Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཉན་ཐོས་ལ་སོགས་
པ་རྣམས་ལ་ཡོད་པ་མ་ཡིན་ཞེས་སྦྱར་རོ། །འདིར་གང་དེ་ལྟར་བྱས་པས་སྤྲོས་པ་ཐམས་ཅད་རྣམ་པར་མི་རྟོག་པ་དེའི་ཚེ་ཡེ་ཤེས་ཀྱི་སྒྲ་དོན་མེད་དོ་ཞེ་ན། དེའི་ཚེ་རྣལ་འབྱོར་མས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཞེས་པ་ནི་རྒྱུ་གང་གིས་ཞེས་པའོ། །

ཁྱད་པར་ཕྱེ་ཞེས་པ་ནི་འཇིག་རྟེན་ལས་གྲགས་པ་ཉིད་དོ། །དེ་ཡང་མུ་སྟེགས་པ་ལ་སོགས་པ་རྣམས་ལ་སྣང་བའོ་ཞེ་ན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་འདི་ནི་ལན་ཏེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡེ་ཤེས་ཀྱི་སྒྲས་ནི་སེམས་ཅན་ཐམས་ཅད་ཀྱི་
འགྲོ་བ་ལྟར་སྐྱེས་པའོ། །དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་བའི་སེམས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་དངོས་པོ་འབྱུང་བའོ། །དེ་བཞིན་དུ་རྣམ་པ་ལྔ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔ་འཆད་བཞིན་པ་ལས་སྟོན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་རང་བཞིན་ལས་བྱུང་
ཞིང་དེ་རྣམས་ཀྱང་རང་བཞིན་ལས་འབྱུང་ངོ་། །དེར་དཔེར་གསུངས་པ། ལྷ་ཡི་ཡེ་ཤེས་གསང་བར་བསྟན། །ཞེས་པ་ནི་ཇི་ལྟར་མེ་ལོང་ལ་གདོང་ལ་སོགས་པའི་ཆ་ཤས་ཞེས་པའི་སྣང་བ་བརྫུན་པའི་ཕྱིར་ཞེས་པ་ནི་ངེས་པའོ། །འདི་ནི་གསུང་གཅིག་གོ། །དེ་བཞིན་དུ་གཞན་ནས་
ནི་ཡེ་ཤེས་སྣང་བར་བསྟན་ཞེས་པ་ནི་སྔོན་བཞིན་དུ་མར་མེ་དང་མེ་ལོང་དག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཐོབ་པའོ། །དེས་ན་དང་ཞེས་བསྡུ་བའི་ཕྱིར་རོ། །དེ་ལྟར་ལྷ་ལ་སོགས་པ་གསང་བའི་ཡེ་ཤེས་ལས་བྱུང་ཞིང་དེ་ཉིད་ཀྱིས་འཇོམས་ཏེ། ཡང་སྡིག་པའི་ལས་ཀྱིས་
དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེ་བཞིན་དུ་དམན་པས་ཞེས་པ་ནི་སེམས་ཅན་དབུལ་པོ་སེམས་དམན་པ་ནོར་ལ་འདོད་པས་ཡི་དགས་ཀྱི་ཡིད་ཤེས་ཀྱིས་ཡི་དགས་སུ་སྐྱེའོ། །དེ་བཞིན་དུ་སེམས་ཅན་གྱི་སེམས་བསྐྱེད་པ་དང་འཇིགས་པ་ལས་དུབ་པར་འགྱུར་
བ་དེ་ལ་དེ་སྐད་ཅེས་བྱའོ། །བྱོལ་སོང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་རྣམ་པ་ལྔ་ཞེས་པ་ལ་རྣམ་ལྔས་ནི་ཞེས་པ་ནི་རང་གི་སེམས་ལས་འགྲོ་བ་ལྔ་འབྱུང་བར་འགྱུར་ཏེ། འདིར་ནི་དབང་ཕྱུག་ལ་སོགས་པའི་ལྷ་རྣམས་སུ་སྔོན་གྱི་བག་ཆགས་དང་། ཁྲོ་བོ་ལ་སོགས་པའི་ཡེ་
ཤེས་ཀྱིས་བསྐྱེད་ནས། སླར་ཡང་འཁོར་བ་རྣམས་སུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །བེམས་པོ་ལྐུགས་པ་ལྟ་བུའི་ཡེ་ཤེས་དེའི་ཚེ་ཡེ་ཤེས་ཅན་དེ་གྲོལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་གཅིག་དང་དུ་མའི་རང་བཞིན་གྱི་ཕྱིར་ཏེ། སེམས་

ཅན་གྱི་རྒྱུད་སེམས་དང་སེམས་ལས་བྱུང་བ་ཡང་སྣ་ཚོགས་པའི་ཕྱིར་རོ། །ཡང་ན་ཐོག་མ་མེད་པ་ནས་བེམས་པོའི་ཡེ་ཤེས་ཀྱི་རྒྱུད་དེ་ལས་ཡང་བེམས་པོའི་ཁམས་འབྱུང་སྟེ། སེམས་མེད་ཅེས་བྱ་བ་ལ་སོགས་པའི་ཕྱིར་རོ། །དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་
ལྟ་བ་རྣམས་ལ་ལྟ་བས་ཐམས་ཅད་འགྲོ་བ་ལྔ་ཡིན་ན། དེའི་ཚེ་ཇི་ལྟར་དེ་རྣམས་ཡེ་ཤེས་གང་གང་གིས་གྲོལ་ཞེ་ན། གསུངས་པ། ཡེ་ཤེས་དེ་ཉིད་བྱེ་བྲག་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཞེས་པ་ནི་བག་ཆགས་དང་བཅས་པའི་ཉེས་པས་ཞེ་སྡང་ལ་སོགས་པའི་ཡེ་
ཤེས་སུ་འགྱུར་རོ། །དེ་རྣམས་ལ་དེ་ཉིད་བྱེ་བྲག་ཅེས་པ་ནི་རྣལ་འབྱོར་ལ་གོམས་པ་ལས་ཏེ། དེ་ཡང་སྙིང་རྗེའི་ཁྱད་པར་ལས་སོ། །དེས་ན་རྣལ་འབྱོར་བསྟན་བཅོས་ཁྱད་པར་ཉིད་ཅེས་པ་ནི་རྣལ་འབྱོར་པའི་གཞུང་ལུགས་ཀྱི་ཚུལ་ལས་ཏེ་མདོར་བསྟན་པ་ཉིད་དོ། །དེའི་ཕྱིར་
སངས་རྒྱས་པའི་ཡེ་ཤེས་མེད་པར་གྲོལ་བ་མེད་དོ། །དེ་ཅི་ཞེ་ན། འདིར་ནི་གང་གི་ཕྱིར་སྟོང་པ་ཉིད་ལ་སོ་སོའི་དབྱེ་བ་ཡོད་དེ། དེ་ཡང་ལུང་རྣམས་ཀྱི་ནང་དུ་གྲགས་སོ། །འདིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་འབྱུང་བ་དང་དེ་བཞིན་དུ་ཡང་དག་
པའི་མཐའ་ཆོས་ཀྱི་སྐུ་ལ་སོགས་པའོ། །ཡང་ན་རྣལ་འབྱོར་བསྟན་བཅོས་ཞེས་པ་ནི་གང་གསུངས་པའི་རྣལ་འབྱོར་སྤྱོད་པ་དེ་ནི་ཐུན་མོང་གི་ཚིག་གོ། །འོན་ཀྱང་དེའི་ཁྱད་པར་གྱི་ཚིག་གིས། རྣལ་འབྱོར་བསྟན་བཅོས་ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེས་ན་སྐྱེ་བ་ཞེས་བྱ་བ་ལ་སོགས་
པ་ལ་ངའི་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་ཇི་སྲིད་དུ་སེམས་ཅན་རྣམས་མ་བསྐུལ་བ་དེ་སྲིད་དུ་དེ་རྣམས་གྲོལ་བར་མི་འགྱུར་ཏེ། སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ཞེས་པ་དང་སྦྱར་རོ། །དེ་བས་རྣལ་འབྱོར་པ་བསྟན་བཅོས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་
མཁྱེན་པའི་ཡེ་ཤེས་གྲུབ་པའོ། །དེའི་ཕན་ཡོན་གཞན་ཡང་གསུངས་པ། གང་གི་ཕྱིར་དེ་མ་རྟོགས་པར་གྲོལ་བ་མེད་དོ། །དེའི་ཕྱིར་ཕྱིའི་བསྟན་བཅོས་རིང་པོར་ཡོངས་སུ་སྤང་བར་བྱའོ། །གར་ཞེས་པ་ནི་སྐད་ཅིག་མའོ། །གཞན་ནི་གོ་སླའོ། །དེ་ལྟར་ཡང་ནི་གསུངས་པ།

མུ་སྟེགས་བྱིས་པ་མི་ཤེས་པ། །ཤེས་པ་ངན་པས་རྟག་ཏུ་བསྒྲིབས། །བདག་ཀྱང་དེ་ཡིས་ཕུང་བྱེད་ཅིང་། །གཞན་ཡང་ཕུང་བར་བྱེད་པ་ཡིན། །དེ་རྣམས་ཉིད་ཀྱིས་ཐབས་རྟག་ཏུ། །རྣལ་འབྱོར་སྙིང་རྗེ་སྔོན་དུ་བྱ། །ཡེ་ཤེས་ཆད་པས་བསྣུན་བྱ་ཡི། །རྒྱལ་པོ་ལ་སོགས་ཆད་པས་
མིན། །བསམ་གཏན་སྔགས་སོགས་ལས་ཀྱིས་ནི། །ནུས་པ་རྣམས་ནི་འགྲུབ་པ་ཉིད། །མུ་སྟེགས་ལ་སོགས་གཞོམ་པའི་ཕྱིར། །ཇི་སྐད་གསུངས་སོགས་ལས་ནི་བྱ། །ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ་གང་
དུ་འཕོ་བ་ལ་སོགས་པ་དང་མུ་སྟེགས་པའི་ཡེ་ཤེས་ངན་པ་བསལ་ཞིང་། དེ་རྣམས་སངས་རྒྱས་པའི་ཡེ་ཤེས་ལ་གཞག་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །།ད་ནི་སྔོན་དུ་གསུངས་པའི་སྒྲུབ་ཐབས་ཐམས་
ཅད་ཀྱི་ལས་བྱ་བའི་ཕྱིར་སྔགས་བཟླས་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས་ཤིན་ཏུ་རྙེད་སླ་བ་དེ་ཉིད་ཀྱིས་ཅི་སྟེ་ཡང་སྔགས་བསྡུས་པར་ཅུང་ཟད་གསུངས་མོད་དེ་ལྟ་ན་ཡང་འདི་བསྡུས་ཏེ་གསུངས་པ། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གཙོ་རྒྱལ་པོ་ཞེས་པ་ནི་ཡེ་ཤེས་ཅན་རྣམས་
ཞེས་པ་ནི་ཡེ་ཤེས་ཅན་གྱི་གཙོ་བོ་དང་པོ་སྟེ། མཛེས་པས་ན་རྒྱལ་པོའོ། །རྡོ་རྗེ་སྙིང་པོ་ཞུས་པ་ཉིད་ལ་བོས་ནས། འཆད་བཞིན་པ་རྣམས་ཀྱི་མཚན་ཉིད་ཉོན་ཞེས་སྦྱོར་རོ། །དེ་ལ་ཨོཾ་བཛྲ་ཨ་མི་ཏ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔགས་ཐམས་ཅད་ཀྱི་མན་ངག་དེའི་ནི་བླ་མའི་ཁ་ལས་ཉེ་
བར་མཚོན་པར་བྱའོ། །དེ་བཞིན་དུ་རྟོག་པ་རྫོགས་པའི་མཐར་ཐུག་པ་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པ་ལས་མདོར་བསྟན་པ་གསུམ་གྱི་མཐར་སྔགས་སླར་བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་
བཞི་པའོ།། །།ད་ནི་སྤྲུལ་པའི་སྐུ་མཉམ་པར་གཞག་པའི་རྣལ་འབྱོར་པར་སྤྱོད་པའི་གནས་ངེས་པར་གསུངས་པའི་བྱ་བ་བྱེད་པ་བསྟན་པའི་ཕྱིར་རོ། །དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་རྟོག་པ་བརྒྱད་པའི་རྗེས་སུ་རྟོག་པ་དགུ་པ་ལ་

འཇུག་པ་སྟེ། དེ་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ། །དེ་བཞིན་དུ་དཔའ་བོ་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཡུལ་ལས་རྒྱལ་བའི་ཕྱིར་རོ། །དེ་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་ཞེས་དགོངས་སོ། །དེ་ཉིད་ཀྱིས་ན་ཆ་ནི་མེད། །
ཅེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་བུང་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་རྫུ་འཕྲུལ་གྱིས་ལ་ལར་ཞེས་པའི་ཚིག་གིས་གང་གི་ཚེ་དེ་རྣམས་ཀྱི་དེའི་ཚེ། ཨཱ་ལི་ཞེས་པ་ནི་ཡི་གེ་ཐམས་ཅད་ཉིད་སྒྲའི་རང་བཞིན་དུ་བརྗོད་དོ། །དེས་ན་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དུ་ཤེས་སོ། །
དེའི་ཚེ་བུང་བ་ཞེས་པ་ནི་བུང་བ་བཞིན་པ་ཡང་དག་པར་ཡེ་ཤེས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྤྲུལ་པའི་སེམས་སོ། །དེ་ཡང་བུང་བ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནི་དགོངས་པས་བཤད་པས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞབས་བཅུ་དྲུག་གིས་འཕོ་བ་བཅུ་དྲུག་གོ། །ཕྱག་ཉི་ཤུ་
རྩ་བཞིས་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་དང་ཟླ་བ་བཅུ་གཉིས་ཀྱི་ཟླ་ཕྱེད་ཉི་ཤུ་རྩ་བཞིའོ། །ཞལ་དགུས་ནི་ལུས་ཀྱི་སྒོ་དགུ་སྟེ། དེ་ལ་སོགས་པ་དཔག་ཏུ་མེད་པའི་མཐར་ཐུག་པའོ། །འཇིགས་བྱེད་ནི་རྡོ་རྗེའི་རླུང་ངོ་། །མི་ཕྱེད་པས་རྡོ་རྗེའོ། །དེ་ཉིད་ཀྱིས་ན་ཨཱ་ལི་ནམ་མཁའི་ཞེས་བྱ་བ་ལ་སོགས་
པ་ནི་བདུད་རྩི་ལྔའི་ཆོ་གའི་ཁྱད་པར་གྱི་བདུད་རྩིའི་རང་བཞིན་རྡོ་རྗེ་འཇིགས་བྱེད་ལྷན་ཅིག་སྐྱེས་པའི་དུས་ཞེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར་རོ། །མ་ལུས་པ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་གསུངས་པའི་རིམ་པས་སོ། །ལུས་
ལས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལུས་ལས་དེ་དག་འབྱུང་ཞེས་པའི་དོན་ཏོ། །གསང་འཛིན་པ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ཉིད་ཅེས་པའི་དོན་ཏོ། །དེ་མེ་ཞེས་པ་བཞིན་དུ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་གསུངས་པའི་སླར་བཤད་པའོ། །རྩ་བའི་
དབུས་སུ་ཞེས་པ་ནི་དབུ་མ་ཨ་ཝ་དྷཱུ་ཏཱིའོ། །དེའི་རྩ་བ་སྟེ་མགོ་དེའི་དབུས་སུ་ཐིམ་པ་དེ་ལ་དེ་སྐད་ཅེས་བྱའོ། །རླུང་དང་མེ་ཞེས་པ་དེ་ལ་རླུང་ཞེས་པ་ནི་ཡའོ། །མེ་ཞེས་པ་ནི་ར་སྟེ། དེ་གཉིས་གཅིག་པའོ། །དངོས་པོ་ནི་རླུང་དང་མེའོ། །དེའི་ཕྱིར་བཅུ་བདུན་ཞེས་པ་ནི་ཧའོ། །

རྡོ་རྗེ་མའི་ས་བོན་ཞེས་པ་ནི་ཨུའོ། །དེ་ཡང་གྱ་གྱུ་ཕྱག་ན་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རོ། །ཐིག་ལེ་སྒྲ་ཞེས་པ་ནི་ཟླ་བ་ཕྱེད་པའི་ཆ་བྱད་དང་རི་མོ་སྟེ། ཐིག་ལེས་མནན་པ་དེའི་སྟེང་དུ་དགོད་པའོ། །དེ་ལྟར་ཆར་པའི་རྒྱུན་ཞེས་པ་ནི་ཧཱུཾ་བདུད་རྩི་འཛགས་པའི་རང་བཞིན་གྱི་ཕྱིར་རོ། །དབྱངས་
ཡིག་དང་པོ་ཞེས་པ་ནི་ཨའི་པདྨའི་དབུས་སུ་ཟླ་བ། ཟླ་བ་དེའི་དབུས་སུ་ཧཱུཾ་ཞེས་པ་གཟུང་བར་བྱའོ། །དེ་ལྟར་ཡི་གེ་དྲུག་ནི་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་ཁམས་དྲུག་གོ། །དེའི་ཀཱ་ལིའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ། ཀཱ་ལི་ནི་ཀུ་མུ་ད་དང་ཨུཏྤལ་སོགས་པའི་མེ་ཏོག་སྟེ།
ཤེས་རབ་གང་ལ་རྣམ་པར་གཞག་པ་དེའི་ནི་ལུས་ཀྱི་མེ་ཏོག་རྒྱས་པ་རྡོ་རྗེ་འཆང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྤྲུལ་པའི་སྐུའི་ཆོ་གས་སོ། །དེའི་ཕྱིར་འཁོར་བ་བསྐྱེད་དོ། །ཐམས་ཅད་ཀྱི་ནི་མ་ཡིན་ཞེས་པ་ནི་རྡོ་རྗེ་འཆང་གི་རང་བཞིན་གྱི་ཡེ་ཤེས་ལས་བུད་མེད་ཀྱི་
སྒྱུ་མའི་གཟུགས་འབྱུང་ངོ་། །དེ་བཞིན་དུ་རྣལ་འབྱོར་མ་ཐམས་ཅད་ཀྱི་བྷ་ག་རྣམས་སུ་སོང་བས་བརྒྱན་པ་ཞེས་དགོངས་སོ། །དེ་བཞིན་དུ་རྡོ་རྗེ་འཆང་གི་དངོས་པོ་ལས་སྐྱེས་པས་ཡེ་ཤེས་ཀྱི་རྒྱ་མཚོ་མང་པོ་ཉིད་རྣམ་པར་གཞག་པ་གསུངས་པ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་
ནི་དང་པོ་ཕ་དང་མ་སྦྱོར་བའི་དུས་སུ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པའི་ཚེ་ཁུ་བ་དང་ཁྲག་འདྲེས་པའི་དུས་དེར་ཡེ་ཤེས་ཀྱི་ཆུ་དེ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ། །དེའི་ཕྱིར་ཡེ་ཤེས་ཆུའི་རྒྱ་མཚོའོ། །དེ་བཞིན་དུ་ཤེས་རབ་དེ་ཉིད་དངོས་པོ་སྣ་ཚོགས་པའི་ཕྱིར་ཆུ་སྲིན་དང་ཉའི་མིང་
ངོ་། །དེ་ཉིད་དུ་བརྒྱལ་བར་འགྱུར་བའི་ཕྱིར་གཉིས་མེད་པའོ། །ཇི་ལྟར་རྒྱ་མཚོའི་ནང་དུ་འདམ་ཞེས་པ་ནི་གཉིས་མེད་པའི་མིང་ངོ་། །དེ་བཞིན་དུ་དེར་ཐམས་ཅད་ནི་ཟླ་བའི་མེ་ཏོག་གོ། །ཇི་ལྟར་རྒྱ་མཚོའི་འགྲམ་གྱི་ཆུའི་ནང་དུ་ལྕུག་མ་སྣ་ཚོགས་པའི་མྱུ་གུ་བཞིན་ནོ། །བནྡུ་
ཞེས་པ་ནི་བནྡུ་ཀའི་མེ་ཏོག་བཞིན་སྙིང་རྗེས་སེམས་ཅན་སྣ་ཚོགས་པའི་རྒྱུད་ལ་ཆགས་པའི་སེམས་སུ་འགྱུར་བའོ། །ཁ་བྱེ་ཞེས་པ་ནི་རྣལ་འབྱོར་མའི་པདྨ་རྒྱས་པའོ། །དེ་བཞིན་དུ་རྒྱ་མཚོའི་ནང་དུ་གྲུ་འོག་གི་ཆ་ཞུམ་པའི་རྣམ་པ་ལ་སྟེང་གི་ཆ་ཡངས་པར་འགྱུར་རོ། །

སྦྲང་རྩི་ཞེས་པ་ནི་མངལ་དུ་ཟླ་བ་གཅིག་སྦྲང་རྩིའི་རྣམ་པར་འགྱུར་རོ། །ཀཱ་ལི་ཞེས་པ་ནི་བདུད་རྩི་དེ་ཉིད་ལ་རང་འབྱུང་ཐིམ་པའོ། །མེ་ཏོག་ཆུ་ཞེས་པ་ནི་སྡོང་བུའི་མེ་ཏོག་སྟེ། ཀུ་མུ་ད་དང་ཨུཏྤལ་བཞིན་རྩ་ཐམས་ཅད་ཀྱི་རང་བཞིན་སྐྱེས་པའོ། །
དེ་བཞིན་དུ་ནང་གི་དོན་ཐམས་ཅད་རྣལ་འབྱོར་པས་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ད་ནི་སྔོན་དུ་སྐྱེས་པ་དེ་ཉིད་ཀྱི་རྒྱུའི་ཕྱིར་འབྲས་བུ་གསུངས་པ། གཉིས་ལས་སྐྱེས་པ་ཞེས་པ་ལ་སོགས་པ་ནི་འདིར་ཤེས་རབ་དང་ཐབས་དག་ལས་ཆོ་ག་སྔོན་དུ་འགྲོ་བས་གཉིས་
མེད་པ་འབྱུང་བའོ། །བདུད་རྩི་ཆུ་ཡི་ཆོ་ག་མཆོག །ཅེས་པ་ནི་ལྔ་པའི་དོན་ལ་དང་པོ་སྟེ། ཆོ་གའི་མཆོག་ལས་ཞེས་པ་ཡེ་ཤེས་གཉིས་མེད་པ་ལས་སོ། །དེ་བཞིན་དུ་དང་པོ་རྡོ་རྗེ་བདུད་རྩི་ཞེས་པ་ནས་སྣང་བ་ཡིན་ཏེ་ཞེས་པའི་མཐར་ཐུག་པ་ནི་འབྱུང་བ་ཆེན་པོའི་ཡེ་
ཤེས་སོ། །དེ་བཞིན་དུ། ཡེ་ཤེས་བདུད་རྩི་བྱིན་གྱིས་བརླབས། །ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་རུ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རྣམ་པ་གནས་ཞེས་པའོ། །དེ་བཞིན་དུ་ཡང་མ་ལུས་ཆུའི་དབྱིབས་ནས། །ཞེས་པ་ནི་བྱང་ཆུབ་སེམས་ཡེ་ཤེས་ཀྱི་རྣམ་པ་གནས་ཞེས་པའོ། །དེ་
བཞིན་དུ་ཡང་མ་ལུས་ཆུའི་དབྱིབས་ནས་ཞེས་པ་ནི། འབྱུང་བ་ལྔ་ལས་བྱུང་བ་ལས་གྱུར་པ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སླར་ཡང་ཆུ་ལ་སོགས་པ་ཁམས་བཞི་དེར་ཐིམ་པས་དངོས་པོ་རྣམས་ཟད་པར་འགྱུར་ཏེ། མི་རྟག་པའི་རང་བཞིན་གྱི་ཕྱིར་རོ་ཞེས་
པ་སྟེ་ངེས་པའོ། །ས་ནི་དབང་པོའི་གཟུགས་ཅན་ཡིན། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་གཉིས་མེད་པའི་སྦྱོར་བས་སྐུ་བཞི་སྤངས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་དོན་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཆེན་པོར་ཞུགས་ནས། ཧཱུཾ་གི་གླུ་ཞེས་པ་ལ་སོགས་པ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གཟུགས་རྣལ་འབྱོར་མ་རྣམས་ཀྱི་གླུས་སད་པར་བྱེད་དོ། །དེས་མཉེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བཅོམ་ལྡན་འདས་ཀྱང་དུས་ཐམས་ཅད་དུ་བཞུགས་པའི་དོན་ཏོ། །དེ་བཞིན་དུ་གླུ་གསུངས་པ། བཛྲ་ཧཱུཾ་པུ་ར་ཨ་པ་

ཧཱུཾ། ཞེས་པ་དེ་ལ་སོགས་པ་ནི་ཀྱེ་མཆོག་ཏུ་དགའ་བའི་གཙོ་བོ་ཤིན་ཏུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེར་གཅིག་པའོ། །ལོ་ཡ་ཎ་དཾ་ཤ་ཎ་ཡི་ཞེས་པ་ནི་གང་གི་ཕྱིར་ཁྱོད་སྟོང་པ་མེད་པར་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པའོ། །དེའི་ཕྱིར་འཇིག་རྟེན་པ་དེ་རྣམས་ཀྱིས་མཐོང་བར་བྱ་
བའི་ཕྱིར་བཞེངས་ཤིག་པའོ། །ཨ་ཁ་རུ་བྷ་རུ་སྭཱ་ཧཱ་ཧཱུཾ། ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་གྱིས་མི་འགྱུར་བ་ཁྱོད་གོམས་ཤིག་པའོ། །པུ་ཎ་བི་ལཱི་ས་ཎ་ཡེ་ཤེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྦྱར་རོ། །བྷཱ་བཱ་བྷ་བ་བྷ་ཛི་ཨ་ཞེས་པ་ནི་ལྷན་ཅིག་སྐྱེས་
པ་ཉིད་གཉིས་མེད་པའི་གཉིས་པ་གྱིས་ཤིག་པའོ། །དེའི་ཕྱིར་རོལ་ཅིག་ཅེས་དགོངས་སོ། །དེས་ན་མ་ཛ་བི་ཛ་ཎ་ཨེ་ཞེས་པ་ནི་དབུ་མའི་ཚུལ་གྱིས་ལྷན་ཅིག་སྐྱེས་པ་རྫོགས་པ་བྱང་ཆུབ་ཀྱི་རིམ་པ་ཤེས་པའོ། །དེར་ཡང་བརྗོད་དུ་མེད་པའི་ཕྱིར་གསུངས་པ། བྷ་ཎ་
ཛི་ཨ་ཨ་རུ་ས་པུ་ཞེས་པ་ནི་ཨཱ་ལི་ཀཱ་ལིའི་ཡི་གེ་ཐམས་ཅད་ངག་ཏུ་བཟླས་པ་དེ་ཆོམ་ཤིག་པའོ། །གང་གཞོམ་ཞེ་ན་གསུངས་པ། ཤེ་ཤོ་བི་རྩིན་ཏེ་ཨ་ཡེ། ཞེས་པ་ནི་ཡི་གེ་ལྔ་བཅུ་རྣམས་ཀྱི་མགོ་བོ་ཆོད་ཅིག་པའོ། །དན་དྷ་ལིང་གེ་ཎ་ཛེ་ཨུ་ཞེས་པ་ནི་གཉིས་གཉིས་འཁྱུད་པའི་
སྦྱོར་བས་བདག་གིས་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་རྣམ་པར་སྤྱོད་པ་སྟེ། སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་ལ་འདོད་པ་སྤྱོད་ཅིག་པའོ། །ས་ལི་ལཱ་ཀ་ཛི་མ་ཡེ་ཞེས་པ་ནི་རོལ་བའི་རྒྱུད་འདོད་པ་སྤྱོད་ཅེས་པའོ། །དྷ་མ་ཨ་དྱེ་དྱ་སུ་བཱ་བི་ཨ་ཡི། ཞེས་པ་ནི་ཀྱེ་
གཙོ་བོ་དག་པོ་སྤྱོད་པའི་ཕྱིར་ཆོས་ཉིད་མེད་པར་བྱང་ཆུབ་ཀྱི་སེམས་བླུད་ཅིག་པའོ། །གང་གིས་ཤེ་ན་མུ་ཁཱ་བི་བ་བི་ཨ་སེ་ཞེས་པ་ནི་བདག་ཅག་རྣལ་འབྱོར་མས་ཐར་པ་ཐོབ་པའོ། །སྲུབ་པ་དང་བསྲུབ་པས་ཐ་མལ་པའི་འདོད་ཆགས་སྐྱེས་པའི་བྱང་ཆུབ་སེམས་
ནི་མ་ཡིན་ནོ། །དེའི་དོན་གསུངས་པ། སུ་ཧ་སཾ་སཱ་ར་བི་མོ་ཏི་ཨ་ཞེས་པ་ནི་ཐ་མལ་པའི་བདེ་བས་འཁོར་བ་ཐམས་ཅད་རྨོངས་པའོ། །མུ་ཁ་བི་བ་ཛ་ཨ་ཡེ་ཞེས་པ་ནི་མུ་སྟེགས་པ་ལ་སོགས་པ་དང་སངས་རྒྱས་པ་ཆགས་པ་ཅན་གྱི་སེམས་ཅན་དེ་

རྣམས་ཀྱིས་ཐར་པ་སྤངས་པའི་ཕྱིར་རོ། །དམྱལ་བ་ལ་སོགས་པ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ས་བ་སུ་ཎ་ས་ཧཱ་བི་ཛོ་ཡི་ཎ་ཞེས་པ་ནི་ཐམས་ཅད་སྟོང་པའི་རང་བཞིན་གྱི་རྣལ་འབྱོར་པས་སོ། །མད་ཏ་བི་ནཾ་རྩི་ཨ་ཡེ་ཞེས་
པ་ནི་རྣལ་འབྱོར་མའི་གཞུང་ལུགས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གིས་སྐུ་ཇི་སྲིད་ནམ་མཁའ་མི་འགྱུར་བ་སྒེག་པར་བྱ་བ་སྟེ། སྦྱོར་བ་འདིས་སྤྱད་པ་བྱ་ཞེས་སྦྱར་རོ། །པ་ན་ཛ་བི་ཛོ་ཨི་ནི་བྷུ་དྷ་ཏད་ཏ་ཞེས་པ་ནི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣལ་
འབྱོར་མ་ལྔ་སངས་རྒྱས་ལྔའི་རང་བཞིན་ཞེས་པའོ། །ཏད་ཏ་ཞེས་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེས་ན་ཨ་ལ་ཁི་ཨ་ཡེ་ཞེས་པ་ནི་སེམས་ཅན་ཐམས་ཅད་དེའི་རང་བཞིན་ཏེ་དེ་རྣམས་ཀྱི་གཟུགས་སུ་ཡིད་ལ་གནས་ཞེས་པའོ། །དེ་རྣམས་ཀྱང་ས་བྷ་མཱ་ཡེ་
བ་ཧཱུ་བི་ཧ་རུ་ཡ་ཞེས་པའི་རྣམ་པ་མང་པོ་རྣམས་ཀྱི་སྒྱུ་མ་ཉིད་རྣམ་པའི་གཟུགས་དེའི་རྣམ་པས་སོ། །སད་ཏ་བི་པཱ་ཙི་ཨ་ཡེ་ཞེས་པ་ནི་སེམས་ཅན་རྣམ་པར་སྨིན་པར་བྱའོ། །བཛྲ་པུ་སཱ་རི་ཡ་ཨ་ག་ཛུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་ཉེས་པ་རྡོ་རྗེས་གཞོམ་
པར་བྱའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། བྱ་བ་མ་ཡིན་པ་བྱེད་པ་སྟེ། ངྷ་མ་བི་མོ་ཧི་ཨ་ཡེ་ཞེས་པ་ནི་བྱེ་བ་མ་ཡིན་པའི་ཆོས་ཞེ་སྡང་ལ་སོགས་པས་ལྡོངས་པ་རྣམས་གསད་པར་བྱ་བའོ། །དེ་རྣམས་ལ་ཆོས་བསྟན་པ་གསུངས་པ། ན་མ་ཏ་སུ་སཱ་རུ་ངྷ་མུ་
ཞེས་པ་ནི་ཤིན་ཏུ་སྙིང་པོའི་ཆོས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་སངས་རྒྱས་ཀྱི་ཆོས་དེ་ལ་ཡང་ཕྱག་འཚོལ་ཅིག་པའོ། །ཛོ་ཨི་ནི་མུ་ཁེ་ཨ་ཡེ་ཞེས་པ་ནི་སྦྱོར་བ་གང་གིས་ཐར་པར་འགྲོ་བ་འཐོབ་པས་དབང་ཕྱུག་ལ་སོགས་པ་ཀླ་ཀློའི་ཆོས་རྣམས་དོར་ཅིག་
ཅེས་དགོངས་སོ། །དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། རིགས་ཀྱི་བུ་གླུ་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པོ་བདག་ཉིད་ཀྱིས་བྱས་པའི་ཉེས་པ་སྤངས་པའི་དོན་ཏོ། །

འདིར་གསུངས་པ། དེ་ལྟར་རྒྱལ་བའི་གནས་སྣ་ཚོགས། །སེམས་ཅན་རྣམས་ཀྱི་རྒྱུ་རུ་བྱ། །དབང་ཕྱུག་ལ་སོགས་མུ་སྟེགས་ཀྱིས། །ཀླ་ཀློའི་ཆོས་རྣམས་ལ་ཞེན་པའི། །མུ་སྟེགས་པ་དང་ལྷན་ཅིག་རྩོད། །སྙིང་རྗེ་ཅན་གྱིས་རྟག་ཏུ་བྱ། །མངོན་ཤེས་
ཐོབ་པ་རྣལ་འབྱོར་པས། །ཆོས་ནི་གནས་པའི་རྒྱུ་རུ་བྱ། །གལ་ཏེ་མངོན་ཤེས་མེད་ན་ནི། །དེས་ནི་ལུང་གི་རྗེས་འབྲང་བྱ། །དེས་ན་ལེགས་བསླབས་རྣལ་འབྱོར་དབང་། །ཕྱི་ཡིས་བས་བསྟན་བཅོས་མཛེས་པའི་ཕྱིར། །ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་
ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་པ་དང་པོ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པར་སྟེ་དང་པོའོ།། །།ད་ནི་ཕྱི་དང་ནང་གི་གཏོར་མའི་དེ་
ཉིད་བརྗོད་པའི་ཕྱིར། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་པ་ནི་རྒྱས་པར་རོ། །དྲི་དམར་ཞེས་པ་ནི་ཙནྡན་དམར་པོ་ལ་སོགས་པས་མཎྜལ་བྱས་ནས། ཕྱི་རོལ་དཀར་པོ་ཞེས་པ་ནི་ཙནྡན་དཀར་པོ་ལ་སོགས་པས་བྱ་བའོ། །དེ་བཞིན་
མཆོད་ཡོན་ཞེས་བྱ་བ་ལ་སོགས་པ་ཀྱེ་བཅོམ་ལྡན་འདས་ཞེས་པའི་མཐར་ཐུག་པ་ནི་ཕྱི་རུ་སྒྲ་ཇི་བཞིན་ནོ། །འོན་ཀྱང་ནང་དུ་བལྟས་པས་ཀྱང་བྱ་སྟེ། དེ་ཉིད་ཀྱིས་ན། ཡེ་ཤེས་ལྕགས་ཀྱུའི་བྱེ་བྲག་ཉིད། །ཅེས་པས་སྟོན་ཏེ། དེའི་ཚེ་ཀྱེ་ཞུས་པ་ཞེས་བྱ་བ་ལ་
སོགས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དང་པོ་ཞེས་བྱ་བ་ལ་སོགས་པའོ། །འདིར་འཇིག་རྟེན་པ་ལ་གྲགས་པ་རིགས་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་ཤ་ལྔ་ནི་དེ་བཞིན་གཤེགས་པ་སྟེ། དེའི་རང་བཞིན་མར་མེ་ལྔ་ནི་ལྕགས་ཀྱུར་
ཤེས་པར་བྱའོ། །དེ་ལ་སྐྱེ་དགུའི་བདག་པོ་ཞེས་པ་ནི་རྟ་བདུན་པ་ཉི་མ་དེའི་རང་བཞིན་རྟའི་ཤ་འོད་དཔག་མེད་དོ། །གཉིས་པ་སྒྲོལ་མ་ཞེས་པ་ནི་དོན་ཡོད་གྲུབ་པའི་རང་བཞིན་བ་ལང་གི་ཤའོ། །གསུམ་པ་ཆེན་པོ་རུ་ནི་འདོད་པ་ཞེས་པ་ནི་མིའི་ཤ་རྣམ་པར་སྣང་མཛད་

ཀྱི་རང་བཞིན་ཤ་ཆེན་ནོ། །དེ་བཞིན་དུ་བཞི་པ་མང་པོ་ལས་སྐྱེས་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གླང་པོ་ཆེའི་ཤའོ། །ལྔ་པ་བྱིས་པ་ཞེས་པ་ནི་གཙོ་བོའི་རང་བཞིན་ཁྱིའི་ཤ་ཞེས་པ་སྟེ་ཡི་གེའི་དོན་ཏོ། །ངེས་པའི་དོན་དུ་སྐྱེ་དགུའི་བདག་པོ་ནི་ཁུ་
བའོ། །སྒྲོལ་མའི་ནི་དེ་ཉིད་ཀྱིས་རླུང་གི་རང་བཞིན་གྱིས་འོག་དང་སྟེང་དུ་འབབ་པའོ། །ཆེན་པོ་ནི་རྣམ་པར་སྣང་མཛད་དེ་ཧ་མི་ཤིགས་པའོ། །མང་པོ་ནི་མི་བསྐྱོད་པ་རྣམ་པར་ཤེས་པའི་བདག་ཉིད་སྲོག་བརྟན་པར་སྦྱོར་བའི་ཕྱིར་རོ། །བྱིས་པ་ནི་རིན་ཆེན་འབྱུང་ལྡན་
རྡོ་རྗེ་རིན་པོ་ཆེའི་རྩ་ནས་མི་འཛགས་པའི་ས་བོན་འགུགས་བཞིན་པའོ། །དེ་དག་ཅེས་བྱ་བ་ལ་སོགས་པ་ནི་རིགས་ལྔའི་དབྱེ་བས་བདུད་རྩི་ལྔ་རྣམས་སོ། །ཡེ་ཤེས་ཆེན་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །དེ་ལྟ་བུའི་སྦྱོར་བ་ལ་བརྟེན་པ་རྣལ་འབྱོར་
པ་ཐམས་ཅད་ཚིམ་པར་བྱའོ། །དེའི་ཕྱི་རུ་སེམས་ཅན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཆོད་པ་ཐམས་ཅད་ལ་སོགས་པ་བྱའོ། །དེ་བཞིན་དུ་ནང་གི་བདག་ཉིད་ཀྱིས་ལྷ་ཐམས་ཅད་ཚིམ་པར་བྱ་ཞེས་པ་དེའི་ཚེ་ཇི་ལྟར་སྣང་བ་གང་གིས་ནི། འདིར་གསུངས། དབྱངས་
གཅིག་ཅེས་བྱ་བ་ལ་སོགས་པ་ལ་དབྱངས་ཡིག་བཅུ་གསུམ་པ་ཨོཾ་ཞེས་པ་འཇུག་པའི་ཕྱིར། ཟླ་བ་བྱང་ཆུབ་སེམས་ཐིག་ལེ་འབྱུང་བའི་ཕྱིར་རོ། །དེ་ཡང་། ཨཱ་ལི་ཀཱ་ལིའི་རབ་སྦྱོར་བས། །ཞེས་པ་ནི་དབུགས་དབྱུང་བ་དང་འཇུག་པ་རྣམ་པར་གཟུང་པའི་ཕྱིར་འཇུག་པའི་
རིམ་པའི་སྔོན་དུ་གསུངས་པ་དང་། འཆད་བཞིན་པའི་ལྷ་ཐམས་ཅད་ཚིམ་པར་བྱའོ། །སླར་ཡང་བདུད་རྩི་ལྔའི་སྒྲུབ་ཐབས་ཀྱི་སྦྱོར་བ་གསུངས་པ། སྤར་བས་ཞེས་བྱ་བ་ལ་སོགས་པ་ལ་སྤར་བས་ཞེས་པ་ནི་དགུག་པའི་སྦྱོར་བས་འོག་དང་སྟེང་གི་མཉམ་པའི་དུས་
སུ་སྲོག་དང་ཐུར་སེལ་དག་ལྟེ་བའི་གནས་སུ་ཕྲད་པར་བྱའོ། །དེས་ན་ཅུང་ཟད་མེའི་དུ་བ་འཐུལ་ཏེ། དེས་ནི་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་རབ་ཏུ་སོན་པའི་ཕྱིར་འབར་བ་ཉིད་དོ། །འབར་བ་ལས་ཚོགས་ཐམས་ཅད་དྲོ་བར་

འགྱུར་རོ། །དེ་ལྟར་བདུད་རྩི་རྫོགས་ནས་དེས་ཚིམ་པར་བྱའོ། །དེ་བཞིན་དུ་ཤེས་ཞེས་པ་ནི་དག་པའི་སྦྱོར་བའི་ཕྱིར་རང་བཞིན་ཐམས་ཅད་དང་རྩ་རྣམས་ཀྱང་ཤེལ་བཞིན་དུ་ཉེ་བར་དམིགས་པར་བྱ་ཞེས་པ་སྟེ་ངེས་པའོ། །དེའི་ཞེས་བྱ་བ་ལ་སོགས་པ་ལ་ནི་རྡོ་རྗེ་རྩའི་སྦྱོར་
བས་ཨ་ཝ་དྷཱུ་ཏཱིའི་དབུས་སུ་མྱང་བར་བྱ་ཞེས་པའོ། །ཡོ་བྱད་ཅེས་བྱ་བ་ལ་སོགས་པ་ལ། ཡོ་བྱད་ཀུན་ཞེས་པ་ནི་ཕྱི་རོལ་དུ་བཟའ་བ་དང་བཟའ་བ་མ་ཡིན་པ་ཆོ་ག་ཇི་ལྟ་བ་བཞིན་སྦྱིན་པའོ། །ལྷག་མ་ཞེས་པ་ནི་ཕྱོགས་སྐྱོང་ལ་སོགས་པའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་
སྦྱིན་པའོ། །དེ་ཉིད་ཀྱིས་ན་ཕྱིའི་དཀྱིལ་འཁོར་ཞེས་པ་ནི་རྣམ་པ་གཉིས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། གཉིས་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་འཁོར་ལོ་ཉིད་དུས་སུ་ཚིམ་པར་བྱའོ། །གཡོན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་ཕྱིའི་དཀྱིལ་
འཁོར་ཙནྡན་དམར་པོ་ལ་སོགས་པའི་རྡུལ་ཚོན་ནི་ཉེ་བར་མཚོན་པའོ། །དེའི་དབུས་སུ་ནག་པོ་དྲག་པོ་ལ་སོགས་པ་དང་མཆེ་བ་གཙིགས་མའི་མཐར་ཐུག་པའི་ལྷ་དང་ལྷ་མོ་སུམ་ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ནང་དུ་སྔོན་དུ་གསུངས་པའི་རྩ་སུམ་
ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ། །དེ་བཞིན་དུ་ནང་དུ་མངོན་དུ་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ནང་དུ་ཚིམ་པར་བྱའོ། །དེ་དག་ནི་བསྡུས་པའོ། །མཁའ་འགྲོ་མ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམས་བསྡུས་ན་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་
དཀྱིལ་འཁོར་ལྔ་རྒྱུ་བའོ། །དེ་བཞིན་དུ་དེ་ཉིད་ཅེས་པ་ནི་དཀྱིལ་འཁོར་ལྔའི་རང་བཞིན་རྩ་ཐམས་ཅད་དོ། །དེས་ན་ལས་ཀུན་ཞེས་པ་ནི་ཞི་བ་ལ་སོགས་པ་བྱ་ཞེས་པ་སྟེ་ངེས་པའོ། །སྦྱོར་བའི་དཀྱིལ་འཁོར་ཞེས་པ་ནི། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་ཐམས་
ཅད་དེ། དེ་རྣམས་ཀྱིས་གཅིག་ཏུ་སྦྱོར་བ་ནི་ཨ་ཝ་དྷཱུ་ཏཱིར་གཞུག་པའོ། །དཀྱིལ་འཁོར་དང་དེར་དེའི་ཕྱིར་སྦྱོར་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་ནོ། །དེས་ན་རྒྱལ་ཆེན་མོ་ནི་བདག་མེད་མའི་གཟུགས་ཀྱི་ཤེས་རབ་བོ། །རྡོ་རྗེའི་དབང་ཕྱུག་ནི་ཡེ་ཤེས་ཀྱི་ཁམས་སོ། །

གཙོ་བོ་ཞེས་པ་ནི་རྡོ་རྗེའི་སེམས་དཔའ་སྟེ། དབང་ཕྱུག་མི་འཛགས་པའི་ཕྱིར་ཞེས་དགོངས་སོ། །གཞན་ནི་གོ་སླའོ། །འདིར་སྤྱོན་ཅིག་ཅེས་པ་ནི་སྤྱན་དྲངས་པ་སྟེ། ཨོཾ་ཀཀྐ་ཞེས་པ་ལ་སོགས་པའོ། །དེའི་ངེས་པར་གསུངས་པ་བརྗོད་
པ། ཨོཾ་ཞེས་པ་ཡི་དབྱངས་རྣམ་པ། །འདིར་ནི་ལུས་ལ་དམིགས་པར་བྱ། །ཀ་གཉིས་ཀྱིས་ནི་བསྣུན་པ་ཡིན། །བྱང་ཆུབ་སེམས་ནི་དྲང་བ་ཡིན། །བ་གཉིས་ཤེས་པ་སྟེང་འོག་ཏུ། །སྣལ་མའི་དབུས་སུ་རྒྱུ་བར་བྱ། །རྡོ་རྗེའི་ལམ་དང་རྐན་དབུས་སུ། །བདེ་
བ་ཡི་ནི་ས་བོན་ཅིང་། །ཁ་ཞེས་བྱ་བ་གཉིས་ནི་དེར། །འདི་ལྟ་བུ་ཡི་རྟོག་པ་བཟའ། །དེ་ཉིད་བདེ་བ་ཀུན་མཁྱེན་གྱིས། །དབང་པོ་རྣམས་ཀྱི་གདུག་པ་བཟའ། །ཧ་ན་ཧ་ན་སྔོན་འགྲོ་བ། །ལྷན་ཅིག་སྐྱེས་སྦྱོར་རྟོགས་པའི་ཕྱིར། །གྷ་གཉིས་ཤེས་པའི་མིང་གིས་
ནི། །འབྱུང་དང་འཇུག་པའི་ལས་བྱེད་པའོ། །གྷ་ཧ་ཡ་ནི་སྟོང་པའི་སེམས། །ཨ་མུ་སེམས་ཅན་གྲངས་མེད་པ། །ཤཱནྟིཾ་འཁོར་བ་གཟུང་བའི་ཕྱིར། །ཀུ་རུ་སྙིང་རྗེ་རྟོགས་པའོ། །ཧཱུཾ་ཞེས་པ་ནི་གཉིས་མེད་སེམས། །སེམས་ལས་བྱུང་བ་འང་དེར་ཐིམ་པ། །
ཕཊ་ཅེས་པ་ནི་དེ་བཞིན་དུ། །གཉིས་མེད་མཛེས་པ་ལས་ནི་སད། །ཛཿཞེས་པ་ནི་འདིར་ཀུན་དུ། །མཁའ་འགྲོ་མཁའ་འགྲོ་མ་ནི་དགུག །ས་ཧ་ཞེས་པ་བདེ་བ་ཉིད། །ཕུང་པོ་ལ་སོགས་ལྷ་ཐམས་ཅད། །དེ་ཕྱིར་བདུད་རྩི་ཞེས་བྱ་བ་ལ་སོགས་པ་ལ། བསམ་
གཏན་ཞེས་པ་ནི་སྔོན་དུ་གསུངས་པའོ། །དེས་ན་བདུད་རྩིས་ཁ་བཀང་ཞེས་པ་ནི། ཏིང་ངེ་འཛིན་རྫོགས་པར་རབ་ཏུ་སོན་པར་བྱས་པས་དེའི་ཚེ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་གཏོར་མ་སྦྱིན་པའི་ཚིག་གསུངས་པ། ལྟོས་ཤིག་ཅེས་བྱ་བ་
ལ་སོགས་པ་ལ། ལྟོས་ཤིག་དག་པ་ཡི་ནི་ཆོས། །ཞེས་པ་ནི་རབ་ཏུ་དགའ་བའི་ཆོས་འདི་ལ་རྟོགས་ཤིག་པའོ། །གང་དག་གི་ལམ་བཟང་པོ་ལ་མངོན་པར་ཕྱོགས་པ་དེ་དག་གི་དུས་ཐམས་ཅད་དུ་ཡུལ་ཅན་ལ་སོགས་པ་འདུས་པའོ། །དེས་ན། འདི་

ལ་རྣམ་རྟོག་ཡོད་མ་ཡིན། །ཞེས་པ་ནི་ཐམས་ཅད་དུ་མི་འཛགས་པར་སྦྱོར་བའོ། །དེའི་ཕྱིར་ཡུལ་ལ་སོགས་པ་རྣམས་ལ་རེས་འགའ་ཡང་འཁོར་བར་སྦྱོར་བ་མ་ཡིན་ནོ། །དེས་ན་བྲམ་ཟེ་ཞེས་པ་ནི་གཏི་མུག་གོ། །ཁྱི་ཞེས་པ་ནི་ཕྲག་དོག་གོ། །གདོལ་པ་ཞེས་པ་
ནི་ཞེ་སྡང་ངོ་། །རང་བཞིན་གཅིག་པས་ཞེས་པ་ནི་ལྷན་ཅིག་སྐྱེས་པས་གཅིག་གི་རང་བཞིན་གྱིས་སོ། །ལྷན་ཅིག་བཟའ་ཞེས་པ་ནི་གཏི་མུག་ལ་སོགས་པ་བཟའ་བའོ། །ཕྱིའི་དོན་ནི་སྒྲ་ཇི་བཞིན། །གཞན་ཡང་ཕྱི་རུ་པདྨའི་བསྐོར་བ་ལ་སོགས་པ་ནི་གོ་སླའོ། །དེ་
ལྟར་ཡང་གསུངས་པ། གང་གིས་ཕྱི་དང་ནང་གི་ནི། །དེ་བཞིན་གཏོར་མ་གཏོང་བྱེད་པ། །དེ་འདིར་ཉོན་ནི་མི་མོངས་ཤིང་། །སྲིད་པའི་རྒྱ་མཚོས་གཟིར་མི་འགྱུར། །དེ་ལ་རྣལ་འབྱོར་མ་མཆོག་སྟེར། །ཞིང་སྐྱོང་བདག་ཉིད་ཆེ་སོགས་ཀྱིས། །སྒྲུབ་པོ་གང་
དུ་གནས་ཀྱང་རུང་། །རྟག་ཏུ་དེ་ལ་སྲུང་བར་བྱེད། །དངོས་གྲུབ་བརྒྱད་ནི་གྲུབ་པ་ཡིས། །སྐྱེ་བ་གཞན་དུ་ཀུན་དབང་འགྱུར། །དེར་ནི་བསྟོངས་དང་གྲོགས་བྱེད་པར། །སྒྲུབ་པ་པོ་ལ་སོམ་ཉི་མེད། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་
པ་གཉིས་པ་བླ་ན་མེད་པའི་གཏོར་མ་སྦྱིན་པ་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གཉིས་པའོ།། །།ད་ནི་བྲིས་སྐུ་དང་གླེགས་བམ་རྣམས་ཀྱི་བྱ་བ་ལ་འཇུག་པའི་འབྲེལ་བ་བསྟན་པའི་ཕྱིར། གསང་བའི་པདྨ་
བདེ་བ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤེས་གཉེན་ཅན་ཞེས་པ་ནི་བློ་བྱང་བའོ། །དཔའ་བོའི་རས་ཞེས་པ་ནི་གཡུལ་དུ་བསད་པའི་རས་སོ། །བུད་མེད་མེ་ཏོག་ཅེས་པ་ནི་རང་བྱུང་མེ་ཏོག་གོས་པའི་རས་སོ། །ཁྲག་ཆེན་པོ་ཞེས་པ་ནི་མིའི་ཁྲག་
གིས་བྱུག་པའོ། །སི་ཧཱ་ཞེས་པ་ནི་བུད་མེད་ཀྱི་མེ་ཏོག་གོ། །ག་པུར་ཞེས་པ་ནི་བྱང་ཆུབ་སེམས་བསྲེས་པའོ། །སོགས་པའི་སྒྲས་ནི་བཤང་བ་དང་གཅི་བ་བསྡུའོ། །ཁ་ལག་མ་བཤལ་ཞེས་པ་ནི་རྟག་ཏུ་གཙང་སྦྲ་མེད་པ་དེ་ཉིད་གཙང་སྦྲའོ། །གཞན་ནི་གོ་སླའོ། །

འདིར་གསུངས་པ། རང་བྱིན་བརླབས་པས་བྲིས་སྐུ་བ། །ཡན་ལག་དྲུག་གིས་བྲིས་པའི་ལས། །འཇུག་པ་དེ་ནི་བཅོམ་ལྡན་འདས། །རང་སྣང་གིས་ནི་ཚོན་གྱིས་བྲིས། །དེར་ནི་རི་མོ་བྱེད་པ་ཡང་། །ཤེས་བྱའི་རྣམ་པ་རང་སེམས་ཉིད། །
ཡེ་ཤེས་རང་བཞིན་བཅོམ་ལྡན་འདས། །ཤེས་བྱའི་མཚན་ཉིད་མཐོང་ཕྱིར་རོ། །དེ་ཉིད་གླེགས་བམ་དུ་ནི་གསུངས། །སོར་མོ་བཅུ་གཉིས་འགོག་པའི་ཕྱིར། །སྲོག་ནི་གླེགས་བམ་མིང་ཅན་ནི། །ཡེ་ཤེས་སྐུ་ནི་རྟོགས་བྱེད་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་
པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་པ་གསུམ་པ་བྲིས་སྐུ་ལ་སོགས་པ་གཏན་ལ་འབེབས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །།ད་ནི་ཕྱིའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་བདེ་བ་བཟུང་བ་ལ་རོལ་
མོ་སྣ་ཚོགས་པའི་སྔགས་ཀྱི་ཡི་གེ་རྣམས་བསྟན་པའི་ཕྱིར། ཁ་སྦྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲིས་སྐུ་གླེགས་བམ་ལ་སོགས་པའི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད་པར་བྱའོ། །དེ་ཡང་ཁ་སྦྱོར་ཞེས་པ་ནི་དབང་པོ་གཉིས་སུ་འདུས་པས་
དེའི་ཚེ་མཚན་ཉིད་མི་འཇིགས་པར་བྱ་བའི་ཕྱིར་རོ། །སྔགས་ཀྱང་ཨ་ར་ར་ཞེས་བྱ་བ་ལ་སོགས་པའི་སྒྲས་དེ་གཟུང་བར་བྱའོ། །ལྷག་མ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །སླར་ཡང་སྔགས་དེ་ཉིད་ཀྱིས་ཅང་ཏེའུ་བརྡུང་བ་དེའི་མཚན་ཉིད་གསུངས་པ། དེ་ལ་ཞེས་བྱ་བ་ལ་
སོགས་པ་ལ། འདིར་མཚན་ཉིད་ཅེས་པ་ནི་གང་གིས་འཆད་བཞིན་པའི་ཅང་ཏེའུའི་མཚན་ཉིད་དེས་བསྒྲུབས་པས་མཁའ་འགྲོ་མ་ཐམས་ཅད་འགུགས་པར་བྱེད་པའོ། །དེ་བཞིན་རྡོ་རྗེ་ཅན་ཞེས་པ་ནི་ཤི་རི་ཥ་སྐམ་པོའི་རྩ་བའོ། །མ་ལ་ཡར་སྐྱེས་ཙནྡན་དམར། །ཞེས་པ་ནི་ཙནྡན་དམར་པོ་
ལྔས་བྱའོ། །གཞན་ཞེས་པ་ནི་ཐོད་པ་ལས་ཅང་ཏེའུ་བྱ་བའོ། །བརྡུང་ཞེས་པ་ནི་ཅང་ཏེའུ་བརྡུང་བ་དང་ལྡན་པས་སོ། །གཞན་ནི་གོ་སླའོ། །དེ་བཞིན་དུ་ཕྱིའི་ཁ་སྦྱོར་བྱ་བའི་ཕྱིར། ཀམ་པོ་ཛ་ལ་སོགས་པའི་རྣལ་འབྱོར་མ་རྣམས་བཀུག་ནས་འདོད་པ་སྤྱད་པར་བྱའོ། །དེ་བཞིན་དུ་

གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་ཁྲོས་པས་ཞེས་པ་ན། སློབ་དཔོན་གྱིས་ཁྲོ་བོའི་ལྟ་སྟངས་སྦྱར་བ་དེའི་ཚེ་རྣལ་འབྱོར་མ་མིག་ལས་འཆི་མ་འཛགས་ཤིང་ངུ་བར་འགྱུར་རོ། །དེས་ནི་ཚིག་འདི་བརྗོད་དོ། །ཁྲོ་བོ་སྔོན་པོ་མཛེས་པ་ཁྱོད། །ཅེས་པ་ནི་ཁྱོད་ཀྱི་ཁྲོ་བོ་མཛེས་པ་
དཔྲལ་བར་ཁྲོ་གཉེར་གྱིས་བརྒྱན་པ་ཞེས་རྟོགས་པར་བྱེད་པའོ། །དམ་ཚིག་སྒྲུབ་པ་ཞེས་པ་ནི་བདག་ཅག་ཐམས་ཅད་ཁྱོད་ཀྱི་དམ་ཚིག་བསྒྲུབ་པའོ། །མཆིལ་ལྷམ་ཟུང་ཞེས་པ་འདི་བདག་མཆིལ་ལྷམ་བཞིན་དུ་ཟུང་ཤིག་པའོ། །ཆད་པ་འདི་ཞེས་པ་ནི་བདག་ཅག་གིས་ཆད་པ་འདིའོ། །མི་
གཡོ་བར་ནི་མ་བཞུགས་ཤིག །ཅེས་པ་ནི་ལན་གཉིས་སུ་བཟླས་པའི་ཚིག་སྟེ་བདག་ལ་ཤིན་ཏུ་ཁྲོ་བ་བོར་ཅིག་པའོ། །དེས་ན་མི་གཡོ་བར་སྡང་མིག་ཉིད་དོར་ཅིག་པའོ། །དཔའ་བོ་ཁྱོད་ནི་ལྟོས་ཞེས་པ་ནི་དཔའ་བོ་ཁྱོད་གདུལ་བྱ་ལ་གཟིགས་ཤིག་པའོ། །འདུས་པས་འཁོར་བ་ལས་
ནི་སྒྲོལ། །ཞེས་པ་ནི་དཔའ་བོ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར་འདུས་པ་མཛོད་ཅིག་པའོ། །བསམ་གཏན་བཟློག་ཅེས་པ་ནི་ཁྲོ་བོའི་བསམ་གཏན་བཟློག་པ་ལ་ཞི་བར་མཛོད་ཅིག་པའོ། །ལུས་འདུས་པ་རྣལ་འབྱོར་མའི་དབུས་སུ་མཛོད་ཅིག་པ་ནི་
ཚོགས་ཀྱི་འཁོར་ལོའི་དབུས་སུ་རྣལ་འབྱོར་མ་དང་ལྷན་ཅིག་ལུས་འདུས་པ་གྱིས་ཤིག་པའོ། །དེ་བཞིན་དུ་ཚོགས་ལ་འདུས་པའི་གནས་སྣ་ཚོགས་པའི་དོན་དུ་བཤད་པ་གསུངས་པ། ཉོན་ཅིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཆང་ཞེས་པའི་རྣལ་འབྱོར་མ་རྣམས་འདུས་པའི་
དུས་སུ་དགོངས་པས་བཤད་པ་ཉིད་ལ་རྣམ་པར་སྤྱད་པའོ། །སྒེག་མོ་ཞེས་གསུངས་པ་ནི་ཆང་དུ་ཤེས་པར་བྱའོ། །ལྷག་མ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ། །གླུ་འདི་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྲོག་དང་སེམས་དག་རོ་གཅིག་པའི་རང་བཞིན་གྱིས་དུས་སུ་གཡོན་དང་གཡས་གཉིས་ཀྱི་
དཀྱིལ་འཁོར་རྒྱུ་བའི་དུས་དང་དཀྱིལ་འཁོར་རེ་རེ་འཕོ་བ་རེ་རེའི་དུས་རྣམས་སུ་ཡང་ཀ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་བརྗོད་དོ། །འཕོ་བ་བཅུ་དྲུག་འགོག་པར་འགྱུར་བ་དེ་སྲིད་དུ་རང་བཞིན་གྱི་ཡི་གེ་ཐམས་ཅད་བརྗོད་པར་ཤེས་པར་བྱའོ། །དེ་ལྟ་བུ་གང་དུ་བརྗོད་ཅེ་ན། གསུངས་

པ་ཨ་ཝ་དྷཱུ་ཏཱི་ཀླ་ཀློའི་བརྡས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཧེ་རུ་ཀའི་གར་ཞེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་སོགས་པས་སོ། །ཕྱག་རྒྱ་ཞེས་པ་ནི་སྣ་ཚོགས་བརྗོད་པའིའོ། །ཕྱི་རུ་ཡང་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ།
དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་དེ་ཁོ་ན་ཉིད་ཀྱི་བྱ་བ་ཐམས་ཅད་རྣལ་འབྱོར་མ་རྣམས་ཐར་པའི་རྒྱུ་རུ་བྱའོ། །དེ་ཡང་གལ་ཏེ་རྟག་ཏུ་ཕྱག་རྒྱ་ཆེན་པོ་ཉིད་ལ་མངོན་པར་བགྲོད་ནའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དགུ་པའི་མདོར་བསྟན་པ་གསུམ་གྱི་མཐར་སླར་
བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་སླར་བཤད་པ་སྟེ་བཞི་པའོ།། །།ད་ནི་རྟོག་པ་བཅུ་པ་ནས་བརྩམས་ནས་རྡོ་རྗེ་སློབ་དཔོན་གྱི་དངོས་གྲུབ་ཀྱི་རྒྱུར་སྒྲུབ་ཐབས་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་
ཅེས་པ་ནི་སྒྲུབ་པའི་ཐབས་སོ། །དེ་ཡང་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ཆེན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཉིད་དང་པོ་སྙིང་གི་གནས་སུ་རྣམ་པར་བསམ་པར་བྱའོ། །ཕྱི་རུ་ནི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་དུ་ཐོག་མ་ཞེས་བྱ་བ་ལ་སོགས་པ་
ནི་དབང་བསྐུར་བའི་ཆོ་གས་ཐམས་ཅད་བྱ་ཞེས་པའོ། །སྙིང་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགས་སོ། །འོན་ཀྱང་སློབ་དཔོན་གྱིས་ལས་ཐམས་ཅད་ཀུན་རྫོབ་ཏུ་བྱ་ཞེས་པ་སྟེ་ངེས་པའོ། །གཞན་ཡང་རབ་ཏུ་བྱེད་པ་འདིའི་དོན་ནི་གོ་སླ་བ་སྟེ་སྒྲ་ཇི་བཞིན་ནོ། །དེས་ན་བདག་གིས་མ་བཤད་དོ། །ཁ་སྦྱོར་
ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་དང་པོ་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྡུས་པ་སྟེ་དང་པོའོ།། །།ད་ནི་བདེ་བ་ཆེན་པོའི་སྒྲུབ་ཐབས་ཏེ། དེས་གྲུབ་པའི་རྣལ་འབྱོར་པ་ནུས་པ་ཅན་ཕྱག་རྒྱ་དང་ལྷན་ཅིག་
མཆོད་པ་སྣ་ཚོགས་པ་དང་བཀུར་སྟིར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་འཛིན་པ་ཞེས་པ་ནི་ཤེས་རབ་དང་ཐབས་ཉིད་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་མི་འཛག་པའི་ཕྱིར་དེ་རྣམས་རྣལ་འབྱོར་དུ་སྒྲུབ་པ་དེ་ཉིད་ཀྱིས་འབྲས་བུ་ཕུན་སུམ་ཚོགས་པར་བྱ་བ་གསུངས་

པ། དེར་ས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཞེས་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །རྣམ་པ་དྲུག་ཏུ་གཡོས་ཞེས་པ་ནི་གལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་སའི་སྟེང་དུ་འཁོར་བ་དེའི་ཚེ་རྣམ་པ་དྲུག་ཅེས་པ་ནི་གལ་ཏེ་ཡེ་ཤེས་ཀྱི་དགའ་བས་རྣལ་འབྱོར་པ་གར་བྱེད་བཞིན་པ་དེའི་ཚེ།
དྲུག་སྐྱེས་ལ་སོགས་པ་གྲོང་གི་ཀླུ་དཀྱུགས་ཀྱི་སྒྲའི་སའི་ཕྱོགས་ནས་གྲགས་པར་འགྱུར་རོ། །དེ་བཞིན་དུ་དགའ་བ་ཞེས་པ་ནི་གལ་ཏེ་དེ་ཉིད་ས་གཞི་ལ་ཞབས་དྲག་ཏུ་མནན་པས་གར་བྱེད་བཞིན་པ་དང་ཐུགས་དགྱེས་བཞིན་པའི་ཕྱིར་དེའི་ཚེ་ཆ་ལང་ལྟ་བུ་ཞེས་པ་ནི་ཆ་ལང་གི་སྒྲས་ཤིན་ཏུ་དྲག་
པ་ལྟ་བུའམ་གློག་འཁྱུག་པ་ལྟ་བུའི་སྒྲ་ཆེན་པོའི་སྒྲ་གྲགས་པར་འགྱུར་རོ། །དེ་བཞིན་དུ་རྐང་གདུབ་ལས་བསྐལ་པའི་མེ་ལྟ་བུའི་སྒྲ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྒྱ་མཚོ་འཁྲུག་པ་དང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་
བཅུ་པའི་རབ་ཏུ་བྱེད་པ་གཉིས་པ་བསྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་མཆོད་པ་དང་བཀུར་སྟི་བསྟན་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་སྟེ། མདོར་བསྟན་པ་གཉིས་པའོ།། །།ད་ནི་ཚེ་འདི་ལ་རྣལ་འབྱོར་པར་གྲུབ་ནས་སངས་རྒྱས་ཀྱི་
རང་བཞིན་ཉིད་རྣམ་པར་སྤྱོད་པ་བརྗོད་པའི་ཕྱིར། རིགས་པའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་མངོན་དུ་ཡོན་ཏན་གྱི་གནས་སོ། །དེ་བཞིན་དུ་ཡང་ཚིག་སྣ་ཚོགས་པས་སྒྱུ་མའི་མཚན་ཉིད་
མཚོན་ཅིང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ། སངས་རྒྱས་བཅོམ་ལྡན་འདས་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་ཡང་གཞུང་འདི་ཉུང་ངུའི་ཕྱིར་གཞན་ལས་རྗེས་སུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །ལྷག་མ་གཞན་ནི་གོ་སླའོ། །ཁ་སྦྱོར་
ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །།ད་ནི་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་གཏན་ལ་དབབ་པ་བརྗོད་པའི་ཕྱིར་ལྷ་

ཁྱོད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་ཞུས་པ་དང་ལན་བཏབ་པ་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ངོ་། །ལྷག་མ་ནི་གོ་སླའོ། །འདིར་ཡང་གསུངས་པ། ཁ་སྦྱོར་དོན་ནི་གསལ་བྱེད་ཅིང་། །རྣལ་འབྱོར་པ་ལ་ཐར་སྟེར་བྱེད། །རྒྱ་ཆེར་
འགྲེལ་ཚིག་ལ་ལར་ནི། །སྦས་ཤིང་གསལ་བར་རབ་རྫོགས་པ། །བླ་མ་རྡོ་རྗེ་འཛིན་དགའ་ཡིས། །སེམས་ཅན་རྒྱུ་རུ་འདུད་པ་ཡིན། །སྣ་ཚོགས་ལུང་གི་དགོངས་པ་ཉིད། །རང་གིས་བརྟགས་ནས་བྱས་པ་མིན། །སངས་རྒྱས་རྡོ་རྗེ་འཆང་ལ་སོགས། །ཞིང་བརྒྱད་ལྷན་སྐྱེས་
རྣལ་འབྱོར་མ། །བླ་མའི་སྔོན་འགྲོ་ཐམས་ཅད་ནི། །བདག་ལ་བཟོད་པ་མཛད་པར་འོས། །རྣལ་འབྱོར་དབང་པོ་བྱང་ཆུབ་སྲས། །གང་གཞན་དེ་ཉིད་ཕ་རོལ་འགྲོ། །ཡི་གེ་ལྷག་གམ་འཆད་པའི་ཕྱིར། །དེ་དག་ཐམས་ཅད་བཟོད་པར་འོས། །གལ་ཏེ་སངས་རྒྱས་དོན་སྤྱོད་ཡུལ། །ལུང་
གི་དོན་ལ་དཔྱོད་པ་ནི། །དེ་ཚེ་ཀུན་དུ་རྒྱ་ཆེན་གྱི། །ལེགས་པའི་ཚིག་ནི་བདག་ལ་སྩོལ། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལས། རྟོག་པ་བཅུ་པའི་དཔལ་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་མདོར་བསྟན་པ་སླར་བཤད་པ་
སྟེ་བཞི་པའོ།། །།སློབ་དཔོན་ཨིནྡྲ་བྷཱུ་ཏི་ནི། །ཞེས་བྱས་རྒྱལ་བའི་ལམ་འདི་བྱས། །བདེ་ཆེན་བཟང་པོ་དཔལ་ནི་ཉིད། །བསོད་ནམས་བྱང་ཆུབ་ཐོབ་དེ་བཞིན། །ཡེ་ཤེས་ཐོབ་ནས་དེ་ཉིད་ནི། །སེམས་ཅན་རྣམས་ནི་རྟག་ཏུ་སྤྱོད། །རྒྱལ་བ་ཡི་ནི་ལམ་ཐོབ་ནས། །དེ་ཀུན་གྱིས་ཀྱང་
སེམས་ཅན་གྱི། །དོན་ནི་ནམ་མཁའི་མཐར་ཐུག་བྱེད། །དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུའི་བདག་ཉིད་ཀྱི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་རྫོགས་སོ།། །།ཕྱག་རྒྱ་ཆེ་བརྙེས་པདྨ་ཨུ་རྒྱན་པའི། །རིམ་བརྒྱུད་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡི། །གཞུང་ལུགས་ཡང་
དག་ལྟ་བ་དྲན་སྣང་བ། །འབད་དེ་བསྒྱུར་བྱས་བསོད་ནམས་གང་ཐོབ་དེས། །འགྲོ་ཀུན་གཉིས་མེད་ཡེ་ཤེས་གནས་ཐོབ་ཤོག །རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་བོ་ངྷི་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།