Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 6

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
དུ་རླུང་ལ་སོགས་པའི་ཞེས་པ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་ཞོན་པ་དེ་ཡང་རླུང་ལ་སོགས་པའི་ཕྱོགས་སུ་སོང་བར་བསམ་པར་བྱའོ། །དེ་ལྟར་ཡང་གི་ཆོ་ག་སྟེ་ལྔ་པའོ།། །།དེ་བཞིན་དུ་
རའི་ལས་གསུངས་པ། ཡི་གེ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ་དྲུག་པའོ།། །།དེ་བཞིན་དུ་མ་ཧེའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མ་ལུས་དེ་ཉིད་ཅེས་པ་ནི་ཧཱུཾ་ངོ་། །སྲུང་མ་ཞེས་པ་ནི་རྣལ་འབྱོར་མ་གཞན་རྣམས་ཀྱིས་སྔགས་ཀྱི་སྲུང་བས་སྲུང་བ་

དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྒྲ་ཇི་བཞིན་ཏེ་བདུན་པའོ།། །།དེ་བཞིན་དུ་གཞན་ཁྱིའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཁྱིའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྲིན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི་མ་ཧེའི་གཟུགས་ཅན་ཏེ། དེ་ལྟར་མ་ཧེའི་གཟུགས་སྤངས་པའི་ཕྱིར་
ཁྱིའི་གདོང་པར་འགྱུར་རོ། །རྡོ་རྗེ་མཆུ་ཅན་ཞེས་པ་ནི་ཕག་གི་གདོང་ཅན་དེའི་རྐང་པར་ཞུགས་པའོ། །བརྒྱད་པའོ།། །།དེ་བཞིན་དུ་རྡོ་རྗེ་ཁྲོ་བོའི་ལས་གསུངས་པ། འུག་པའི་ཞེས་བྱ་བ་ལ་སོགས་པ་ལ། ས་ལ་འགོག་ཅེས་པ་ནི་སའི་ནང་དུ་གཞུག་པའོ། །ལྷག་མ་ནི་སྔོན་བཞིན་དེ་
དགུ་པའོ།། །།དེ་བཞིན་དུ་ཆང་དགུག་པ་གསུངས་པ། ཙི་ཞེས་བྱ་བ་ལ་སོགས་པ་ནི་ཆང་འཚོང་བའི་ཁྱིམ་ནས་ཆང་བླངས་ཏེ། དེའི་ཚེ་སྣོད་དེའི་སྟེང་འོག་ཏུ་རྟའི་རྣམ་པའི་གདོང་ཅན་གཉིས་བཞག་ནས་ཆང་ཐམས་ཅད་དགུག་པར་བྱ་སྟེ་བཅུ་པའོ།། །།དེ་བཞིན་དུ་མུ་སྟེགས་དང་
ཉན་ཐོས་ལ་སོགས་པ་ཐོ་འཚམས་པ་རྣམས་ཀྱི་ཆང་སྐྱུག་པའི་ཆོ་ག་གསུངས་པ། སྐུ་མདོག་ལྗང་ཁུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ་བཅུ་གཅིག་པའོ།། །།དེ་བཞིན་དུ་རེངས་པ་གསུངས་པ། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། འདི་རླུང་ཞེས་པ་ནི་རླུང་ལྷའི་མཚམས་སུའོ། །ཁམ་ཕོར་
ཞེས་པ་ནི་སྔོན་དུ་གསུངས་པའི་རེངས་པའི་འཁོར་ལོ་བྱའོ། །དེ་ཉིད་ཀྱི་ནི་རི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་རྩེ་མོ་བརྒྱད་པ་རི་བདུན་དང་བཅས་པས་མནན་པའོ། །དེ་ཡང་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྦྱིན་པའོ། །དབུགས་ནི་ནང་དུ་བསྡམས་ཏེ་ཞེས་བྱ་བ་ནི་
རྣལ་འབྱོར་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ། །དེ་ཡང་ལས་ཀྱི་དུས་སུ་བྱ་ཞེས་པ་ནི་འདིར་ནི་ཡཾ་དང་ལྡན་པའི་སྲོག་འགོག་པར་བྱ་སྟེ། དེའི་སྟེང་དུ་ལཾ་གྱིས་མཚན་པ་ཞེས་པ་ནི་ས་བསྒོམ་པའོ། །དེ་ཡང་ལཾ་ཡོངས་སུ་གྱུར་པའོ། །དེ་ལྟར་བྱས་པས་ནི་རླུང་འཆིང་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་
ནོ། །བཅུ་གཉིས་པའོ།། །།ད་ནི་སྤྲིན་རྣམས་ཀྱི་ཆར་དབབ་པའི་ཆོ་ག་གསུངས་པ། པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པ་འདིར་སྔོན་བཞིན་དུ་སྐད་ཅིག་རྣལ་འབྱོར་པའི་སྦྱོར་བས་པདྨ་འདབ་མ་བརྒྱད་པ་བྲིའོ། །དེ་ལྟར་འདབ་མ་བརྒྱད་ལ་མཐའ་ཡས་ལ་སོགས་པ་ཀླུ་བརྒྱད་རྣམ་པར་

དགོད་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་ཀླུ་ཐམས་ཅད་ཀྱི་མགོ་བོ་ནི་འདབ་མའི་རྩེ་མོ་རྣམས་ལ་དགོད་དོ། །མཇུག་མ་ནི་ལྟེ་བའི་གནས་སུའོ། །དེ་ལ་ལྟེ་བའི་དབུས་སུ་མཇུག་མ་རྣམས་ཀྱི་སྟེང་དུ་རྡོ་རྗེ་ཁྲོ་བོ་ཞེས་པ་སྔོན་བཞིན་ཕྱག་འབུམ་ལ་སོགས་པ་དེའི་
སྐུས་གཟིར་བར་བྱ་ཞེས་སྦྱར་རོ། །ཀླུའི་ས་བོན་ཞེས་པ་ནི། ཀླུ་རྣམས་ཀྱི་རང་རང་གི་མིང་དང་ལྡན་པའི་ཕུཿཞེས་པ་དང་སྤེལ་བ་དགོད་པའོ། །དེ་བཞིན་དུ་ཀླུ་དེ་རྣམས་རྟིང་པའི་མཐིལ་ཞེས་པ་ནི་ཐམས་ཅད་ཀྱི་མཇུག་མའི་རྩེ་མོར་ཞབས་སྦྱིན་པ་སྟེ། རྐང་པའི་རྩེ་མོའི་ཆས་མནན་པ་དེའི་ཚེ་ཇི་
སྐད་གསུངས་པ་བཞིན་བྱེད་དོ། །རྣལ་འབྱོར་པ་དེའི་ལས་ཐམས་ཅད་བྱེད་དོ། །དེ་བཞིན་དུ་ཡང་འདི་སྦྱོར་བ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་རང་གི་ཕྱག་རྒྱ་ཞེས་པ་ནི་ཀླུ་བརྒྱད་པོ་རྣམས་ཀྱི་ཀླུའི་བུ་མོ་བརྒྱད་གཞུག་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཁྲོ་
བོ་དང་སྟག་གདོང་མ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་གཞུག་པར་བྱ་ཞེས་པ་ནི་བསྒོམ་པར་བྱ་ཞེས་པའི་ཁྱད་པར་རོ། །དེས་ན་གཏུབ་ཅེས་པ་ནི་སྤྲིན་དྲལ་བའི་དོན་ཏོ། །དེའི་སྔགས་སུ་འགྱུར་བ་ནི། དེའི་ལས་གསུངས་པ། ཨོཾ་བ་པཱ་ཊ་ཡ་ཧཱུཾ་ཙྪིནྡ་ཡ་ཧཱུཾ་ཞེས་པའོ། །སྐད་ཅིག་གིས་ནི་
ཞེས་པ་ནི་དེ་བཞིན་དུ་སྔགས་ཀྱི་ཚིག་རྣམས་ལན་གཉིས་སུ་བཟླས་ཏེ་བརྗོད་པའོ། །སྒོམ་པ་ཡང་སྟོན་ཀའི་དུས་ཀྱི་ནམ་མཁའ་བཞིན་དྲི་མ་མེད་པའོ། །མེ་རུ་ཞེས་པ་ནི་མེའི་མཚམས་སུའོ། །དཀྱིལ་འཁོར་ལ་ཞེས་པ་ནི་དཀྱིལ་འཁོར་བྲིས་ནས་དེར་གནས་ཏེ། རྡོ་རྗེ་ཆེན་པོ་གཏུམ་པོའི་ཏིང་ངེ་འཛིན་
གྱིས་འདི་སྦོར་བར་བྱའོ། །དཔྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། མི་གཡོ་བ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་མི་གཡོ་བའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་སྡུག་ཅེས་པ་ནི་རྣམ་པར་སྣང་མཛད་ཀྱི་བཙུན་མོ་རྡོ་རྗེ་རྣམ་སྣང་མཛད་མ་སྟེ། དེས་སྤྲིན་ཐམས་ཅད་བཟློག་པར་བྱའོ། །བཅུ་བཞི་
པའོ།། །།དེ་བཞིན་དུ་ཏིང་ངེ་འཛིན་འདི་ལས་གཞན་གསུངས་པ། བགེགས་ཞེས་བྱ་བ་ལ་སོགས་པ་ལས། མིག་ཅེས་པ་ནི་འཆད་བཞིན་པའི་གཟུགས་དེ་ལ་བསྔགས་པར་བྱའོ། །དེ་ཡང་གླང་པོ་ཆེ་ཞེས་པའི་མིག་ལ་ཞེས་དགོངས་སོ། །དེ་ལྟར་ལྷག་མ་ཨོཾ་བཛྲ་ནཱ་ར་ཡཱ་ཎ། ཞེས་པ་

མཐར་ཐུག་པ་ནི་གོ་སླའོ། །འདིར་ནི་མདོར་བསྡུས་པའོ། །འོན་ཀྱང་གཞན་དུ་རྡོ་རྗེ་མཁའ་འགྲོ་དང་འདུས་པ་ལ་སོགས་པ་རྣམས་སུ་རྙེད་སླ་བའི་དོན་ཏོ། །ད་ནི་རང་བྱིན་གྱིས་བརླབས་པས་ལྷའི་དབང་པོ་རྣམ་པར་དག་པ་དང་། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་སྣ་ཚོགས་བསྒྲུབ་པའི་ཕྱིར་
སྒྲོལ་མའི་སྒྲུབ་ཐབས་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་གཞལ་ཡས་ཁང་གི་ནང་དུ་པདྨ་ཆེན་པོ་བསམ་མོ། །དེའི་ལྟེ་བར་ཨཱ་ལི་ཀཱ་ལིའི་སྟེང་དུ་ཡི་གེ་ཧཾ་ངམ་ཡི་གེ་བཅུ་ཧྲཱིཿདང་སྤེལ་བར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྒྲོལ་མའི་
གཟུགས་སུ་སྐད་ཅིག་གིས་བསམ་པར་བྱའོ། །དེ་བཞིན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི། ཞལ་གསུམ་པ་ཕྱག་བཅུ་པ་ཞབས་གཉིས་ཀྱིས་དབང་ཕྱུག་ཆེན་པོ་དང་ཁྱབ་འཇུག་གནོན་པའི་ལྷ་མོར་དེ་བཞིན་དུ་བྱའོ། །ལྷག་མ་ནི་གོ་སླའོ། །ནང་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚམས་
སུ་རང་བྱིན་གྱིས་བརླབས་པས་ན་ནམ་མཁའི་དབྱིངས་ཞེས་བྱའོ། །དེའི་དབུས་སུ་ཞེས་པ་ནི། རྩ་གཉིས་སུ་འཕོ་བའི་སྦྱོར་བས་སོ། །ཞལ་གསུམ་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་དང་གནས་པའོ། །དེ་བཞིན་དུ་ཐིམ་པ་དང་། ལོངས་སྤྱོད་པ་དང་། དབང་དུ་བྱེད་པའི་རིམ་པས་སོ། །དེ་ཡང་
རྩ་གཅིག་དོར་བ་ནི་ཐིམ་པའོ། །གཅིག་ལ་འཇུག་པ་ནི་ལོངས་སྤྱོད་པའོ། །གཉིས་ཀའི་མཚམས་སུ་བྱེད་པ་ནི་དབང་དུ་བྱེད་པའོ། །དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ། །དེ་ལ་སྔོན་དུ་གསུངས་པའི་ནང་གི་བཅུད་ཀྱིས་ལེན་གྱི་རྫས་དགུ་དགུན་སྟོད་ལ་སོགས་པ་
དུས་དྲུག་ལས་བྱུང་བའི་འཇུག་པའི་ཕྱིར་རྩ་དགུ་ཨ་ཝ་དྷཱུ་ཏཱིའི་ནང་དུ་གཟུང་། དེ་བཞིན་དུ་རྒྱན་ཀུན་ཞེས་པ་ནི་དེ་ལྟར་བྱས་ནས་རྣལ་འབྱོར་པའི་ལང་ཚོ་གཞོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་མཚན་གྱིས་བརྒྱན་པ་རྟག་ཏུ་གོམས་པའི་ཕྱིར། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པའི་དོན་
ཏོ། །དེ་ཡང་སྟག་གི་ཞེས་བྱ་བ་ལ་སོགས་པ་ནི། སྲོག་ལ་སོགས་པའི་རླུང་མན་ངག་གིས་འགོག་པ་ལ་གོམས་པའི་ཕྱིར། གཏུམ་མོ་སྦར་བར་བྱའོ། །དེའི་པགས་པ་ཞེས་པ་ནི་རང་རིག་པའི་མཚན་ཉིད་ཅན་རེག་པའི་བདེ་བའོ། །དེ་དག་གི་ན་བཟའ་ཞེས་པ་ནི་གནས་དེར་དུས་ཐམས་ཅད་

གནས་པའོ། །དེ་ལ་སྐུ་མདོག་དམར་པོ་ཞེས་པ་ནི་ཁམས་གསུམ་པ་དབང་དུ་བྱ་བའི་ཕྱིར་སྐུ་དང་། གསུང་དང་ཐུགས་ལས་བྱུང་བ་ཉིད་དེ། གང་གི་ཕྱིར་ཤིན་ཏུ་ཆགས་པ་རྒྱུན་དུ་འབབ་པའི་ཕྱིར་རོ། །གཟི་བརྗིད་ཆེ་ཞེས་པ་ནི་འབད་པ་དང་བཅས་པའི་བརྩོན་འགྲུས་སོ། །
ཉི་མ་འཆར་ཀ་ཞེས་པ་ནི་སེམས་ཅན་ཐམས་ཅད་གཉིད་དང་ལེ་ལོ་དང་རྨོངས་པ་དང་བརྩོན་འགྲུས་དམན་པ་དང་ལྡན་ལ་བདག་ཉིད་ནི། ཐོ་རངས་སྣང་བ་གསལ་བས་ཁ་དོག་དམར་པོའི་འོད་དོ། །རྣལ་འབྱོར་པ་ཡང་སྤྲོ་བ་དེ་ཉིད་ཀྱིས་ན། དུས་ཐམས་ཅད་དུ་དེའི་རང་བཞིན་གྱི་སྦྱོར་བས་
དམར་པོར་སྣང་ངོ་། །དེ་ཉིད་ཀྱིས་ན། གང་གི་རྨོངས་པ་འཆི་འགྱུར་བ། །དེ་ཡིས་མཁས་པ་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཕྱག་བཅུ་ཡང་དེ་རྣམས་ཀྱི་གཡོན་དང་གཡས་རྣམས་ཀྱི་རིམ་པ་བཞིན་མཚན་བརྗོད་དེ། རལ་གྲི་ཞེས་བྱ་བ་ལ་སོགས་པ་
ལ། དེ་ལ་གཡས་ཀྱི་ཕྱག་ལྔ་རྣམས་ལ་རལ་གྲི་མདའ་དང་ཤ་ཆེན་པོ། དེ་བཞིན་ཅང་ཏེའུ་ལྕགས་ཀྱུའོ། །གཡོན་པ་ཁ་ཊྭཱཾ་ག་དང་གཞུ། །ཐོད་པ་ཞགས་པ་དེ་བཞིན་འདིར། །ལྔ་པ་ཉིད་ནི་ཨུཏྤ་ལ། །ལྷ་མོ་དེ་ཉིད་རྣམ་པར་སྦས། །འདི་རྣམས་ཀྱི་རྣམ་པར་དག་པ་གསུངས་པ།
རལ་གྲི་འཛིན་པས་སེམས་ཅན་རྣམས། །འདུལ་ཞིང་ཤེས་རབ་འཕེལ་བའི་ཕྱིར། །མདའ་ཡིས་སེམས་ནི་འབུགས་པས་ན། །ཤ་ཆེན་པོ་ཡིས་རྒྱ་ཡིས་གདབ། །ཅང་ཏེའུ་ཐབས་ནི་ཉིད་ཡིན་ཏེ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ལྕགས་ཀྱུས་བདེ་བ་ཆེན་པོ་ནི། །རྟག་ཏུ་འགུགས་
པའི་བྱ་བ་བྱེད། །སེམས་ནི་ཁ་ཊྭཱཾ་ག་བཞིན་དུ། །ཆོས་རྣམས་ཉིད་ནི་མི་དམིགས་སོ། །གཞུ་ནི་རྟག་ཏུ་སྒྲར་ཤེས་བྱ། །ཐོད་པའི་ཐིག་ལེ་ཡི་ནི་གདན། །ཞགས་པས་སེམས་ཅན་རྣམས་ཀྱི་ནི། །ཡན་ལག་བཅུ་གཉིས་ཀུན་ནས་འཆིང་། །ཨུཏྤ་ལ་ཡིས་ཡང་དག་པའི། །ཡེ་ཤེས་སྤྲོས་
མེད་བརྗོད་མེད་པའོ། །ཁ་དོག་སྔོན་པོ་དམར་རྣམ་པ། །སྙིང་རྗེ་ཡི་ནི་གཟུགས་བརྙན་ཉིད། །དེ་བཞིན་དུ་གཡོན་བརྐྱང་པ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ། །བཅུ་དྲུག་པའོ།། །།དེ་བཞིན་དུ་གསུངས་པའི་མཚན་ཉིད་ཀྱིས་རྣམ་པ་དང་བཅས་པའི་བསྒོམ་

པའི་ཕྱིར་སྒྲོལ་མས་སླར་ཡང་དབང་དུ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་ཡི་གེ་བཅུའོ། །ཞལ་གསུམ་པ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒྲོལ་མའི་གཟུགས་སོ། །ལྷག་མ་ནི་གོ་སླའོ། །བཅུ་བདུན་པའོ།། །།དེ་བཞིན་དུ་རྡོ་རྗེ་ཐོག་མ་ལ་སོགས་པ་བཟློག་
པའི་ཕྱིར་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་དང་པོ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་གཟུགས་ཏེ། དེ་ལྟ་བུར་གྱུར་པ་འདབ་མ་བརྒྱད་པའི་དབུས་སུ་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ལ་བསྒྱིངས་པ་མ་ཞེས་བྱ་བ་ལ་སོགས་པ་
ནི་ཤར་གྱི་འདབ་མ་ལ་རྡོ་རྗེ་མཚོན་ཆ་མའོ། །ལྷོའི་འདབ་མ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལའོ། །ནུབ་ཀྱི་འདབ་མ་ལ་རྡོ་རྗེ་རྩེ་མོའོ། །བྱང་གི་འདབ་མ་ལ་རྡོ་རྗེ་སྙིང་པོ་མའོ། །དེ་ལྟར་ཐམས་ཅད་ཕྱག་བཞི་མ་སྟེ། དེ་རྣམས་ཀྱི་མཚོན་ཆ་རྡོ་རྗེ་གཏོད་པ་ཞེས་པ་ནི་ཕྱག་ན་རྡོ་རྗེ་གསོར་བའོ། །དེ་ལྟ་བུར་གྱུར་པ་ནམ་
མཁར་བསྒོམ་པར་བྱའོ། །ལྷག་མ་ནི་གོ་སླའོ། །བཅོ་བརྒྱད་པའོ།། །།དེ་བཞིན་དུ་གསད་པ་ལས་གཤིན་རྗེའི་འཁྲུལ་འཁོར་གསུངས་པ། དེ་ནས་གསད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྒྱུ་མ་གསུངས་མོད། དེ་བཞིན་དུ་ཞི་བ་ལ་སོགས་པའི་འབྲས་བུ་གནས་པར་ཤེས་པར་བྱའོ། །
ཇི་ལྟར་འབྲས་བུ་རྒྱུ་རྒྱས་བཏབ་པ་དེ་བཞིན་དུ་འདིར་ཤེས་པར་བྱའོ། །གཤིན་རྗེའི་འཁོར་ལོ་རིམ་པ་གསུམ་པ་བྱ་སྟེ། དེ་ལ་ནང་གི་རིམ་པས་རེའུ་མིག་བརྒྱད་དོ། །དེའི་ཕྱི་རུ་རྩིབས་བཅུ་གཉིས་ཏེ། དེ་ལས་རེའུ་མིག་བཅུ་བདུན་ཡ་ལ་སོགས་པ་ཡི་གེ་བཅུ་བདུན་དགོད་པར་འགྱུར་
ཏེ། ནང་གི་འཁོར་ལོའི་ཤར་ལ་སོགས་པའི་གནས་བཞི་རུ། ཡི་གེ་བཞི་དགོད་དེ། དེ་ལ་ཀྵེ་མ་མེ་དའོ། །དེའི་དབུས་སུ་ཡའོ། །མཚམས་ཀྱི་ཆ་བཞིར་བསྒྲུབ་བྱའི་མིང་སྤེལ་བའི་སྔགས་ཧྲཱིཿཥྚྀཿཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱི་རོལ་རྩིབས་བཅུ་གཉིས་ལ་ཤར་ལ་སོགས་པ་
གཡས་སྐོར་དུ་དགོད་དེ། དེ་ཡང་ཡཙྩ་ནི་རཱ་ཙ་ས་དོ་རུ་ཎ་ཡོ་ནི་ར་ཞེས་པའི་ཡི་གེ་བཅུ་གཉིས་སུ་འགྱུར་རོ། །དེའི་ཕྱི་རོལ་དུ་རེ་མིག་བཅུ་དྲུག་བྱའོ། །དེ་རྣམས་ལ་ཤར་ལ་སོགས་པའི་རེའུ་མིག་རེ་རེའི་བར་དུ་ཨོཾ་ཧྲཱིཿཥྚྀཿཞེས་བྱ་བ་ལ་སོགས་པ་ཡི་གེ་རེ་རེ་བྲི་བར་བྱའོ། །ལྷག་མ་བརྒྱད་ལ་སྒྲུབ་

པའི་མིང་དང་སྤེལ་བའི་སྔགས་བྲིའོ། །དེའི་ཕྱི་རོལ་དུ་སྔགས་ཀྱི་ཡི་གེ་ཕྱིན་ཅི་ལོག་ཏུ་བྲི་བ་ནི་མན་ངག་གོ། །དེ་ལྟར་འཁོར་ལོ་གཉིས་བྱ་སྟེ། གཅིག་ནི་གཡས་སྐོར་དུ་བྲིའོ། །གཉིས་པ་ནི་གཡོན་སྐོར་དུ་བྲི་བ་ནི་ཐམས་ཅད་དུ་ངེས་པ་ཉིད་དོ། །ལྷག་མ་ནི་སྔོན་དུ་གསུངས་
པའི་མཆོག་ཉིད་ཀྱིས་རྟོགས་པར་བྱའོ། །གཞན་ཡང་ཞི་བ་ལ་སོགས་པའི་ལས་རྣམས་ལ་ཞི་བ་ལ་མཐའི་ཡ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ། །བཅུ་དགུ་པའོ།། །།དེ་བཞིན་དུ་ཀུ་རུ་ཀུལླེའི་སྦྱོར་བས་དབང་དུ་བྱེད་པ་གསུངས་པ། བུད་མེད་ཅེས་བྱ་བ་ལ་སོགས་པ་ལ།
ཡང་ཞེས་པ་ནི། སྔོན་དུ་གསུངས་པའི་སྒྲོལ་མ་བཞིན་དུ་བསྒོམ་པའོ། །འོན་ཀྱང་རྣལ་འབྱོར་པ་ཀུ་རུ་ཀུལླེའི་ང་རྒྱལ་དུ་བྱེད་པའོ། །ལྷག་མ་ནི་སྔོན་བཞིན་ནོ། །ཉི་ཤུ་པའོ།། །།ད་ནི་དུས་སུ་ཟིན་པ་བསླང་བའི་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། མིག་དག་
གི་ཞེས་པ་ནི་མཛོད་སྤུ་ལས་སོ། །ལྷག་མ་ནི་གོ་སླའོ། །ཉི་ཤུ་གཅིག་པའོ།། །།དེ་བཞིན་དུ་ཟླ་བ་དང་ཉི་མ་གཟུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལས་བྱ་བ་གསུངས་པ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་ནང་དུ་སྲོག་དང་ཐུར་སེལ་འགོག་པ་ཁུ་བ་དང་རྡུལ་དག་
གཟུང་བར་བྱའོ། །དེ་ནས། ལྟ་སྟངས་ཕྱི་རུ་སྦྱར་བར་བྱ། །ཞེས་པ་སྟེ་ངེས་པའོ། །ཉི་ཤུ་གཉིས་པའོ།། །།དེ་བཞིན་དུ་གཞན་གྱི་དཔུང་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་དགྲ་རྣམས་ནི་ཡི་གེ་ལྔ་བཅུ་རྣམས་སོ། །དེ་རྣམས་ཀྱི་མགོ་བོ་བཅད་པས་ཕྱིར་འདི་བསྒྲུབ་པར་བྱའོ། །རྡོ་
རྒྱུས་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ནང་གི་བྱང་ཆུབ་སེམས་སོ། །དེ་ཕྱི་མ་ཞེས་པ་ནི་དེ་ཐིམ་པར་བྱས་པའོ། །བདུད་རྩི་ལྔ་ཞེས་པ་ནི་དྲི་ཆེན་ལ་སོགས་པ་དེ་ཉིད་དུ་ཐིམ་པར་བྱའོ། །ཀུ་ཐར་ཚིནྡྷ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ཁོང་སྟོང་ངོ་། །དེ་དང་བསྲེས་ལ་ཞེས་པ་ནི་རིལ་བོ་གཅིག་ཏུ་གྱུར་པ་རི་
ལུ་ཞེས་བྱའོ། །དེ་བཞིན་དུ་རིལ་བ་སྤྱི་བླུགས་ཞེས་པ་ནི་མི་ཤིགས་པ་བདུད་རྩིས་གང་བའོ། །དེའི་སྐྱེ་བ་ནི་ཐུར་དུ་བལྟས་པའི་མགོའམ་བུ་གའི་གནས་སུའོ། །དེ་ལ་རི་མོ་བསྐོར་ན་ཞེས་པ་ནི་མི་འཛག་པར་འགྱུར་བའོ། །དེའི་ཕྱིར་ཡི་གེ་བརྗོད་དུ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཕྱི་

རུ་ཡང་དེ་ཉིད་ཀྱི་ལྟ་བས་ཐམས་ཅད་བྱ་ཞེས་པ་སྟེ་ངེས་པའོ། །ཉི་ཤུ་གསུམ་པའོ།། །།དེ་བཞིན་དུ་ལྷ་རྣམས་དག་པར་འདོད་པས་ཐིག་ལེའི་བསྒྲུབ་པ་གསུངས་པ། ལྷ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བཅིངས་པ་ཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་ཉིད་དོ། །རྟོག་པ་དང་པོའི་རབ་
ཏུ་བྱེད་པར་ཡང་གསུངས་པའོ། །དེ་བཞིན་དུ་རྟོག་པ་བཅུ་གཅིག་པ་ལས་ཀྱང་བསྟན་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་མེ་ཏོག་ཅེས་པ་ནི་མཆོག་ཏུ་མི་འཛག་པའི་བྱང་ཆུབ་ཀྱི་མེ་ཏོག་གོ། །དེ་ཉིད་ཀྱིས་ན་སྒྲུབ་པ་པོ་དེ་ཡང་། ཀུ་ཐར་ཚིནྡྷ་དང་བསྲེས། །ཞེས་པ་ནི་མི་རྒྱུའོ། །ཉི་མ་གཟས་ཟིན་པ་ཞེས་པ་
ནི་སྡུད་པའི་དུས་སུ་སྒྲ་གཅན་གྱི་རྩ་ལ་འཇུག་པའོ། །མི་བསྐྱོད་པ་དང་སྟ་རེ་ཞེས་པ་ནི་གང་གི་ཕྱིར་མི་འཁྲུགས་པས་ནི་མི་བསྐྱོད་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་ཞེས་པའི་དོན་ཏོ། །སྟ་རེ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟ་རེ་རྣོན་པོ་བཞིན་དུ་གྱུར་པ་དེ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་གཅོད་
པར་བྱེད་པའོ། །རྐང་པས་མནན་ཏེ་ཞེས་པ་ནི་རྐང་པའི་སྒྲས་ནི་དགའ་བ་བཞིའི་ལྷག་མ་ལྷན་ཅིག་སྐྱེས་པའི་དགའ་བའི་བཟུང་སྟེ། དེས་མནན་པ་ནི་སྟོང་པའི་སྟ་རེའོ། །དེའི་ཕྱིར་སྔགས་བཟླས་པ་ཞེས་པ་ནི་ཨོཾ་ལ་སོགས་པ་དུས་ཀྱི་ཡི་གེ་རྣམས་སོ། །དེས་ན་བརྗོད་པའི་དུས་ཀྱི་ཞེས་པ་སྟེ་ངེས་
པའོ། །ཐིག་ལེ་ཞེས་པ་ནི་སྦྱོར་བ་འདིས་སྟོང་པ་ཉིད་ལ་ཞུགས་པའོ། །གང་ལ་ཕྱག་བྱས་པ་ཞེས་པ་ནི་དངོས་པོ་གང་དང་གང་བྱུང་བ་དེ་དང་དེ་ཐམས་ཅད་དེ་བཞིན་ཉིད་དུ་ཞུགས་པས་ན་དེ་རྣམས་འཇིག་པའོ། །ཕྱི་རུ་ཡང་ལྷ་རྣམས་དག་པས་ནི་དེ་ལ་བརྟེན་པའི་ཕྱིར་ཞེས་དགོངས་སོ། །ཉི་ཤུ་
བཞི་པའོ།། །།ད་ནི་སྤྲིན་རྣམས་ལས་ཆར་དབབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་བཞིན་ཞེས་པ་ནི། དུར་ཁྲོད་ཀྱི་ས་དང་སོལ་བ་དང་དུག་དང་། སྐྱེ་ཚེ་ལ་སོགས་པ་དང་ལྡན་པས་བྱ་བའོ། །དཀྱིལ་འཁོར་བྲིས་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་
པའི་རྡོ་རྗེའི་དཀྱིལ་འཁོར་ཏེ། དེར་བདག་པོ་ནས་བརྩམས་ཏེ་དཀྱིལ་འཁོར་བ་ཡང་ངོ་། །དེ་བཞིན་དུ་མཐའ་ཡས་མནན་པའི་དགྱེས་པའི་རྡོ་རྗེའི་གཟུགས་བྲི་ཞེས་པ་ནི་སྒྲུབ་ཐབས་ཀྱི་རིམ་པས་བསྒོམ་པར་བྱའོ། །ཨརྫ་ཀ་ཞེས་པ་ནི་པ་ན་སའོ། །ལྷག་མ་ནི་གོ་སླའོ། །ཉི་ཤུ་ལྔ་པའོ།། །།

དེ་བཞིན་དུ་རླུང་ཆེན་པོ་དང་ཆར་ཆེས་བ་བཅད་པའི་ཕྱིར་སྤྲིན་རྣམས་དྲང་བའི་ཆོ་ག་གསུངས་པ། སྤྲིན་རྣམས་དྲལ་བར་འདོད་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉི་ཤུ་དྲུག་པའོ།། །།དེ་ལྟར་ལས་ཚོགས་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབས་གསུངས་ཏེ། ལྷག་མ་དྲུག་
ནི་སྔོན་དུ་གསུངས་པའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་སྐབས་སུ་ལྷ་རྣམས་ཀྱི་མཚན་གྱིས་བསྟན་ཏེ། དེས་ན་འདིར་མ་གསུངས་སོ། །དེ་ལྟར་སུམ་ཅུ་རྩ་གཉིས་སུ་གྱུར་ཞེས་པ་ནི་མདོར་བསྡུས་པར་འགྱུར་རོ། །རྒྱས་པའི་གཞུང་སྣ་ཚོགས་པའི་དགོངས་པ་རྣམས་བླ་མའི་ཁ་ལས་རྙེད་པར་འགྱུར་རོ། །
ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བདུན་པའི་མདོར་བསྟན་པ་གསུམ་གྱི་མཐར་སྣ་ཚོགས་སླར་བཤད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ལ་སོགས་པའི་རྟོག་པ་སྟེ། བཞི་པ་བསྟན་པའོ།། །།
ད་ནི་དཔལ་རྡོ་རྗེ་དྲིལ་བུ་ལ་སོགས་པ་དེ་ཁོ་ན་ཉིད་བཞི་མ་གཏོགས་པར་རྣལ་འབྱོར་པ་རྣམས་ཀྱིས་དངོས་གྲུབ་ཆེས་མྱུར་བར་མི་འཐོབ་སྟེ། དེའི་དབང་དུ་བྱས་པའི་རྟོག་པ་རྒྱས་པ་གསུངས་པ། མཚོན་བྱ་ཞེས་བྱ་བ་ལ་སོགས་པ་ལ། མཚོན་བྱའི་མཚན་ཉིད་ཅེས་པ་ནང་གི་མཚན་ཉིད་བཞི་
དགོངས་པས་བཤད་པ་ཉིད་ཀྱིས་མཚོན་པའི་སྐད་ཅིག་ཅེས་པ་བསམ་དུ་མེད་པ་སྟེ་མཚན་ཉིད་གང་གིས་མཚོན་པའི་མཚོན་བྱ་ནི་སྐད་ཅིག་གོ། །དེ་ཡང་དེ་ཉིད་བཞི་ཞེས་པ་ནི་འདིར་ཆོས་ཐམས་ཅད་ཀྱི་གྲུབ་པའི་མཐའ་ལ་གནས་པ་ནི་བཅོམ་ལྡན་འདས་ཏེ། འདིར་གྲུབ་པའི་མཐའ་འདི་ཡང་
མཐའ་བཞི་པོ་དེས་རྟོགས་པས་དེ་ཁོ་ན་ཉིད་དམ་པའི་དོན་མཐོང་བས་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི་གོ་འཕང་ཐོབ་པའོ། །དེ་མི་འཚལ་ཞེས་པ་ནི་འདིར་སོམ་ཉི་རྣམ་པ་གཉིས་བརྗོད་དོ། །དེ་ལ་འདིར་གལ་ཏེ་རེ་ཞིག་རྟོག་པ་བདུན་པར་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་ཏེ། ལས་
ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་པ་ལས་ཐམས་ཅད་ཀྱི་ཚོགས་རྣམས་དེ་ཉིད་བསམ་གཏན་ལས་བྱུང་བ་ཞེས་པ་ལྔའི་དོན་ལ་དང་པོ་སྟེ། དེ་བཞིན་དུ་དེ་རྣམས་བསམ་གཏན་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་ཞེས་པའི་ཏིང་ངེ་འཛིན་གང་གིས་དངོས་པོ་གཡོ་བ་ཐམས་

ཅད་འགོག་པའོ། །འོན་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་བའི་ཡེ་ཤེས་དེ་སྐྱེ་བ་གཞན་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་ངེས་པ་སྐྱེ་བ་འདིར་སྔགས་ཀྱི་སྤྱོད་པ་རྟོགས་པའི་ཕྱིར་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་འགྱུར་ན། དེའི་ཚེ་ཇི་ལྟར་བཅོམ་ལྡན་འདས་
ཀྱི་ལས་ཚོགས་ཀྱི་ཚུལ་གྱིས་སངས་རྒྱས་པ་དེའི་ཚེས་བཅུ་གཉིས་པ་ཙམ་ལ་བརྟེན་ཏེ་ཐར་པ་འབྱུང་བ་ས་བཅུ་གསུམ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ས་དེས་ན་བསམ་དུ་མེད་པའི་ཡེ་ཤེས་དེ་ཉིད་གཉིས་སུ་མེད་པ་བསམ་དུ་མེད་པའི་བསམ་དུ་མེད་པ་ཞེས་པའི་དོན་ཏོ། །དེའི་
ཕྱིར་དེ་མེད་པའི་སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་ར་རོ། །དེ་ལྟར་སོམ་ཉི་གཅིག་གོ། །དེ་བཞིན་དུ་གཉིས་པ་བརྗོད་དོ། །འདིར་གལ་ཏེ་རེ་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བསམ་གཏན་ལ་སོགས་པ་སྒྲུབ། དེས་ན་ལས་ཀྱི་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་དང་སངས་
རྒྱས་ཉིད་སྐྱེ་བ་གཞན་ལ་ས་བཅུ་གཉིས་ལ་བརྟེན་པ་ལ་སོགས་པ་གྲངས་མེད་པས་སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་བ་དེའི་ཚེ་ཡང་གལ་ཏེ། དངོས་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བཞིན་མྱ་ངན་ལས་འདས་པའི་ཡེ་ཤེས་འཇུག་གོ། །དེའི་ཚེ་དེས་ནི་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་ས་རྣམས་ལ་ཉམས་ཏེ། དེ་ལྟར་ཉམས་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་ངོ་། །དེ་ལྟར་ཕྱོགས་གཉི་ག་ལ་ཉེས་པར་འགྱུར་རོ། །དེའི་ཕྱིར་འདིའི་ཐབས་ཀྱི་ཡེ་ཤེས་ཀྱི་ཕྱིར། དེ་ཁོ་ན་ཉིད་བཞི་མ་གཏོགས་པར་བྱང་ཆུབ་མེད་ཅེས་དགོངས་སོ། །དེས་ན་དེ་རྣམས་མི་
འཚལ་ཞེས་སྦྱར་རོ། །དེ་བཞིན་དུ། བདེ་བ་ཆེན་པོ་བཤད་དུ་གསོལ། །ཞེས་པ་ནི། བདེ་བ་ཆེན་པོ་ལས་བདེ་བ་ཆེན་པོ་ལྟ་བུ་བདེ་བ་ཆེན་པོ་བཤད་དུ་གསོལ་ཞེས་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་འཁོར་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་
བོད་པའི་ཕྱིར་རོ། །དེ་ཉིད་ཇི་བཞིན་ཞེས་པ་ནི་ཇི་ལྟར་ཕྱི་དང་ནང་གི་གོ་རིམས་བཞིན་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཞེས་སྦྱར་རོ། །དེ་ལྟར་བྱང་ཆུབ་མྱུར་ཆེས་པ་ཐོབ་པའོ། །དེས་ན་འཁོར་བ་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ། །དེ་ལས་སྒྲོལ་བ་ཞེས་པ་ནི་ཕ་རོལ་ཏུ་ཁྱེར་བའོ། །དེ་

ཡང་མཚན་ཉིད་ཅེས་པ་ནི་འཆད་བཞིན་པའི་དགོངས་པས་བཤད་པ་ཉིད་བླ་མའི་མན་ངག་གིས་བཤད་པའི་ཕྱིར་རོ། །འདི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་བསྒོམ་པ་ལ་དང་པོ་ཉིད་དུ་གཉིས་མེད་པ་མ་རྟོགས་པར་
མི་འགྲུབ་པ་དེས་ན་དེ་བྱའོ། །དེ་ཡང་དེ་ཁོ་ན་ཉིད་ཅེས་པ་ནི་བདག་ཉིད་ཀྱི་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་གཟུགས་ཀྱིས་ཐམས་ཅད་ཉེ་བར་མཚོན་པར་བྱ་བའོ། །དེས་ན་མཚན་ཉིད་ཀྱིས་མཚོན་པ་འགྲུབ་ཅེས་པའོ། །དེས་ན་ཕྱི་རུ་དེའི་རང་བཞིན་ཉིད་གཟུགས་བརྙན་བཞིན་སྣང་གི་རང་གི་
ངོ་བོ་ཉིད་ཀྱིས་ཕྱིའི་ལས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིར་ཆ་བརྗོད་དེ། གཙུག་ཏོར་ནས་ཀོ་སྐོའི་མཐའ་ནི་དྲིལ་བུའི་སྟེང་གི་རྡོ་རྗེ་སྟེ། རྩེ་གཅིག་པ་ནས་དང་པོར་བརྩམས་ཏེ་ཇི་སྲིད་བྱེད་པའི་རྩེ་མོའི་བར་དུ་ཤེས་པར་བྱའོ། །དེ་ནས་ཀོ་སྐོ་ནས་མགྲིན་པའི་མཐར་ཐུག་པ་ནི་རྡོ་རྗེའི་འོག་གི་
པདྨའོ། །དེའི་སྟེང་དུ་ནི་ཟླ་བ་དང་ཉི་མའོ། །འོག་ཏུ་ནི་རི་རབ་བོ། །དེ་བཞིན་དུ་ཟླ་བ་དང་ཉི་མ་ནི་ལྕེའི་རྩ་བ་ཉིད་དོ། །རི་རབ་ནི་རྒྱབ་ཀྱི་ཆའོ། །དེ་བཞིན་དུ་མགྲིན་པ་ནས་སྙིང་གའི་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཞལ་ལོ། །དེ་བཞིན་དུ་སྙིང་ག་ནས་ལྟེ་བའི་མཐར་ཐུག་པ་ནི་བུམ་པ་གང་བའོ། །དེ་
བཞིན་དུ་ལྟེ་བ་ནས་བརྩམས་ནས་ཇི་སྲིད་སྐྱེ་གནས་ཀྱི་མཐར་ཐུག་པ་དེ་སྲིད་པ་ནི་དྲིལ་བུའི་སྦུབས་སོ། །སྐྱེ་གནས་དེ་ཉིད་ཀྱི་དབུས་ཀྱི་ལྟེ་བ་ནི་དྲིལ་བུ་བསྐྱོད་པའི་ལྕེའོ། །དེ་ཉིད་ལ་འདི་བརྗོད་དོ། །ཉོན་ཅིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་རྒྱལ་པོ་ཞེས་པ་ནི་དྲིལ་བུ་དེ་ཁོ་ན་ཉིད་འདི་
ལ་རྣམ་པར་གནས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་མཛེས་ཤིང་འདིས་གསལ་བས་ན་རྒྱལ་པོའོ། །དེ་ལྟར་དྲིལ་བུ་ཙམ་མཚོན་པར་བྱེད་པ་རང་གི་ལུས་ཀྱི་བདག་ཉིད་ལ་སྦྱོར་བར་བྱའོ། །དེས་ན་སེམས་ཀྱི་འཆར་བ་དང་། ནུབ་པ་མེད་པར་འགྱུར་བའོ། །དེ་ཡང་མཚན་
ཉིད་ནི་དྲིལ་བུའི་ཚུལ་གྱིས་ཕྱིར་ཞེས་སྦྱོར་རོ། །དེ་བཞིན་དུ་བཤད་པར་བྱ་བ་དེ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི་འདིར་རང་གི་ལུས་ནི་ཤེས་རབ་ཀྱི་དྲིལ་བུའི་གཟུགས་སོ། །དེ་ཡང་དཀྲོལ་བས་ཞེས་པ་ནི། དུས་ཐམས་ཅད་དུ་སྒྲ་ཙམ་ལ་བརྟེན་པས་སྨོན་ལམ་ལ་སོགས་པ་སྔོན་དུ་

འགྲོ་བས་སེམས་ཅན་རྫོགས་པ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་སྒྲ་ཙམ་ཉིད་ལ་ཐིམ་པ་ཉིད་དོ། །དེ་ཡང་གང་དུ་དཀྲོལ་བ་ཞེས་གསུངས་པ། དེ་ཁོ་ན་ཉིད་ཀྱི་ཞེས་པ་ནི་འདིར་དེ་ཁོ་ན་ཉིད་ཀྱི་སྒྲ་ནི་ཕུང་པོ་ལྔ་ལ་སོགས་པའོ། །དེ་རྣམས་ཀྱི་དཀྲོལ་བ་ནི་
སྒྲ་ཙམ་ལས་ཐམས་ཅད་ངེས་པར་ཐིམ་པར་འགྱུར་རོ། །དེའི་ཚེ། ལྷ་རྣམས་ཐམས་ཅད་ཉན་འགྱུར་བ། །ཞེས་པ་ནི། སྟོང་པ་གཉིས་མེད་པའི་ལྷ་རྣམས་ཞེས་པ་སྤྲུལ་པ་ལ་སོགས་པའི་སྐུ་བཞི་ལ་གནས་པའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱིས་རོ་གཅིག་པའི་ཕྱིར་ཉན་ཞེས་པའི་ཚུལ་
ལོ། །དེ་ཉིད་ཀྱིས་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ལྷ་མོ་བརྒྱད་ཅེས་པ་ནི་སྒྲོལ་མ་ལ་སོགས་པ་བརྒྱད་དོ། །ས་བོན་རྣམ་པ་བརྒྱད་ཅེས་བྱ་བ་ལ་ས་བོན་ནི་ཡེ་ཤེས་ཀྱི་ཁམས་སོ། །དེ་མི་འཛག་པའི་ཕྱིར་ཡི་གེ་བརྒྱད་དེ་ཐིག་ལེ་བརྒྱད་སྡོང་བུ་ལས་བྱུང་བའོ། །དེ་ལྟར་
ཐིག་ལེ་རེ་རེ་ཡི་གེ་རེ་རེ་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་རིམ་པའི་ཕྱིར་ཁམས་རྣམ་པར་ཤེས་པ་བརྒྱད་ཀྱི་རིམ་པའི་ཕྱིར་ཁམས་རྣམས་ནང་དུ་འདུས་པ་དེ་ཡང་ལྷའི་གཟུགས་ཀྱིས་མི་ཤིགས་པའོ། །འདིར་ཤར་དུ་ཞེས་པ་ནི་ཤར་གྱི་ཐིག་ལེར་རླུང་གི་ཁམས་ཀྱི་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་སྒྲོལ་མའོ། །
དེ་བཞིན་དུ་མེ་དང་ཆུ་དང་ས་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མ་དཀྱིལ་འཁོར་བཞི་རྣམ་པར་དག་པ་ཡེ་ཤེས་ཀྱི་ཁམས་སུ་རྟོགས་པར་བྱ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དེ་རྣམས་ལ་མདོག་མཛེས་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་མཚམས་བཞིན་སྤྲོས་པ་
སྐུལ་བྱེད་མ་དང་རིན་ཆེན་གློག་དང་ཁྲོ་གཉེར་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མའོ། །དེས་ན་ཡང་གནས་དང་ཉེ་བའི་གནས་ན་གནས་རྣམས་ཀྱི་རིགས་བཞིའི་ཁྱད་པར་ལས་སྐྱེས་པའོ། །དེ་ལ་གནས་ནས་སྐྱེས་པ་ནི་མདོག་མཛེས་མའོ། །མངར་མ་ནི་སྔགས་སྐྱེས་མའོ། །སྡུག་མ་ནི་ཞིང་སྐྱེས་
མའོ། །རྡོ་རྗེ་ཕྲེང་བ་ནི་ལྷན་ཅིག་སྐྱེས་མའོ། །དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ཡང་རྣལ་འབྱོར་པ་བདག་གི་རང་བཞིན་ཇི་ལྟ་བུ་ཞེས་པའི་བདག་མི་ཤེས་སོ། །དེ་རྣམས་ཀྱི་སེམས་ཀྱི་ཇི་ལྟར་དྲིལ་བུའི་དབུས་ཁོང་སྟོང་པ་དེ་བཞིན་དུ་རྣལ་འབྱོར་པའི་ནམ་མཁའ་དབུས་ཞེས་པ་ནི་

སྙིང་ངོ་། །དེའི་ཕྱིར་དུ་གཟུགས་མཛེས་ཞེས་པ་སྤྲུལ་པའི་སྐུའི་གཟུགས་ཙམ་མཛེས་པ་ཉིད་དོ། །ཡོན་ཏན་གྱི་ནི་གནས་ཞེས་པ་ནི། ཇི་ལྟར་ནམ་མཁའ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པ་དེ་བཞིན་དུ་རྣལ་འབྱོར་པ་ཡང་སྔོན་ནས་ཐིག་ལེ་སྟོང་པ་ཉིད་དོ། །དེ་བཞིན་དུ་
དྲིལ་བུའི་སྟེང་དུ་པདྨ་རྒྱས་པའོ། །ནང་དུ་ཆོས་ཀྱི་དབྱིངས་ཀྱི་པདྨ་དེ་ལས་བྱུང་བ་གང་གི་ཚེ་དེའི་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ལུས་ཀྱི་དངོས་པོ་མེད་དེ་འདིར་བཏགས་པའི་ཕྱིར་རོ། །འོན་ཀྱང་འདི་རྣམས་ཀྱི་གནས་སུ་ཞེས་པ་ནི་ལུས་ཤེས་རབ་བདུད་རྩིའི་བུམ་པ་བཞིན་ཞེས་པ་དྲིལ་བུའི་ཁ་
བུམ་པ་བཞིན་གསལ་བ་དང་མི་གསལ་བའོ། །ཇི་ལྟར་བདུད་རྩིའི་བུམ་པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་གཟུགས་ཀྱི་གཟུགས་ཀྱང་ངོ་། །དེ་བཞིན་ཡེ་ཤེས་བདུད་རྩི་ནི་གནས་ཞེས་པ་ནི་ལྟེ་བའོ། །དེའི་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་ཁྱད་པར་
རོ། །གདན་ཞེས་པ་ནི་གནས་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་མ་སྟེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། དེའི་ཚུལ་དུ་སེམས་ཅན་རྣམས་ཀྱི་འཇུག་པའོ། །གང་གི་ཕྱིར་གཟུགས་མཛེས་པ་སྒྱུ་མ་བཞིན་ཡོན་ཏན་རྣམས་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་
འདིར་གབ་སྟེ་གནས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཤེས་པའོ། །དེ་བཞིན་དུ་སྟེང་གི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྔོན་བཞིན་ཞེས་པ་ནི། པདྨའི་ཆོས་ཀྱི་དབྱིངས་སོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ཆེན་པོའི་ས་བསམ་དུ་མེད་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་བཞིན་དུ་དབུས་
ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང་དུ་སྒྲ་ཙམ་མོ། །འདིར་ཡེ་ཤེས་ཀྱི་གཟུགས་ཀྱི་ཨ་ཝ་དྷཱུ་ཏཱིའི་ནང་དུ་དབུས་མ་ཡེ་ཤེས་ཀྱི་དབྱུག་པའོ། །དེ་ལ་གནས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་པ་རང་བཞིན་གྱི་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་རྣམས་ཀྱི་ཨཱ་ལི་ཀཱ་ལི་ཞེས་པ་ནི་
འབྱུང་བ་དང་འཇུག་པའོ། །དེས་རབ་སྦྱོར་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཐིག་ལེ་བརྒྱད་ཀྱི་དབུས་ནས་ཨ་ཝ་དྷཱུ་ཏཱི་རུ་གཞུག་པ་ནི། བསྐྱེད་ཅེས་པ་སྡུད་པའི་དུས་སོ། །དེའི་ཕྱིར་སྤྲོ་བ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །གནས་བརྒྱད་ཅེས་པ་ནི་སྡོང་བུའི་ཐིག་ལེ་བརྒྱད་རྣམས་

ཀྱི་གཟུགས་ལས་ཞེས་སྦྱར་རོ། །དེ་ཉིད་ཀྱིས་ནི་སྤྲུལ་པའི་སྐུའི་ལུས་ཅན་རྣལ་འབྱོར་མའི་གཟུགས་ལ་བརྟེན་ཏེ། ཐམས་ཅད་ཅེས་པ་ནི་སེམས་ཅན་ཐམས་ཅད་དེ་འཁོར་བར་ཡང་དེ་རྣམས་ཉིད་གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་པ་དེ་རྣམས་གདོན་པའི་
ཕྱིར། གང་ལས་འཁོར་བ་གཅོད་པའི་ཡིད་ཀྱི་བརྩོན་པ་དང་ལྡན་པ་དེ་ནི། འཁོར་བ་ཐམས་ཅད་གཅོད་པ་པོ། །ཞེས་པ་རྣལ་འབྱོར་མའི་གཟུགས་ཀྱིས་སངས་རྒྱས་དང་རྡོ་རྗེ་འཆང་བ་ཉིད་ཅེས་པའི་དོན་ཏོ། །ད་ནི་རྡོ་རྗེ་དང་དྲིལ་བུའི་རྒྱུ་དང་འབྲས་བུ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་
པ་ནི་འདིར་ཕྱི་དང་ནང་དུ་བཤད་དོ། །འདི་ཡང་ནང་གི་དྲིལ་བུ་ཇི་ལྟར་ཕྱིའི་རྒྱུས་ཉེ་བར་མཚོན་པར་བྱའོ། །འདིར་ཐབས་ཞེས་པ་ནི་རྩོད་པའི་དུས་ཀྱི་སེམས་ཅན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཐབས་སྣ་ཚོགས་པས་སངས་རྒྱས་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེར་གསུངས་པ་
དེའི་དུས་སུ་གང་དག་ཆུང་ངུའི་སེམས་ཅན་དེ་དག་དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་སངས་རྒྱས་པ་ཉིད་དོ། །དེ་ཡང་། ཐབས་ནི་དེ་ཡི་དབུས་ཉིད་དུ། །ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་རྡོ་རྗེ་དྲིལ་བུ་སྔོན་དུ་གསུངས་པའི་མཚན་ཉིད་དོ། །དེ་བཞིན་དུ་ལག་པ་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་ལག་
པའི་སྒྲ་ནི་སྲོག་དང་ཐུར་སེལ་ལོ། །དེ་ཉིད་བསྐྱངས་ནས་སུ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིར་བཅུག་པས་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་ཀྱི་ཕྱིར་རྒྱས་པར་འགྱུར་ཞེས་དགོངས་སོ། །པདྨ་ཞེས་པ་ནི་ཡེ་ཤེས་ལྔའི་གཟུགས་སུ་བསྐྱེད་དེ་སེམས་ཅན་གྱི་ལུས་གྲངས་མེད་པར་བསྒྱུར་བའོ། །དེ་ཡང་དཀྱིལ་
འཁོར་ལྔའི་རིགས་ལ་སོགས་པའི་རིགས་ལྔ་ཡིན་ནོ། །འོན་ཀྱང་གཡས་པར་ཉི་མ་ཞེས་བྱ་བ་ལ་སོགས་པ་ནི་གཡས་ནས་རྒྱུ་བའི་ཕྱིར་ཉི་མའི་དངོས་པོ་ཡང་སྡུད་པའི་ཚུལ་གྱིས་ཤེས་རབ་བོ། །དངོས་པོའི་དབྱེ་བས་ཐབས་སོ། །དེ་བཞིན་དུ་གཡོན་ནས་ཟླ་བ་རྒྱུ་བའི་ཕྱིར་རོ། །སྤྲོ་བའི་ཚུལ་ཟླ་བའི་
དངོས་པོ་ཐབས་ཏེ་དངོས་པོའི་དབྱེ་བས་ཤེས་རབ་བོ། །དེ་བཞིན་དུ་དབུ་མ་ཡང་ཐབས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །ལུས་ཅན་རྣམས་ཀྱི་ཞེས་པ་ནི་རང་གི་ལུས་དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལ་སོགས་པའི་རང་གི་འདོད་པའི་ལྷའི་གཟུགས་སུ་བསྒོམ་པར་བྱའོ། །དེ་བཞིན་

དུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཆེན་པོ་རྣམས་ཀྱི་སྟེ་གཡོན་གྱི་སྒྲས་ནི་བཟློག་པ་སྣ་ཚོགས་པ་རྒྱས་པ་སེམས་ཀྱིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་པ་ནི་ཕྱི་རུ་གཡས་སུ་དྲིལ་བུ་གཡོན་དུ་རྡོ་རྗེའོ། །སྒྲོ་བཏགས་པ་ཞེས་པ་ནི་གཟུང་བར་བྱའོ། །དེའི་ཚེ།
རྡོ་རྗེའི་གླུ་འདི་བརྗོད་པར་བྱ། །ཞེས་པའི་དོན་ཏོ། །དེ་ལ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་གྱིས་ཞེས་པ་ནི་ཧཱུཾ་གི་དབྱངས་སོ། །སངས་རྒྱས་ཐམས་ཅད་ཅེས་པ་ནི་ཆོས་ཀྱི་སྐུའོ། །དེའི་ཆགས་པ་ནི་ཆགས་པ་དེའི་རང་བཞིན་ཉིད་ཀྱི་ཕྱིར་དགོངས་སོ། །འདིར་སོ་ཧ་ཨི་ཞེས་བྱ་བ་ལ་སོགས་
པ་ལ། སོ་ཧ་ཨི་ཞེས་པ་ནི་དེ་འདི་སྟེ་ཀྱེ་ཁྱོད་ཀྱིས་འདི་མཛོད་ཅིག་པའོ། །དེ་ཅི་ཞེ་ན་བཛྲ་མུལླ་ཨི་ཞེས་པ་སྟེ། རྡོ་རྗེ་གསོར་ཞིང་ཞེས་པའི་དོན་ཏོ། །གང་འདིར་ཏ་རེ་ཨ་ཞེས་པ་ནི་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ། །སནྟ་བི་མོ་ཀྵེ་ཡ་ཞེས་པ་ནི་སེམས་ཅན་རྣམས་ལ་ཡང་གྲོལ་བའི་
ལམ་སྟེར་བའོ། །དེས་ན་ཧ་མ་པི་མོ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ཆོས་ཀྱི་སྐུ་རུ་ཆོས་ཉིད་ཀྱི་ཐར་བས་གྲོལ་པར་འགྱུར་བའོ། །ཀ་ཛུ་བཛྲ་ཧཱུཾ་ས་ར་ངྷ་རནྡུ་ཞེས་པ་ནི་བྱ་བ་འདིས་སྙིང་པོ་རྡོ་རྗེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཟུང་ཅིག་པའོ། །དེ་བཞིན་དུ་ཕྱི་རུ་བརྗོད་པའི་སྔགས་གསུངས་པ། ཧཱུཾ་ཞེས་བྱ་
བ་ལ་སོགས་པ་ལ་ཤིན་ཏུ་དགའ་བས་བརྗོད་དེ། དབང་གི་དུས་སུ་སློབ་དཔོན་གྱིས་སྦྱིན་ཏེ། སློབ་མས་ཀྱང་བརྗོད་ནས་གཟུང་བར་བྱའོ། །འདོད་པའི་ལྷ་མཆོད་པ་ལ་སོགས་པའི་དུས་སམ་ཞེས་པ་སྟེ་ངེས་པའོ། །ལྷག་མ་ནི་གོ་སླའོ། །འདིར་བསྡུས་པ་བརྗོད་དེ། ཨ་ཝ་དྷཱུ་ཏཱིའི་དྲིལ་བུ་
འདི། །མི་ཤིགས་པ་ཡིས་བསྡུ་བར་བྱ། །ཁམས་གསུམ་པ་ཡི་རང་བཞིན་ནི། །དེ་ནི་ཆ་གསུམ་པ་རུ་གྲགས། །འོག་གི་ཆ་ནི་ལ་ལ་ནཱ། །ར་ས་ནཱ་ནི་སྟེང་དུ་སྦྱར། །ཨ་ཝ་དྷཱུ་ཏཱིའི་དབུས་ཀྱི་ཆ། །ཡེ་ཤེས་དབྱུག་པར་ཡང་དག་ཉིད། །ཤེས་རབ་གདོན་ནི་འདིར་སྣང་སྟེ། །ལྟེ་བའི་བུ་ག་
འོག་བལྟས་པའོ། །རྐན་ནི་མཚམས་ཀྱི་མདུད་པ་རུ། །བུམ་པ་ཧ་ཡི་རྣམ་པ་ཉིད། །རྩ་གསུམ་གྱི་ནི་ནང་རྣམས་སུ། །རྡོ་རྗེ་བཟླས་པ་དེས་རྡོ་རྗེ། །ཡི་གེ་གསུམ་དང་སྐུ་གསུམ་ཉིད། །ཐིག་ལེ་བརྒྱད་ནི་ཐིགས་པ་ཅན། །ཐམས་ཅད་དུ་ནི་འགྲོལ་བར་བྱེད། །ཕྱོགས་བརྒྱད་བརྒྱད་ཀྱིས་དབྱུག་

ཚོད་ནི། །དྲུག་ཅུ་རྩ་བཞི་དུས་ཆེན་པོ། །སྒྲ་ཡི་ཚངས་པ་བསྐུལ་བའི་ཕྱིར། །ཡི་གེ་སུམ་ཅུ་གཉིས་ཀྱི་རྩ། །ཀ་སོགས་མཐར་ཐུག་དེ་དེ་བཞིན། །དེ་རྣམས་དབུས་སུ་ཧ་ཡིག་ནི། །ཐམས་ཅད་དུ་ནི་དགྲ་ཡིས་དགང་། །དགའ་བ་བཅུ་དྲུག་རྐན་ཅན་གྱིས། །རྗེས་སུ་མཐུན་པ་ཡིས་ནི་བརྡུང་། །
དེ་ཡང་དབྱངས་སུ་ཡང་དག་བཤད། །སྲོག་ནི་བཅུ་དྲུག་པོ་རྣམས་ནི། །འཕོ་བ་བཅུ་དྲུག་པོ་འདི་རྣམས། །འགག་པའི་དུས་ཀྱི་མཚམས་སུ་སྟེ། །དེ་རུ་འདས་པར་ཡང་དག་བཤད། །ཐིག་ལེ་སྒྲ་ནི་མཚོན་པར་བྱེད། །ཐིག་ལེ་བརྒྱད་དུ་དེ་ཤེས་བྱ། །སྒྲོལ་མ་ལ་སོགས་བརྒྱད་དུ་གྲགས། །
དེ་ལྟར་དྲིལ་བུ་ཁམས་གསུམ་པ། །གཅིག་གི་གཟུགས་སུ་རྟག་ཅེས་བྱ། །སྒྲ་ནི་སྒྲ་ཡིས་བརྗོད་པའི་ཕྱིར། །སྣ་ཚོགས་དོན་ནི་བྱེད་པ་ཉིད། །སེམས་ཅན་གཟུགས་ཀྱང་དེ་ཉིད་དུ། །ཆོས་ཀྱི་སྐུ་ཉིད་བརྗོད་མེད་ཕྱིར། །རྡོ་རྗེ་མི་ཕྱེད་པ་ཡི་གཟུགས། །རྡོ་རྗེ་སེམས་དཔའ་དྲིལ་བདག་ཉིད། །
དེ་ལྟར་བསྟན་པ་ཐམས་ཅད་ནི། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །བསམ་དུ་མེད་པའི་ཆོས་ཉིད་འདི། །རྟག་ཏུ་རྒྱུ་དང་འབྲས་བདག་ཉིད། །འདི་བཞིའི་དེ་ཉིད་ཆེན་པོ་ནི། །བསྒྲུབས་ལ་བྱང་ཆུབ་སྟེར་བྱེད་པ། །བདག་གིས་མདོར་རུ་བསྡུས་ཏེ་བཤད། །རྒྱས་པར་གཞན་དུ་ཤེས་པར་
བྱ། །ཞེས་བྱ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རྡོ་རྗེ་དྲིལ་བུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ལས་དང་པོ་བསྟན་པའོ།། །།ད་ནི་བགྲང་ཕྲེང་དང་སྔགས་བཟླས་པ་ལ་སོགས་པའི་
རབ་ཏུ་བྱེད་པ་བསྟན་པའི་ཕྱིར། ཡང་དག་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོ་ལ་བཅོམ་ལྡན་འདས་ཀྱིས་བོས་པའོ། །སོགས་པའི་སྒྲས་ནི་ཞི་བ་ལ་སོགས་པའི་སྔགས་བཟླས་པ་བསྡུའོ། །འབྲས་བུ་གནག་ཅེས་པ་ནི། ལུང་ཐང་ལ་སོགས་པའོ། །
ཐམས་ཅད་ཉིད་ཅེས་པ་ནི་ཧཱུཾ་སྟེ། དེས་བྱིན་གྱིས་བརླབས་ཞེས་པའི་དོན་ཏོ། །སྡིག་པ་ཞེས་པ་ནི་མཛུབ་མོའི་སྟེང་དུ་བགྲང་བའོ། །གཞན་ཐམས་ཅད་ནི་གོ་སླའོ། །དེ་བཞིན་དུ་ཕྲེང་སྔགས་བཟླས་པའི་དེ་ཁོ་ན་ཉིད་ཀྱི་སྒོམ་པ་གསུངས་པ། སྒྲུབ་པ་པོས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་

ན་ཉིད་ཅེས་པ་ནི་འཆད་བཞིན་པ་ཉིད་དོ། །དེས་ན་ཐམས་ཅད་ཅེས་པ་ནི་ཞི་བ་ལ་སོགས་པའི་སྔགས་བཟླས་པའོ། །དེའི་ཕྱིར་བཤད་པའོ། །ཨ་ཀ་རུ་ཀུ་རུ་ན་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་རྒྱུས་སོ། །དེ་བཞིན་དུ་ཏཏྟཱ་ཞེས་པ་ནི་དེ་ཁོ་ན་ཉིད་དག་པ་འདིས་ཏེ་སོ་ཧི་ཡ་ཞེས་
པ་ནི་སྦྱངས་པའོ། །དེ་ཅི་ཞེ་ན་ས་བཱ་ཞེས་པ་ནི་ཐམས་ཅད་སྟོང་པ་འོད་གསལ་བའི་ཡེ་ཤེས་ཏེ་དེ་ཉིད་སྔགས་སྦས་པའི་ཕྱིར་ཏེ། གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །བིསྠ་རུ་ག་ཎ་ཨི་ཞེས་པ་ནི། བགྲང་བའི་རིམ་གྱིས་ཐིག་ལེ་ཉེ་བར་མཚོན་པར་བྱ་ཞེས་པ་སྟེ། གང་
གི་མཆོག་ཏུ་མི་འགྱུར་བ་འགྲུབ་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་ཨ་ས་ཁ་ཨ་ལི་ཁུ་ཞེས་པ་ནི་གྲངས་མེད་པའི་བགྲང་བས་མཚོན་པས་ཐིག་ལེ་སྟོང་པ་འགྲུབ་པའོ། །དེས་ན་སི་ཛ་ཨུ་ཛོ་ཨི་ནི་སྭཱ་ཧཱ་རུ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་འགྲུབ་སྟེ། རྣལ་འབྱོར་མའི་ཡེ་ཤེས་བྱེ་བ་ཕྲག་བརྒྱད་
ཅུའི་ཉེ་བར་སྦྱོང་བའི་ཐིག་ལེའི་སྟོང་པ་ལས་ཉིན་མཚན་དུ་དཔའ་བོ་དང་རྣལ་འབྱོར་མའི་རང་གི་ལུས་འགྲུབ་པར་འགྱུར་ཞེས་དགོངས་སོ། །དེ་ལྟར་ཡང་རང་གི་སེམས་ཀྱི་སྨོན་ལམ་གྱིས་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་ཞེས་པའི་ཚིག་གིས་གང་འཇུག་པའི་ཕྱིར་ཡེ་ཤེས་ཆེན་པོར་འགྱུར་རོ། །
སརྦ་བྷུདྡྷ་ཞེས་ཚིག་གིས་ནི་ཧཱུཾ་གསུམ་དེ་བཞིན་དུ་ཨ་ཧཾ་ཞེས་བྱའི་ཚིག་གིས་ནི་ཧོ་གསུམ་མོ། །དེ་བཞིན་དུ་བྷ་བ་དེ་ཞེས་པའི་ཚིག་གིས་ནི་ཡཿ། །ཐམས་ཅད་ཀྱི་མཐའ་མའི་ཆ་གཟུང་ངོ་། །སྭཱ་ཧཱ་ཞེས་པ་ནི་ཐམས་ཅད་ལ་སྦྱར་རོ། །དེ་ལྟར་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཨ། ཞེས་པ་རྣམས་ལ་ཧོ་གསུམ་སྦྱར་ཏེ། ཐམས་
ཅད་དུ་ཆགས་པའི་ཡེ་ཤེས་འདི་ཉིད་ལ་ཡང་ངོ་། །དེ་བཞིན་དུ་ཧཱུཾ་གསུམ་གྱི་འཇུག་པ་དང་གནས་པ་དང་ལྡན་པ་རྣམས་ལ་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སེམས་འདིའོ། །དེ་ལྟར་བགྲང་ཕྲེང་སྦྱངས་བས་སེམས་དག་གོ། །དེ་ཉིད་དེ་ཁོ་ན་ཉིད་དེ་དག་པའོ། །དེས་ན་ཐིག་ལེའི་གཟུགས་རྣམས་
རྣལ་འབྱོར་མ་སྟེ། དེ་རྣམས་སྣ་ཚོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ནི་ལས་གང་འདོད་པ་དེ་ཐམས་ཅད་འགྲུབ་པར་བྱ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་ངེས་པའི་ཚིག་ནི་སྔོན་དུ་གསུངས་སོ། །དེ་ཡང་མི་གསལ་བ་ཞེས་པ་ནི་མི་གསལ་བ་དེ་ཉིད་དུ་བྱས་ནས་

འགྲུབ་ཅེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཡི་གེའི་དངོས་དང་དངོས་པོ་རྣམས། །ཐམས་ཅད་སྟོང་པར་མི་འགྱུར་བ། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱའོ། །ཕྲེང་བ་དང་ནི་སྔགས་དག་ནི། །གང་གི་སྦྱོར་ཐབས་ཤེས་པར་བྱ། །ཉི་མ་ཟླ་བ་
འཇུག་པའི་ཕྱིར། །ནམ་མཁའི་རྣམ་པའི་ངོ་བོ་ཉིད། །རྣལ་འབྱོར་མ་ཡི་ཚོགས་རྫོགས་པ། །སྔགས་ཀྱི་བཟླས་པ་ཡིས་ནི་རྫོགས། །སྒྲུབ་པ་པོ་ལས་དེ་བྱུང་ཕྱིར། །ཚིག་འདི་ཉིད་ཀྱང་སྟེར་བར་འགྱུར། །སྔགས་ཀྱི་བཟླས་པའི་སྦྱོར་བ་ཡིས། །ཕྱག་རྒྱའི་དངོས་གྲུབ་གཞན་དུ་མིན། །དེ་ཉིད་
དག་པ་ཡི་ནི་སྦྱངས། །མཆོག་ཏུ་མི་འཛག་མི་གཡོའི་ཕྱིར། །གཞན་དུ་དངོས་པོ་ཉིད་དུ་འགྱུར། །སེམས་དང་སེམས་བྱུང་མཚན་ཉིད་ཕྱིར། །དེས་ནི་རྡོ་རྗེ་རྣལ་འབྱོར་པའི། །རྟགས་སུ་དངོས་གྲུབ་བདེ་བ་མིན། །ཞེས་པ་སྟེ་ངེས་པའོ། །ད་ནི་ཀུན་རྫོབ་ཏུ་རྣལ་འབྱོར་པ་རྣམས་ཀྱིས་སྔགས་
བཟླས་པའི་དུས་སུ་སྐད་ཅིག་ཐམས་ཅད་དུ་རྣམ་པ་དང་བཅས་པའི་སྒོམ་པ་བརྗོད་དེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ཞེས་པ་ནི་ལས་དང་པོ་པས་སྔོན་དུ་གསུངས་པའི་རིམ་པས་བསྒོམ་པ་བྱས་པས་རབ་ཀྱི་མཐར་ཐུག་པས་ལུས་དང་ངག་དང་སེམས་ཀྱིས་ཡེ་ཤེས་ཆེན་པོ་ཉིད་
ཐོབ་པའོ། །དེས་ན་ཡེ་ཤེས་དེ་ཉིད་ཅེས་པ་ནི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་རྣམ་པ་རང་གི་ལུས་རྣམ་པར་སྣང་མཛད་ཀྱི་ཆ་བྱད་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །དེས་ན་དེའི་ཁྱད་པར་ཅན་དུ་འགྱུར་རོ། །དེ་བཞིན་དུ་མཉམ་པར་གཞག་པས་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཞེས་པ་ནི་དངོས་པོ་
ཐམས་ཅད་རོ་གཅིག་པའི་ཚུལ་གྱིས་མཚོན་པར་བྱའོ། །མཉམ་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་ཀྱི་ཁྱད་པར་ཉིད་དོ། །དེའི་ཕྱིར་ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཧཱུཾ་ཞེས་པའམ་ཨོཾ་ཞེས་པས་སོ། །ཅིག་ཅར་ཞེས་པ་ནི་ཤེས་རབ་དང་
ཐབས་ཀྱི་རིམ་པ་འདིས་གང་སྔགས་ཀྱི་ཡི་གེ་རྣམས་ལྷ་མོའི་ཞལ་ནས་བྱུང་ནས་རང་གི་ཁར་ཞུགས་པ་དེའི་ཚེ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་ཞུགས་པའོ། །ཡང་ལྷ་མོའི་ཞལ་ནས་བྱུང་སྟེ། རིམ་པ་འདིས་རྒྱུན་མི་འཆད་པར་བཟླས་པ་ནི་དོན་གཅིག་གོ། །གཞན་ཡང་ཅིག་ཅར་ཞེས་པ་ནི་ཕྱིའི་

ཕྱག་རྒྱ་མ་ལོ་བཅུ་གཉིས་མ་བསྟེན་པ་སྟེ། ཇི་སྲིད་དུ་ཁུ་བ་དང་ལྡན་པའི་དེ་སྲིད་དུའོ། །དེའི་ཚེ་བདག་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་སོ། །ཕྱག་གཉིས་ཅེས་པ་ནི་སྲོག་དང་རྩོལ་བ་དག་གཟུང་བར་བྱའོ། །སྙིང་གར་ཞེས་པ་ནི་སྟེང་དང་
འོག་གི་སྲོག་དག་སྙིང་གའི་གནས་སུ་ཕྲད་པར་བྱེད་པའོ། །བཙིར་བར་བྱ་ཞེས་པ་ནི་ཐིམ་པར་འགྱུར་ཞེས་སྦྱར་རོ། །དེས་ན་ཡང་ཁ་དོག་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་དེའི་དངོས་པོའི་རང་བཞིན་འབྱུང་བའོ། །དེའི་ཕྱིར་དེ་རྣམས་བུད་མེད་ལས་ཁུ་བ་འབྱུང་བས་ལག་པ་ཞེས་བྱ་བ་
ལ་སོགས་པ་ནི་པདྨའི་ལག་པ་སྦྱིན་ཏེ། རིམ་པ་འདིས་སྲོག་དག་སྔོན་དུ་འགོག་པའི་ཕྱིར་སླར་ཡང་སྤྲོ་བའོ། །བསྐོར་ཞེས་པ་ནི་བསྐྱོད་པར་བྱའོ། །མཁའ་འགྲོ་མ་ཡི་དེ་བདེ་བ། །ཞེས་པ་ནི་སྔོན་དུ་བསྒྲུབས་པའི་བྱང་ཆུབ་ཀྱི་སེམས་དེའི་པདྨར་གནས་པའོ། །དེ་ཡང་ཨཱ་ལི་ཞེས་
བྱ་བ་ལ་སོགས་པ་ནི་སྲོག་དང་ཐུར་སེལ་རོ་གཅིག་པའི་དངོས་པོའི་ཕྱིར་རོ། །ཧཱུཾ་ཞེས་པ་ནི་ཧཱུཾ་གི་རྣམ་པ་བརྗོད་པའི་ཕྱིར། རྡོ་རྗེས་ལྕགས་ཀྱུ་བཞིན་བྱང་ཆུབ་ཀྱི་སེམས་དགུག་པར་བྱའོ། །དེ་བཞིན་དུ་སྐུད་པས་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་བུ་གའི་ལམ་དུའོ། །གདབ་པར་བྱ་ཞེས་པ་ནི་མི་ཤིགས་
པར་བརྗོད་པ་དེར་ཁྱེར་བའོ། །དེའི་ཕྱིར་བསྟན་པར་འགྱུར་ཏེ། སྲད་བུ་བཞིན་དུ་ཞེས་པའོ། །དེ་བཞིན་དུ་འདི་ཡི་ཞེས་པ་ནི་མཆོག་ཏུ་མི་འཛག་པའི་ས་བོན་གྱིས་དེའི་སྒོམ་པ་ཡང་རྒྱུན་མི་འཆད་པར་གོམས་པ་ཤིན་ཏུ་བཟུང་བའི་གོང་དུ་འཕོ་བའི་མཚན་ཉིད་བསྟན་པ་གསུངས་པ། མ་
གཟིར་བ་ཞེས་བྱ་བ་ལ་སོགས་པ་ནི་འཆད་བཞིན་པ་ལས་གསུངས་པའི་ཕྱིར་རོ། །རིམས་ལ་སོགས་པས་མ་གཟིར་བའི་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ན་བུམ་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་ཏིང་ངེ་འཛིན་གྱིས་བུམ་པ་ཅན་གྱི་སྦྱོར་བ་ལ་གོམས་པར་བྱའོ། །དེས་
ན་སྒོ་རྣམས་ཐམས་ཅད་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྒྲོགས་པ་ལྔ་ཞེས་བྱ་བ་ལ་སོགས་པའི་ནི་མཆོད་རྟེན་གྱི་སྒྲས་སྔོན་དུ་གསུངས་པའི་སྒོ་རྣམས་ལ་བརྩེགས་པའི་ཡི་གེ་རྣམས་དགོད་པ་སྟེ། སྒོ་སོ་སོ་ལ་ཡི་གེ་ལྔ་པོ་རེ་རེའི་ཡི་གེར་འགྱུར་ཏེ། ཁམས་ལྔའི་མིང་ཅན་རླུང་ལྔའི་བདག་ཉིད་

ཅེས་པའི་དོན་ཏོ། །དེས་ན་ཡང་སྒོ་རེ་རེ་ལ་རྩ་ལྔ་རབ་ཏུ་ཕྲ་བ་སྒྲོགས་པ་ལྔ་ཤེས་པར་བྱ་སྟེ། དེའི་རྣམ་པའི་ཡི་གེ་སྦྱོར་བའི་དུས་སུ་བརྗོད་པས་རྩ་ཐམས་ཅད་ལ་གནས་པར་འགྱུར་རོ། །དེའི་ཚེ་ཡི་གེ་འདི་ཉིད་ཀྱི་རྣམ་པར་བརྗོད་པའི་ཕྱིར་ཞེས་གསུངས་སོ། །དེ་ལ་འོག་གི་ཞེས་བྱ་བ་ལ་སོགས་པ་ནི་
སྒྲོགས་པ་ལྔའི་སྒྲའོ། །དེ་རྣམས་ལ་ཡི་གེ་བརྒྱད་དམ་དྲུག་རིམ་པ་བཞིན་དགོད་དེ་དེས་ན་མཆོད་རྟེན་བཞིན་དེ་རྣམས་ཀྱི་ནང་དུ་ཡང་འཇུག་པས་ན་མཆོད་རྟེན་གྱི་ཡན་ལག་གི་ས་བོན་གྱིས་དེ་ཉེ་བར་མཚོན་པའི་ཕྱིར། སྲོག་སྦས་པའི་ཡིད་ཀྱིས་ཡི་གེ་བརྗོད་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ཡི་
སྒོ་ཡི་ས་བོན་ཧ། །ཞེས་པ་ནི་ཧཾ་གི་ཆ་བྱད་དུ་བདུད་རྩིའི་རྒྱུན་འབབ་པ་ཁ་དོག་དཀར་པོ་ཆུ་བཞིན་དུ་གཙུག་ཏོར་ནས་རྐང་པའི་མཐེ་བོའི་མཐར་ཐུག་པར་ཟླ་བའི་གཟུགས་སུ་རང་གི་སེམས་བལྟ་བའོ། །ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ནི་འགྲོ་བའི་ཚུལ་གྱི་ཕྱིར་ལས་ཀྱི་རླུང་ངོ་། །དེའི་ཐིམ་པས་
ན་མི་འགྲོ་བའི་ཆུ་མིན་འཆི་བའི་བར་དུ་མི་འབྱུང་བ་དེ་ནི་དབྱིབས་ཀྱི་རླུང་སྟེ། ཆུའི་ནང་གི་ལམ་ནས་རྒྱུ་བའོ། །དེ་གཉིས་ཀའི་སྦྱོར་བས་མེའི་ས་བོན་འཇིག་རྟེན་པ་ལས་གྲགས་པའི་རའོ། །དེ་ཡང་ཡང་དག་སྦྱིན་པ་ཉིད་ཀྱིས་ཨར་འགྱུར་ཏེ། དེའི་ཆ་གཉིས་ཀྱི་ཕྱིར་ཆུ་མིན་ནི་རའོ། །ཆུ་ནི་ཏའོ། །
དེའི་ཕྱིར་ར་མེའི་ས་བོན་གྱི་ཕྱིར་འབར་བ་བཞིན་ཞེས་པར་བསྒོམ་པར་བྱའོ། །ཏ་ཡ་དངོས་པོའི་དབྱེ་བས་མེ་འཇུག་པར་འགྱུར་ཏེ་མེ་དེ་ཉིད་ལ་ཐིམ་པར་འགྱུར་བ་ནི་མེ་ལྷ་ཞེས་དགོངས་སོ། །དེའི་ཕྱིར་མེ་བཞིན་ཞེས་པ་སྟེ་ངེས་པའོ། །སྦྱོར་བ་འདིས་ནི་སྒོ་དགུ་རྣམས་འགོག་པར་འགྱུར་རོ། །དེ་
བཞིན་དུ། ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པ། །ཞེས་པ་ནི་ཤིན་ཏུ་རྣམ་པར་ཤེས་པའོ། །དེའི་སྔོན་ཞེས་པ་ནི་ཏིང་ངེ་འཛིན་རྩོམ་པའི་དུས་སུ་དབུགས་ལ་དང་པོ་ཉིད་དུ་འདི་བྱ་ཞེས་གསུངས་པ་ལུས་ནི་རླུང་གི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་རང་
གི་ལུས་གནས་པ་དེའི་ཚེ་རླུང་གི་རྣམ་པར་ཤེས་པ་བསྒོམ་པར་བྱའོ། །དེས་ན་རྫུས་ཏེ་སྐྱེས་པ་གཟུགས་མེད་པའི་ཁམས་བཞིན་ནོ་ཞེས་སྦྱར་རོ། །དེ་བཞིན་དུ། རླུང་གི་དཀྱིལ་འཁོར་བསམ་པར་བྱ། །ཞེས་པ་ནི་དྲི་ཟའི་སེམས་ཅན་བཞིན་རླུང་གི་དཀྱིལ་འཁོར་གྱི་རྣམ་པ་བསམ་མོ། །གང་

གི་ཕྱིར་རྣམ་པར་ཤེས་པ་དེ་ལ་བརྟེན་པས་སོ། །དེའི་ཕྱིར་བསམ་ཞེས་པ་ནི་སེམས་ལས་བྱུང་བ་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་བཞིན་དུ་རླུང་གི་དཀྱིལ་འཁོར་པ་གང་གིས་གང་དུ་ཅི་བྱེད་ཅེ་ན། གསུངས་པ། རླུང་གི་ས་བོན་རྩ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། རྩ་
བ་ནི་དབྱིབས་ཀྱི་རླུང་ངོ་། །དེ་ཉིད་ཀྱི་འོག་སྟེ། མཐའ་མ་ནས་སྟེང་དུ་འགྲོ་བ་ནི་ལས་ཀྱི་རླུང་ངོ་། །དེ་ཉིད་ཀྱིས་མི་ཤིགས་པ་ལ་རེག་པ་དེའི་ཚེ་སྣ་ལ་སོགས་པའི་བུ་ག་ནས་བྱུང་ངོ་། །འདིར་ཡང་སྦྱོར་བ་འདི་བྱ་སྟེ། ས་བོན་ཞེས་པ་ནི་ཨོཾ་ཧཱུཾ་ཞེས་པའི་ས་བོན་གཉིས་ཀྱི་འོག་དང་སྟེང་དུ་གནས་པ་
འཇུག་པ་དང་འབྱུང་བའི་ཕྱིར་རོ། །རླུང་གི་ས་བོན་དེ་ཉིད་ཀྱི་དབུས་སུ་སྔོན་དུ་གསུངས་པའི་རླུང་གི་དཀྱིལ་འཁོར་ཨའི་མིང་ཅན་ནོ། །དེ་ཡང་ཐིག་ལེ་སྒྲ་ཞེས་བྱ་དུས་ཐམས་ཅད་དུ་མི་དོར་ཞེས་པའི་དོན་ཏོ། །དེས་ན་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བས་
ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །བཅུ་གཉིས་ལོ་ལོན་དཔེ་མེད་མ། །ཤེས་རབ་ཆེན་པོ་བསྟེན་པར་བྱ། །བུང་བ་ལ་སོགས་བྱེད་པ་ཡིས། །ཇི་
སྲིད་ཁུ་བ་ལྡན་འགྱུར་བར། །ལག་གཉིས་སྙིང་གི་དབུས་བཞག་སྟེ། །བདག་ཉིད་ཀྱིས་ཀྱང་དེ་བཞིན་གཟུང་། །ཕྱི་ནང་ཁུ་བ་དགུག་བྱ་བ། །པད་ལས་རྡོ་རྗེ་ལམ་ནས་ནི། །རྐན་གྱི་བུ་ག་རུ་ནི་འདྲེན། །སྔགས་ཀྱི་བཟླས་པ་མི་འཛུག་པ། །དེ་ཉིད་ཀྱིས་ན་སངས་རྒྱས་ཉིད། །ཕྱག་རྒྱ་ཆེ་ལ་ཉེ་
བར་གནས། །གོམས་པའི་དུས་སུ་དེ་ཉིད་ཀྱིས། །སྐྲ་དཀར་གཉེར་མ་ལ་སོགས་སྤངས། །ཞེས་པ་སྟེ་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པའི་སྔགས་བཟླས་པ་ལ་སོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་རྣམ་པའི་
གཞུང་མདོར་བསྟན་པ་སྟེ་གཉིས་པའོ།། །།ད་ནི་རྩོད་པའི་དུས་ཀྱི་དབང་གིས་སེམས་ཅན་རྣམས་ཤིན་ཏུ་གཏུམ་པའི་ལས་ལ་སྤྱོད་པ་དེས་ན་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱང་ལས་བཟང་པོར་མི་འགྱུར་ཏེ། གང་གི་ཕྱིར་རང་གི་སེམས་ཀྱི་དངོས་པོ་ཐམས་ཅད་མཐོང་བས་དེའི་རང་

བཞིན་དུ་འགྱུར་རོ། །དེའི་ཕྱིར་ལམ་བཟང་པོ་ནས་མྱུར་བར་གོང་དུ་བརྗོད་པའི་ཕྱིར། གོང་དུ་འཕོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །སྦྱོར་མཚན་ཉིད་ཅེས་པ་ནི་རྩ་རྣམས་ཀྱི་ནང་རྣམས་སུ་དེ་རྣམས་ཐིམ་པར་བྱས་ནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་
གང་གི་ཕྱིར་གོང་དུ་འཕོ་བ་ཞེས་པ་ནི་གང་གི་ཚེ་རང་གི་གནས་གོང་དུ་མི་འཕོ་བ་དེའི་ཚེ་དེར་ཐིམ་པ་སྟེ། སྒོ་གཞན་གྱི་ལམ་ནས་མ་ཡིན་ཞེས་པའོ། །དེ་བཞིན་དུ་ལམ་བཟང་པོ་ཞེས་པ་ནི་གཞན་བྱིས་པའི་སྐྱེ་བོའི་རང་བློ་ཀུན་དུ་བརྟགས་པ་ནི་མ་ཡིན་ནོ། །དེས་ན་ཇི་བཞིན་ཞེས་པ་ནི་ཇི་ལྟར་གོ་རིམས་
བཞིན་མི་འགྱུར་ཞེས་སྦྱར་རོ། །དེའི་ཕྱིར་བདག་གི་ཡེ་ཤེས་ཀྱིས་ཇི་ལྟར་མཛེས་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཡང་འཆད་བཞིན་པ་ལས་བཤད་པར་བྱའོ། །དེ་ནི་འཆི་བའི་མཐར་དེའི་དངོས་པོ་ལ་གཞན་གྱིས་ཀུན་དུ་བརྟགས་པའི་ལམ་ལ་སྲོག་འབྱུང་བས་འགྲོ་བ་བསྟན་
པའི་ཕྱིར། སྒོ་དགུ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཚིག་གོ། །འོན་ཀྱང་མུ་སྟེགས་པ་ལ་སོགས་པའི་བརྟགས་པའི་གོང་དུ་འཕོ་བ་ལ་སྐྱོན་བརྗོད་དེ། སྦྱོར་བ་ཞེས་པ་ནི་དེ་རྣམས་ཀྱི་རང་གི་འདོད་པའི་ཐིག་ལེའི་གནས་སུ་སོང་བས་
ཐར་པར་འདོད་པའོ། །དེ་ནི་མ་ཡིན་ཏེ་སྦྱོར་བ་ཉམས་པའོ། །ཡང་ན་དེ་ཉིད་ཀྱི་སྦྱོར་བས་འགྲུབ་ན་དེའི་ཚེ་བཟང་ངོ་། །འོན་ཀྱང་མི་ཤེས་པའི་ཕྱིར་ཏེ་མི་ཤེས་ཏེ། དེའི་ཚེ་སྲོག་གཟེར་བས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་སྒོ་དགུ་ནས་སྲོག་འགྲོ་སྟེ་ངེས་པ་མེད་པས་སོ། །དེ་
ལྟར་དེ་རྣམས་ཀྱི་ལམ་ནི་ལམ་ངན་པར་བརྗོད་དོ། །ལམ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐིག་ལེ་ཞེས་པ་ནི་མཛོད་སྤུའོ། །སྟེང་ཞེས་པ་ནི་སྤྱི་བོའོ། །སོགས་པའི་སྒྲས་ནི་ཁ་གཟུང་ངོ་། །གྲུབ་པའི་ལྷ་ཞེས་པ་ནི་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པའོ། །སྲིད་པའི་སྒོ་ཞེས་པ་ནི་ཁའོ། །
འཕོ་བ་ཞེས་པ་ནི་འཕོ་བའི་ཕྱིར་རྣམ་པར་ཤེས་པ་འཕོ་བར་བརྗོད་དོ། །གཞན་ནི་གོ་སླའོ། །དེས་ན་འདི་ལྟར་སྒོ་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱ་ལ་རྣལ་འབྱོར་ཕུལ་དུ་མ་སོང་བ་རྣམས་རྒན་པར་འགྱུར་བའམ། ཡང་ན་དུས་མ་ཡིན་པར་འཆི་བས་གལ་ཏེ་འཆི་བའི་མཚན་མ་མཐོང་བ་དེའི་ཚེ་

དེ་ཡང་གདན་བཞི་པ་དང་། རྡོ་རྗེ་མཁའ་འགྲོ་ལ་སོགས་པར་གསུངས་པའི་ཕྱིར། དེ་རྣམས་ལས་རྟོགས་པར་བྱའོ། །དེའི་ཕྱིར་སྒོའི་བྱེ་བྲག་ཅེས་པ་ནི། འདོད་པའི་དབང་གིས་ལྟེ་བ་ལ་སོགས་པའི་སྒོ་རྣམས་ལས་གོང་དུ་འཕོ་བར་བྱ་ཞེས་སྦྱར་རོ། །དེ་བཞིན་དུ་
བ་ལ་སོགས་པ་ལ་ཐིག་ལེ་ནི་གཙུག་ཏོར་དུའོ། །སྒྲ་ནི་ལྟེ་བ་དང་རྐང་པའི་མཐའ་ལ་ཐུག་པར་དེ་དང་ལྡན་པས་སྟེང་འོག་ནས་དགུག་ཅིང་ལྟ་བ་ནང་དུ་སྦྱར་ཏེ་ཇི་སྲིད་ཨ་ཝ་དྷུ་ཏཱིར་ཞུགས་ཀྱི་བར་དུའོ། །དེ་ཉིད་སེམས་ཀྱི་ས་བོན་གྱིས་ཞེས་པ་ནི་དྲི་ཟའི་སེམས་ཅན་གྱི་རྣམ་པའི་བག་ཆགས་ཙམ་
གྱིས་སོ། །གཞན་དུ་རླུང་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་དང་བྲལ་བའི་ཕྱིར་ལས་ཉིད་དུ་སུ་ཞིག་བྱེད་པར་འགྱུར། དེའི་ཕྱིར་སེམས་ཀྱི་ས་བོན་གྱིས་ཞེས་སྨོས་ཏེ། དེ་ཉིད་ཀྱང་། དེ་ཁོ་ན་ཉིད་གང་གིས་འགུགས་ཤེ་ན་གསུངས་པ། རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་
རྡོ་རྗེ་འཆང་གི་ས་བོན་ནི་དགོངས་བཤད་གཞན་གྱིས་ཧཱུཾ་དུ་བཟུང་ངོ་། །དེ་ཡང་སྟེང་དུ་གནས་ནས་འོག་ཏུ་བལྟས་པའོ། །དེ་བཞིན་དུ་དྲག་པོའི་ས་བོན་ཞེས་པ་ནི། ཨོཾ་སྟེ་འོག་ཏུ་གནས་ནས་སྟེང་དུ་བལྟས་པའོ། །ཡང་ན་སུཾ་དང་ཀྵུཾ་ཞེས་པ་དག་སྟེ། འདི་གཉིས་ཀྱི་དབུས་མགོ་བོ་གཉིས་
ཀྱི་སྟེང་དུ་ཡཾ་གི་ས་བོན་གཉིས་ཐིག་ལེ་དང་སྒྲའི་བདག་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་ལྟར་ཐིག་ལེ་དང་། སྒྲ་དང་། ཡཾ་གཉིས་ལྕགས་ཀྱུ་བཞིན་སྦྱར་ཏེ། ལྕགས་ཀྱུ་བཞིན་ཞེས་པ་ནི་ད་ལྟར་ཡི་གེ་གཉིས་རྡོ་རྗེ་དྲག་པོའི་གནས་ཀྱིས་སྙིང་ནས་འགུགས་པར་བྱེད་དོ། །སྙིང་གི་
གནས་དེ་ཉིད་གོང་དུ་ཤེས་པར་བྱའོ། །གང་ཕྱིར་དུས་ཀྱི་རྣམ་གྲངས་ཀྱི་སྙིང་སྣ་ཚོགས་པར་འགྱུར་ཏེ། རླུང་ནས་འཕྲོ་བའི་ཕྱིར་ཞེ་ན་གསུངས་པ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་ནི་པུལླཱི་ར་མཱ་ཡ་ལ་སོགས་པ་གནས་དང་ཉེ་བའི་གནས་ལ་སོགས་པའི་སྤྱི་བོའི་གནས་ནས་
པུས་མོའི་མཐར་ཐུག་པ་ནས་དེར་འགུགས་པ་དེ་དེ་ལྟར་སྙིང་དུ་གསུངས་སོ། །དེ་ཉིད་ཀྱིས་ན་གནས་གང་ཞེས་རྡོ་རྗེ་སྙིང་པོས་ཞུས་པས་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་གནས་ཞེས་པ་ནི་ལན་གྱི་ཚིག་སྟེ། པུལླཱི་ར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་

རུ་བཞག་སྟེ། དེ་ཡང་ཚོགས་དགུ་ཞེས་པ་ནི་སྒོ་དགུའི་སྟེང་དུ་སོང་བའི་སྲོག་ལ་སོགས་པ་དགུག་པར་བྱའོ། །གང་གིས་ཤེ་ན་གསུངས་པ། འགྲོ་དང་ལྡོག་ཅེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་གསུངས་པའི་རྡོ་རྗེ་ཅན་དྲག་པོའི་ས་བོན་གྱིས་དགུག་པའོ། །དེའི་ཡང་བྱེད་པ་འགྲོ་
བ་ཞེས་པ་ནི་ཧཱུཾ་ངོ་། །ལྡོག་ཅེས་པ་ནི་ཨོཾ་སྟེ། དེ་དང་སྲོག་དང་ཐུར་སེལ་ལ། །དེ་ཡང་ས་བོན་གཉིས་སྦྱངས་ཏེ་ཡི་གེ་ཕྱེད་དང་གཉིས་ཁོང་ནས་བརྗོད་པའི་ཕྱིར་རོ། །དེ་ཡང་དྲག་པོའི་སྒྲས་ཞེས་བྱ་བ་ལ་སོགས་པ་ལ་དྲག་པོ་ནི་ཕྲད་པའི་ཕྱིར་སྡུད་པའི་དུས་སོ། །དེ་ན་སྒྲ་དེ་ཉིད་སྦས་ཏེ་
གཞན་ནི་མ་ཡིན་ནོ། །དེའི་སྐད་ཅིག་ལ་ཅི་ཞིག་བརྗོད་པར་བྱ་ཞེ་ན་གསུངས་པ། བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ། །ཨའི་སྡེའི་རྗེས་སུ་ཀའི་སྡེ་ཀའི་ཕྱེད་དེ། ཧེ་ཀ་ཨ་ཧི་ཀ་གཉིས་ཀྱིས་འོག་དང་སྟེང་དུ་ལྕགས་ཀྱུ་བཞིན་དགུག་པར་བྱ་ཞེས་པ་སྟེ་ངེས་པའོ། །རྩ་བར་
རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ། །དེ་བཞིན་དུ་རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་ནི་དབུགས་འབྱུང་བ་དང་འཇུག་པ་དག་གིས་ས་བོན་གཉིས་ཀྱིས་སྟེང་གི་ས་བོན་གཉིས་སྟེང་དང་འོག་གཟིར་བར་བྱ་ཞེས་པ་ནི་ལས་དང་དབྱིབས་གཉིས་བཟའ་བར་བྱའོ། །དེས་ན་
རྣལ་འབྱོར་པ་ཞེས་པ་ནི་སངས་རྒྱས་དང་མཚུངས་ཏེ་བཟོད་པའི་ཕྱིར་རོ། །དེ་བཞིན་དུ་འཕྲལ་དུ་འཕོ་ཞེས་པ་ནི་སྦྱོར་བ་འདིས་གོང་དུ་འཕོ་སྟེ། རྟག་ཏུ་གོམས་པ་ལས་འགྱུར་ཞེས་དགོངས་སོ། །ཡང་ན་རྣལ་འབྱོར་པ་རྣམས་ཀྱི་སྡིག་པ་ཐམས་ཅད་འཕྲལ་དུ་འདག་པར་འགྱུར་ཏེ་དེ་ཡང་འཆད་བཞིན་
པ་དང་བྲལ་བའོ། །ད་ནི་གོང་དུ་འཕོ་བའི་འབྲས་བུ་དང་ཉེས་པ་གསུངས་པའོ། །ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འཁོར་དང་གཙུག་ལག་ཁང་འཇོམས་པ་དང་བྲམ་ཟེ་གསོད་པ་དང་། དེ་བཞིན་དུ་ཕ་དང་། མ་དང་། བླ་མ་དང་། དགྲ་བཅོམ་པ་གསོད་པའི་མཚམས་མེད་པ་ལྔ་བྱེད་
པ་དང་སྡིག་པའི་བློས་དགེ་བ་དམ་པ་མ་ཡིན་པ་དང་མི་དགེ་བ་ལ་འཇུག་པ་དང་། ཆོམ་པོ་ཡང་མ་རིག་པའི་དབང་གིས་ཏེ་འདོད་པ་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལ་ཆགས་པ་དང་སྡིག་པའི་བཤེས་ཀྱིས་གཟུང་བ་སྡིག་པའི་སྐྱེས་བུ་རྣམས་ཀྱིས་ནི་མི་འགྲུབ་སྟེ། དེ་ལྟ་མོད་ཀྱི་སྐྱེས་པ་གང་དག་

འདི་ཡིས་ཞེས་པ་ནི་ཆོམ་པོ་ལ་སོགས་པའི་སེམས་དང་མ་བྲལ་བ་དེ་རྣམས་ཀྱང་ལམ་གྱི་ཁྱད་པར་གྱིས་ཡང་དག་པར་གོང་དུ་འཕོ་བས་བདེ་བར་གཤེགས་པ་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པ་ཐོབ་པར་འགྱུར་རོ། །སྡིག་པས་གོས་པ་ཞེས་པ་ནི་ལྷ་གསོད་པ་ལ་
སོགས་པའི་ཉེས་པ་དེས་གོས་པ་མ་ཡིན་ནམ། དེ་ལ་སྲིད་པའི་དངོས་པོ་རིང་བ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་གལ་ཏེ་འགྱུར་ན་དེའི་ཚེ་སྐས་ཀྱི་ཐིམ་པའི་རིམ་པ་བཞིན་རིགས་ན། དེ་ཇི་ལྟར་སྡིག་པའི་བདག་ཉིད་ཅན་གྲོལ་བར་འགྱུར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་རྣམས་
བསྟན་པའི་ཕྱིར། དེའི་ཚེ་དགེ་བ་བཅུའི་ལམ་ལ་སོགས་པ་རྣམས་བཟུང་བས་གྲོལ་ལོ་ཞེ་ན་གསུངས་པ། ཇི་ལྟར་འདམ་ཞེས་བྱ་བ་ལ་སོགས་པ་ནི་འོན་ཀྱང་དུས་གང་དུ་འཕོ་བ་དང་ཉེ་བའི་དུས་དེར་རང་གི་སེམས་དང་ལྷར་སྦྱངས་པའི་ཕྱིར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་
མངོན་དུ་བྱེད་དོ། །དེ་ལ་དཔེ་ནི་བདག་གི་སྡིག་པ་ནི་འདམ་བཞིན་ཏེ། དེ་ལས་བྱུང་བའི་པདྨ་དྲི་མ་མེད་པ་མཛེས་པ་བཞིན་ཡེ་ཤེས་ཀྱི་ལུས་དྲི་མ་མེད་པ་དེ་ལྟར་སྡིག་པ་ཕྱིས་སྤངས་པའི་ཕྱིར་ཇི་སྐད་གསུངས་པ་བཞིན་དུ་བྱེད་དེ། སྡིག་པའི་སྐྱེས་བུ་ཉིད་སྡིག་པ་མེད་པར་འགྱུར་ཏེ། ལམ་བཟང་པོ་
ནས་གོང་དུ་འཕོ་བའི་མཚན་ཉིད་ཀྱིས་སོ། །འོན་ཀྱང་དེའི་དུས་སུ་རྣམ་པར་ཤེས་པ་ཉིད་ཀྱི་དེའི་རང་བཞིན་དུ་འགྱུར་ཏེ། སྔོན་གྱི་རང་བཞིན་རྣམས་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་རིགས་ཀྱི་ཕྱིར་སྐྱེ་བ་གཞན་རྣམས་ལ་དེ་ཉིད་ཀྱིས་གདུལ་བའི་བྱ་བ་བྱེད་དེ། བདག་ཉིད་གྲུབ་པའི་ཕྱིར་ཞེས་
དགོངས་པའོ། །ལྷག་མ་ནི་གོ་སླའོ། །མདོར་བསྡུས་པའོ། །རྒྱས་པ་ནི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་གསུང་བར་གསུངས་པ་སྟེ། དེར་སྒྲུབ་པ་པོས་ཤེས་པར་བྱའོ། །བདག་གིས་ཀྱང་དེ་ཉིད་དུ་བསྡུས་པའི་ཚིགས་སུ་བཅད་པ་སྣ་ཚོགས་པས་བསྟན་ཏོ། །ད་ནི་སྔོན་དུ་གསུངས་པའི་གོང་དུ་
འཕོ་བ་ལས་གོམས་པའི་དུས་སུ་རྣལ་འབྱོར་པ་བསྒྲུབ་བྱ་དེ་ལྟར་བྱུང་བ་རྣམས་ཀྱི་བསྒོམ་པ་གསུངས་པ། རྣལ་འབྱོར་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་དེ་བཞིན་དུ་གོ་རིམས་ཇི་ལྟ་བ་དེ་ཁོ་ན་ཉིད་འཆད་བཞིན་པ་དེ་ཉོན་ཞེས་སྦྱར་རོ། །དེ་ཡང་རྣམ་པ་དང་བཅས་པའི་སྒོམ་པ་ཉིད་ཀྱི་

ཡེ་ཤེས་མཁའ་འགྲོ་མའི་གཟུགས་སུ་བསྐྱེད་དེ། དེས་ན་རྣལ་འབྱོར་པ་བདག་ཉིད་ཀྱི་གཟུགས་འཆད་བཞིན་པ་ལས་དཀྱིལ་འཁོར་ལ་བཤད་དེ། དེ་ཡང་སྔོན་དུ་གསུངས་པའི་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པ་དེར་ཤེས་པར་བྱའོ། །དེ་ལྟར་གསུངས་པའི་མཚན་ཉིད་ཐམས་
ཅད་སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་དེ་རྣམས་ཀྱི་ས་བོན་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་ཀཱ་ལི་ཞེས་པ་ནི་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པར་བརྩེགས་པའི་ཡི་གེ་བརྒྱད་ཇི་ལྟར་བསྡུས་པ་དེའི་ས་བོན་རྣམས་དགོད་ཅེས་དགོངས་སོ། །དེ་བཞིན་དུ་ཕྱིའི་
བསྒོམ་པ་འདིར་དེ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མའི་ཡི་གེ་ནང་གི་དོན་གསུངས་པ། དེའི་དོན་གྱི་དབང་དུ་བྱས་པ་གསུངས་པ། ཆུ་ཤིང་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་ལ་སློབ་པའི་ཕྱིར་གང་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་འོག་ཏུ་བལྟས་པའི་ཕྱིར་རོ། །རྩ་ཧཱུཾ་
ཞེས་པ་ནི་མིང་ཅན་དེ་བཞིན་དུ་བརྟེན་པའི་སྦྱོར་བས་གི་ལྟ་བུའི་ཚིག་ཕྱིས་པས་ཆུ་ཤིང་མེ་ཏོག་གོ། །དེ་ཡང་མི་ཤིགས་པ་ཞེས་པའི་ཐིག་ལེའོ། །དེའི་དབུས་སུ་པདྨ་ཞེས་པ་ནི་བདེ་བ་ཆེན་པོ་མི་གསལ་བའོ། །དེའི་དབུས་སུ་སྙིང་གི་ཞེས་པ་ནི་ཆོས་ཀྱི་དབྱིངས་བྷ་གའི་རྣམ་པ་བརྗོད་དོ། །
དེའི་དབུས་གོང་སྐྱེས་ཞེས་པ་ནི་རྡོ་རྗེ་ལྟ་བུའི་སྲོག་གི་རླུང་ངོ་། །གཞག་ཅེས་པ་ནི་མི་སད་པའི་ཏིང་ངེ་འཛིན་ཏེ། མི་གཡོའི་སྦྱོར་བས་སྲོག་གི་རླུང་བརྟན་པའོ། །དེའི་དབུས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་རྣམ་ཤེས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་སྟོང་པ་དང་སྙིང་
རྗེའོ། །ལྷན་ཅིག་པ་ཞེས་པ་ནི་མི་བྱེད་པས་སོ། །ནིའི་སྒྲ་ནི་ངེས་པར་གཟུང་བའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་དང་པོར་གྱུར་པ་སྟོང་པ་དང་སྙིང་རྗེའོ། །དེ་ཡང་དངོས་པོ་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་སྟེ། སྲོག་ལ་བརྟེན་པའི་ཕྱིར་རོ། །དེས་ན་མི་གཡོ་བ་ནི་ཆོས་ཀྱི་
སྐུ་རོ་གཅིག་པར་འོད་གསལ་བའི་ཡེ་ཤེས་སོ། །ཉེ་བར་འཚེ་བ་མེད་པ་ཞེས་པ་ནི་རྡོ་རྗེ་འཛིན་ཆེན་པོའི་ས་ཐོབ་ནས་འཚེ་བ་མེད་པའོ། །དེས་ན་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་གོམས་པའི་དུས་སུ་གསུངས་པའི་རིམ་པས་ནང་གི་རྣལ་འབྱོར་གྱིས་བསྒོམ་པ་བྱས་པ་དེའི་ཚེ་དེ་ཉིད་

ལ་མོས་པས་ཕྱིའི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་གཟུགས་བསྒོམ་པར་བྱ་ཞེས་སྦྱར་རོ། །འདིར་གཉིས་ཞེས་པ་ནི་སྔོན་དུ་མོས་པའི་ཕྱིར་ཡེ་ཤེས་དང་རྣམ་པར་ཤེས་པ་དག་ལས་རིང་བར་འགྲོ་བའི་ཕྱིར་འོད་ཟེར་རྣམས་རྣམ་པ་གཉིས་ཀྱི་ཕྱིར་རོ། །འོད་ཟེར་གཅིག་ནི་
ཉི་མ་བཞིན་ཁ་དོག་སྣ་ཚོགས་པས་སྤྲས་པའི་འོད་ཟེར་དེ་རྣམས་ལས་སྤྲོས་པ་རྣམས་ཀྱིས་གནས་ཐམས་ཅད་བསྲུངས་པར་འགྱུར་རོ། །གཉིས་པ་ནི་དེ་རྣམས་ཀྱིས་གནས་ཞེས་པ་ནི་འབྱུང་བ་ཆེན་པོའི་ཁམས་སའི་ཡོན་ཏན་སྐྱེ་བའོ། །དེའི་ཕྱིར་ནང་དུ་ཐིམ་པས་རང་གི་སེམས་ཀྱི་ཆུ་ལས་འབྱུང་
བ་ཕྱེ་མ་ལེབ་མར་མེ་ལ་ཐིམ་པ་བཞིན་ནོ། །དེ་ལྟར་གཉིས་ཀ་བསམ་པ་ལས་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་ལས་སོ། །དེ་ཡང་གནས་གཉིས་ཀྱི་དངོས་པོའི་ཕྱིར་ས་དང་ཆུའི་རང་བཞིན་མེ་དང་ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་ཡང་བསམ་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་
ཤེས་པའི་གཟུགས་སྐུ་རུ་སྤྲོ་བར་བྱའོ། །ཇི་ལྟར་ཕྱིའི་རང་བཞིན་སྤྲོས་ཤེ་ན་གསུངས་པ། སླར་ཡང་རླུང་གི་དཀྱིལ་འཁོར་ཞེས་པ་ནི་སྔོན་དུ་སྒོང་སྐྱེས་བཞིན་རླུང་གི་འཁོར་ལོ་བསྒོམ་པར་བྱ་བའོ། །བསམ་པར་བྱ་ཞེས་པ་ནི་དེའི་རྣམ་པར་སེམས་ཉེ་བར་དགོད་ཅིང་དེའི་དབུས་སུ་མེ་བསམ་
མོ། །དེ་བཞིན་དུ་ཡང་སྔོན་དུ་གསུངས་པའི་ཕྱིར་སྙིང་གི་རང་བཞིན་ཆོས་ཀྱི་དབྱིངས་དེ་ལས་སྤྲོས་པར་བྱའོ། །དེ་ནས་མེའི་དབུས་སུ་ཉི་མ་ཞེས་པ་ནི་སྔོན་དུ་གསུངས་པའི་པདྨའི་བདེ་བ་ཆེན་པོ་ལས་སྤྲོ་བར་བྱའོ། །དེ་བཞིན་དུ་ཉི་མའི་དབུས་སུ་ཨཱ་ལི་དང་ཀཱ་ལི་སྔོན་དུ་ཐིག་ལེའི་མཚན་ཉིད་ཀྱི་
རྣལ་འབྱོར་བསྟན་པའི་ཕྱིར་ཏེ་དབུགས་དབྱུང་བ་དང་འཇུག་པ་མི་གཡོ་བའི་ཕྱིར་ཞེས་པའི་དོན་ཏོ། །དེ་ཉིད་རྣལ་འབྱོར་བའི་ཡེ་ཤེས་ཀྱི་སྐུའོ། །དེ་དང་ལྡན་པའི་ས་བོན་ཞེས་པ་ནི་སྔོན་དུ་གསུངས་པའི་མི་ཤིགས་པའི་ཆུ་ཤིང་གི་མེ་ཏོག་ལྟ་བུའོ། །དེ་ཉིད་ཀྱི་དམར་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་
ལས་སྙིང་རྗེ་ཆེན་པོའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་དང་གཉིས་མེད་པའོ། །དེ་ལྟར་ཧཱུཾ་ཞེས་པ་ཡི་གེ་ལྔའི་དོན་ཏོ། །དེའི་ཕྱི་རོལ་དུ་སྤྲུལ་པའི་སྐུའི་བཟླས་པ་གསུངས་པ་རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གསུངས་པའི་སྤྲོ་བ་དང་སྡུད་པའི་མཚོན་བྱའམ། ཡེ་ཤེས་

ཀྱི་ས་བོན་གཉིས་མེད་པར་སོན་པའམ། དེའི་དབུགས་དང་སེམས་དག་དེའི་ཚེ་སླར་མང་ཡང་རྩ་གཉིས་པ་རྣམས་ལ་འཕོ་བའི་དུས་སུ་འབྱུང་བ་ལ་སོགས་པར་འགྱུར་རོ། །དེ་ཇི་ལྟར་ཞེ་ན་གསུངས་པ། པུལླཱི་ར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམས་སུ་ཞེས་གསུངས་པའི་ཕྱིར་རོ། །དེའི་
ཕྱིར་རྩ་རེ་རེ་རྣམས་ལ་འཕོ་བའི་དུས་སུ་དེ་ལྟར་གསུངས་པར་འགྱུར་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཁྱད་པར་དུ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཚེ་དེའི་དུས་སུ་རྩ་གཅིག་གཉིས་མེད་པའི་ཕྱིར་དང་། རྣལ་འབྱོར་ལ་གོམས་པའི་ཕྱིར་གཉིས་པ་ལས་འབྱུང་བས་ན་འབྱུང་བ་སྟེ། དལ་
ཞིང་དལ་བས་རླུང་རྣམས་འབྱུང་བའོ། །འཇུག་པ་ཞེས་པ་ནི་ཡང་བསྡུ་བ་ན་འབྱུང་བ་དང་འཇུག་པའོ། །དེ་བཞིན་དུ་ཡེ་ཤེས་ས་བོན་ཞེས་པ་ནི་སྔོན་བཞིན་དུ་མི་ཤིགས་པ་ཞེས་པ་གཉིས་མེད་པའོ། །དེའི་དབུས་སུ་འབྱུང་བས་བསྣུན་བཞིན་པ་ཞེས་པ་ནི་འབྱུང་བས་འཇུག་པའི་སྐད་ཅིག་
ལས་དབུས་སུ་གནས་པའི་ཡེ་ཤེས་ཀྱི་ས་བོན་གྱི་ཏིང་ངེ་འཛིན་དེ་ལ་བསྣུན་ཏེ་སྲོག་ཕྲ་མོས་བསྐུལ་བ་དེ་དབུས་སུ་ཇི་ལྟར་ཞེ་ན། གསུངས་པ་སྙིང་གི་ཞེས་བྱ་བ་ལ་སོགས་པ་འདིར་སྙིང་གི་ཡེ་ཤེས་སྔོན་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེའི་སྤྲོ་བའི་དོན་དུ་བསྣུན་བཞིན་པ་དང་སྤྲོ་བ་དེ་ཡང་
ཅི་ཞེ་ན། གསུངས་པ། མེ་ཏོག་བཞིན་ཞེས་པ་ནི་ཇི་ལྟར་པདྨ་དང་ཨུཏྤ་ལའི་འདབ་མ་ལ་སོགས་པའི་གནས་སྐབས་གཅིག་ལ་གཅིག་རྒྱས་པ་དེ་ལྟར་འདིར་རྒྱུ་བ་དང་མི་རྒྱུ་བ་དེ་རྣམས་གསལ་བཞིན་པ་དེའི་རང་བཞིན་བདག་ཉིད་ཀྱིས་ལྟ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་འོད་གསལ་བར་འགྱུར་རོ། །
དེ་བཞིན་དུ་འབྱུང་བ་ལས་འབྱུང་བ་ཞེས་པ་ནི་དབུགས་དབྱུང་བ་དང་སྡུད་པས་ཡེ་ཤེས་ཀྱིས་ས་བོན་བཟླས་སོ། །འབྱུང་བའི་སྐད་ཅིག་ལས་བྱུང་ཞིང་དེ་ཡང་སྡུད་པའོ། །དེ་བཞིན་དུ་འཇུག་པའི་སྐད་ཅིག་ལས་འཇུག་པའོ། །དེ་ཡང་འཇུག་པ་འོག་གི་ཆ་ལས་འབྱུང་བའོ། །དེ་ལྟར་སྐད་ཅིག་བཞི་
བཟླས་པའི་ཁྱད་པར་ལས་སོ། །དེ་འབྱུང་བ་དང་འཇུག་པའི་ཞེས་པ་ནི་དེ་ལྟར་སྲོག་གི་རང་བཞིན་གྱི་སྐད་ཅིག་རྣམས་ལས་བདག་ཉིད་ཕྱི་རོལ་དུ་བྱས་ཏེ། སྐད་ཅིག་ཉི་ཤུ་རྩ་བཞི་ལ་ཡང་བདག་ཐམས་ཅད་ཡེ་ཤེས་ཀྱི་ས་བོན་གྱི་རང་བཞིན་ཞེས་དགོངས་སོ། །གལ་ཏེ་རེ་ཞིག་སྐད་ཅིག་ཉི་ཤུ་

རྩ་བཞི་ལ་ཡེ་ཤེས་ཀྱི་ས་བོན་བཟུང་ན་དེའི་ཚེ་འགྱུར་བ་དང་འཇུག་པ་དག་གིས་ཅི་ཞིག་བྱ་ཞེ་ན། གསུངས་པ། འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་དུས་ཐམས་ཅད་དུ་མྱ་ངན་ལས་མི་འདའ་སྟེ། སེམས་ཅན་ལ་ཕན་པའི་རྒྱུ་ཡིས་སོ། །དེས་
ན་ཡང་བེམས་པོའི་ཏིང་ངེ་འཛིན་སྤངས་པ་བེམས་པོ་མ་ཡིན་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པའི་རྒྱུན་གྱིས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེའི་ཚེ་ཇི་ལྟར་འདི་འབྱུང་བ་ལ་སོགས་པའི་མཚན་ཉིད་ཀྱིས་གསུངས་པའི་རང་བཞིན་གྱི་ཡེ་ཤེས་དང་རྣམ་པར་ཤེས་པའི་ས་བོན་བསྒྲུབས་པ་དེ་ལྟར་དེ་
ཉིད་ཀྱིས་ན་འབྱུང་བ་ལ་སོགས་པ་དང་འཇུག་པར་བརྗོད་པས་ཀྱང་མཚོན་བྱ་མཚོན་པས་རྣལ་འབྱོར་པས་བྱ་ཞེས་ཤེས་པར་བྱའོ། །དེ་ལྟར་ཅིག་ཅར་ཡེ་ཤེས་ལ་སོགས་པའི་ས་བོན་དག་གིས་འབྱུང་བ་ལ་སོགས་པ་ལ་འཇུག་པས་འགྱུར་ཞེ་ན། གསུངས་པ། འབྱུང་དང་འཇུག་པའི་སྦྱོར་
བས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་འབྱུང་བ་དང་འཇུག་པ་དང་ཡེ་ཤེས་ཀྱི་ས་བོན་གཉིས་ཀའི་ཏིང་ངེ་འཛིན་ལ་གནས་སོ། །མཉམ་ཉིད་དེ་ཁོ་ན་བསྒོམ་པ། །ཞེས་པ་ལ་དེ་ཁོ་ནའི་སྒྲས་ནི་ཕུང་པོ་ལ་སོགས་པ་གཟུང་ངོ་། །དེ་རྣམས་ལ་ཕན་པ་མི་འཆི་བར་བྱེད་པ་མཉམ་པ་ཉིད་ཀྱི་བདེ་བའི་རང་
བཞིན་དུས་ཐམས་ཅད་དུ་ཉམས་སུ་མྱོང་བར་འགྱུར་ཏེ། ཕུང་པོ་ལ་སོགས་པའི་སྒོམ་པའི་དེ་ཁོ་ན་ཉིད་ཀྱི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེས་ཀྱང་རབ་ཏུ་སོན་པའི་མཐར་ཐུག་པས་ཐམས་ཅད་མི་དམིགས་པར་བྱ་ཞེས་པའོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱང་འོད་
གསལ་བའི་དེ་ཁོ་ན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཞུགས་པས་མཆོག་ཏུ་མྱ་ངན་ལས་འདའ་བ་དེའི་དོན་གྱི་དབང་དུ་བྱས་ཏེ། གསུངས་པ། མཉམ་གཞག་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་མཉམ་པར་གཞག་པས་མཆོག་ཏུ་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་འོད་
གསལ་བ་དེས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་དངོས་པོ་བསྒོམས་པས་ཞེས་པ་ནི་སྔོན་དུ་གསུངས་པའི་བསྒོམ་པ་ཉིད་རང་གི་ངོ་བོ་ལ་སོ་སོར་བརྟགས་པས་དངོས་པོ་ཞེས་པ་སྟེ་ཡང་དག་པར་ཡེ་ཤེས་ཀྱི་སྐུར་རྣལ་འབྱོར་པ་རྣམས་ཀྱི་བྱ་བའོ། །དེས་ན་འགྲུབ་འགྱུར་ཞེས་བྱ་བ་ལ་སོགས་

པ་འབྲས་བུ་ཐོབ་པ་གཞན་དུ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཡང་ཅི་ཞིག་བྱ་ཞེ་ན་གསུངས་པ། དེ་ནས་སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་ནས་རྣལ་འབྱོར་པའི་སྤྲུལ་པའི་སྐུས་བླ་ན་མེད་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་ལ་སོགས་པ་བསྟན་པས་སྟོབས་བཅུ་དང་མི་འཇིགས་པ་
ལ་སོགས་པས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་འགྱུར་ཏེ་གཞན་ནི་གོ་སླའོ། །ད་ལྟར་ཡང་གསུངས་པ། རྣལ་འབྱོར་པ་གང་ཡེ་ཤེས་ཀྱི། །ཤེས་བྱ་ཆེན་པོ་རྟག་བྱེད་པ། །དེ་འཇུག་སྲིད་པའི་ཕ་རོལ་འགྲོ། །བསམ་མི་ཁྱབ་པའི་གོ་འཕང་ཐོབ། །དེ་ཡིས་ཀྱང་ནི་སེམས་ཀྱི་
རྒྱུད། །ཀུན་ནས་མཚུངས་མེད་ཐར་པའི་ཕྱིར། །མྱ་ངན་འདས་པར་དེ་ཤེས་བྱ། །ཀྱེ་མ་སྙིང་རྗེ་རྙེད་དཀའ་ཉིད། །ད་ནི་མུ་སྟེགས་པ་རྣམས་དང་ཉན་ཐོས་པ་རྣམས་ཀྱི་ཤེས་པ་ངན་པའི་ལྟ་བ་གཞོམ་པར་བྱ་བ་དང་། ཡང་དག་པའི་ཤེས་པའི་ལྟ་བ་གཞག་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། འདིར་ཡེ་ཤེས་གཟུགས་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན་ཡུན་རིང་པོར་བྱ་བ་དང་། དེའི་ཚེ་མྱ་ངན་ལས་འདས་པ་ལ་ཕྱོགས་པ་དེ་རྣམས་ཀྱིས་འདི་བྱའོ། །འདིར་སྔོན་དུ་ཏིང་ངེ་འཛིན་ཐོབ་པའི་ཕྱིར། དེ་སླར་ཞེས་པ་ནི་
ཡང་ངོ་། །མར་མེ་ལྟ་བུ་ཞེས་པ་ནི། མར་མེས་མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་བཞིན་དུ་རྣམ་པར་བརྟེན་པར་བྱའོ། །སེམས་ཀྱིས་ནི་ཞེས་པ་ནི་དེའི་ཕྱིར་ལས་བྱ་ཞེས་པ་སྟེ། སྔོན་བཞིན་ཚོགས་ཀྱི་ཚུལ་གྱིས་གསལ་སྣང་བཞིན་བྱ་ཞེས་པའི་དོན་ཏོ། །གཞན་ཡང་དེ་ལྟར་བྱས་ནས་
མར་མེའི་རྣམ་པའི་ཏིང་ངེ་འཛིན་ལ་བརྟེན་པ་དེ་ནི་གསལ་བར་འགྱུར་ཏེ། དེའི་དོན་དུ་རྡོ་རྗེ་སྙིང་པོས་ཞུས་པ་གསུངས་པ། ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གལ་ཏེ་རེ་ཞིག་བཅོམ་ལྡན་འདས་ཀྱིས་མར་མེའི་རྣམ་པའི་ཡེ་ཤེས་དེ་ལ་ཉན་ཐོས་རྣམས་ལ་ཕན་པའི་ཕྱིར་གསུངས་
པ་ཡིན་གྱི། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་རྣམས་ལ་གསུངས་པ་ནི་མ་ཡིན་ནོ། །དེས་ན་གལ་ཏེ། གང་གི་ཕྱིར་ཉན་ཐོས་རྣམས་ཀྱི་ཀུན་དུ་བརྟགས་པ་མར་མེ་བཞིན་མྱ་ངན་ལས་འདས་པ་ཞེས་པ་ནི་ཚུལ་ལོ། །དེ་བཞིན་དུ་ཡང་ཉན་ཐོས་རྣམས་ཀྱི་ནང་དུ་ལེགས་པར་

བཤད་པ་གསུངས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ་སྙིང་པོ་ཞེས་པའི་ཚིག་མེད་དོ། །ནི་ཞེས་པ་ནི་ངེས་པར་གཟུང་བར་ཤེས་པར་བྱའོ། །དེ་ལྟར་ལ་སོགས་པའི་སྒྲས་ནི་འཆད་བཞིན་པའི་མུ་སྟེགས་པ་རྣམས་ཀྱི་ཡེ་ཤེས་བསྐྱེད་པ་བསྡུའོ། །
དེའི་ཕྱིར་འདི་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་རབ་གསུངས་པ། སེམས་ནི་ཤེལ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་ཉིད་དུ་རིགས་ཀྱི་བུས་ཤེལ་ལྟ་བུའི་སེམས་བརྟན་པར་བྱའོ། །དེ་ཡང་སྔོན་བཞིན་དུ་ཏིང་ངེ་འཛིན་བྱའོ། །དེའི་རྗེས་སུ་གང་དག་སྔོན་གྱི་ཐ་མལ་པའི་གནས་
སྐབས་ཀྱི་དུས་སུ་ལུས་དང་ངག་དང་སེམས་རྣམས་ཀྱིས་བྱས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པའི་ལས་དེ་རྣམས་མར་མེའི་རྣམ་པ་ཞེས་པ་ནི་མེ་ལོང་ལ་མར་མེ་བསྟན་པས་གསལ་སྣང་དམིགས་སོ། །དེ་ལྟར་ཡང་སེམས་འདི་བརྟན་པར་བྱས་ནས་སོ། །བསམ་པར་
བྱ་ཞེས་པ་ནི་སེམས་ལས་བྱུང་བའི་དངོས་པོ་གསལ་བར་འགྱུར། སེམས་དང་སེམས་ལས་བྱུང་བ་དག་ནི་མེ་ལོང་དང་མར་མེ་བཞིན་ནོ། །དེའི་ཕྱིར་སྤྲོས་པ་ཀུན་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་དངོས་པོ་དག་གིས་ལས་གང་སྤྲོས་པ་སྟེ། འདིར་དེ་ཐམས་ཅད་ནི་བརྫུན་པ་བརྟགས་
པའོ། །དེས་ན་ལས་ཀྱིས་ཚོགས་ཕྱིན་ཅི་ལོག་གོ། །དེས་ན་དེ་ལྟར་དམིགས་ནས་ཞེས་པ་ནི། ལས་ཀྱི་ཚོགས་རེ་རེའི་དུས་རྣམས་ལ་ཏིང་ངེ་འཛིན་རེ་རེ་གསུངས་པ། སྤྲོས་པ་སྤྲོས་པ་མེད་པ་ཉིད། །ཅེས་པ་ནི་སེམས་ཏིང་ངེ་འཛིན་ལ་ཞུགས་པས་སོ། །དེ་ཡང་ལས་ནི་མེད་ཅིང་བྱེད་པ་མེད། །
ཡིད་ལས་འཁྲུལ་ཅིང་རྣམ་པར་འཁྲུལ་གང་གི་ཕྱིར་སྤྲོས་པ་མེད་པའི་སེམས་ཡང་དག་པའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཉིད་དང་ལས་ཀྱི་སྒྲིབ་པ་ཟད་ཅེས་པའི་དོན་ཏོ། །དེ་ཉིད་ཀྱིས་ན་རང་བཞིན་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་དེ