Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 16
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སཱ་དྷ་ན་ནི་དཱ་ན་ཤྲཱི་ཙཀྲ་སམྦ་ར་ནཱ་མ་པཉྩི་ཀཱ །བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བ། བཅོམ་ལྡན་འདས་ དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །མགོན་པོ་སྐུ་གསུམ་བདེ་བའི་བདག །ཧེ་རུ་ཀ་དཔལ་ལ་བཏུད་དེ། །བླ་མ་བརྒྱུད་རིམ་ལས་འོངས་པ། །དད་པས་ཅུང་ཟད་བྲི་བར་བྱ། །དེ་ནས་ཞེས་བྱ་བ་ ལ་སོགས་པ་ནི། རྒྱུད་འདི་རྒྱུད་གཞན་གྱི་མཐའ་དང་ཡང་དག་པར་ལྡན་པ་སྟེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔོན་གྱི་རྒྱུད་ལ་ལྟོས་པ་ཡིན་ནོ། །འདིས་ནི་རྒྱུད་འདི་བར་ཆད་མེད་པར་གསལ་བར་བྱེད་དོ། །གང་ གི་ཕྱིར་འབུམ་ཕྲག་གསུམ་པ་ཞེས་བྱ་བར་འདི་སྐད་བདག་གིས་ཞེས་གསུངས་ཏེ། དེ་ཉིད་ཀྱིས་ན་དང་པོ་གླེང་གཞིའི་ཚིག་རབ་ཏུ་སྦྱོར་བ་མེད་དེ་སྔོན་རབ་ཏུ་སྦྱར་བའི་ཕྱིར། རྒྱུད་ཅེས་བྱ་བ་ནི་རབ་ཏུ་འབྲེལ་པ་སྟེ། རྒྱུའི་རྒྱུད་དང་ཐབས་ཀྱི་རྒྱུད་དང་འབྲས་བུའི་རྒྱུད་དོ། །རྒྱུའི་རྒྱུད་ནི་རིགས་ཏེ་འདིར་ཤིན་ཏུ་རྙེད་པར་དཀའ་བའི་སྒྲུབ་པ་པོ་ཉིད་དོ། །ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི། སྔོན་དུ་དཀྱིལ་འཁོར་དུ་ཞུགས་པའི་རིམ་པས་ སྒོམ་པ་དང་། བཟླས་པ་དང་། གཏོར་མ་དང་། འཁྲུལ་འཁོར་དང་། སྔགས་ཀྱི་རབ་ཏུ་སྦྱོར་བ་ལ་སོགས་པའོ། །འབྲས་བུའི་རྒྱུད་ཅེས་བྱ་བ་ནི་གཉིས་སུ་མེད་པ་གསལ་བ་གཅིག་ཏུ་གནས་པ་སྟེ། ངག་གི་སྤྱོད་ཡུལ་ མ་ཡིན་པ་དང་། སེམས་ཀྱི་ཡུལ་ལས་རིང་བ་ཉིད་དོ། །རབ་ཏུ་འབྲེལ་པ་དེ་ཇི་ལྟ་བུ་ཞེ་ན། གང་འདིར་སངས་རྒྱས་ཀྱི་ཆོས་རྣམས་གནས་པའོ་ཞེས་བྱ་བའི་དོན་ཏེ། འདིའི་ཕྱག་རྒྱ་ནི་ཡི་གེ་ཨའོ། །ཨས་སྡོམ་པས་ན་ཡི་གེ་ཐམས་ ཅད་ཨ་ལས་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཀྱང་། སྙིང་གའི་དབུས་ན་མི་ཤིགས་པ། །རབ་ཏུ་འབར་བ་མར་མེ་བཞིན། །མི་འགྱུར་མཆོག་ཏུ་ཕྲ་བ་ཡི། །ཨ་ནི་གཙོ་བོ་དམ་པའོ། །ཞེས་ གསུངས་པ་དང་། ཡང་བརྟག་པའི་རྒྱལ་པོ་གཉིས་པ་ལས། ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །འབར་བ་མར་མེའི་རྩེ་ལྟ་བུ། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟག །ཅེས་ གསུངས་སོ། །དེ་ཕྱིར་ཞེས་བྱ་བ་ནི། ཡི་གེ་ཨ་ལས་བཤད་པ་ཐམས་ཅད་འབྱུང་བའོ་ཞེས་བྱ་བར་སྦྱར་རོ། །དེ་གང་ཞེ་ན། གསང་བ་ཞེས་བྱ་བ་ལ་འདིའི་རིགས་རྣམས་གསལ་བར་མ་བྱས་པའོ། །གསལ་བར་མ་བྱས་པ་དེ་ཅི་ཞེ་ན། སྦས་པ་བདུན་ཏེ། དེ་ཉིད་གསལ་བར་བཤད་པ་སྟེ། གསང་བ་དེ་ཉིད་ཡུལ་དང་ནི། །གསང་བ་རྒྱལ་པོའི་འཁོར་ལོའོ། །གསང་བ་སྦས་པ་བདེན་པ་སྟེ། །གསང་བ་གསང་བའི་པདྨ་སྟེ། །གསང་བ་ས་བོན་གྱིས་དགའ་བ། །གསང་བ་ཐམས་ཅད་འདུས་པ་སྟེ། །གསང་བ་བར་ཆད་ མེད་བདེ་བའོ། །ཞེས་སོ། །མདོར་བསྡུས་པའོ་ཞེས་བྱ་བ་ནི་ཡང་དག་པར་བསྡུ་བ་སྟེ་གཞུང་གི་ཚད་ལ་བྱའོ། །དོན་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྡུད་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་སྡོམ་པ་སྟེ། སྡོམ་པ་ཞེས་བྱ་བ་ནི་ཐམས་ཅད་འཛིན་ཞེས་བྱ་བའི་དོན་ནོ། །དཔལ་ ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་བྱ་བ་ནི། དཔལ་ཧེ་རུ་ཀ་ནི་བདག་ཉིད་དོ། །རྡོ་རྗེ་ཕག་མོ་ནི་ཕྱག་རྒྱ་སྟེ། དེ་དག་གི་ཡང་དག་པར་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། །འདོད་པར་བྱ་བས་ན་འདོད་པ་སྟེ། འདོད་པའི་དོན་ཕུན་སུམ་ཚོགས་པའོ། །འདིས་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ ཉིད་སྒྲུབ་པར་བྱེད་པས་ན་འདོད་པའི་དོན་ཀུན་ནས་སྒྲུབ་པར་བྱེད་པའོ། །དེ་གང་ཞེ་ན། བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་བྱ་བ་ལ་བླ་མའི་དོན་གསུངས་ཏེ། སེམས་ཅན་མོས་པ་སྣ་ཚོགས་པའི་བསམ་པའི་དབྱེ་བའི་དབང་གིས་འཇིག་ཚོགས་ལ་ལྟ་བ་དག་པར་བྱ་བའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ ཁྲི་བཞི་སྟོང་དག་བསྟན་ཏོ། །དེ་ལས་ཀྱང་བླ་མར་གྱུར་པ་ཉིད་སྙིང་ལ་གནས་པའི་དེ་ཁོ་ན་ཉིད་བླ་ན་མེད་པ་སྟེ། རྡོ་རྗེ་ཅན་དང་བཅས་པའི་སངས་རྒྱས་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་རང་བཞིན་ཉིད་ཚིག་གི་ལམ་ལས་འདས་པ་ཉིད་དོ། །དེ་ཉིད་ཀྱིས་ན། བསྐལ་པ་བྱེ་བ་བརྒྱར་ ཡང་ནི། །དེ་ཉིད་དམན་པས་འགྲུབ་མི་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་བྱ་བ་ནི་འཁོར་ཕུན་སུམ་ཚོགས་པ་གསུངས་ཏེ། དེ་ནི་ནམ་མཁར་འགྲོ་མའོ། །ཡི་གེ་ཨེ་ཨར་འགྱུར་རོ། །འགྲོ་བས་ན་ཌཱ་སྟེ། ནམ་མཁར་འགྲོ་བ་ ཞེས་བྱ་བའི་དོན་ཏོ། །ཌཱ་ཞེས་བྱ་བའི་སྒྲ་ལ་གསུངས་པའོ། །ཨ་ཀ་ནི་གྱ་གྱུར་འགྲོ་བ་སྟེ། འདིར་ཐམས་ཅད་དུ་འགྲོ་བ་ནི་གྱ་གྱུར་འགྲོ་བའོ། །དེས་ན་ནམ་མཁར་འགྲོ་བའི་ངང་ཚུལ་འདི་ལ་ཡོད་པས་ན་མཁའ་འགྲོ་མ་ཞེས་བྱ་སྟེ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སྐུའི་རྫུ་འཕྲུལ་གྱིས་ཐམས་ ཅད་དུ་ཅིག་ཅར་འགྲོ་བས་ཞེས་བྱ་བའི་དོན་ནོ། །དེ་རྣམས་ཀྱི་དྲ་བ་སྟེ། ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །སྡོམ་པ་ནི་བདེ་བའི་མཆོག་སྟེ། དེ་རྣམས་ཀྱི་ལྷན་ཅིག་ཏུ་སྐད་ཅིག་རེ་རེ་ལ་བདེ་བས་ཡང་དག་པར་ཚིམ་པའི་ཕྱིར་རོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ནི་ སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་གྱི་བརྡའི་ཡི་གེ་སྟེ། ཐམས་ཅད་ཀྱི་སྒྲ་ནི་དེ་རྣམས་གསུངས་པ་ཡིན་ནོ། །ར་ནི་མཚལ་ཆེན་པོ་ཡི་ཁམས། །ཧ་ནི་རི་ལས་སྐྱེས་པ་སྟེ། །རི་སྐྱེས་ཞེས་པ་མགོ་སྐྱེས་སོ། །ས་ནི་དྲི་ཡི་སྣོད་ཡིན་ཏེ། །ལུས་ལ་དྲི་ནི་ཇི་ལྟ་བར། །ས་ནི་རླུང་དུ་གསུངས་པ་སྟེ། ། ར་ནི་དྲི་ཉིད་ཡིན་པར་གསུངས། །ཡི་གེ་མེ་ནི་མེ་ཏོག་སྟེ། །ར་ནི་དེ་བཞིན་ལན་ཚྭའོ། །མེ་ནི་ཤ་ཆེན་པོར་འདོད་དེ། །ས་ནི་རབ་ཏུ་སྦྱོར་བ་ཉིད། །རྦ་ནི་མགོ་བོར་རབ་ཏུ་གསུངས། །ལྷ་མོ་མེ་ནི་རྐང་ཡིན་ཏེ། །ནི་ནི་དྲི་ཡི་མར་ཁུའོ། །ས་ནི་སོ་དང་སེན་མོ་སྟེ། །ད་ནི་རྒྱ་མཚོ་ལས་སྐྱེས་སོ། ། སྠི་ནི་ཁ་བའི་སྙིང་པོ་སྟེ། །ཏ་ནི་ག་པུར་བསྟན་པའོ། །ཡང་ན། །གཅིག་ཏུ་ཐམས་ཅད་མཁྱེན་པ་སྟེ། །ཀུན་དུ་འགྲོ་བ་ཤིན་ཏུ་ཕྲ། །སྙིང་གི་གསང་ཚོགས་མཉམ་པ་སྟེ། །སྒྱུ་མའི་རང་བཞིན་སྟོང་པ་ཉིད། །སེམས་ཀྱི་རང་བཞིན་བསམ་མི་ཁྱབ། །ཡིད་བཞིན་ནོར་བུ་འདྲ་བ་བཞིན། ། ཤེས་རབ་མིང་དུ་དེ་བརྗོད་དོ། །གསང་བ་ཞེས་ཀྱང་བཤད་པ་ཡིན། །མཆོག་ནི་དོན་དམ་ཉིད་ཀྱིས་ཏེ། །ཆོས་ཀྱི་སྐུ་ཞེས་དེ་བརྗོད་དོ། །ལྷག་མཐོང་ཀུན་མཁྱེན་ཡེ་ཤེས་ཀྱི། །དགྱེས་པ་ཞེས་ནི་བཤད་པ་ཡིན། །བསམ་གྱིས་མི་ཁྱབ་བརྟན་པ་དང་། །གཡོ་བའི་དངོས་པོ་ཐམས་ཅད་ ཀྱི། །རང་བཞིན་ལྷན་ཅིག་སྐྱེས་པ་ཡི། །དགའ་བ་རབ་ཏུ་འབར་བདེའོ། །ཐམས་ཅད་བདག་ཉིད་ཅེས་བྱ་ནི། །དབང་པོ་ཀུན་དང་རྣམ་ཤེས་སེམས། །ཐམས་ཅད་ནས་ནི་ཐམས་ཅད་དུ། །ཡིད་ཀྱི་རྣམ་ཤེས་ཞེས་བཤད་ཅིང་། །ཤེས་རབ་བློ་གྲོས་བློར་ཡང་བརྗོད། །རྟག་ཏུ་ཞེས་ བྱ་བ་ནི། །འདས་པ་དང་ནི་མ་འོངས་དང་། །ད་ལྟའི་བདག་ཉིད་ཅན་གྱི་མཆོག །འདི་ཡིས་སྐྱེ་དང་འཇིག་སྤངས་འདི། །ཁྱབ་ཉིད་རྡོ་རྗེའི་སྐུ་ཉིད་དེ། །དབང་དུ་བྱེད་ཅིང་རྟག་ཤར་ཉིད། །དུས་ཀུན་ཅན་ཉིད་བཤད་པ་ཡིན། །བཞུགས་ཞེས་བྱ་བ་ལ། ཀུན་ནས་སེམས་ཅན་ཐམས་ཅད་ཀྱི། ། ཁམས་ཀུན་ལ་ནི་ཐམས་ཅད་དུ། །ལུས་ཀུན་ལ་ནི་མཉམ་ཁྱབ་པར། །སེམས་ཀྱི་རྒྱུན་ཉིད་ཡང་དག་གནས། །ཟག་པ་མེད་ཅིང་བསམ་མི་ཁྱབ། །དྲི་མ་མེད་ཅིང་བདག་གིས་མེད། །རང་ཉིད་སྟོང་པ་མཁའ་མཉམ་པས། །དངོས་དང་དངོས་མེད་རྣམ་པར་སྤངས། །ཐོག་མ་ཐ་མ་མེད་ཞི་བ། ། ཆོས་རྣམས་ཀུན་གྱི་དབང་ཕྱུག་སྐུ། །ཀུན་གྱི་རང་བཞིན་འཛིན་པས་ན། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཇི་ལྟར་ཤིང་ལ་རབ་བརྟེན་པ། །མེ་ཡི་ས་བོན་རྣམ་གནས་དང་། །ཇི་ལྟར་ཏིལ་གྱི་འབྲུ་རྣམས་ལ། །ཏིལ་གྱི་མར་ཁུ་དེ་ལྟར་ནི། །ཁམས་གསུམ་ལ་ནི་རྣམ་གནས་པ། །ཕྱག་རྒྱ་ཆེན་ པོར་ཤེས་པར་བྱ། །ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །ཞེས་བྱ་བ་ལ། མཁའ་འགྲོ་མ་ཀུན་གྱི་སྒྲས་ནི་རབ་ཏུ་གཏུམ་མོ་ལ་སོགས་པར་འདོད་ལ། དེ་རྣམས་ཀྱི་ཕྲ་རབ་ཡོངས་སུ་བསྒྲུབས་པས་ན། དེ་རྣམས་ཀྱི་དངོས་ཀྱི་རང་བཞིན་ནོ། །དེ་སུ་ཞིག་ཅེ་ན། སེམས་ དཔའ་ཞེས་བྱ་སྟེ། རྒྱུ་བ་དང་མི་རྒྱུ་བའི་བྱེ་བྲག་གི་གཉིས་སོ། །སེམས་ཅན་རྒྱུ་བ་ཞེས་བཤད་ལ། །སྣོད་ཀྱི་འཇིག་རྟེན་མི་རྒྱུ་བའོ། །ཞེས་གསུངས་སོ། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །ཅེས་བྱ་བ་ལ། མི་ཕྱེད་པས་ན་རྡོ་རྗེ་སྟེ། རྡོ་རྗེ་དང་ཆོས་མཐུན་པས་གཞན་རྣམས་འབིགས་པའི་ཕྱིར་ རོ། །དེ་བས་ན་སེམས་དཔའ་སྟེ། དངོས་པོ་ཐམས་ཅད་གཅིག་ཏུ་གྱུར་པ་ཉིད་དོ། །རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡང་ཡིན་པས་རྡོ་རྗེ་སེམས་དཔའ་སྟེ། དངོས་བདེ་དངོས་པོ་མེད་པ་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །འདི་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་ཉིད་བཅོམ་ལྡན་རང་འབྱུང་ ཞེས་བྱ་བ་ལ། བརྟན་པ་དང་གཡོ་བ་དང་གྲོལ་བ་མ་ལུས་པ་རྣམས་རང་འབྱུང་བས་ན། རང་འབྱུང་བཅོམ་ལྡན་ནོ། །འདི་ལ་བཅོམ་པ་ཡོད་པས་ན་བཅོམ་ལྡན་ཏེ། བཅོམ་པའི་སྒྲས་དབང་ཕྱུག་ལ་སོགས་པ་རྣམ་པ་དྲུག་གཟུང་ངོ་། །ཡང་ན་འཇོམས་པས་ན་བཅོམ་ཞེས་གཟུང་སྟེ། ཉོན་མོངས་པའི་ བདུད་ལ་སོགས་པ་བཅོམ་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་ཤེས་རབ་ཀྱིས་འཇོམས་པས། དེའི་ཕྱིར་ཤེས་རབ་ཀྱིས་འཇོམས་ཞེས་གསུངས་སོ། །ཉོན་མོངས་པ་དང་བྲལ་བས་ན་དཔའ་བའོ། །རྩ་ཡི་འཁོར་ལོའི་གཟུགས་ཀྱིས་བསྡམས་པས་ན། །མཁའ་འགྲོ་མ་ཡི་དྲ་བ་སྡོམ་པ་སྟེ། །བདེ་ མཆོག་སྡོམ་པ་འཁོར་ལོའི་ཡིན་པར་བཤད། །ཅེས་སོ། །ཡང་ན་བླ་མ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་བླ་མ་ནི་ཁམས་བཅུ་དྲུག་ཡིན་ལ། དེ་ལས་ཀྱང་བླ་མར་གྱུར་པ་ནི་མཁའ་འགྲོ་ཉི་ཤུ་རྩ་བཞིའོ། །དེ་རྣམས་ཀྱི་ཚོགས་ནི་དྲ་བ་སྟེ། དེ་རྣམས་ཉིད་རྩ་བའི་ འཁོར་ལོའི་ཚུལ་གྱིས་བསྡམས་པས་ན་སྡོམ་པ་སྟེ། ཤིན་ཏུ་ཡང་སྦས་པའི་གླེང་གཞིའི་ཚིག་གསལ་བར་བྱ་བའི་ཕྱིར། ཇི་ལྟར་འབྱུང་བ་གསུངས་པ་ལ། གསང་བ་ཞེས་པ་ནི་འདི་སྐད་དོ། །མཆོག་ནི་བདག་གིས་སོ། །དགྱེས་པ་ནི་ཐོས་པས་སོ། །ཐམས་ཅད་བདག་ཉིད་དུ་ནི་གསུམ་ པའི་དོན་གྱིས་བདུན་པ་སྟེ། གཞན་དང་གཞན་གྱིས་མ་ཡིན་ནོ་ཞེས་པའི་དོན་ནོ། །དུས་ནམ་གྱི་ཚེ་ཞེ་ན། རྟག་ཏུ་བཞུགས་པའི་ཚེ་ནའོ། །གང་དུ་ཞེ་ན། བདེ་བ་ཆེན་པོའི་གནས་སུའོ། །དེ་ཡང་གང་ཞིག་ཅེ་ན། འདི་ནི་རང་བྱུང་བཅོམ་ལྡན་འདས། །ཞེས་བྱ་བར་སྦྱར་རོ། །ཡང་ན། གསང་པ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ལ། །དགྱེས་པ་མེ་ཞེས་རྣམ་པར་བཤད། །ཐམས་ཅད་བདག་ཉིད་རྟག་འགྲོ་བ། །རྟག་ཏུ་བཞུགས་པ་ནམ་མཁའི་ཁམས། །ཞེས་སོ། །གང་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ནི་མཁའ་འགྲོ་མ་ཀུན་གྱི་རང་ བཞིན་ཏེ། དེ་ཉིད་རྡོ་རྗེ་སེམས་དཔའོ། །བདེ་བ་ནི་བདེ་བ་ཆེན་པོ་སྟེ། མཆོག་ནི་ཕུལ་དུ་བྱུང་བའོ། །ཇི་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་བྱ་བར་སྦྱར་རོ། །འབྱུང་ཞེས་བྱ་བ་ལ། ས་ནི་བདེ་བ་སྟེ། དེའི་ཆགས་པ་ཆེན་པོའི་རྗེས་སུ་དཔག་པར་བྱ་བའི་ཕྱིར་འབྱུང་ བའོ། །དེ་བས་ན་སྒྲའི་ཚུལ་ལ་ཞེས་པ་སྟེ། རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་ཧཱུཾ་གི་སྒྲའི་ཚུལ་ངེས་པར་བྱུང་བ་ནི་དུས་གསུམ་དང་ཁམས་གསུམ་པའི་མ་ལུས་པའི་དཔའ་བོ་དང་རྣལ་འབྱོར་མའོ། །དེ་རྣམས་ཀྱི་དམ་ཚིག་ནི་འདུས་པར་འདོད་པ་སྟེ། རྡོ་རྗེ་དང་པདྨ་ལྷན་ཅིག་ཏུ་མཉམ་པར་སྦྱོར་བའི་ཕྱིར་རོ། ། ཡུལ་དང་དབང་པོ་བཅུ་གཉིས་པོ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་ནི་སྤྱོད་པ་སྟེ། སོ་སོ་རང་གིས་རིག་པའི་ཚུལ་གྱིས་རང་གི་སེམས་ཀྱི་སྤྱོད་ཡུལ་ཐོབ་པའི་རྣམ་པར་ཤེས་པའི་མཚན་ཉིད་ནི་སྤྱོད་ཡུལ་ལོ། །ཐོག་མ་ནི་གསང་བ་ལ་སྒྲིབ་པ་ལྔ་སྤངས་ཤིང་། ནམ་མཁའ་ལྟར་དག་པ་དབུས་དང་ མཐའ་དྲི་མ་མེད་པ་ཤིན་ཏུ་གནས་པ་ཉིད་ཀྱི་ཡེ་ཤེས་ལ་འཁྲུལ་པ་ཙམ་ཞིག་གཞོམ་པར་བྱའོ། །གཞན་དུ་ན་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །བསྲུབ་བྱ་བསྲུབ་བྱའི་སྦྱོར་བ་བཞིན། །དེ་བཞིན་ཞེས་བྱ་བ་འདི་ལྟ་སྟེ། གཙུབ་གཏན་དང་གཙུབ་ཤིང་དང་སྐྱེས་བུའི་ལག་པའི་ རྩོལ་བ་ལས་དུ་བ་རབ་ཏུ་སྐྱེ་ཞིང་མེ་མངོན་པར་མཆེད་མོད་ཀྱི། མེ་དེ་ཡང་གཙུབ་ཤིང་ལ་ཡང་མེད་གཙུབ་གཏན་ལ་ཡང་མེད་སྐྱེས་བུའི་ལག་པ་དག་ལ་ཡང་མེད་ཡོངས་སུ་བརྟགས་ན་གཅིག་ལའང་མི་གནས་སོ། །མེ་འདི་ཇི་ལྟ་བ་བཞིན་དུ། འདིར་ཡང་། བསྲུབ་བྱའི་ཆོས་འབྱུང་རབ་ཏུ་ གསུང་། །བསྲུབ་པ་རྡོ་རྗེར་བརྗོད་པའོ། །དེ་ཡང་དག་པར་སྦྱོར་བ་ལས། དེ་བཞིན་དུ་བདུད་རྩི་ལྟ་བུའི་ཡེ་ཤེས་འབྱུང་བ་ནི། མངོན་པར་སངས་རྒྱས་པ་ཉིད་ཀྱི་བྱེད་པ་པོ་སྟེ། ཤེས་རབ་ལུས་འབྱུང་ཡེ་ཤེས་ནི། །མཁའ་མཉམ་ཐབས་དང་ལྷན་ཅིག་ཉིད། །བདེ་ཆེན་རྣམ་པ་གཅིག་ པུ་ནི། །ཡང་དག་དབང་བསྐུར་ལས་ཤེས་བྱ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །རྒྱུད་འདི་བཤད་ཀྱིས་ཉན་པར་གྱིས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལ་གསུངས་པའོ། །རྒྱུད་ཀྱི་སྒྲས་ནི་འདིར་རབ་ཏུ་བརྗོད་པ་རྡོ་རྗེའི་ངེས་པའི་ཚིག་མ་ ལུས་པ་རྣམས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཡོངས་སུ་རྫོགས་པའི་མཐར་ཐུག་པའི་ཕྱག་རྒྱས་བཏབ་པའི་དོན་བསྡུས་པ་ཞེས་བྱ་བའི་དོན་ནོ། །ཡིད་སྐྱོབ་པར་གྱུར་པས་ན་སྔགས་ཏེ་ཡེ་ཤེས་སོ། །བསམ་གཏན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །ཡང་ན་ཨཱ་ལི་དང་ཀཱ་ལིའི་ དོན་ནི་སྔགས་ཀྱི་བཟླས་པར་བཤད་ལ། བྱང་ཆུབ་སེམས་ལ་རབ་བརྩོན་ན། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །དབུགས་འབྱུང་བར་མ་མཆོག་དག་དང་། །ཞེས་བྱ་བ་ལ་དང་པོར་བཅུད་ཀྱི་ལེན་གྱི་དོན་དུ་ལོ་བཅུ་གཅིག་པའི་ བདག་ཉིད་པདྨ་བསྐུལ་བའོ། །གཉིས་པ་ལོ་བཅུ་གཉིས་པ་དང་། དམ་ཚིག་གི་དོན་དུ་ཤིན་ཏུ་དགའ་བར་བྱའོ། །གསུམ་པ་ལོ་བཅུ་དྲུག་པའི་མེ་ཏོག་དང་ལྡན་པ་དང་། དངོས་གྲུབ་ཀྱི་དོན་དུ་སྔགས་ལ་དང་པོར་གོམས་པར་བྱའོ། །བཞི་པ་ལོ་ཉི་ཤུ་མའི་ཤེས་རབ་ཀྱི་བདག་ཉིད་ཀྱིས་ནི་མཁའ་ལ་སྤྱོད་ པ་སྒྲུབ་པར་བྱེད་དོ། །ལྔ་པ་ལོ་ཉི་ཤུ་རྩ་ལྔ་མའི་བདག་ཉིད་ཀྱིས་ནི་དབང་བསྐུར་བའི་དོན་དུའོ་ཞེས་བྱ་བའི་བར་དུ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པའི་རིམ་པ་བཞིན་དུ་བསྟན་ཏོ། །དབུགས་འབྱུང་ཞེས་བྱ་བ་ནི་རང་གཙོ་བོའི་ལྷས་ལེགས་པར་སྦྱངས་པའི་བཙུན་ མོ་དང་ལྷན་ཅིག་སྤྱོད་པ་ལ་རྗེས་སུ་འཇུག་པའོ། །རིགས་ལྡན་ནི་རིགས་ཀྱི་བུ་མོའོ། །མེད་ན་གཞན་ཡང་གཟུང་བར་བྱ་སྟེ། ལེགས་པར་འདུས་པ་ལ་བྱང་ཆུབ་ཀྱི་སེམས་གཞག་པར་བྱའོ། །དྲི་ཞེས་བྱ་བ་ནི་མེ་ཏོག་སྣ་ཚོགས་ལ་སོགས་པ་དང་། གོས་དང་རྒྱན་ལ་སོགས་པ་རྣམས་ཀྱིས་བརྒྱན་པར་ བྱའོ། །ཆུས་ཞེས་བྱ་བ་ནི་ཆང་རྣམ་པ་སྣ་ཚོགས་པར་ཤེས་པར་བྱ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་ལས་སྐྱེས་པ་རྣམས་ལ་ཕན་པའི་རྗེས་སུ་མཐུན་པའི་སྦྱིན་པས་མཆོད་པ་སྟེ། མཆོད་པའི་བདག་ཉིད་དུ་གྱུར་པས་སངས་རྒྱས་རྣམས་ཀྱི་བདག་ཉིད་མཆོག་ཏུ་དགའ་བའི་སྐུས་ཕྱོགས་བཅུ་གསལ་ བར་བྱ་སྟེ། ཡེ་ཤེས་སྒྲོན་མས་མངོན་པར་བྱང་ཆུབ་པར་མཛད་དོ། །ཀྱང་གི་སྒྲས་ནི་ངེས་པར་ཤེས་པར་མཛད་པའི་དོན་ནོ། །རྟག་ཏུ་ནི་རྒྱུན་མི་འཆད་པར་དེ་ཁོ་ན་ཉིད་བསྒོམ་པ་ལ་གཞོལ་བའོ། །ཡང་ན་དབུགས་དབྱུང་བ་ཞེས་བྱ་བ་ནི། གཡོན་དང་གཡས་ཀྱི་དབུགས་གཉིས་སྙོམས་པར་འཇུག་ པའི་དབུགས་དེ་རྣམས་ལྟེ་བའི་རྩ་བར་ཡང་དག་པར་འདུ་བའི་དུས་སུ་ཕྱག་རྒྱ་མི་འགྱུར་བའི་མཆོག་གོ། །གང་དུ་བར་མ་མཆོག་དང་ཞེས་བྱ་བའི་ཚིག་གཞན་ཡོད་པ་དེར་བརྗོད་པར་བྱ་སྟེ། དང་པོ་དང་ཐ་མ་དག་སྟེ། གཞོན་ནུ་མ་དང་རྒན་མོ་དག་གི་བར་དུ་གྱུར་པའི་རྡུལ་ནི་བར་མ་ཞེས་བྱའོ། ། བར་མ་མཆོག་དང་བསྡུས་པའི་ཚོགས་ནི་དེས་མཚོན་པའོ། །དེ་ཉིད་ཀྱིས་ན་གསུངས་པ། དྲི་ཡི་ཆུ་དང་བཅས་པས་ཀྱང་། །ཞེས་པ་སྟེ། དྲིའི་ཆུ་ནི་སི་ཧླ་ཀཾ་ངོ་། །དེ་དང་བཅས་པ་ནི་ག་པུར་ཏེ། དེ་ལྟ་བུར་གྱུར་པས་རིགས་ལྡན་རྣམས་ལ་མཆོད་པར་བྱ་ཞེས་སོ། །དུས་ཀྱི་ཁྱད་པར་ གྱིས་ཞེས་བྱ་བ་ལ། དུས་ཀྱི་ངེས་པ་བཤད་པར་བྱ་སྟེ། དེ་འདོད་ཆགས་ལ་སོགས་པས་མི་འཕྲོག་པར་འཇུག་པར་བྱ་བའི་ཕྱིར། སྔོན་དུ་ཉི་མའི་དུས་ལས་དུས་དྲུག་ཡང་དག་པར་གསལ་བར་བྱ་སྟེ། སོ་ག་དང་། དབྱར་དང་། སྟོན་དང་། དགུན་དང་། དགུན་སྨད་དང་། དཔྱིད་དང་། འདོད་ ལྷས་མཉམ་དུ་འོང་བའི་དུས་ཏེ། དུས་རྣམས་གསལ་བར་ཤེས་པར་བྱས་ལ། ལས་ཐམས་ཅད་བརྩམ་པར་བྱའོ། །ཐོ་རངས་དགུན་སྨད་ལས་འོངས་པ། །དཔྱིད་དང་དབྱར་གཉིས་ཉིན་ཆ་གཉིས། །ཉིན་ཕྱེད་སོ་གར་མཁས་པས་སྦྱར། །སྲོད་ནི་དེ་བཞིན་སྟོན་ཀ་སྟེ། །དགུན་སྟོད་མཚན་ མོའི་ཆ་ཡིན་ནོ། །ཞེས་གསུངས་སོ། །འདི་རྣམས་ཀྱི་རང་བཞིན་ཡོངས་སུ་ཤེས་པར་བྱས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་དགུན་སྨད་དེ། །རྣམ་པར་སྣང་མཛད་ཐུབ་པ་དཔྱིད། །ཀྱེ་ཧོ་རྟ་མཆོག་སོ་ག་སྟེ། །དེ་བཞིན་དབྱར་ནི་ཧེ་རུ་ཀ ། རྡོ་རྗེ་ཉི་མ་སྟོན་ཀ་ལ། །པདྨ་གར་དབང་དགུན་སྟོད་དོ། །སོ་ག་མར་མེ་བཟའ་བྱ་སྟེ། །དེ་བཞིན་དུ་ནི་དབྱར་ཁ་ཆུ། །སྟོན་གྱི་དུས་སུ་མར་ཁུ་སྟེ། །དེ་བཞིན་དགུན་སྟོད་མེ་ཏོག་གོ། །ཀྱེ་ཧོ་དགུན་སྨད་ག་པུར་ཏེ། །དེ་བཞིན་དཔྱིད་ནི་བཞི་མཉམ་མོ། །དེ་རྣམས་སྨན་ནི་ཆེན་པོ་སྟེ། །དུས་ དྲུག་དུས་ནི་ཤེས་པར་བྱ། །དུས་ཚོད་འདི་དང་མཉམ་མེད་དེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །དེ་དག་རང་བཞིན་གྲུབ་པ་རུ། །ནམ་ཞིག་རྣལ་འབྱོར་པར་འགྱུར་ན། །རྣལ་འབྱོར་མ་ཀུན་མཉེས་འགྱུར་ཏེ། །རྣལ་འབྱོར་མཁའ་འགྲོ་འདུས་པའོ། །ཞེས་གསུངས་སོ། །ཕོ་ཉ་ཞེས་བྱ་བ་ ནི་མཆོད་པས་མཉེས་པར་འགྱུར་བ་རྣམས་སོ། །མཆོག་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པ་རྣམས་ཏེ། དེས་ནི་ལྷན་ཅིག་གང་སྐྱེས་པ་དེ་ཡིད་ནི་ནང་དུ་ཆུད་པ་ཡིས་ཏེ། བསྒོམ་པར་བྱ་བ་ནི་རྟག་ཏུ་དེའི་རང་བཞིན་དུ་བྱ་བའོ། །འདོད་པའི་དངོས་གྲུབ་ནི་རྡོ་རྗེ་འཛིན་པའི་དངོས་གྲུབ་ བོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་སྒྲའི་དོན་ནོ། །རང་རྫས་ནི་ག་པུར་རོ། །མཆོད་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །སྦྲང་རྩི་ནི་སྦྲང་རྩི་ཆེན་པོའོ། །ཁྲག་ནི་མེ་ཏོག་གོ། །ག་པུར་བཅས་ཞེས་བྱ་བ་ནི་ག་པུར་དང་ལྷན་ཅིག་པར་ཡོད་པའི་མེ་ཏོག་སྟེ། མི་ཕྱེད་ པའི་རིམ་པས་སོ། །ཙནྡན་དམར་པོ་ནི་ཤའོ། །སྦྱར་ཞེས་བྱ་བ་ནི་བཤང་བ་ལ་སོགས་པ་དང་བཅས་པས་མཉམ་མེད་དྲུག་པོ་བཅུད་ཀྱིས་ལེན་ནོ། །རྡོ་རྗེ་མཚན་མ་ནི་ཆོས་ཀྱི་འབྱུང་གནས་ལས་བྱུང་བའོ། །ཡང་ན་ཐམས་ཅད་རྡོ་རྗེ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡིན་ལ། དེའི་མཚན་ མ་ནི་ཐོད་པའོ། །འཛིན་པ་ནི་དེ་ལ་རང་གི་ལག་པས་བླང་བར་བྱ་བ་སྟེ། མིང་མེད་ནི་ས་གཞིར་བྱས་ལ། མཐེ་བོ་ནི་རི་རབ་ཏུ་སྦྱར་བར་བྱ་བའོ། །རྒྱ་མཚོ་བསྲུབས་པའི་བདུད་རྩི་བཞིན། །རྟོག་པ་གསུམ་དུ་ཤེས་པར་བྱ། །ཨོཾ་ཧ་ཧོཿཧྲཱིཿའོ། །དེ་ལ། །ཧ་ཞེས་བྱ་བས་སྙིགས་མ་ འཕྲོག །ཡི་གེ་ཧོཿཡིས་དྲེ་འཇོམས་ལ། །གང་ཞིག་མེ་འབར་ཧྲཱིཿཡིག་སྟེ། །པ་བ་ཀ་ཞེས་རབ་ཏུ་བསྒྲགས། །མཁས་པས་བསྒྲུབས་པའི་བདུད་རྩི་མྱང་། །དང་པོར་བླ་མར་དབུལ་བྱ་སྟེ། །དེ་ཡི་རྗེས་སུ་ཧེ་རུ་ཀ །རྡོ་རྗེ་ཅན་གྱིས་སྦྱོར་དབུལ་ལོ། །ཕྱག་རྒྱ་ལ་ནི་ཕུལ་ནས་ནི། །བདག་ཉིད་ ཀྱིས་ནི་ཡང་དག་མྱང་། །སྦྱོར་བ་ཀུན་གྱི་སྙིང་པོ་ཡིས། །བདུད་རྩི་རྣམ་པ་ལྔར་འགྱུར་རོ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །ཡང་ན་ག་པུར་བཅས་པ་ནི། །བྱང་ཆུབ་སེམས་དང་བཅས་པའོ། །ཚོགས་ཀྱི་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་ཐམས་ཅད་ཀྱི་ཚོགས་ཏེ། གྲངས་བདུན་པར་གྱུར་པ་དབང་པོ་གཉིས་ཀྱི་བྱེ་བྲག་ཏུ་ཚོགས་ཏེ་དེ་རྣམས་འདུས་པའོ། །གཉིས་པོ་དེ་གང་ཞེ་ན། མཐེ་བོང་སྲིན་ལག་རྩེ་སྦྱར་ཞེས་བྱ་བ་ལ་སོགས་པ་སྟེ། མཐེ་བོང་ནི་རྡོ་རྗེ་ཡིན་ལ། སྲིན་ལག་ནི་པདྨའོ། །དེ་དག་ གི་སྦྱར་བ་ནི་མཐེ་བོང་སྲིན་ལག་རྩེ་སྦྱར་བའོ། །མྱང་ཞེས་བྱ་བ་ནི་རིག་པར་བྱ་ཞེས་བྱ་བའི་དོན་ནོ། །མཆོད་བཞི་དེ་བཞིན་རྣལ་འབྱོར་མ། །ཞེས་བྱ་བ་ནི་རྡོ་རྗེ་བཞི་ཡིས་ཏེ། དང་པོར་སྟོང་པའི་བྱང་ཆུབ་པོ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། ། བཞི་པ་ལ་ནི་ཡི་གེ་དགོད། །ཅེས་བྱ་བ་དང་། བུམ་པའི་སྟེང་གི་ཐོད་པ་བཞི་རྣམས་དང་། དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཏེ། འདི་དག་གི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་མཆོད་པར་བྱའོ་ཞེས་བྱ་བའི་དོན་ནོ། །དེ་ཉིད་ཀྱིས་ནི། དཔའ་བོ་ གཉིས་མེད་སྙོམས་འཇུག་པའི། །སྙོམས་པར་འཇུག་པ་དེ་ཉིད་འཛིན། །ཞེས་བྱ་བ་སྟེ། དེ་ལ་དཔའ་བོ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་དང་ལྷན་ཅིག་ཏུ་སྤྱོད་པ་སྙོམས་པར་འཇུག་པའོ། །འདིར་དད་པ་ལ་སོགས་པ་རྣམས་རྣམ་པར་དག་པའི་ཁྭའི་གདོང་པ་ལ་སོགས་པ་རྣམས་སོ། ། དཔའ་བོའི་སྒྲས་ནི་ཐམས་ཅད་གཟུང་བར་བྱ་སྟེ། དཔེར་ན་རྒྱལ་པོ་ཞེས་བསྟན་པས། འཁོར་ཐམས་ཅད་ཡོངས་སུ་གཟུང་བ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པའི་སྒོམ་པ་པོས་ནི་འདི་ལྟར་རབ་ཏུ་ཤེས་པར་བྱ་སྟེ། དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་རྣམ་ པར་ཐར་པ་བཞིའི་བདག་ཉིད་ཅན་རྣམས་དུས་བཞི་པ་རྣམས་སུ་དཔའ་བོ་དང་གཉིས་སུ་མེད་པའི་སྙོམས་པར་འཇུག་པས་མཆོད་པར་བྱའོ། །གཞན་ཡང་ཡོངས་སུ་རྫོགས་པའི་རིམ་པས་སྒྲུབ་པ་པོས་ནི། ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་གནས་པའི་དུས་ཀྱིས་ངེས་པ་མེད་ པར་འགྱུར་བས་ཅི་ཞིག་བྱ་བ་གསུངས་པ་ཇི་ལྟ་བའི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་སྦྱོར་བ་དང་ལྡན་པས་ཐམས་ཅད་དུ་ཁྱབ་པའི་རྡོ་རྗེ་འཛིན་པ་ཆེན་པོའི་ནམ་མཁའི་ཁམས་ཐམས་ཅད་དུ་རབ་ཏུ་གནས་པའི་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་ཀྱི་བྱང་ ཆུབ་ཁམས་གསུམ་པ་བརྗོད་པ་དང་བྲལ་བ་བསྒོམ་པར་བྱ་སྟེ། ཇི་ལྟར་ཉི་མ་ཕྱེད་དུ་སོང་བའི་ཉི་མ་ནི་དམན་པ་དང་བར་མ་དང་མཆོག་ཏུ་འབྱུང་བར་མི་རྟོག་པ་བཞིན་དུ་ཐམས་ཅད་དུ་སྣང་བར་བྱེད་པ་དེ་ལྟར་རྣལ་འབྱོར་བས་ཀྱང་ཀུན་དུ་རབ་ཏུ་སྣང་བའི་ཡེ་ཤེས་ཀྱིས་མུ་སྟེགས་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཤིན་ཏུ་མནན་ནས་སྣང་བ་མེད་པར་ནམ་ཞིག་ཏུ་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ཉི་མའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱིས་ཁམས་གསུམ་དུ་སྣང་བར་བྱས་ཏེ། རྟོག་པ་མེད་ཅིང་མི་རྟོག་ པ་ཇི་ལྟ་བ་བཞིན་ཤེས་པར་བྱས་པ་ནི་དེ་ཉིད་ཏིང་ངེ་འཛིན་ཞེས་བྱ་བའི་ཚིག་གི་དོན་ནོ། །མི་འགྱུར་བ་ནི་མི་སྟེ། ཇི་ལྟར་མི་རྣམས་ཀྱི་བདག་ཉིད་ཀྱི་བདེ་བ་གོང་བུར་བསྡུས་པར་བྱས་ནས་ཞེས་ཤེས་པར་བྱའོ། །རྡོ་རྗེ་ཕྲ་མོ་འདི་དང་རྣལ་འབྱོར་གཞན་ལ་བརྟེན་པ་སྒྲིན་པར་བྱ་བར་འདོད་པ་དེའི་ཚེ། བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཆར་ཡང་མི་བཟོད་བགྲང་བར་ཡང་མི་བཟོད་དཔེར་ཡང་མི་བཟོད་རྒྱུར་ཡང་མི་བཟོད་དོ་ཞེས་པའོ། །ད་ནི་གནས་ཕུན་སུམ་ཚོགས་པ་གསུངས་པ། རི་སུལ་ཞེས་བྱ་བ་སོགས་པ་སྟེ། སྒྲ་ཇི་བཞིན་པ་ནི་གོ་སླ་བ་ཁོ་ན་སྟེ། བརྡ་ཡིས་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆུ་སྐྱེས་ཆེན་པོ་ཡོན་ཏན་དང་ལྡན་པ་ཁྱད་པར་གྱི་གསང་བའི་གནས་བསྟན་པའི་ཕྱིར་རི་སུལ་ཞེས་བྱ་བ་གསུངས་ཏེ། དོན་ནི་ནགས་ཚལ་འཁྲིགས་ཤིང་དབེན་པའི་ཡུལ་ཏེ། དེར་གནས་པ་ཞེས་འདིར་གཟུང་བར་བྱའོ། །འདིར་ གཙོ་བོར་བཟུང་བས་འཁོར་རྣམས་ཀྱང་གཟུང་བར་བྱའོ་ཞེས་སོ། །ཡང་བུད་མེད་ཀྱི་ཕྱག་རྒྱ་ནི་འདོད་ཆགས་ལ་སོགས་པའི་ནགས་ཚལ་གྱིས་འཁྲིགས་པའོ། །དེ་ཉིད་ཐབས་ཀྱི་རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་ལམ་དུ་གྱུར་པའོ། །དེའི་རྣམ་པར་དག་པ་ནི་རབ་ཀྱི་མཐར་ཐུག་པར་ འགྲོ་བའི་ཕྱིར་རོ། །ཡུལ་ནི་ཆོས་འབྱུང་དུ་བསྟན་ཏེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པའི་རྡོ་རྗེའི་རིགས་ལ་སོགས་པའི་ཁྱད་པར་ཅན་གྱི་བུ་མོ་སྐྱེ་བོ་ལས་བྱུང་བའི་ཕྱིར་དབེན་པའོ། །ཡང་ན་དེ་ཁོ་ན་ཉིད་ཀྱི་བདེ་བ་ཆེན་པོའི་བདག་ཉིད་ནི་མི་གཡོ་བའི་རི་སྟེ། མུ་སྟེགས་ ཅན་ངན་པ་ལས་རབ་ཏུ་བྱུང་བའི་རླུང་གིས་མི་སྒུལ་བའི་ཕྱིར་རོ། །དམན་པའི་སེམས་ཅན་གྱིས་གཏིང་དཔག་མི་ནུས་པས་ན་ཚང་ཚིང་ངོ་། །རྒྱལ་བའི་བདུད་རྩིས་ཡོངས་སུ་གང་པའི་ཁུ་བར་གྱུར་པས་ན་ཕུག་གོ། །ཆུ་བོ་ཆེན་པོའི་འགྲམ་རྣམས་ཞེས་བྱ་བ་ལ་དེ་ཉིད་ཐབས་དང་ཤེས་རབ་ ཡང་དག་པར་སྦྱོར་བས་ཟབ་པ་དང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཆུའི་གནས་སུ་གྱུར་པས་ན། ཆུ་འགྲམ་རྣམས་སོ། །གདོད་ནས་གྲུབ་པ་ནི་རྟག་ཏུ་ཡོངས་སུ་གྲུབ་པ་སྟེ། འཆར་བ་དང་ནུབ་པ་སྤངས་ཤིང་ཡོངས་སུ་རྫོགས་པ་རྟག་ཏུ་ནམ་མཁའ་དང་མཉམ་པའོ། །དེ་ཡང་འདོད་ཆགས་ཀྱི་མེ་ འབར་བས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་བསྲེགས་པས་ན་དུར་ཁྲོད་དོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཉམ་པ་ཉིད་ཀྱིས་གནས་པས་ན་དུར་ཁྲོད་ཅེས་བྱའོ། །དེར་ནི་ཞེས་བྱ་བ་ནི་དེ་ལྟ་བུའི་ཁྱད་པར་དུའོ། །དཀྱིལ་འཁོར་ནི་སྙིང་པོ་དེ་ལེན་ཞིང་འཛིན་པར་བྱེད་པས་ ན་དཀྱིལ་འཁོར་རོ། །བྲི་བར་བྱ་ཞེས་བྱ་བ་ནི་ཡིད་ཀྱིས་བསྒོམ་པར་བྱ་བའོ་ཞེས་བྱ་བའི་དོན་ནོ། །ཕྱི་རོལ་ནི་གོ་སླ་བ་ཉིད་དོ། །དཀྱིལ་འཁོར་དེ་ཉིད་དམ་པ་སྟེ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཕག་མོའི་ལུས་ལས་བྱུང་བ་ཡིན། །བྷ་ག་པདྨའི་དཀྱིལ་འཁོར་རོ། །དེ་ལ་དཀྱིལ་འཁོར་ འདུས་པ་སྟེ། །དཀྱིལ་འཁོར་བདེ་བའི་མཆོག་ཡིན་ཏེ། །དཀྱིལ་འཁོར་དཔའ་བོའི་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་ཉིད། །བདག་གི་དེ་ཉིད་མཉམ་གཞག་དང་། །ལྷ་ཡི་དེ་ཉིད་ཀྱང་དེ་བཞིན། །སྔགས་ཀྱི་དེ་ཉིད་ཕྱག་རྒྱ་དང་། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། ། ཡན་ལག་ཀུན་བསྒོམ་ལས་འདས་པ། །རྟོག་པའི་རྣམ་རྟོག་སྤངས་པས་ནི། །གུག་སྐྱེད་ཐིག་ལེ་དང་བྲལ་བ། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཆོས་དང་ཆོས་མིན་རྣམ་དཔྱད་ན། །རྣམ་དག་ནམ་མཁའ་ལྟ་བུ་ནི། །ཆོས་ཀུན་ཉེ་བར་མི་དམིགས་པ། །དེ་ནི་དཀྱིལ་ འཁོར་ཞེས་བྱར་བཤད། །ཆགས་དང་ཆགས་མིན་རྣམ་འཕྲོ་བ། །པདྨ་རཱ་ག་འབར་དང་མཚུངས། ཤིན་ཏུ་ཆགས་ཤིང་ཆགས་པའི་སེམས། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །བཅུ་དྲུག་ཁམས་ན་རྣམ་བཞུགས་ཤིང་། །གཟུགས་དང་གཟུགས་མེད་དྲི་མེད་པ། ། རྟོག་པ་པོ་དང་སྐུལ་བྱེད་སེམས། །དེ་ནི་དཀྱིལ་འཁོར་ཞེས་སུ་བརྗོད། །དཀྱིལ་འཁོར་ལུས་སུ་གསུངས་པ་དང་། །བྷ་གའི་དཀྱིལ་འཁོར་ཉིད་དང་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་གསུམ་དུ་བཏགས་པའོ། །འདི་ལྟར་ས་འོག་ས་སྟེངས་ས་བླ་ དང་། །རྒྱུ་བ་དང་མི་རྒྱུ་བ་ནི་ཐམས་ཅད་མཁྱེན་པའི་དཀྱིལ་འཁོར་རོ་ཞེས་བརྗོད་དོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ལ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའི་གནས་སུའོ། །ལྕི་བ་ ཞེས་བྱ་བ་ནི་ས་ལ་མ་ལྷུང་བའི་བྱུག་པ་སྟེ། དེར་བརྩམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །འདིའི་རབ་ཏུ་བྱེད་པ་ནི་དཀྱིལ་འཁོར་གྱི་ཐབས་ཀྱི་ཆོ་གར་ཤེས་པར་བྱའོ། །དུར་ཁྲོད་དུ་ནི་ཀུན་སྤྱོད་བྱ། །ཞེས་པ་ནི་དུར་ཁྲོད་ཀྱི་བདག་ཉིད་ལས་བྱུང་བའི་ཚོན་སྣ་ལྔ་མངོན་པར་འདུ་ བྱ་བ་སྟེ། ཚོན་སྔོན་པོ་ནི་རོ་བསྲེགས་པའི་སོལ་བའི་ཕྱེ་མས་སོ། །ཚོན་དམར་པོ་ནི་དུར་ཁྲོད་ཀྱི་སོ་ཕག་གིས་སོ། །ཚོན་དཀར་པོ་ནི་མིའི་རུས་པའི་ཕྱེ་མས་སོ། །ཚོན་སེར་པོ་ནི་ཡུང་བ་དང་མི་རུས་ཀྱི་ཕྱེ་མས་ལྷན་ཅིག་སྦྱར་བས་སོ། །ཚོན་ལྗང་གུ་ནི་མི་རུས་ཀྱི་ཕྱེ་མ་ དང་ལོ་མ་ལྗང་གུའི་ཕྱེ་མ་དང་ལྡན་པས་སོ། །དེས་དཀྱིལ་འཁོར་འཇིགས་པ་བྲི་བར་བྱ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྱུང་གནས་པས་ན་འཇིགས་པའོ། །སློབ་དཔོན་མཚན་ཉིད་བཟང་དང་ལྡན། །ཞེས་བྱ་བ་ནི་རབ་ཏུ་གནས་པའི་ཆོ་ག་ལ་མཁས་པའོ། ། སྦྱོར་བ་ཤེས་པ་ནི་བསམ་གཏན་ལ་གནས་པའོ། །ཕ་རོལ་འགྲོ་ཞེས་བྱ་བ་གསུངས་པ། དང་པོ་སྟོང་པ་ཉིད་ཀྱི་རྒྱ་མཚོའི་ཆུ་ལ་མ་ལུས་པའི་སྡིག་པ་བཀྲུས་པས་ནམ་མཁའ་ལྟར་དྲི་མ་མེད་ཅིང་སྙིང་རྗེ་ཆེན་པོ་དང་བྱམས་པ་ནས་བརྩམས་ནས། བརྩོན་འགྲུས་ཀྱི་སྤྲོ་བ་དང་དགའ་བ་ དང་ལྡན་པས་བདག་ཉིད་དཔལ་ཧེ་རུ་ཀ་བསྒོམ་པར་བྱའོ། །ཐོད་པས་སྤྱི་བོར་བརྒྱན་བྱས་པས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་གཟུགས་བྲིས་པའི་ཕྲེང་བ་སྣ་ཚོགས་ཀྱི་རལ་པའི་ཅོད་པན་ལ་ཤིན་ཏུ་བརྒྱན་པའོ། །ཡན་ལག་ཐམས་ཅད་བྱུགས་པ་ནི་རོ་བསྲེགས་པའི་ཐལ་ བ་དང་། བདུད་རྩི་ལྔ་བསྲེས་པས་སོ། །དུམ་གཅིག་ཅེས་པ་ནི་སོར་མོ་ལྔའི་འཁོར་ལོའོ། །རུས་པའི་ཕྲེང་བ་རྣམ་འཕྱང་དང་། །ཞེས་བྱ་བ་ནི་མགོ་བོ་ལྔ་བཅུ་ཐམ་པ་ལ་བྱས་པའི་ཕྲེང་བའོ། །མ་འབྱོར་ན་བྲིས་པ་འམ། བསམ་གཏན་གྱིས་ཀྱང་བྱའོ། །ཁ་ཊྭཱཾ་ག་ཞེས་བྱ་བ་ནི་ལག་པ་ གཡོན་པར་ཏེ་ཐོད་པ་དང་བཅས་པའོ། །གཡས་པ་ནི་རྡོ་རྗེ་གསོར་བར་བྱའོ། །བདག་ཉིད་ཅེས་བྱ་བ་ནི་གོ་སླའོ། །དེ་ལྟར་བྱས་ནས་བྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རོའི་སྐུད་པ་ཞེས་བྱ་བ་ནི་མི་རོ་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ་བའི་སྐུད་པས་ལ་མ་ལྷུང་བ་གཟུང་ལ་མི་འཆི་བཅུ་ཕྱེད་ བཅས་པའི་ཁྲག་ཆེན་པོས་བསྒོ་བར་བྱའོ། །ཡང་ན་རོའི་སྐུད་པ་ཞེས་བྱ་བ་ནི་མི་རོའི་རྒྱུས་པ་ལས་བྱས་པའི་ཐིག་སྐུད་དོ། །ཁྲུ་གང་ཞེས་བྱ་བ་ལ་སོགས་པ་ནི་ཁྲུ་གང་ནས་བརྩམ་པ་ནས་ཉི་ཤུའི་བར་དུ་སྟེ། དེ་ལས་ལྷག་པར་མི་བྱའོ། །སྔགས་པས་ཉིས་འགྱུར་རྣམ་པར་སྤྱད། ། ཅེས་བྱ་བ་ནི་བགོ་བའི་ཐིག་སྐུད་ཀྱི་མཚན་ཉིད་དོ། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད། །ཅེས་བྱ་བ་ནི་མཆོད་པ་བྱ་བའོ། །གང་གིས་གཞལ་ཞིང་གདབ་པ་གསུངས་པ། ཆ་འཕེན་པ་ཡི་རིམ་ཉིད་ཀྱིས། །བློ་བཟང་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་བྱ་བ་ལ་སོགས་པ་ལ། ཆ་གསུམ་ པོ་རྣམས་ཀྱིས་འཕེན་པ་ནི་ཆ་འཕེན་པ་སྟེ། དེའི་རིམ་པ་ནི་ཆ་འཕེན་པའི་རིམ་པའོ། །ཆ་འཕེན་པའི་རིམ་པ་དེས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དཀྱིལ་འཁོར་ཚད་གཞལ་ས་ལ་ནི། །ཤར་ནས་ནུབ་ཏུ་གཟུང་བྱ་སྟེ། །ཉིས་འགྱུར་གྱིས་ནི་ཐིག་བཏབ་ནས། །དེ་འོག་བྱ་རོག་ རྗེས་བཙལ་བྱ། །ཤར་ནས་ལྷོ་རུ་ཕྱིན་བྱ་ཞིང་། །ནུབ་ནས་ཀྱང་ནི་དེ་བཞིན་ཏེ། །བྱང་གི་ཕྱོགས་སུ་དེས་གཞལ་ནས། །ཚངས་པའི་ཐིག་ནི་གདབ་པར་བྱ། །ཤར་ཕྱོགས་ལ་སོགས་བཟུང་ནས་ནི། །ཐིག་བཞི་དག་ནི་བཏབ་བྱས་ནས། །ཕྱི་ནས་ཕྱོགས་ནི་རེ་རེ་ཞིང་། །ཆ་བརྒྱད་ བརྒྱད་དུ་འདི་བཏབ་ནས། །དེར་ནི་ཆ་ཆེན་ཚད་དུ་བྱ། །སླར་ཡང་ཆ་བཞིར་བགོ་བྱས་ལ། །རེ་མིག་དྲུག་ཅུ་བཞིར་ལྡན་པའི། །མཚམས་ནས་ཐིག་ནི་གདབ་པར་བྱ། །སོ་སོའི་མཚམས་ནས་ཐིག་བཏབ་པས། །འདུས་པའི་ཐིག་སྐུད་མཆོག་ཡིན་ནོ། །ཕྱི་ནས་ཆ་ནི་རེ་རེ་ཞིང་། ། ཆ་གཉིས་སུ་ནི་གཞལ་བར་བྱ། །ཐིག་བཏབ་འདི་ཡི་ཚད་གཞལ་ནས། །དབང་པོ་ལ་སོགས་གཉིས་གཉིས་བྱ། །ཐིག་སྐུད་ཚད་ལྡན་བཟུང་ནས་ནི། །ཇི་སྙེད་བཙལ་བ་ཁ་སྦྱར་བྱ། །དེ་སྙེད་བདེ་ཆེན་འཁོར་ལོ་དང་། །སྐུ་གསུང་ཐུགས་ཀྱི་ཚད་དུ་བྱ། །རེ་མིག་བདུན་ བདུན་ལྡན་པ་ནི། །ཐིག་སྐུད་བསྐོར་བ་མཆོག་ཡིན་ནོ། །འཁོར་ལོ་སྙིང་པོ་དེ་ལས་དྲུག །རྩིབས་ཀྱིས་མཛེས་པ་དེ་ལྟར་བྱ། །ལྟེ་བ་དང་ནི་པདྨ་རྣམས། །རེ་མིག་བཞི་དང་གསུམ་དུ་བྱ། །ཚངས་པ་ཡི་ནི་ངོས་གཉིས་སུ། །རྩིབས་ཀྱི་ནང་དུ་མཛེས་པར་བྱ། །གསུམ་ པོ་ཉིད་ནི་ཐམས་ཅད་དུ། །རྟག་ཏུ་རྫོགས་པ་ཉིད་དུ་བྱ། །ཐུགས་ནི་རྡོ་རྗེ་ཕྲེང་བས་བསྐོར། །དེ་བཞིན་གསུང་ནི་པད་ཕྲེང་གིས། །སྐུ་ཡི་འཁོར་ལོ་ཕྲེང་བས་བསྐོར། །ལྷག་མ་ཇི་ལྟར་མཛེས་པས་སོ། །དེ་ལ་ཤར་ཕྱོགས་སུ་དབང་པོའི་གནས་སུ་ཤི་རིའི་ཤིང་ལ་ལྷའི་ཚོགས་ དཀར་པོའོ། །ལྷོ་ཕྱོགས་སུ་ནི་ཙུ་ཏའི་ཤིང་ལ་གཤིན་རྗེ་ནག་པོའོ། །ནུབ་ཕྱོགས་སུ་ནི་མྱ་ངན་འཚང་ལ་གནས་པ་སྤྲིན་གྱི་རྒྱལ་པོ་དམར་པོའོ། །བྱང་ཕྱོགས་སུ་ནི་བྱང་ཆུབ་ཀྱི་ཤིང་ལ་གནོད་སྦྱིན་གྱི་སྡེ་དཔོན་སེར་པོའོ། །མེ་ཡི་མཚམས་སུ་ནི་ཀ་རཉྫ་ལ་གནས་པ་དྲང་སྲོང་ གི་ཚོགས་དམར་པོའོ། །སྲིན་པོའི་མཚམས་སུ་ནི་ལ་ཏ་ཛཱ་ཏི་ལ་སྲིན་པོའི་ཚོགས་སྔོན་པོའོ། །རླུང་གི་མཚམས་སུ་ནི་རླུང་གི་བདག་པོ་སྲིད་སྒྲུབ་ལ་གནས་པ་ལྗང་གུའོ། །དབང་ལྡན་གྱི་མཚམས་སུ་ནི་ནྱ་གྲོ་དྷ་ལ་གནས་པའི་ཡི་དགས་ཀྱི་ཚོགས་དུ་བའི་མདོག་ཏུ་གནས་ པ་ནི་དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པ་ཞེས་བྱའོ། །ལྟེ་བར་དགོད་བྱ་དཔའ་བོ་ནི། །ཞེས་བྱ་བ་ནི་ལྷའི་དགོད་པ་བསྟན་ནོ། །གཟི་བརྗིད་ལྡན་ཞིང་ཞེས་བྱ་བ་ནི་དྲག་པོ་བས་ཀྱང་ཤིན་ཏུ་དྲག་པོས་འཇིགས་པར་བྱེད་པ་སྟེ། ཞལ་དང་པོ་ཆར་སྤྲིན་གྱི་མདོག་ལྟ་བུ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཆེན་པོའི་ ཚོགས་སྤུངས་པ་ལྟར་འོད་ཟེར་འབར་བ་ལ་བསྐལ་པའི་མེ་ལྟར་ཤིན་ཏུ་འབར་བའི་འོད་ཀྱིས་འཁྲིགས་པའི་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་རྔམ་པ་དང་བཅས་པ་འཇིགས་པ་དག་ཀྱང་འཇིགས་པར་མཛད་པའོ། །ཧ་ཧ་ཞེས་བཞད་ཅེས་བྱ་བ་ལ་ལྷ་མོ་དང་ཀུན་དུ་འཁྱུད་པས་དགའ་བ་ དང་བཅས་ཤིང་ཞལ་པདྨ་ལྟ་བུར་རྒྱས་པ་ཆེར་བཞད་ཅིང་རྣམ་པར་འཕྲོ་བའི་ནོར་བུའི་ཚོགས་སྤུངས་པ་ལྟ་བུའི་ཚེམས་ཀྱི་འོད་ཀྱིས་གཡོ་བ་དང་མི་གཡོ་བ་ལ་གསལ་བར་མཛད་ཅིང་རོའི་མཆོག་གི་རྒྱལ་པོ་ལྷུན་པོའི་རྩེ་མོར་སྣ་ཚོགས་པདྨ་དང་། ཉི་མའི་དཀྱིལ་འཁོར་ལ་ཞབས་གཉིས་ ཀྱིས་བསྣུན་ཅིང་ཧཱུཾ་ཡིག་གིས་ཧཱུཾ་ཞེས་མཛད་པ་དང་བཅས་པའོ། །ཞལ་གཡས་པ་གསེར་བསྲེགས་པ་ལྟ་བུར་ཤིན་ཏུ་སེར་ཞིང་རབ་ཏུ་དགའ་བའི་སྤྱན་རྒྱས་པས་འཇིག་རྟེན་གསུམ་སྣང་བར་མཛད་པའོ། །ཞལ་གཡོན་པ་རིན་པོ་ཆེ་མརྒད་ལྟར་རབ་ཏུ་གསལ་ཞིང་འོད་ཟེར་ལྗང་གུ་ འཁྲིགས་པ་འཕྲོ་བས་རྣམ་པར་བཞད་པ་དང་བཅས་པའོ། །ནུབ་ཕྱོགས་ཀྱི་ཞལ་བནྡུ་ཀ་དང་། ད་ཌི་ནིའི་མེ་ཏོག་ལྟར་ཤིན་ཏུ་དམར་ཞིང་ཉི་མའི་དཀྱིལ་འཁོར་འཆར་ཀའི་མདོག་ལྟ་བུའི་འོད་ཟེར་སྒེག་པའི་ཉམས་དང་ལྡན་ཞིང་རྣམ་པར་རོལ་པས་བུ་མོ་མཆོག་རྣམ་པར་ཆགས་ པར་མཛད་པའོ། །དེ་ལྟ་བུ་ཕྱག་བཅུ་གཉིས་པ་བྲི་བར་བྱ་སྟེ། གཡས་པས་ནི་ལྕགས་ཀྱུ། གཡོན་པས་ནི་དགྲ་སྟའོ། །གཞན་ནི་སྔར་བཤད་པ་བཞིན་ཏེ། ཁ་ཊྭཱཾ་ག་ཐོད་པར་བཅས་པས་ནི་གཅིག་གིས་སོ། །དེ་ཡི་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡི་སྐུ་མདོག་མཚོན་ཆ་འཆང་ ཞེས་བྱ་སྟེ། མི་བསྐྱོད་པ་གཙོ་བོར་གྱུར་པའི་ཚེའོ། །རྡོ་རྗེ་སེམས་དཔའི་ཚེ་མདོག་དམར་པོ་ཕྱག་ན་རྡོ་རྗེ་དང་ཐོད་པ་བསྣམས་པའོ། །དེའི་རྗེས་སུ་འཁོར་ལོ་གསུམ་གྱི་གོ་རིམས་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་དགོད་པར་བྱའོ། །ཁྭའི་གདོང་པ་ལ་སོགས་པ་ཡང་ཇི་ལྟ་ བུའི་མཚན་མ་སྟེ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཇི་བཞིན་པའོ། །དེ་ནས་བུམ་པ་ཞེས་བྱ་བ་ནི། རྒྱལ་དང་བཀྲ་ཤིས་ནི་ཤར་གྱི་ཕྱོགས་ཀྱི་སྒོར་རོ། །དངོས་གྲུབ་དང་རྫུ་འཕྲུལ་དག་ནི་བྱང་དུའོ། །རྒྱལ་དང་རྣམ་པར་རྒྱལ་བ་དག་ནི་ནུབ་ཕྱོགས་སུའོ། །གྲུབ་པ་ དང་སྲུབ་པ་ནི་ལྷོ་ཕྱོགས་སུའོ། །དགུ་པ་ནི་དངོས་གྲུབ་ཐམས་ཅད་རྣམ་པར་རྒྱལ་བ་སྟེ་མདུན་དུ་དགོད་པར་བྱའོ། །བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཚོན་གྱི་ལས་ཟིན་ནས་དཀྱིལ་འཁོར་གྱི་སྒྲུབ་བ་བརྩམ་པར་བྱའོ། །མར་མེ་ཞེས་བྱ་བ་ནི་མེ་དང་། མེ་ཏོག་དང་། བདུག་པ་ དང་། །ལྷ་བཤོས་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་ལོ་གྲངས་བཅུ་དྲུག་པ། །མེ་ཏོག་བཅས་དང་ལྷན་ཅིག་དེས། །ཕྱག་རྒྱ་དང་སྦྱོར་ལེགས་གནས་ནས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །བདེ་བ་ལས་བྱུང་དཀྱིལ་འཁོར་ནི། །འདོད་པ་ཀུན་ལྡན་མཆོད་བྱས་ཏེ། ། སྔགས་པས་ལྟེ་བར་བསམ་བྱ་བ། །རླུང་དང་མེ་ཡི་དབུས་སུ་སྟེ། །དེ་དབུས་ཨཱ་ལི་ཀཱ་ལིའོ། །དབུས་སུ་སྟོང་པའི་རི་མོ་ནི། །སོ་སོར་རྟོག་འགྱུར་དམ་པ་དང་། །དེ་ཉིད་བྱ་གྲུབ་སྒྲུབ་པའོ། །ཤིན་ཏུ་རྣམ་པར་དག་བཤད་ཅིང་། །གང་འདི་བླ་མའི་བླ་མའོ། །ཆོས་རྣམས་རོ་གཅིག་བྱེད་ པ་ཡི། །རང་གི་འཁོར་ལོ་བལྟ་བར་བྱ། །མ་ལུས་འགྲོ་བ་གསུམ་བསྐྱེད་པ། །རྨི་ལམ་དང་ནི་སྒྱུ་མ་དང་། །གཟུགས་བརྙན་བཞིན་དུ་བསྒོམ་བྱ་སྟེ། །བརྩེ་ལྡན་སྣ་ཚོགས་པ་ཡི་གནས། །དགོད་ཅེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་འོག་ནས་འབྱུང་བ་ལྟར་སྐུ་ལ་སོགས་པ་བྱིན་གྱིས་ བརླབ་པར་བྱ་ཞིང་། མིག་ལ་སོགས་པ་ཡང་བྱིན་གྱིས་བརླབ་པ་བྱ་སྟེ། མིག་གཉིས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ཡོངས་སུ་གྱུར་པའི་འཁོར་ལོ་ལས་གཏི་མུག་རྡོ་རྗེ་ཞལ་གསུམ་པ། ཕྱག་དྲུག་པ་རལ་པའི་དབུ་རྒྱན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་ཐམས་ཅད་ཀྱིའོ། ། ཁྱད་པར་དུ་ཞལ་གཡོན་པ་སེར་ཞིང་གཡས་པ་ལྗང་གུ་འཁོར་ལོ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་གཟུགས་རྡོ་རྗེ་ལ་འཁྱུད་ཅིང་། ཕྱག་གཞན་གྱིས་གཏི་མུག་གི་བདག་ཉིད་ཀྱི་ཚངས་པ་དྲལ་བའི་པགས་པ་རྒྱབ་ན་བསྣམས་པ། གཞན་གྱིས་རྔེའུ་ཆུང་ ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ་སྟེ་ཐམས་ཅད་ལ་སྦྱོར་རོ། །ཀུན་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉིད་དེ་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ནོ། །རྣམ་གཉིས་སུ་ནི་པདྨ་དང་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་ལས་ཞེ་སྡང་རྡོ་རྗེ་སྟེ། ཡན་ ལག་ཐམས་ཅད་དང་རྩ་བའི་ཞལ་སྔོན་པོ། གཡོན་པ་སེར་ཞིང་གཡས་བ་ལྗང་གུ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་སྒྲ་རྡོ་རྗེ་ལ་འཁྱུད་ཅིང་། གཞན་གྱིས་ཞེ་སྡང་གི་བདག་ཉིད་ཀྱི་ཁྱབ་འཇུག་དྲལ་བའི་པགས་པ་བསྣམས་པ། མི་བསྐྱོད་པའི་དབུ་རྒྱན་ཅན་བསྒོམ་པར་ བྱའོ། །སྣ་བུག་གཉིས་སུ་པདྨ་དང་ཉི་མ་ལ་གནས་པའི་ཡི་གེ་ཏྲཱཾ་ཡོངས་སུ་གྱུར་པའི་རིན་པོ་ཆེ་ལས་སེར་སྣ་རྡོ་རྗེ་སྟེ། རྩ་བའི་ཞལ་སེར་པོ་ཞལ་གཡས་པ་སྔོ་ཞིང་གཡོན་དམར་བ་རིན་པོ་ཆེ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་དྲི་རྡོ་རྗེ་ལ་འཁྱུད་ཅིང་། གཞན་གྱིས་སེར་སྣའི་ བདག་ཉིད་ཀྱི་འདོད་པའི་ལྷ་དྲལ་བའི་པགས་པ་བསྣམས་པ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་བསྒོམ་པར་བྱའོ། །ལྕེའི་རྩ་བར་པདྨ་དང་ཉི་མ་ལ་གནས་པའི་ཡི་གེ་ཨཱཿ་ཡོངས་སུ་གྱུར་པ་ལ་པདྨ་དེ་ལས་འདོད་ཆགས་རྡོ་རྗེ་སྟེ། རྩ་བའི་ཞལ་དམར་པོ་གཡོན་པ་སེར་ཞིང་གཡས་ པ་དཀར་པོ་པདྨ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་རོ་རྡོ་རྗེ་དང་མཉམ་པར་ལྡན་པ། གཞན་གྱིས་འདོད་ཆགས་ཀྱི་བདག་ཉིད་ཀྱི་དབང་ཕྱུག་ཆེན་པོ་དྲལ་བའི་པགས་པ་བསྣམས་པ་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན་བསྒོམ་པར་བྱའོ། །དཔལ་བར་པདྨ་དང་ཉི་མ་ལ་གནས་ པའི་ཡི་གེ་བཾ་ཡོངས་སུ་གྱུར་པའི་རལ་གྲི་ལས་ཕྲག་དོག་རྡོ་རྗེ་སྟེ། ཞལ་གསུམ་ཕྱག་དྲུག་པ་རལ་པའི་ཐོར་ཚུགས་ཅན་ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་ལྗང་གུ་གཡོན་པ་སེར་ཞིང་། གཡས་པ་སྔོ་བ་རལ་གྲི་དང་དྲིལ་བུ་བསྣམས་པ་ཕྱག་གཉིས་ཀྱིས་རེག་རྡོ་རྗེ་ལ་འཁྱུད་ཅིང་། གཞན་གྱིས་ཕྲག་དོག་གི་བདག་ཉིད་ཀྱི་ཚོགས་ཀྱི་བདག་པོ་དྲལ་བའི་པགས་པ་བསྣམས་པ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་བསྒོམ་པར་བྱའོ། །སྙིང་གར་པདྨ་དང་། ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་ལས་དབང་ཕྱུག་རྡོ་རྗེ་སྟེ། ཡན་ལག་ཐམས་ཅད་དང་རྩ་ བའི་ཞལ་དཀར་པོ་གཡོན་པ་སེར་ཞིང་གཡས་པ་སྔོ་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་ཆོས་ཀྱི་དབྱིངས་རྡོ་རྗེ་དང་ཤིན་ཏུ་སྙོམས་པར་འཇུག་པ་གཞན་གྱིས་དབང་ཕྱུག་ཐམས་ཅད་ཀྱི་བདག་ཉིད་དབང་པོ་དྲལ་བའི་པགས་པ་བསྣམས་པ་མི་བསྐྱོད་པའི་དབུ་རྒྱན་ཅན་ བསྒོམ་པར་བྱའོ། །ཐབས་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་སྟེ་དེ་ལ་འཁྱུད་པའི་རྩ་བའི་ཕྱག་གིས་མེ་ལོང་དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་དང་། སྣ་ཚོགས་པའི་གོས་དང་། ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་རྣམས་བསྣམས་པས་འཁྱུད་པ་གོ་རིམས་ཇི་ལྟ་བ་བཞིན་དུ་ གཟུགས་རྡོ་རྗེ་ལ་སོགས་པ་བལྟ་བར་བྱའོ། །དེའི་རྗེས་སུ་གོ་ཆའི་ཕྱག་རྒྱ་བསམ་པར་བྱ་སྟེ། ཐུགས་རྡོ་རྗེའི་འོག་ཏུ་སྙིང་གའི་པདྨ་དང་ཟླ་བ་ལ་གནས་པའི་ཨོཾ་ཧ་ཡོངས་སུ་གྱུར་པའི་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་དམར་པོའི་མདོག་ཅན་ཕག་མོ་ལ་འཁྱུད་པའོ། །མགོ་བོར་སྐུ་ རྡོ་རྗེའི་སྟེང་དུ་པདྨ་དང་ཟླ་བ་ལ་གནས་པའི་ན་མ་ཧི་ཡོངས་སུ་གྱུར་པའི་འཁོར་ལོ་ལས་རྣམ་པར་སྣང་མཛད་སེར་པོ་སྔོན་པོའི་མདོག་ཅན་གཤིན་རྗེ་མ་ལ་འཁྱུད་པའོ། །སྤྱི་གཅུག་ཏུ་པདྨ་དང་ཉི་མ་ལ་གནས་པའི་སྭཱ་ཧཱ་ཧུ་ཡོངས་སུ་གྱུར་པའི་པདྨ་ལས་པདྨ་གར་གྱི་དབང་ཕྱུག་དམར་པོ་དཀར་ པོའི་མདོག་ཅན་རྨོངས་བྱེད་མ་ལ་འཁྱུད་པའོ། །ཕྲག་པ་གཉིས་སུ་པདྨ་དང་ཉི་མ་ལ་གནས་པའི་བཽཥཊ་ཧེ་ཡོངས་སུ་གྱུར་པའི་རྡོ་རྗེ་ལས་ཧེ་རུ་ཀ་སྔོན་པོ་ལྗང་བའི་མདོག་ཅན་སྐྱོད་བྱེད་མ་ལ་འཁྱུད་པའོ། །མིག་གཉིས་སུ་ནི་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཧཱུཾ་ཧོ་ཡོངས་སུ་གྱུར་པའི་ རིན་པོ་ཆེ་ལས་རྡོ་རྗེ་ཉི་མ་དམར་པོ་དུ་བའི་མདོག་ཅན་སྐྲག་བྱེད་མ་ལ་འཁྱུད་པའོ། །ཡན་ལག་ཐམས་ཅད་དུ་པདྨ་དང་ཉི་མ་ལ་གནས་པའི་ཕཊ་ཧཾ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་ལས་རྟ་མཆོག་ཡན་ལག་ཐམས་ཅད་རླུང་གི་ཁམས་ལྟར་ཁྱབ་པ་ལྗང་གུ་དུ་བའི་མདོག་ཅན་གཏུམ་མོ་ ལ་འཁྱུད་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་པ་ཕྱག་བཞི་པ་སྤྱན་གསུམ་པ་ཞལ་མཆེ་བ་རྣམ་པར་གཙིགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པའི་ཅོད་པན་ལ་དར་གྱིས་བཅིངས་ཤིང་གཡས་བརྐྱང་བའི་གནས་པ་ དང་ལྡན་ཞིང་རྩ་བའི་ཕྱག་གིས་རིམ་པ་བཞིན་དུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རྡོ་རྗེ་སྔོན་པོ་གདེངས་པ་དང་རིན་པོ་ཆེ་དང་སྣ་ཚོགས་རྡོ་རྗེ་རྣམ་པར་བསྣམས་པས་འཁྱུད་པར་བལྟའོ། །ཐམས་ཅད་ཀྱི་གཡོན་པས་ནི་དྲིལ་བུ་སྟེ་ཕྱག་གཞན་གཉིས་ཀྱིས་རྔེའུ་ཆུང་དང་ཁ་ཊྭཱཾ་ག་དང་ཐོད་ པ་བསྣམས་པའོ། །ཕག་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་དེ་དང་འདྲ་བར་ཞལ་གཅིག་པ་ཕྱག་བཞི་བ་སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ་ལ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། གཡོན་པས་དྲིལ་བུ་དང་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ་གཡས་ན་རྔེའུ་ཆུང་དང་ཟངས་གྲི། གཉིས་ སུ་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་ཤིང་། ཤིན་ཏུ་ཆགས་པས་འདུས་པའི་བདེ་བ་དམ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་བའི་ལྷ་ཐམས་ཅད་ནི་མི་བསྐྱོད་པའི་དབུ་རྒྱན་ཅན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྐུ་དང་གསུང་དང་ཐུགས་ཀྱང་ཡེ་ཤེས་ སེམས་དཔའ་དང་བཅས་པར་ཨོཾ་ཨཱཿ་བཾ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱ་ཞིང་མིག་ལ་སོགས་པ་རྣམས་ཀྱང་ཇི་ལྟར་བསྟན་པའི་གཏི་མུག་རྡོ་རྗེ་ལ་སོགས་པས་སོ། །དེའི་ལྟེ་བར་ནི་ཨོཾ་བཾ་གྱིས་རྡོ་རྗེ་ཕག་མོའོ། །སྙིང་གར་ནི་ཧཾ་ཡོཾ་གིས་གཤིན་རྗེ་མའོ། །ཁར་ནི་ཧྲིཾ་མོཾ་གིས་རྨོངས་ བྱེད་མའོ། །མགོར་ནི་ཧྲེཾ་ཧྲིཾ་གིས་སྐྱོད་བྱེད་མའོ། །སྤྱི་གཙུག་ཏུ་ནི་ཧཱུཾ་ཧཱུཾ་གིས་སྐྲག་བྱེད་མའོ། །ཡན་ལག་ཐམས་ཅད་ལ་ནི་ཕཊ་ཕཊ་སྟེ་གཏུམ་མོའོ། །དེའི་རྗེས་ལ་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ཛཿཧཱུཾ་བཾ་ཧོཿའི་སྦྱོར་བས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རིམ་ པས་བསང་གཏོར་དང་། ཞལ་བསིལ་དང་མཆོད་ཡོན་ལ་སོགས་པ་ཕུལ་ལ་མཆོད་པ་ཐམས་ཅད་ཀྱིས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་དོ། །ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ་ཁམས་གསུམ་པ་གོ་རིམས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་དགུག་པ་ བ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་སྤྲོས་ཏེ་ཡང་དག་པར་བསྐུལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དེ་རིང་བདག་ལ་སྩོལ། སངས་རྒྱས་བདག་ཉིད་ཆེན་པོ་ རྣམས་ཀྱིས་འོད་ཟེར་སྤྲོས་པ་ལས་གཟུགས་རྡོ་རྗེ་ལ་སོགས་པའི་རིམ་གྱིས་རྣལ་འབྱོར་མ་སྤྲུལ་ཏེ། ནམ་མཁའི་ཁམས་ཡོངས་སུ་གང་བའི་བདུད་རྩི་ལྔའི་བུམ་པ་ཕྱག་གིས་བསྣམས་ནས་དབང་བསྐུར་བར་ཕྱོགས་པས་ཚིགས་བཅད་འདི་ཡིས་དབང་བསྐུར་བར་བྱ་སྟེ། དབང་བསྐུར་རྡོ་རྗེ་ ཆེན་པོ་ནི། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡིན། །སངས་རྒྱས་ཀུན་གྱིས་བྱིན་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབང་བསྐུར་བས་ཐུགས་ཀྱི་གཙོ་བོས་དབུ་རྒྱན་དུ་གྱུར་ཏོ། །མཁའ་འགྲོ་མ་ལ་སོགས་པ་ནི་རྣམ་ པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱས་ནི་འཁོར་ལོ་གསུམ་པའོ། །ཁྭའི་གདོང་པ་ལ་སོགས་པ་དང་། མཚམས་ན་གནས་པ་རྣམས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱས་གདབ་པར་བྱ་ལ། ཆོ་ག་བཞིན་དུ་ཧཱུཾ་གིས་རྡོ་རྗེ་སྤྲུལ་པ་ དང་། ལྷ་མོའི་པདྨ་གསུམ་པའི་ཡི་གེ་ཨེས་བསྐྱེད་པ་ལ། ཨེ་ཡིག་གིས་ལྟེ་བ་དང་བཾ་ཡིག་གིས་གེ་སར་བསྐྱེད་ནས་རྡོ་རྗེ་ལྕགས་ཀྱུའི་འོད་ཟེར་དེས་བཀུག་ལ་པདྨའི་རྩར་ཁུ་བ་ཕེབས་པར་མོས་ཤིང་རྗེས་སུ་ཆགས་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྐྱེ་གནས་ཀྱི་སྒྲ་ཡིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པས་རབ་ཏུ་ཞུགས་ནས་སྙིང་གར་ཞུ་བར་བྱས་ལ། རྡོ་རྗེའི་ནང་ནས་པདྨའི་ནང་དུ་སྤྲོ་བར་བྱ་ཞིང་། མཆོད་པའི་ལྷ་མོ་བཅུ་དྲུག་གི་གཟུགས་ཀྱིས་བ་སྤུའི་བུ་གའི་རྩེ་མོ་དང་མཚམས་ནས་སྤྲོས་ལ་ཆོ་ག་བཞིན་ དུ་མཆོད་ལ་ཚོགས་དབུལ་བར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བཀྲུ་བ་ནི་ཞབས་ལའོ། །ཞལ་བསིལ་ནི་ཞལ་དུ་ཕུལ་ལ་ཕྱི་ནས་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པར་བྱ་སྟེ། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་ འགྲེལ་སྒྲུབ་ཐབས་ཀྱི་གླེང་གཞི་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །།དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །དང་པོར་སློབ་དཔོན་མཉེས་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པའི་དོན་དུ་ཅི་ནུས་པས་མཆོད་པ་བྱས་ལ་ གསོལ་བ་གདབ་པར་བྱའོ། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །སྒྲུབ་པ་པོ་ཡིས་རྔ་བརྡུངས་ཤིང་། །ཞེས་བྱ་བ་ལ་དང་པོར་ཅང་ཏེའུ་རུ་འདོད་དོ། །དེ་ནས་དྲིལ་བུ་ནི་ལོ་གྲངས་བཅུ་དྲུག་པའི་བུ་མོར་གསུངས་ལ། ལྔ་ནི་ལོ་གྲངས་བཅུ་གཉིས་མའོ། །ཤིན་ཏུ་སྒྲ་སྙན་ཞེས་བྱ་བ་ནི་ངག་སྙན་ ཞིང་གཟུགས་མཛེས་པ་ལ་མདོག་སྡུག་པའོ། །རྡུལ་ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱ་བའོ། །བུ་སྡུག་དེ་རྣམས་གདོང་ལ་ཞེས་བྱ་བ་ནི་གོ་སླ་བ་ཁོ་ནའོ། །འདིའི་ཆོ་གའི་རིམ་པ་ནི་དབང་བསྐུར་བའི་རབ་ཏུ་བྱེད་པར་ཤེས་པར་བྱའོ། །གཞུང་མངས་ཀྱིས་དོགས་པས་འཇིགས་པས་ན་འདིར་ མ་བྲིས་སོ། །ལྷོ་ཡི་ཕྱོགས་སུ་བརྟེན་པ་ནི། །ཞེས་བྱ་བ་ལ་སའི་བདག་པོ་དང་ཡུལ་འཁོར་རྙེད་པ་དང་རལ་གྲི་དང་ས་འོག་གི་དངོས་གྲུབ་རྣམས་དང་། ནད་མེད་པ་དང་ཡེ་ཤེས་དང་ཐར་པའི་དོན་དུ་ནི་དཀྱིལ་འཁོར་གྱི་ཤར་སྒོར་རོ། །གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན་པ་དག་ནད་མེད་པ་ དང་། ནོར་དང་འབྲུ་རབ་ཏུ་སྦྱིན་པ་དང་། དཔལ་དང་བཀྲ་ཤིས་དང་རྟག་ཏུ་ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ལྷོ་སྒོར་རོ། །དབང་དང་དགུག་པ་དང་ཕུན་སུམ་ཚོགས་པ་དང་། ཞི་བ་དང་། རྒྱས་པ་དང་། སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བ་དང་། བུ་དང་ཚ་བོ་ལ་སོགས་འཕེལ་བའི་དོན་དུ་ནི་ དཀྱིལ་འཁོར་གྱི་ནུབ་སྒོ་ནས་སོ། །བསྟན་པ་བསྲུང་བའི་དོན་དུ་གདུག་པ་ཅན་རྣམས་ཚར་བཅད་པ་དང་། དགྲ་རྣམས་བཟློག་ཅིང་ཕམ་པར་བྱ་བའི་དོན་དུ་དཀྱིལ་འཁོར་གྱི་བྱང་སྒོར་རོ། །དེ་ཡི་སྙིམ་པས་མེ་ཏོག་གཏོར། །ཞེས་བྱ་བ་ནི་དད་པ་འཕེལ་ཞིང་སེམས་ཚིམ་པར་བྱ་བའི་དོན་ དུ་དབབ་པར་བྱ་སྟེ། གཡས་བརྐྱང་བའི་གནས་པས་བཞག་ལ་ཐལ་མོ་སྦྱར་བ་སྙིང་གར་བཟུང་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རླུང་གི་ས་བོན་ལ་རྐང་པ་གཉི་ག་མནན་པ་དང་། སྙིང་གར་རླུང་དང་ས་དང་མེ་སྟེ་རླུང་གི་ས་བོན་གྱིས་བསྐྱོད་ཅིང་། རྡོ་རྗེ་ཕག་མོའི་རྣལ་འབྱོར་འཛིན་ པ་ལ། འཇིགས་པའི་ཡི་གེ་ཧཱུཾ་གིས་ཧཱུཾ་ཞེས་བརྗོད་པ་དང་། ཨ་ལེ་ལེ་ལེ་ཧཱུཾ་ཨཿཞེས་པས་རྡོ་རྗེ་དྲིལ་བུའི་སྒྲ་དང་འཇིགས་པའི་སྒྲ་གྲག་པར་བྱ་སྟེ། རབ་དང་དམན་པ་དང་བར་མ་ཐམས་ཅད་ལ་འདིས་དབབ་པར་བྱའོ། །དེ་ནས་སྐལ་བ་དམན་པ་ལ་ནི་གསང་བའི་ཡེ་ཤེས་ཅན་གྱིས་ རང་གི་ཡན་ལག་ལྔ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ལ། མར་ཁུ་ཆེན་པོ་དང་། གུ་གུལ་ཆེན་པོ་དང་བཅས་པས་སྨན་བདུན་ཆ་བསྙམས་པར་བྱས་ལ། ཆང་དང་གུ་གུལ་དུ་ལྡན་པའི་བདུག་པའི་སྦྱོར་བས་བདུག་པ་སྦྱར་ཞིང་རྡོ་རྗེ་ཕག་མོ་བཟླས་པར་བྱའོ། ། དེའི་དྲི་མནམ་པ་ཙམ་གྱིས་དེའི་མོད་ལ་བྱིན་གྱིས་རློབ་པར་འགྱུར་ཏེ། གསུང་བབས་པས་ནི་སྔར་མ་ཐོས་པའི་ཚིགས་བཅད་བརྗོད་ལ། ཐུགས་བབས་པས་ནི་འདས་པ་དང་མ་འོངས་པ་ཤེས་པར་འགྱུར་རོ། །སྐུ་བབས་པས་ནི་ཁྲུ་གང་དང་ཁྲུ་དོར་འཕར་བར་འགྱུར་རོ། །ཨོཾ་སིདྡྷ་ ས་མ་ཡ་པ་རི་པ་ལི་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་སྤྱི་བོར་བཟུང་སྟེ་གཤེགས་སུ་གསོལ་ལ། མེ་ཏོག་གཏོར་ནས་གང་དུ་ལྷུང་བ་དེའི་རིགས་ལ་སྦྱིན་པར་བྱ་བའམ་ཡང་ན་གང་འདོད་པས་སོ། །དཔལ་ཧེ་རུ་ཀ་ལ་སོགས་པའི། གནས་ནི་དེ་ལ་ བསྟན་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་ཙམ་དེ་ལ་བསྟན་པར་བྱའི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །དེའི་རྗེས་ལ་ནི་ཆུའི་དབང་བསྐུར་བ་ལ་སོགས་པ་བྱའོ། །དེའི་རྗེས་ལ་བུམ་པའི་དབང་ངོ་། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་སྦྱིན་པའི་དོན་དུ་སློབ་དཔོན་ཤིན་ཏུ་ མཉམ་པར་གཞག་ལ་མཆོད་པར་བྱའོ། །ཕྱི་དེ་ཉིན་པར་ཞེས་བྱ་བ་ནི་ནམ་ཕྱེད་ནའོ། །མཚལ་ཆེན་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ཆགས་པ་ལས་བྱུང་བའི་ཕྱིར་ལན་གསུམ་བཟླས་པ་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་སོ། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་བྱ་ བ་ནི་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། མགོ་བོ་རྣམས་སུའོ། །དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །ཞེས་བྱ་བ་ནི་ཐམས་ཅད་ཟིན་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའི་ཐམས་ཅད་རྫོགས་པར་བསྟན་ཏོ། །དེ་ནས་བླ་མ་ཡོན་ཞེས་བྱ་བ་ལ་སོགས་ པ་གོ་སླའོ། །གང་གི་རྙེད་དཀའ་གང་ཡིན་པ། །དེ་ཡི་དེ་ཉིད་གསེར་སྲང་སྟོང་། །ཞེས་བྱ་བ་ལ་སོགས་པ་སྟེ། བདོག་པ་དང་ལྡན་པ་རྣམས་ཀྱིས་ནི་གོ་སླ་བ་ཁོ་ནའོ། །ངེས་གནོན་ཞེས་བྱ་བ་ནི་བསྟན་པ་ལ་འཁུ་བའི་གདུག་པ་རྣམས་སོ། །སྔགས་པ་དཀྱིལ་ འཁོར་མ་མཐོང་བར། །ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ལ་ནམ་མཁའ་ལ་བརྡེག་པར་འདོད་པ་དང་སྨིག་རྒྱུའི་ཆུ་འཐུང་བར་འདོད་པ་བཞིན་ཏེ། མེད་པའི་ཕྱིར་དེ་དག་གིས་བྱ་བ་ག་ལ་ཞིག །རྣལ་འབྱོར་འདི་ནི་མཆོག་རབ་དང་། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །ཞེས་བྱ་ བ་ནི་འདིར་དབང་སྒྱུར་བའི་རྣལ་འབྱོར་པའོ། །གང་ཞིག་རྟག་ཏུ་འདོད་གྱུར་པ། །ཞེས་བྱ་བ་ནི་གང་དང་གང་འདོད་པ་དེ་དང་དེའོ། །འདི་ནི་ལྷ་མི་ཟིལ་གནོན་འགྲོ། །ཞེས་པ་ནི་འདོད་པ་ལ་ལོངས་སྤྱོད་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དཀྱིལ་འཁོར་འདི་རུ་དབང་བསྐུར་བ། །རྒྱུད་ རྣམས་ཀུན་གྱི་སྒྲུབ་པོར་གསུངས། །ཞེས་བྱ་བ་ནི་རྣལ་འབྱོར་ཐམས་ཅད་ཀྱི་མཆོག་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པས་སོ། །ཀུན་ཞེས་བྱ་བའི་སྒྲས་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་གཟུང་ངོ་། །དགོད་པ་དང་བལྟ་བ་དང་ལག་བརྐྱང་དང་། འཁྱུད་པ་དང་གཉིས་སྦྱོར་བ་ལ་སོགས་པ་ཞེས་བྱ་བ་ནི་རྒྱུད་དེ་དག་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཏེ། གང་གི་ཕྱིར་དེ་ཉིད་བསྡུས་པ་ཞེས་བྱ་བ་ལ་སོགས་པ་ལས་གསུངས་པ་ཐམས་ཅད་ཀྱང་རྒྱུད་འདི་ཉིད་དུ་དབྱེར་མེད་ཅིང་གཅིག་པས་སོ་ཞེས་བྱ་བ་སྟེ། འདིར་དབང་ བསྐུར་བ་ནི་དབང་བསྐུར་མཆོག་གོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དེའི་ཕྱིར། དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ གསུམ་པའི་རྣམ་པར་བཤད་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ཀྱིས། །ས་རྣམས་ལ་ནི་རོལ་བ་སྟེ། །ཞེས་བྱ་བ་དེ་ལ་ས་རྣམས་ནི་རྩ་རྣམས་ཐམས་ཅད་དེ། དེ་རྣམས་སུ་རོལ་པ་ནི་གནས་རྣམས་སུ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་རྣམ་པ་སྣ་ཚོགས་ཀྱིས་ གཙུབས་ཤིང་གནས་སོ་ཞེས་བྱ་བའི་དོན་ནོ། །བརྩོན་ཆེན་ཞེས་བྱ་བ་ནི་གོ་བཟློག་པའི་ཚིག་ཏུ་བལྟ་བར་བྱ་སྟེ། ཐོག་མར་ཐུགས་ཀྱི་འཁོར་ལོ་ལ་རབ་ཏུ་གཏུམ་མ་དང་པོར་སྦྱར་ནས་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པ་དགོད་ཅིང་རབ་ཏུ་སྤྲུལ་པ་དེ་ལྟར་གསུང་དང་སྐུའི་ འཁོར་ལོ་ལ་ཡང་ཇི་སྲིད་བརྩོན་ཆེན་མའི་མཐར་ཐུག་པ་རྣམས་རབ་ཏུ་གནས་པའོ། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །ཞེས་པ་དེ་ལ་པུཾ་བུལླི་མ་ལ་ཡར་ཞེས་མགོ་བོར་ནི་ཐོད་པའི་དུམ་བུ་ཅན་དང་། རབ་ཏུ་གཏུམ་མ་སྟེ། སོ་དང་སེན་མོ་དབབ་པའོ། ། ཛཱཾ་ཛཱ་ལནྡྷ་ར་ཞེས་བྱ་བའི་སྤྱི་གཙུག་ཏུ་ནི་ཀེང་རུས་ཆེན་པོ་དང་གཏུམ་མིག་མ་སྟེ། སྐྲ་དང་སྤུ་འབབ་པའོ། །ཨཽ་ཨོ་ཌི་ཡཱ་ཎེ་ཞེས་བྱ་བ་ནི་རྣ་བ་གཡས་པར་ཀེང་རུས་དང་འོད་ལྡན་མ་སྟེ། པགས་པ་དང་དྲི་མ་འབབ་པའོ། །ཨ་ཨརྦུ་ད་ཞེས་བྱ་བ་རྒྱབ་ཀྱི་ཆར་ནི་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ ཆེན་མོ་སྟེ། ཤ་བབ་པའོ། །གནས་སོ། །གོ་གོ་དཱ་བ་རི་ཞེས་བྱ་བ་རྣ་བ་གཡོན་པར་ནི་ལྷའི་དགྲ་དང་དཔའ་བོའི་བློ་མ་སྟེ། ཐམས་ཅད་དུ་རྒྱུས་པ་འབབ་པའོ། །རཱཾ་རཱ་མེ་ཤྭ་ར་ཞེས་བྱ་བ་སྨིན་མའི་དབུས་སུ་ནི་འོད་དཔག་མེད་དང་མིའུ་ཐུང་མ་སྟེ། རུས་པའི་ཕྲེང་བ་འབབ་པའོ། །དེ་དེ་ཝཱི་ཀོ་ཊི་ ཞེས་བྱ་བ་མིག་གཉིས་སུ་ནི་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མ་སྟེ། མཆིན་པ་འབབ་པའོ། །མཱཾ་མཱ་ལ་ཝ་ཞེས་བྱ་བ་ལག་པའི་རྩ་བ་གཉིས་སུ་ནི་རྡོ་རྗེའི་སྐུ་དང་ཤིང་གི་གྲིབ་མ་སྟེ། སྙིང་འབབ་པའོ། །ཉེ་བའི་གནས་སོ། །ཀཱཾ་ཀཱ་མ་རུ་ཞེས་བྱ་བ་མཆན་ཁུང་གཉིས་སུ་ནི་མྱུ་གུ་ཅན་དང་ ས་སྲུངས་མ་སྟེ། རྟག་ཏུ་མིག་འབབ་པའོ། །ཨོ་ཨོ་ཊེ་ཞེས་བྱ་བ་ནུ་མ་གཉིས་སུ་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ། མཁྲིས་པ་འབབ་པའོ། །ཞིང་ངོ་། །ཏྲིཾ་ཏྲི་ཤ་ཀུ་ནི་ཞེས་བྱ་བ་ལྟེ་བར་ནི་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་མ་སྟེ་གློ་བ་འབབ་པའོ། །ཀྃ་ཀོ་ས་ ལ་ཞེས་བྱ་བ་སྣའི་རྩེ་མོར་ནི་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་རྒྱུ་མའི་ཕྲེང་བ་འབབ་པའོ། །ཉེ་བའི་ཞིང་ངོ་། །ཀཾ་ཀ་ལིཾ་ག་ཞེས་བྱ་བ་ཁར་ནི་ཤིན་ཏུ་བཟང་པོ་དང་། སྔོ་བསངས་ལྷ་མོ་སྟེ། རྩིབ་ལོགས་ཀྱི་ཆུ་རྒྱུས་འབབ་པའོ། །ལཾ་ལཾ་པཱཀ་ཞེས་བྱ་བ་ཕྲག་པར་ནི་རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོ་སྟེ། ལྟོ་བ་འབབ་པའོ། །གོ་ཚནྡོ་ཧའོ། །ཀཱཾ་ཀཱཉྩིར་ཞེས་བྱ་བ་སྙིང་གར་ནི་འཇིགས་བྱེད་ཆེན་མོ་དང་རྟ་རྣ་མ་སྟེ། བཤང་བ་འབབ་པའོ། །ཧི་ཧི་མ་ལ་ཡ་ཞེས་བྱ་བ་ཆུ་སོར་ནི་མིག་མི་བཟང་དང་བྱ་གདོང་མ་སྟེ། མདོམས་འབབ་པའོ། །ཉེ་བའི་ ཚནྡོ་ཧའོ། །པྲེཾ་པྲེ་ཏ་པུ་རི་ཞེས་ཏེ་ཡི་དགས་གནས་པ་ཞེས་བྱ་བ་མཚན་མ་ནི་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མ་སྟེ། བད་ཀན་འབབ་པའོ། །གྲིཾ་གྲི་ཧ་དེ་བ་ཏཱ་ཞེས་བྱ་བ་བཤང་བའི་ལམ་དུ་ནི་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་སྟེ་རྣག་འབབ་པའོ། །འདུས་པའོ། །སཽཾ་སཽ་རཱཥྚ་ཞེས་ བྱ་བ་བརླ་གཉིས་སུ་ནི་རྟ་མགྲིན་དང་གླང་སྣ་མ་སྟེ། ཁྲག་འབབ་པའོ། །སུཾ་སུ་བརྣ་དྭཱི་པ་ཞེས་བྱ་བ་བྱིན་པ་གཉིས་སུ་ནི་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། རྡུལ་འབབ་པའོ། །ཉེ་བའི་འདུས་པའོ། །ནཾ་ན་གར་ཞེས་བྱ་བ་སོར་མོ་རྣམས་སུ་ནི་དཔལ་ཧེ་རུ་ཀ་དང་ཤིན་ཏུ་ དཔའ་མོ་སྟེ། ཚིལ་འབབ་པའོ། །སིཾ་སིནྡྷུ་ཞེས་བྱ་བ་རྐང་པའི་བོལ་ལ་ནི་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་སྟེ་མཆི་མ་འབབ་པའོ། །དུར་ཁྲོད་དོ། །མཾ་མ་རུ་ཞེས་བྱ་བ་མཐེ་བོང་གཉིས་ལ་ནི་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་སྟེ། མཆིལ་མ་འབབ་པའོ། ། ཀུཾ་ཀུ་ལུ་ཏ་ཞེས་བྱ་བ་པུས་མོ་གཉིས་ལ་ནི་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྣ་ཆུ་དང་སྣབས་འབབ་པའོ། །ཉེ་བའི་དུར་ཁྲོད་སྟེ། ཐུགས་དང་གསུང་དང་སྐུ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་མཁའ་སྤྱོད་མ་དང་ས་ལ་སྤྱོད་མ་དང་ས་འོག་ན་གནས་པར་བསམ་མོ། །འདི་དག་ སྔོན་གྱི་གྲུབ་པ་ཡིན། །ཞེས་བྱ་བ་ལ་ཉི་ཤུ་རྩ་བཞི་གཙོ་བོར་བྱས་པས་ན་རི་རབ་ཀྱི་རྡུལ་གྱི་གྲངས་སྙེད་རྣམས་བཟུང་སྟེ་དེ་རྣམས་བསྡུས་སོ། །སངས་རྒྱས་བྱེ་བ་གྲངས་མེད་པའོ། །ཞེས་བྱ་བ་ནི་རིགས་པའོ། །རང་མིང་བརྗོད་པའི་སྔགས་ཞེས་བྱ་བ་ནི། གསལ་བྱེད་ཨོཾ་གྱི་ སྔགས་དང་ནི། །ལྷན་ཅིག་ཏུ་ནི་རང་མིང་བརྗོད། །ཧུཾ་ཧཱུཾ་ཕཊ་ནི་མཐར་སྦྱར་ཏེ། །ཆོ་ག་དེ་ལྟར་རིམ་བཞིན་བཟླས། །ཞེས་པའོ། །རང་མིང་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་མཆོག་སྟེ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་དང་། ཨོཾ་ ཀ་ར་ཀ་ར། ཁཎྜ་ཀ་པཱ་ལི་ན་པྲ་ཙཎྜཱི་ཡེ་ཧུཾ་ཧཱུཾ་ཕཊ། ཞེས་བྱ་བ་ལ་སོགས་པའོ། །ཡང་ན་སྙིང་པོའི་སྔགས་དང་སྤེལ་མའམ་དཀྱིལ་འཁོར་པའི་ལྷ་དང་གཅིག་པའི་རྩ་བའི་སྔགས་བཟླས་ཏེ། ཡན་ལག་མ་ཉམས་དུང་ཕྲེང་དང་། །སངས་རྒྱས་རྣལ་འབྱོར་གྱིས་ཞི་བ། །རྒྱས་པ་ རིན་ཆེན་མཁའ་འགྲོ་སྟེ། །དབང་ལ་ཕྱག་ན་པདྨའོ། །བསྐྲད་པ་རྟ་ཡི་རྒྱལ་པོ་སྟེ། །དབྱེ་བ་མི་བསྐྱོད་གཙོ་བོས་སོ། །ཀུན་ཏུ་ཀུན་དོན་ཕུན་ཚོགས་ལ། །འཁོར་ལོ་ཅན་གྱི་འཁོར་ལོ་སྦྱར། །ཞེས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འབྲེལ་གྱི་སྒྲུབ་པའི་ཐབས་ཀྱི་གླེང་ གཞི་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ཞེས་བྱ་བ་ལ་ཆོས་ཐམས་ཅད་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་འབྱུང་གནས་པས་ན་འདིར་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །སྣ་ཚོགས་ ནི་བརྟན་པ་དང་གཡོ་བའི་བདག་ཉིད་དོ། །གང་གི་ལྟེ་བར་མི་ཤིགས་དགེ །ཞེས་བྱ་བ་ལ་མི་ཤིགས་དགེ་བ་ནི་རྡོ་རྗེ་འཛིན་པ་སྟེ། དགེ་བ་རྣམས་འཛིན་པའི་ཕྱིར་རོ། །དེ་བས་ན། ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཞེས་བྱ་སྟེ་བྲི་བར་བྱ་ཞེས་བྱ་བ་དང་འགྲེལ་ཏོ། །འདིར་ ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ལའོ། །དེར་གནས་ཞེས་བྱ་བ་ནི་འཁོར་ལོ་གསུམ་གྱི་སྦྱོར་བ་དང་ལྡན་པའོ། །རབ་རྒྱས་ཞེས་བྱ་བ་ནི་ཡི་གེ་རྣམས་ཕྲེང་དུ་བྱ་བའོ། །བཞི་པ་ཡི་ནི་ལྔ་པ་དང་། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཚིགས་ བཅད་བརྒྱད་པ་དང་། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང་བཅས་པས་རྩ་བའི་སྔགས་བཏུ་བའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།གཞན་ཡང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་ ཡིག་བདུན་ཉེ་སྙིང་པོ། །ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ། །ཡ་ཚན་བརྒྱད་པའི་ས་བོན་ཞེས་བྱ་བ་ནི་ཧ་ཡིག་བཅུ་གཉིས་སོ། །དོར་བྱས་པ་ཞེས་བྱ་བ་ནི་དབྱངས་ཡིག་རིང་པོ་རྣམས་དང་། ལྷན་ཅིག་གྱུར་པའི་དབུས་ན་གནས་པ་རྣམས་ཏེ། ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ ཧཱུ་བཽ་ཥཊ་ཧེ་ཧུཾ་ཧཱུཾ་ཧོ་ཕཊ་ཧཾ་རྣམས་སོ། །སྙིང་གར་ཡི་གེ་ཧ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་བ་ཕྱག་བཞི་པ་ཕྱག་གཡས་ན་རྡོ་རྗེ་དང་རྔེའུ་ཆུང་། གཡོན་པ་ན་དྲིལ་བུ་དང་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། རྡོ་རྗེ་ཕག་མོ་ མདོག་དམར་མོ་ལ་འཁྱུད་པའོ། །མགོ་བོར་ཡི་གེ་ཧི་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སེར་པོ་ཕྱག་གཡས་ན་འཁོར་ལོ་གཞན་ནི་སྔར་བསྟན་པ་བཞིན་ཏེ། གཤིན་རྗེ་མ་མདོག་སྔོན་མོ་ལ་འཁྱུད་པའོ། །སྤྱི་གཙུག་ཏུ་ཡི་གེ་ཧཱུཾ་དང་པདྨ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་ དབང་ཕྱུག་དམར་པོ་ཕྱག་གཡས་ན་པདྨ་བསྣམས་པ་རྨོངས་བྱེད་མ་མདོག་དཀར་མོའི་མགྲིན་པ་ནས་འཛིན་པ་སྟེ། གཞན་ནི་སྔར་བསྟན་པ་བཞིན་ནོ། །ཕྲག་པ་གཉིས་སུ་ནི་ཡི་གེ་ཧེ་དང་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་གདེངས་པ་བསྣམས་པ་ ཡང་དག་པར་སྐྱོད་མ་མདོག་ལྗང་གུ་ལ་འཁྱུད་པའོ། །ལྷག་མ་སྔར་བསྟན་པ་བཞིན་ནོ། །མིག་གཉིས་སུ་ནི་ཡི་གེ་ཧོ་དང་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཉི་མ་གསེར་བསྲེགས་པའི་མདོག་ཅན་ཕྱག་གཡས་ན་རིན་པོ་ཆེ་བསྣམས་པ། སྐྲག་བྱེད་མ་ནམ་མཁའ་ལྟར་ མཐིང་སྐྱའི་མདོག་ཅན་ལ་འཁྱུད་པ་སྟེ། ལྷག་མ་ནི་སྔར་བསྟན་པ་བཞིན་ནོ། །དཔྲལ་བར་ཡི་གེ་ཧི་དང་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྟ་མཆོག་ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས་པ། གཏུམ་མོ་དུ་བའི་མདོག་ཅན་ལ་འཁྱུད་པ་སྟེ། གཞན་སྔ་མ་བཞིན་ནོ། །ཐམས་ ཅད་ཀྱང་རྒྱན་ཀུན་གྱིས་བརྒྱན་ཞིང་གཡས་བརྐྱང་བའི་གནས་པས་གནས་པ་རལ་པའི་ཅོད་པན་དར་གྱིས་བཅིངས་པའོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།དེ་ནས་དབྱངས་ཡིག་ཅེས་བྱ་བ་ལ་ ལེའུ་ལྔ་པར་བསྟན་པའི་གསལ་བྱེད་དང་དབྱངས་སུ་སྦྱར་བར་བྱ་སྟེ། བཅུ་གསུམ་ཉིད་ཅེས་བྱ་བ་ནི་ཡི་གེ་ཨོའོ། །ཡི་གེ་གཉིས་པ་ཞེས་བ་ནི། རིམ་པ་ཇི་ལྟ་བ་བཞིན་ཡི་གེ་མའོ། །དབྱངས་ཡིག་བཅུ་གཅིག་ནི་ཨེའོ། །ཡི་གེ་དྲུག་པ་ནི་ཏ་སྟེ་རིམ་པ་འདི་ཉིད་ཀྱིས་ཐམས་ཅད་ལ་སྦྱར་ བར་བྱའོ་ཞེས་སོ། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།དེ་ནས་རང་གི་བདག་ཉིད་ཀྱི། །ཞེས་བྱ་བ་ནི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་ཅིང་བདག་མེད་པའི་རང་བཞིན་ཡོངས་སུ་དག་ཅིང་རང་བཞིན་ དང་བྲལ་བས་ཀུན་དུ་བསམ་པའོ། །དཔའ་བོ་ཀུན་དང་མཉམ་སྦྱོར་བས། །མཁའ་འགྲོ་ཀུན་གྱི་དྲ་བ་སྡོམ། །ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོ་སྤྲུལ་པའི་རང་བཞིན་ཏེ། །རང་གི་བདག་ཉིད་སྙིང་པོའི་སྔགས་ཡིག་ནི། །ཡོངས་རྫོགས་དཀྱིལ་འཁོར་དཀྱིལ་འཁོར་མཆོག །སྐད་ ཅིག་ཡེ་ཤེས་ཀྱིས་རྫོགས་པ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །དྲ་བ་དྲ་ཕྱེད་ཀྱིས་སྤྲས་པ། །དར་དང་མེ་ཏོག་ཕྲེང་འཕྱང་བ། །ཕྱི་ཡི་དཀྱིལ་འཁོར་བསྟན་པར་བྱ། །དབུས་སུ་རྩིབས་བརྒྱད་འཁོར་ལོ་ལ། །སྣ་ཚོགས་པདྨ་བྲི་བར་བྱ། ། ཟླ་བ་ཉི་མའི་དབུས་གནས་པར། །ཧཱུཾ་གི་ཡེ་ཤེས་རྫོགས་པ་ལས། །བདེ་ཆེན་བདེ་བའི་འབྱུང་གནས་ཏེ། །སྔོ་སྐྱ་དྲག་ཤུལ་འཇིགས་པའི་འོད། །འཇིགས་ཆེན་ཧ་ཧ་ཞེས་བཞད་པས། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། ། བཅུ་དྲུག་ཕྱག་གིས་བརྒྱན་པ་སྟེ། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །སྣ་ཚོགས་རྡོ་རྗེས་མཚན་པ་ཡི། །དབུ་ལ་ཟླ་ཕྱེད་རལ་པ་འཛིན། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་སྐུ། །འཇིགས་བྱེད་དང་ནི་དུས་མཚན་དག།།གཡས་བརྐྱང་བ་ཡིས་ཡང་དག་མནན། །རྡོ་རྗེ་དྲིལ་བུས་ སྙོམས་འཇུག་ཅིང་། །ཕག་མོའི་ནུ་མ་འཛིན་པར་བྱེད། །ཚངས་པ་དྲལ་བའི་བགས་པ་ནི། །རློན་པ་བཟུང་སྟེ་སྐུ་ལ་མནབས། །རྩེ་གསུམ་མདུང་དང་དགྲ་སྟ་དང་། །རལ་གྲི་དང་ནི་ཅང་ཏེའུ་སྟེ། །ཟངས་ཀྱི་ལྕགས་ཀྱུ་ཕྱག་གཡས་ནའོ། །གཡོན་པ་དེ་བཞིན་ཐོད་པ་དང་། ། ཁ་དང་མགོ་དང་ཞགས་པ་དང་། །ཐོ་བ་སྡིགས་མཛུབ་ཕྱག་གཞན་ན། །སྔོ་དཀར་དམར་སེར་ལྗང་གུ་དང་། །དུ་བ་རྡུལ་དང་ཐལ་ཁ་མདོག །དེ་ལྟ་བུ་ཡི་ཞལ་ལྡན་པ། །བཅོམ་ལྡན་འདས་ཀྱི་སྐུ་ཆེན་པོ། །ཤེས་རབ་ཡེ་ཤེས་ལས་རྫོགས་པ། །ཕག་མོ་ལྗང་སྐྱའི་འོད་འཕྲོ་ བ། །བྱིན་པ་གཉིས་ཀྱིས་ཡང་དག་འཁྱུད། །སྤྱན་གསུམ་སྐྲ་ནི་གྲོལ་བ་སྟེ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །དེ་ཡི་ཞལ་དང་དབྱིབས་འདྲ་བ། །དུམ་བུས་མཚན་པའི་སྐ་རགས་ཅན། །ཞལ་གྱི་མཆེ་བ་གཙིགས་པའོ། །ཕྱོགས་གོས་ཆགས་པའི་ལྟ་བ་དང་། ། རོ་སྨད་ཆ་ནི་རྣམ་རྒྱས་པ། །ཚངས་པའི་པགས་པ་ཡོངས་ལྷ་མོ། །སྐལ་བཟངས་ལྡན་མ་མདའ་གཞུ་འཛིན། །ཡི་གེ་ཨོཾ་གྱི་ཤར་འདབ་ལ། །ཕྱག་མཚན་མཁའ་འགྲོ་མ་དགོད་བྱ། །བ་ཡི་བྱང་གི་འདབ་མ་ལ། །རྒོད་མའི་མཁའ་འགྲོ་མ་དགོད་བྱ། །ཛྲ་ཡིས་ནུབ་འདབ་སྙན་ གྲགས་མ། །དྲག་ཤུལ་མཁའ་འགྲོ་མ་དགོད་བྱ། །ཧེ་ཡིས་གསེར་ལྡན་མ་ཞེས་པ། །མཁའ་འགྲོ་ཆེན་མོ་ལྷོ་ཕྱོགས་དགོད། །སེར་པོ་ལྗང་གུ་སྔོན་པོ་དང་། །སྔོ་བསངས་དང་ནི་དཀར་དང་དམར། །དཀར་དང་ལྗང་གུ་སྔོན་པོ་དང་། །དེ་བཞིན་དམར་དང་སྔོ་དང་ལྗང་། །ཐམས་ཅད་ཞལ་ གསུམ་ཕྱག་དྲུག་པ། །སྤྱན་གསུམ་རྣམ་འགྱུར་རབ་འཇིགས་པ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བ། །གཡས་བརྐྱང་རོ་ཡི་སྟེང་གནས་པ། །བདུད་བཞི་རབ་ཏུ་འཇོམས་པའོ། །དྲག་པོའི་ཐོད་པའི་ཕྲེང་བ་ཅན། །པདྨ་དང་ནི་ནུ་རྒྱས་ མ། །ཟུར་གྱིས་ལྟ་ཞིང་བཞད་པ་དང་། །སྙིང་རྗེས་ཆགས་པའི་བདེ་དམ་པ། །མདའ་དང་གཞུ་ནི་འཛིན་མཛད་ཅིང་། །ཞགས་པ་ལྕགས་ཀྱུ་ཕྱག་གཞན་ན། །གཡོན་ན་ཁ་ཊྭཱཾ་ཐོད་པ་སྟེ། །གཡས་པས་ཅང་ཏེའུ་བརྡུང་བར་མཛད། །མཚམས་བཞིར་བུམ་པར་ཐོད་པ་ལ། །བྱང་ཆུབ་འོ་མས་ ཡོངས་བཀང་བའོ། །ཤར་ཕྱོགས་ཀྱི་རྩིབས་ལ་ནི་ཡི་གེ་ཧེ་ཡིས་རྩེ་བྱེད་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །བྱང་གི་རྩིབས་ལ་ནི་ཡི་གེ་རུ་ཡིས་གདུ་བུ་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །ནུབ་ཏུ་ནི་ཡི་གེ་རུ་ཡིས་དུང་ཕྲེང་ཅན་ཞེས་བྱ་བའི་མཁའ་འགྲོ་མའོ། །ལྷོ་ཕྱོགས་སུ་ནི་ཀཾ་ཀིས་ཀེང་ རུས་ཅན་མ་ཞེས་བྱ་བའི་མཁའ་འགྲོ་མའོ། །མེ་ཡི་མཚམས་སུ་ཧཱུཾ་གིས་ཧཱུཾ་བྱེད་མའོ། །སྲིན་མོའི་མཚམས་སུ་ཕཊ་མཛད་མའོ། །རླུང་གི་མཚམས་སུ་ནི་མཛེས་ཅན་མའོ། །དབང་ལྡན་དུ་ནི་ཀཱི་ལི་ཀཱི་ལི་ཞེས་བྱ་བའི་མ་མོའོ། །མ་མོ་བརྒྱད་པོ་དེ་རྣམས་ནི། །བཅོམ་ལྡན་འདས་ཀྱིས་ཞལ་ མདོག་སྐུ། །ཞལ་གཅིག་ཕྱག་ནི་བཞི་པ་ལ། །ཐོད་པ་ཁ་ཊྭཱཾ་དྲིལ་བུ་འཛིན། །ཀུན་ཀྱང་ཅང་ཏེའུ་ཟངས་གྲི་ཅན། །ཕྱོགས་ཀྱི་གོས་ཅན་གཡས་བརྐྱང་གནས། །དེ་བཞིན་ཐོད་པའི་ཕྲེང་བ་ཅན། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །རོ་ཡི་སྟེང་གནས་བསྒོམ་བྱ་སྟེ། །དྲག་ཅིང་རྣོ་ལ་འཇིགས་རྔམས་ པའོ། །དབང་ལྡན་མཚམས་སུ་སྔོན་བྱུང་མ། །རླུང་མཚམས་སུ་ནི་ཁྱུང་མཆོག་མ། །སྲིན་མོའི་མཚམས་སུ་གསུས་འཕྱང་མ། །མེ་མཚམས་སུ་ནི་རི་ཁྲོད་མ། །སེར་པོ་ལྗང་གུ་སྔོན་པོ་དང་། །བཞི་པ་ཅུང་ཟད་དམར་པོའོ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། ། ཟངས་གྲི་ཅང་ཏེའུ་ཕྱག་གཞན་ན། །བཞི་པ་ལ་ནི་རྡོ་རྗེའི་མདུང་། །ཕྱོགས་ཀྱི་དྲེགས་པའི་བདེ་དང་ལྡན། །གསུས་པ་འཕྱང་ཞིང་གཙིགས་པ་སྟེ། །སྐ་རགས་རིང་ཞིང་རྒྱས་པའོ། །སྤྱན་གསུམ་རྣམ་འགྱུར་མི་བཟད་པ། །སྐྲ་གྲོལ་བ་ལ་འཇིགས་མཛད་མ། །ཐོད་པའི་ཕྲེང་བའི་ཅོད་ པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ཤར་ཕྱོགས་ཀྱི་སྒོར་ནི། བཾ་གྱིས་མི་བཟད་དྲག་ཤུལ་ཅན། །ཞེས་བྱ་བའི་མཁའ་འགྲོ་མའོ། །ལྷོ་སྒོར་ནི། ཡི་གེ་རས་རོལ་རྩེད་དྲག་ཅན། །ཞེས་བྱ་བའི་མཁའ་འགྲོ་མའོ། །ནུབ་སྒོར་ནི། སྭཱ་ཡིས་རང་འོད་དྲ་བ་མཆོག །ཅེས་བྱ་བའི་མཁའ་ འགྲོ་མའོ། །བྱང་སྒོར་ནི། ཧཱ་ཡིས་རྒྱལ་བའི་དོ་ཤལ་མཆོག །ཅེས་བྱ་བའི་མཁའ་འགྲོ་མའོ། །དེ་རྣམས་ཞལ་གསུམ་ཕྱག་དྲུག་མའོ། །སྔོ་དང་དམར་དང་དཀར་པོ་སྟེ། །ཐོད་པ་ཁ་ཊྭཱཾ་ག་དང་ནི། །མགོ་དང་སྡིགས་མཛུབ་ཕྱག་གཡོན་ལ། །ལྕགས་ཀྱུ་དང་ནི་ཟངས་གྲི་དང་། །ཅང་ཏེའུ་ གཡས་པའི་ཕྱག་ནའོ། །ལྷོ་ཞལ་དཀར་སྔོ་ལྗང་གུ་སྟེ། །ཐོད་པ་ཁ་ཊྭཱཾ་ཟངས་གྲི་འོག །སྡིགས་མཛུབ་གཡོན་ཏེ་ཞགས་པ་དང་། །ལྕགས་ཀྱུ་ཅང་ཏེའུ་གཡས་ནའོ། །ནུབ་ཕྱོགས་དམར་སྔོ་ལྗང་གུ་སྟེ། །ལྕགས་སྒྲོག་ཅང་ཏེའུ་ཟངས་གྲི་དང་། །ཐོད་པ་དང་ནི་ཁ་ཊྭཱཾ་ག །མགོ་བོ་དང་ ནི་སྡིགས་མཛུབ་པོ། །བྱང་ཕྱོགས་ལྗང་དང་དཀར་པོ་དང་། །སེར་དང་དམར་འདྲེས་དགྱེས་པའི་ཞལ། །འབེབས་དང་ཅང་ཏེའུ་གྲི་སྡིགས་མཛུབ། །ཐོད་པ་དང་ནི་མགོ་བོ་འཛིན། །ཀུན་ཀྱང་སྐྲ་གྲོལ་དྲག་ཆེན་མོ། །སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ། །ཞལ་གདངས་པ་ལ་ ལྗགས་འགྲིལ་བ། །གཡས་བརྐྱང་པ་ཡིས་རྣམ་པར་བཞུགས། །ཐོད་པའི་ཕྲེང་བརྒྱན་དྲི་མ་མེད། །ཕྱོགས་ཀྱི་གོས་ཅན་དག་དང་ལྡན། །རོ་དང་པདྨ་ཉི་དབུས་གནས། །མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །ཟུར་མིག་བལྟ་ཞིང་གཡོ་བ་དང་། །སྙིང་རྗེས་ཆགས་ པའི་བདེ་བ་ཅན། །བྱང་ཕྱོགས་སྒོ་ལ་ཕྱོགས་པར་ནི། །སྙིང་པོ་ཡེ་ཤེས་གནས་དགོད་བྱ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་པ་རཾ་སྭཱ་ཧཱ། སྐུ་གསུང་ཐུགས་དང་ལྷན་ཅིག་ཏུ། །གོ་ཆ་དྲུག་གིས་བརྒྱན་པ་སྟེ། །ཞལ་ནི་རྣམ་ཐར་བརྒྱད་དག་པ། །ཕྱག་ནི་སྟོང་པ་ བཅུ་དྲུག་གོ། །དེའི་རྗེས་ལ་སྙིང་པོ་ཉེ་བའི་སྙིང་པོ་ཡི་གེ་བདུན་པའི་བདག་ཉིད་ཀྱི་སྔགས་ཆེན་པོ་རྡོ་རྗེ་མཆོག་གི་དཀྱིལ་འཁོར་བརྗོད་པར་བྱ་སྟེ། ཧཱུཾ་གི་ཡི་གེ་ཡོངས་རྫོགས་ལས། །རྡོ་རྗེ་མཁའ་འགྲོ་བདེ་བ་ཆེ། །ཨཱ་ལི་ཀཱ་ལི་དངོས་འབྱུང་བ། །གཙོ་བོ་ཞལ་གསུམ་ཕྱག་ དྲུག་པ། །སྤྱན་གསུམ་མཚན་རྣམས་ཀུན་གྱིས་མཚན། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན། །ཕག་མོ་དང་ནི་གཉིས་མེད་བདེ། །སྟོང་ཉིད་སྙིང་རྗེ་འཁྲིགས་པ་ཡིས། །རྡོ་རྗེ་དྲིལ་བུ་སྙོམས་འཇུག་ཅིང་། །ཕྱག་གཞན་མི་ཡི་པགས་པའི་གོས། །ཐོད་པ་ཁ་ཊྭཱཾ་ག་དང་ནི། །དྲུག་ པ་ལ་ནི་མདུང་རྩེ་གསུམ། །ཐོད་པའི་ཕྲེང་བས་སྤྲས་པ་སྟེ། །རྒྱན་རྣམས་ཐམས་ཅད་ཀླུབས་པ་ཡི། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་དག །རལ་པ་འཛིན་ཞིང་གཡས་བརྐྱང་བ། །སྣ་ཚོགས་པདྨ་ཉི་དབུས་སུ། །ཆུང་མར་བཅས་པའི་འཇིགས་བྱེད་མནན། །འདོད་པའི་འབྲས་བུ་ཀུན་ སྟེར་བའོ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་དྲུག་པ་བྲིས་ལ། །རྣལ་འབྱོར་མ་དྲུག་དེར་དགོད་པར་བྱའོ། །རྩིབས་དྲུག་འཁོར་ལོའི་དབུས་སུ་ནི། །མྱུར་དུ་དངོས་གྲུབ་སྦྱིན་བྱེད་མ། །ཤར་ཕྱོགས་ལ་སོགས་གཡོན་སྐོར་གྱིས་དགོད་པར་བྱ་སྟེ། ཡི་གེ་ཕཊ་ཀྱིས་ནི་དཔལ་རོལ་ རྩེད་མ་སྟེ་ལྷ་མོ་དང་པོའོ། །ཡི་གེ་ཧཱུཾ་གིས་ནི་རྡོ་རྗེ་འཇིགས་བྱེད་མ་སྟེ་གཉིས་པའོ། །ཡི་གེ་ཧ་ཡིས་ནི་གཏུམ་དྲག་མ་སྟེ་གསུམ་པའོ། །ཡི་གེ་ཧོ་ཡིས་ནི་རྡོ་རྗེ་སྣང་བྱེད་མ་སྟེ་བཞི་པའོ། །ཡི་གེ་ཧྲཱིཿཡིས་ནི་རྡོ་རྗེ་དྲག་མོ་སྟེ་ལྔ་པའོ། །ཡི་གེ་ཨོཾ་གྱིས་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ་དྲུག་པའོ། །ལྷ་ མོ་དེ་རྣམས་ཞལ་གཅིག་པ། །ཕྱག་བཞི་དྲག་ཆེན་སྤྱན་གསུམ་སྟེ། །སྐྲ་གྲོལ་ཕྱོགས་ཀྱི་གོས་དང་ལྡན། །ཐམས་ཅད་ཡི་དགས་ཉི་སྟེང་གནས། །དེ་རྣམས་སྔོ་དང་སེར་བ་དང་། །ལྗང་གུ་དམར་དང་དུད་ཀ་དཀར། །ཀུན་ཀྱང་ཅང་ཏེའུ་དྲིལ་བསྣམས་ཤིང་། །མི་ཡི་པགས་པ་གཉིས་ ཀྱིས་འཛིན། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །གཡས་བརྐྱང་བ་ཡི་གནས་པས་བཞུགས