོན་པར་ཕྱོགས་པ་ན་ཡུལ་དུ་

འཇུག་པར་བྱའོ། །ཡང་ན་ཟངས་མའི་གླེགས་མལ་ལྡོང་རོས་ཀྱིས་སཏྟ་ཀ་སྱ་རཀྵ་སརྦ་ཨ་ཡུད་ནི་བ་ར་ཎཾ་ཞེས་བྱ་བ་དང་སྤེལ་ནས་བྲིས་ལ་ཆོ་ག་བཞིན་མཆོད་ལ་སྤྲ་ཚིལ་གྱིས་གཡོགས་ལ་ལན་སྟོང་དུ་བཟླས་ཏེ་ལག་པ་གཡོན་པར་བཟུང་ལ་ཁུ་ཚུར་བཅངས་
ལ། གསང་སྔགས་རྒྱལ་པོ་བརྗོད་བྱ་ཞིང་། །རྒྱན་རྣམས་ཀུན་གྱིས་རྣམ་བརྒྱན་ནས། །ཇི་སྲིད་ཁུ་ཚུར་མ་གྲོལ་བར། །མཚོན་ཆ་ཐམས་ཅད་བཅིངས་པར་འགྱུར། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །ཇི་སྲིད་ཁུ་ཚུར་མ་གྲོལ་བར། །མཚོན་
ཆ་གཏོང་བར་མི་ནུས་སོ། །དེ་ནས་སྨན་མཆོག་བཤད་བྱ་སྟེ། །མཚོན་ཆ་ལྔ་ནི་བཟློག་ཕྱིར་རོ། །འཁྲུལ་འཁོར་གྱིས་འཕེན་མི་འཕེན་དང་། །དེ་བཞིན་ལག་པས་འཕེན་པ་དང་། །འཕངས་ནས་དེ་ནི་འཛིན་ཉིད་དང་། །ལག་པས་མཚོན་ཆ་འགྱེད་དང་ལྔ། །འཇིག་རྟེན་གསུམ་པོ་
མ་ལུས་ན། །མཚོན་ཆ་རྣམས་ནི་འདི་དག་གོ། །ལག་པས་འཕེན་པ་འཁོར་ལོ་བརྗོད། །འཁྲུལ་འཁོར་གྱིས་འཕེན་མདའ་ལ་སོགས། །འཕངས་ནས་གཟུང་བ་ཞགས་སོགས་ཏེ། །ལག་པའི་མཚོན་ཆ་སྟོབས་འགྱེད་པ། །མི་འཕེན་རལ་གྲི་སོགས་གནས་པ། །འཁོར་ལོ་སྨན་ནི་
ལེགས་མཐོང་གིས། །མདའ་ལ་སོགས་པ་ནི་ཨ་ཀར་ན་བི་དྷ་ཀ་ཀས་སོ། །ཞགས་པ་ལ་སོགས་པའི་དབྱིག་པ་ནི་ཨུཏྤ་ལས་སོ། །ལག་པའི་མཚོན་ཆ་ནི་གཞན་གྱིས་མི་ཐུབ་པ་དཀར་པོས་སོ། །རལ་གྲི་ལ་སོགས་པ་ནི་སྨྱོ་བྱེད་ཀྱིས་སོ། །སྨན་བཟང་པོ་དེ་རྣམས་ཉི་མ་བཟང་
པོ་ལ་བླངས་ནས་བདུད་རྩི་ལྔས་བསྒོས་ལ་སྨེ་ཤ་ཅན་གྱི་བུ་མོ་སྔོན་མོའི་མེ་ཏོག་གིས་བྱུགས་ནས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་བྲམ་ཟེའི་ཐོད་པ་རོ་བསྲེགས་པའི་སས་བཀང་བར་བཅུག་ལ། ཇི་སྐད་བསྟན་པ་བཞིན་དུ་ཆུ་བླུགས་པ་དང་གཏོར་མ་སྦྱིན་པ་ལ་སོགས་པ་
བྱས་ནས་སྨིན་པའི་ལྕུག་མ་བཟང་པོ་སྐར་མ་རྒྱལ་དང་གཟའ་ཉི་མ་ལ་བླངས་ལ་མཉམ་པར་གཞག་པས་ས་ལ་མ་ལྷུང་བར་སྔགས་ཀྱི་རྒྱལ་པོས་ཤིན་ཏུ་བསྲུངས་ལ། དེ་དག་ཐམས་ཅད་ལྷན་ཅིག་ཏུ་གཡོན་སྐོར་གྱིས་བསྒྲིལ་ལ་སྐུད་པ་བྱས་ལ་མགྲིན་པའམ་མགོ་བོར་བཅིངས་

ན་མཚོན་ཆ་སླར་བཟློག་ཅིང་མི་ཚུགས་པར་འགྱུར་ལ་ཐམས་ཅད་མཚོན་ཆ་བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་མི་འབྱུང་ཞིང་མཚོན་གྱིས་མི་ཆོད་ལ་རྡོ་རྗེའི་ལུས་སུ་འགྱུར་རོ། །ཡང་ན་དཔའ་ཆེན་གཅིག་ཉིད་ཀྱིས། །མཚོན་ཆ་ཐམས་ཅད་ཟློག་བྱེད་པ། །པིན་ཏ་ཀ་ར་ཞེས་བྱ་བའི། །
སྨན་ཆེན་རྙེད་པར་གྱུར་ནས་ནི། །སྔགས་པས་ཉི་མ་བཟང་པོ་ལ། །དེ་ཡི་འབྲས་བུ་ཡོངས་སྨིན་པ། །སྔོན་བསྟན་རིམ་པའི་སྦྱོར་བ་ཡིས། །བྲམ་ཟེའི་ཐོད་པར་ས་བོན་གཟུགས། །དེ་ནས་ཤིང་སྨིན་པ་དང་གཟའ་ཉི་མ་ལ་ཉི་མ་ཤར་བའི་དུས་སུ་དེའི་རྩ་བ་ཕྲ་མོ་རྣམས་ཁ་བྱང་དུ་ཕྱོགས་
པས་བླངས་ནས་ས་ལ་མ་ལྷུང་བར་བཟུང་སྟེ་ཇི་ལྟར་བསྟན་པའི་རིམ་པས་ཕྲག་པ་དང་སྤྱི་བོར་བཟུང་ན། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྨོངས་པར་འགྱུར་རོ། །ཡང་དེའི་གེ་སར་ཞོ་དང་ལྷན་ཅིག་བཟའ་སྟེ། ཇི་སྲིད་མགྲིན་པར་ལུད་ཀྱི་བར་དུ་དཔའ་བོས་བཟའོ། །དེ་ཇི་སྲིད་མ་ཞུ་བ་དེ་
སྲིད་དུ་རྡོ་རྗེ་འཛིན་པ་དང་འདྲ་བའི་ལུས་སུ་འགྱུར་ཏེ། དེ་ལ་མཚོན་ཆས་ཕོག་ཀྱང་ཆུའི་ཐིགས་པ་ལྟར་གནོད་པར་མི་འགྱུར་རོ། །ཡང་ན་སྔོན་གྱི་གོ་ཆའི་རིམ་པའི་སྔགས་པས་བྲམ་ཟེའི་ཐོད་པར་བཅུགས་པའི་ཨ་ཤྭཏྠའི་རྩ་བ་བླངས་ལ་ཆོ་ག་བཞིན་དུ་རིལ་བུ་བྱའོ། །ཉི་མ་ཟླ་བ་
སྲེག་བྱེད་པའི། །སོ་སོའི་ཆ་ལ་གནས་པ་ཡི། །ལྕགས་གསུམ་གྱིས་ནི་དཀྲིས་བྱས་པའི། །རིལ་བུ་ཁ་རུ་གཞུག་པར་བྱ། །དེ་ནས་དཔའ་བོ་ཆེན་པོས་མཚོན་ཆ་ཐམས་ཅད་བཟློག་ཅིང་རིམས་དང་། ལྟོ་ན་བ་དང་། དུག་དང་། མཁའ་འགྲོའི་གནོད་པ་དང་། གཟའ་རྣམས་དེའི་
དྲི་ཚོར་བ་ཙམ་གྱིས་རབ་ཏུ་འབྲོས་ཏེ། སེང་གེའི་དྲིས་གླང་པོ་ཆེ་འབྲོས་པ་བཞིན་ནོ། །ཡང་པེ་ཏའི་ས་བོན་བྲམ་ཟེའི་ཀླད་པ་ལ་ཆོ་ག་བཞིན་དུ་བཙུགས་ལ་སྨན་བཟང་པོ་བླང་བར་བྱ་སྟེ། སྐར་མ་རྒྱལ་དང་གཟའ་ཉི་མ་དང་ཟླ་བ་ལ་མཆོད་པ་དང་གཏོར་མ་བྱས་ན་ཕྱག་རྒྱ་དང་བཅས་པའི་
སྒྲུབ་པ་པོ་ལྷའི་རྣལ་འབྱོར་གྱིས་སྔགས་ཟློས་པས་སྔ་མ་བཞིན་གཅེར་བུ་སྐྲ་གྲོལ་བར་གྱུར་པ་མཉམ་པར་གཞག་པས་མཐའ་དག་བཏུས་ཏེ། རྣལ་འབྱོར་མའི་ལག་པར་ཐོད་པ་ས་ལ་མ་ལྷུང་བར་གཞག་གོ། །དེ་ནས་དུམ་བུ་བདུན་བྱས་ལ་སྐུད་པ་དཀར་པོས་དཀྲིས་ནས་གང་གི་

སྤྱི་བོར་བཟུང་ན་ས་སྟེངས་ན་ཇི་སྙེད་པའི་མཚོན་ཆ་དུ་མ་རྣམས་བརླག་པར་འགྱུར་ཏེ། དཔེར་ན་ཉི་མས་མུན་པ་བཞིན་ནོ། །དེ་ནས་འདམ་གྱི་ཆོ་ག་བཤད། །ནག་པོ་ཆེན་པོ་སྨན་ཆེན་པོ། །རྒྱལ་དང་ཉི་མ་ལ་བཙལ་ནས། །མཆོད་དང་གཏོར་མ་ཡང་དག་ལྡན། །
དགོངས་མོའི་དུས་སུ་སྙན་མནན་ལ། །ཐོ་རངས་ལྷ་ཡི་བདག་ཉིད་དང་། །གཅེར་བུ་སྐྲ་གྲོལ་གྱུར་པ་ཡིས། །ཤིན་ཏུ་མཉམ་པར་གཞག་བས་བླང་། །ཁྱུ་མཆོག་རྭ་ཡིས་བླངས་པ་ཡིས། །ཕྱི་ནས་ལྷན་ཅིག་བསྲེ་བར་བྱ། །གཞོན་ནུ་མ་ཡིས་བཏགས་ནས་སུ། །དེ་
ཡིས་ལུས་ནི་བསྐུ་བར་བྱ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་སྲིད་མཚོན་ཆས་ཆོད་མི་འགྱུར། །དུག་ཀྱང་ལུས་ལ་མི་འཕོག་སྟེ། །བདག་ཉིད་ཆེན་པོས་སྨན་བཟའོ། །ཡང་ཀུ་མཱ་རི་བླངས་ལ་གཞོན་ནུ་མའི་རྐང་རྗེས་ཀྱི་ས་དང་ལྡན་པར་བྱས་ལ་ལུག་གི་རྭ་དང་ཆ་
མཉམ་པར་བྱས་ཏེ་བཏགས་པའི་འདམ་བསྐུས་ན་སུམ་ཅུ་པས་ཀྱང་མི་ཆོད་དོ། །ཡང་ཙ་ན་ལིའི་སྡོང་བུ་བླངས་ལ་མཚན་གཅིག་པ་དང་ཤིང་གཅིག་པའི་ས་དང་ལྡན་པར་བྱས་པའི་སྦྱོར་བས་བྱུགས་པའི་ལུས་ནི་སུམ་ཅུ་པས་ཀྱང་མི་ཤིགས་སོ། །དེ་དག་གི་ལོ་གཅིག་གི་ནུས་
པ་ཅན་དེ་ཕྱི་ནས་ནི་གཞན་བྱའོ། །དེ་ནས་སྦ་བྱ་དཔའ་ཆེན་པོས། །དཔའ་བོ་ཐམས་ཅད་མཆོད་བྱས་ཏེ། །མངལ་ནས་དང་པོ་ཕྱུང་བ་ནི། །མ་ཡི་ནུ་ཞོ་མ་འཐུངས་པར། །ཤི་བའི་རོ་ནི་རྙེད་ནས་ནི། །ཧེ་རུ་ཀ་དཔལ་གཉིས་མེད་མཆོད། །གཏོར་མ་མཉམ་པར་གཞག་པས་
བསྲུང་། །ལྟག་པ་ནས་ནི་གཤགས་ནས་སུ། །དེ་ཡི་ལྕེ་ནི་བླང་བར་བྱ། །བྷྲིངྒ་ར་ཛ་དུ་དུ་ར། །ཀཾ་ཀཾ་ཛ་ག་གཞན་མི་ཐུབ། །རྒྱལ་དང་ཉི་མ་ལ་བླངས་ནས། །ལྔ་པོ་རྣམས་དང་ལྡན་པ་ནི། །བཏགས་ཏེ་རིལ་བུ་བྱས་ནས་སུ། །གྲིབ་མ་ལ་ནི་བསྐམས་ནས་ཀྱང་། །ལྕགས་
གསུམ་གྱིས་ནི་དཀྲི་བར་བྱ། །ར་ཏི་ཕྱེད་བརྒྱད་མ་ཤ་གསུམ། །ར་ཏི་ཕྱེད་གསུམ་མ་ཤ་བཞི། །ར་ཏི་ལྔ་དང་མ་ཤ་གསུམ། །རིམ་པ་བཞིན་དུ་དཀྲི་བར་བྱ། །དཀྲིས་ནས་ཡང་དག་མཆོད་བྱས་ལ། །སྟོང་དུ་བཟླས་ཏེ་ཁར་བཅུག་ན། །ཇི་སྲིད་ཁ་ནས་གནས་པ་རུ། །ས་གནས་

མཚོན་ཆ་དུ་མ་ཡང་། །བལྟས་པ་ཙམ་གྱིས་འཇིག་འགྱུར་ཏེ། །དཔེར་ན་འབར་མེས་རྩྭ་བཞིན་ནོ། །རིམས་དང་ལྟོ་ནད་དུག་དང་ནི། །མཁའ་འགྲོ་མ་ཡི་གནོད་པ་དང་། །གཟའ་རྣམས་ཐམས་ཅད་ཟློག་བྱེད་པ། །རྡོ་རྗེ་སེམས་དཔའི་བཀའ་བཞིན་ནོ། །དེ་ནས་གཞན་ཡང་བཤད་
བྱ་བ། །སེམས་ཅན་ཐམས་ཅད་རབ་རྨོངས་པ། །རྒྱལ་གྱི་ཉིན་པར་ནན་ཏན་དུ། །ནགས་ཀྱི་རས་བལ་བླངས་ནས་སུ། །བུ་མོ་གཞོན་ནུའི་སྐུད་པས་བྱ། །གཡོན་ཕྱོགས་སུ་ནི་བཀལ་ནས་སུ། །སུམ་སྒྲིལ་དུ་ནི་སྐུད་པ་བྱ། །རྩ་བའི་སྔགས་ནི་སྟོང་ཕྲག་བརྒྱད། །མངོན་པར་
བཟླས་ཤིང་བཏགས་ནས་ནི། །མདུད་པ་བྱས་ནས་ལག་གཡོན་གྱིས། །དེ་རུ་མ་མོ་རྣམས་ནི་བརྟག །ཉི་ཤུ་རྩ་བཞི་གཉིས་མེད་པ། །འགོག་པའི་ཏིང་འཛིན་ལ་གནས་ཏེ། །ཡང་དག་མཆོད་པ་བྱས་ནས་སུ། །ལག་པ་གཡས་པ་བཅིང་བར་བྱ། །མཚོན་ཆ་ཐམས་
ཅད་ཟློག་བྱེད་པ། །རལ་གྲི་མདའ་སོགས་གཞན་དུ་མིན། །ནགས་སྐྱེས་ཤལ་མ་ལི་ཡི་བལ། །བློ་དང་ལྡན་པས་རྒྱལ་ལ་བླང་། །གཞོན་ནུ་མ་ཡི་ལག་པ་ནི། །ས་ཡིས་ཕྱི་ནས་བཀལ་བར་བྱ། །དགེ་བའི་རྒྱུ་སྐར་སྐར་མ་དང་། །ཟླ་བ་སྟོབས་ཅན་དག་ལ་ནི། །སྔོན་དུ་
གསུངས་པའི་བྱ་བ་ཡིས། །ཤིན་ཏུ་མཉམ་གཞག་མདུད་པ་བྱ། །འདི་ནི་ཡིད་ལ་གཟུང་བྱས་པས། །སུམ་ཅུ་པས་ཀྱང་མི་འཆིང་ཞིང་། །མཚོན་ཆ་ཐམས་ཅད་འཆིང་འགྱུར་པས། །ལས་ཀྱི་ཆོ་ག་བལྟ་བར་བྱ། །དེ་ལྟར་གསང་བའི་ལྟ་བ་ལས། །གསང་ཆེན་གསང་
བས་སྦ་བྱ་སྟེ། །བློ་དང་ལྡན་པས་ཐམས་ཅད་དུ། །སྐལ་མེད་སེམས་ཅན་ལ་མི་སྦྱིན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ། །ཆོ་གའི་ལས་རྣམས་
ནི། གོ་རིམས་བཞིན་དུ་བཤད་བྱ་བ། ཞེས་བྱ་བ་ནི། ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་སྟེ་རེ་རེ་ཞིང་ངམ་སྦྱོར་བའི་ཚིག་གི་ཡི་གེ་དྲུག་གི་གཟུགས་དང་དཔའ་བོའི་ལྷ་ཅི་རིགས་པར་སྦྱར་རོ། །དེ་ལ་ཆོ་ག་ཟློས་བཞིན་དུ། ཡ་ང་བའི་ལམ་དུ་ཞུགས་ན་ཞེས་བྱ་བ་ལ་

སོགས་པ་ནི་ཟློས་བཞིན་པས་ཡིད་ལ་ཅི་འདོད་པ་ཐམས་ཅད་བྱེད་དོ་ཞེས་པའོ། །དེ་ནས་དབུས་སུ་དཔའ་བོའི་སྔགས། །དེ་ཉིད་རིག་པའི་བསམ་གཏན་གྱིས། །དཔའ་བོའི་འཁོར་ལོ་རབ་སྦྱོར་བས། །དེ་ཡིས་བྱ་བ་ཀུན་བྱའོ། །དེ་ལ་རིམ་པ་འདིས་བྲི་བར་བྱ་སྟེ།
ཟླ་བའི་དབུས་གྱུར་རྡོ་རྗེ་ནི། །རྩེ་གསུམ་དེ་བཞིན་ཁ་དྲུག་པ། །དེ་ཡི་དབུས་གྱུར་པདྨ་ནི། །འདབ་མ་དྲུག་ལ་ལེགས་གནས་པ། །སྔགས་པས་ཟེའུ་འབྲུར་བྲི་བར་བྱ། །ཇི་ལྟར་བསྟན་བཞིན་བསྒྲུབ་བྱའི་མིང་། །རྡོ་རྗེ་སེམས་སོགས་སངས་རྒྱས་ཀྱིས། །ཇི་ལྟར་གོ་ཆའི་
སྔགས་བཤད་བཞིན། །སྔོན་སྔགས་དབུས་སུ་བྲི་བྱ་སྟེ། །གཞན་ནི་པད་འདབ་ལ་དེ་བཞིན། །རིང་པོ་དྲུག་ནི་ཡོངས་སྤངས་པར། །རྡོ་རྗེའི་ལྟེ་བར་དགོད་པར་བྱ། །གུར་གུམ་སེན་རྩི་རང་ཁྲག་དང་། །རོ་ཙ་ན་ཡིས་གྲོ་ག་ལ། །རྒྱལ་དང་ཉི་དུས་སྒྲུབ་པ་པོས། །ཆོ་ག་
བཞིན་དུ་བྲི་བར་བྱ། །དུས་གསུམ་དུ་ནི་བཟླས་བྱས་ནས། །མཆོད་ཆེན་བྱས་ནས་གཟུང་བྱ་སྟེ། །སྔགས་པས་ལན་བདུན་སྔགས་བཏབ་ནས། །གོས་ཀྱི་ཐ་མར་བཅིང་བར་བྱ། །ལམ་དུ་ཞུགས་ན་རྐུན་པོ་དང་། སྣག་གིས་འཇིགས་པར་མི་འགྱུར་
རོ། །ཐམས་ཅད་དུ་ནི་བསྲུང་འགྱུར་ཏེ། །གྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཡང་འཁོར་ལོ་དེ་ཉིད་ཀྱི་ལྟེ་བ་ལ་ཐིག་ལེ་ལྟ་བུའི་རྒྱན་བྱས་པའི་ཐིག་ལེས་བསྐོར་ནས། བསྒྲུབ་བྱ་འཁོར་དང་བཅས་པ་མོ་ཧ་ན་ཞེས་བྱ་བའི་ཚིག་དང་སྤེལ་ལ་གོས་ཀྱི་ཐ་མ་ལ་མདུད་དེ། ཆོས་ཀྱི་
དབྱིངས་སུ་བསྒོམས་ནས་ཟློས་བཞིན་དུ་འགྲོ་ན་ལྷ་དང་མི་རྣམས་ཀྱིས་མཐོང་བར་མི་འགྱུར་རོ། །ཡང་བི་ཤ་ད་ཏ་ཀ་རིའི་ས་བོན་བྲམ་ཟེའི་ཐོད་པར་ཆོ་ག་བཞིན་བཙུགས་ལ་བསྐྱེད་པ་དང་། ཟླ་བ་གཟས་ཟིན་པའི་དུས་སུ་བྱང་ཕྱོགས་སུ་ཟུག་པའི་རྩ་བ་བླངས་ལ་ལྕགས་
གསུམ་གྱིས་དཀྲིས་ཏེ་ལན་སྟོང་བཟླས་ན་གོ་ཆར་འགྱུར་རོ། །ཡང་ན་ནྱ་གྲོ་དྷའི་འབྲས་བུ་ཁྭ་ནག་པོས་ཟོས་པའི་རྟུག་པའི་འབྲས་བུ་བླངས་ནས་ཉི་མ་བཟང་པོ་ལ། བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་ས་ཡིས་བཀང་བར་བཙུགས་ནས་བདུད་རྩི་ལྔས་གཏོར་ཏེ་སྐྱེས་

ནས་འདབ་མ་གཉིས་ཙམ་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ལ་མཆོད་པ་རྣམས་ཀྱིས་མཆོད་ནས་བསྔགས་ཏེ་ཁར་བཅུག་ན། ལྷ་དང་མི་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །གོ་ཆ་བཟླས་པའི་ལག་པས་གང་ལ་རེག་པ་དེ་ཞེས་བྱ་བ་ལ་དུར་ཁྲོད་ཀྱི་
རས་ལ་བ་ར་ཙི་ཏ་ཀའི་ཁུ་བ་བླངས་ལ་ལྡོང་རོས་དང་ཡུང་བའི་ཨ་ཤྭ་ཀའི་སྨྱུ་གུས་འཁོར་ལོ་ཐིག་ལེས་མཚན་པ་བྲིས་ཏེ་ཕྱི་ནས་བསྒྲུབ་བྱ་དཔུང་དང་བཞོན་པར་བཅས་པའི་མིང་དང་སྤེལ་ནས་ལན་སྟོང་བཟླས་ནས། ཡང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་
བ་ལ་བསྒྲུབ་བྱའི་གཟུགས་བྱས་ཏེ། འཁོར་ལོའི་སྙིང་གར་བཅུག་ནས་མེ་ཏོག་སེར་པོས་གཏོར་ཞིང་རྐང་པ་གཡོན་པས་མནན་ལ་བརྒྱད་བརྒྱ་བཟླས་ནས་སྦས་ཏེ། དེའི་སྟེང་དུ་སྙིང་གར་གནས་པའི་ཁང་པ་བྱས་ལ་གང་གི་མིང་གཟུང་བ་དེ་མདུང་བཞིན་དུ་རེངས་
པར་འགྱུར་ཏེ། སུམ་ཅུ་རྩ་གསུམ་པས་ཀྱང་བསྐྱོད་པར་མི་ནུས་སོ། །གཞན་གྱི་དམག་ཚོགས་སྒྲོལ་བར་བྱ་བ་ལ་ནི་འོ་མས་བཀུས་ན་སླར་རྣལ་མར་འགྱུར་རོ། །རང་གི་ཁྲག་ལ་ཞེས་བྱ་བ་ལ་སོགས་པ་གསལ་ལོ། །ཁྲོ་བོའི་རྒྱལ་པོའི་རྣམ་པར་བསྒོམས་ལ་འདི་ལྟར་ཆུའི་
རྡུལ་ཕྲ་རབ་ཐམས་ཅད་དཀྱིལ་འཁོར་གྱི་ལྷར་བསྐྱེད་པའི་དབུ་རྒྱན་གྱི་གཟུགས་ཀྱིས་ནི་ཆུའི་སྟེང་དུ་འགྲོ་བར་འགྱུར་རོ། །རྣལ་འབྱོར་མ་དང་དཔའ་བོའི་འཁོར་ལོ་སྙོམས་པར་ཞུགས་པ་ནི་ལག་པ་གཡོན་པ་དང་གཡས་པ་གཉིས་ཀྱིས་མཉེས་ན་རིགས་དྲུག་གི་རྣལ་འབྱོར་
མ་དབང་དུ་འགྱུར་རོ། །སྐར་མ་རྒྱལ་ལ་རས་བྱས་ལ་ཞེས་བྱ་བ་ལ་སྦྲུལ་གྱི་རྒྱལ་པོ་རྙེད་ནས་དཀར་པོ་དང་ནག་པོའི་རི་མོ་ཐམས་ཅད་སོ་སོར་དུམ་བུ་དུམ་བུར་བཅང་ལ་ནག་པོ་དང་དཀར་པོའི་དབྱེ་བས་སོ་སོར་བྱ་སྟེ། རས་བལ་གྱི་ས་བོན་བླངས་ནས་དཀར་པོའི་ཟླ་བ་ལ་རྒྱལ་
གྱི་ཉིན་པར་དུམ་བུ་དཀར་པོ་ཞག་དང་ཤས་བསྒོས་ལ་ས་ལ་སྦས་ཏེ་གདབ་པོ། །ཇི་ལྟར་ནག་པོའི་དུམ་བུའི་ཞག་དང་ཤས་ཀྱང་ས་བོན་བསྒོས་ཤིང་། ཟླ་བ་མར་ངོའི་རྒྱལ་གྱི་ཉིན་པར་དེ་ཉིད་ཀྱི་ཞག་དང་ཤས་ས་ལ་ཡང་སྦག་གོ། །དཀར་པོ་དང་ནག་པོའི་ཆའི་བྱེ་

བྲག་གིས་ཇི་ལྟར་བསྐྱེད་པའི་རས་བལ་བླངས་ལ་རྒྱལ་གྱི་ཉི་མ་གཞན་ལ་དཀར་པོའི་ཆས་བསྐྱེད་པའི་རས་བལ་ལ། རྣལ་འབྱོར་མ་སེར་སྐྱས་བཀལ་བ་དེའི་ཉིན་བར་ཐག་པ་སེར་སྐྱས་བཏག་གོ། །དེ་ལྟར་ནག་པོའི་ཆས་བསྐྱོད་པའི་རས་བལ་ཚེས་ནག་པོའི་
སྐར་མོ་རྒྱལ་ལ་རྣལ་འབྱོར་མ་སྔོན་མོས་བཀལ་ཞིང་དེ་ཉིད་ཀྱི་ཉི་མ་ལ་ཐག་པ་སྔོན་པོས་ཇི་ལྟར་ལུས་ཡོག་པར་གྱུར་པ་དེ་ལྟར་བཏགས་པར་བྱས་ལ་སྔོན་པོ་དང་དཀར་པོའི་ཆ་ཡིས་རྒྱལ་གྱི་ཉི་མ་གཞན་ལ་བསྒྲུབ་པར་བྱ་སྟེ། རས་ལ་སྟོང་ཕྲག་སུམ་ཅུ་རྩ་དགུ་མངོན་པར་བསྔགས་ལ་བརྒྱད་
བརྒྱ་བཟླས་ཤིང་བདུག་པར་བྱ་སྟེ། ཨ་ཀ་རུ་ནག་པོ་དང་དུམ་བུ་ནག་པོའི་ཤ་དང་རུས་པ་ཟླ་བ་མར་ངོ་ལ་བསྐྱེད་པའི་རས་ལ་བདུག་གོ། །དེ་ལྟར་ཟླ་བ་མར་ངོ་ལ་བསྐྱེད་པའི་རས་ནི་དུམ་བུ་དཀར་པོའི་ཤ་དང་རུས་པ་དང་སང་ཀ་པུཥྤ་དང་བཅས་པས་བདུག་པར་བྱའོ། །དེ་ནས་
གུས་པས་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་ལ། ལྷའི་རྣལ་འབྱོར་དམིགས་ཏེ། རྒྱལ་ལ་བསྒྲུབ་པའི་རས་ལ་རྣལ་འབྱོར་མའི་བཀའ་ལུང་གིས་བསྒོ་བར་བྱའོ། །དེ་གྱོན་པའི་ལུས་ཀྱིས་སྟོང་ཕྲག་བཅུ་བཟླས་ནས་འགྲུབ་པར་འགྱུར་ཏེ། གྲིབ་མ་མི་མངོན་ཞིང་
དཔག་ཚད་སྟོང་གི་བར་དུ་ནམ་མཁའ་ལ་འགྲོ་བ་དང་འོང་བར་འགྱུར་ལ་ལྷ་དེ་ཉིད་ཀྱིས་ཀྱང་མི་མཐོང་བ་སྟེ། སྟེང་གི་ཕྱོགས་སུ་འོག་མིན་གྱི་མཐར་ཐུག་པར་འགྲོ་བར་འགྱུར་རོ། །ཡང་སྦྲུལ་གྱི་རྒྱལ་པོའི་ཁར་བཅུག་པའི་ནང་དུ་ལིག་བུ་མིག་དུ་བ་མ་ཤོར་བར་བསྲེགས་
པའི་ཐལ་བ་རང་བྱུང་གི་མེ་ཏོག་གིས་སྦྲུས་པ་ལ་ལན་སྟོང་ཕྲག་སུམ་ཅུ་མངོན་པར་བསྔགས་ནས་མིག་སྨན་དུ་བྱས་ན་ཡང་མི་མཐོང་བར་འགྱུར་རོ། །ཡང་ན་མིའི་ཐོད་པར་སྦྲུལ་གྱི་རྒྱལ་པོ་བཞག་སྟེ། རུལ་ནས་ཟགས་པའི་རུས་པ་བླངས་ལ་རྒྱ་མཚོར་འབབ་པའི་ཆུ་བོར་
ཞུགས་ཏེ། དེའི་རུས་པའི་དུམ་བུ་ལ་ལན་སྟོང་ཕྲག་བཅུ་མངོན་པར་བཟླས་ནས་བདར་ཏེ། དཔྲལ་བར་ཐིག་ལེ་བྱས་ན་གྲིབ་མ་མི་མཐོང་བར་བྱེད་དོ། །ཡང་ན་དེའི་ཐོད་པ་ལ་མངོན་པར་བསྔགས་ནས་བདར་བའི་ཐིག་ལེ་བྱས་ཀྱང་གྲིབ་མ་མི་མངོན་པར་བྱེད་དོ། །དབང་པོ་གང་དང་

གང་ལས་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ནི་གཟུགས་དང་སྒྲ་ལ་སོགས་པའི་རང་གི་དོན་ལ་དམིགས་པས་ན་བདག་པོ་སྟེ། དབང་པོ་དེ་ཉིད་སྤྱོད་ལམ་ཀུན་དུ་རྙེད་པ་དེ་དང་དེའི་རང་བཞིན་གྱི་རོ་མྱོང་བར་བྱེད་པ་
ཞེས་བྱ་བའི་དོན་ནོ། །མཆོག་ཏུ་ཞེས་བྱ་བ་ནི་སྔོན་དུ་དོན་དམ་པའི་བདེན་པ་ལ་དམིགས་པས་སོ། །མཉམ་གཞག་སྦྱོར་བའི་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་རྡོ་རྗེ