Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 5

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
་རྒྱུས་འཇུག་གི། འདུས་
བྱས་ཀྱི་སྐྱེད་པར་བྱེད་པའི་རྒྱུས་ནི་མ་ཡིན་ནོ། །ཆགས་བྲལ་ནི་རང་ལུས་ཐབས་ལྡན་དམ་ཚིག་ཕྱག་རྒྱ་སྟེ། དེ་ཡང་ལུས་ལ་ཞེས་པ་ནི་ལྟེ་བར་རྩ་གསུམ་འདུས་པ་གྲུ་གསུམ་སྐྱེ་གནས་སུའོ། །ཡེ་ཤེས་ནི་དོན་དམ་མཚོན་བྱེད་བདེ་བའོ། །གནས་ཞེས་པ་ནི་ཀུན་རྫོབ་མཚོན་
བྱེད་ཞུ་བའོ། །ཡང་ན་ཡེ་ཤེས་ནི་བདེ་བའོ། །ཆེན་པོ་ནི་སྤྱི་བོ་བདེ་ཆེན་གྱི་གནས་སོ། །གནས་ཞེས་པ་ཞུ་བ་བདེ་བ་དང་བཅས་པས་འབབ་སྟེ་ལྟེ་བར་གནས་པའོ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་པ་ནི་མཚོན་བྱེད་དབྱེར་མེད་དེ། རྟོག་པ་རང་ཤུགས་སུ་སྤྱོད་ཅིང་མི་
རྟོག་པ་རང་རྣལ་དུ་འཇུག་པའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ་བདེ་བ་ལ་མི་རྟོག་པ་དང་། ཀུན་རྫོབ་ཞུ་བ་དང་དབྱེར་མེད་རང་རིག་པའོ། །ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་མཚོན་བྱ་ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་ཀྱི་རྒྱུ་
ཡིན་ཏེ། སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ་ཆགས་བྲལ་ལྟ་བུ་དང་། ཆགས་ཅན་ལྟ་བུའོ། །དེ་ལ་ཆགས་བྲལ་ལྟ་བུ་དེ་ཉིད་མཆོག་གི་རྣམ་འཕྲུལ་ནི། དེ་ཡང་། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་ནི་དོན་སྐྱེ་མེད་ཀྱིས་ཁྱབ་པའོ། །ལུས་ལ་ཡེ་ཤེས་
ཆེན་པོ་གནས། །ཞེས་པ་ནི་ཤེས་བྱེད་ཀྱི་དོན་ཡང་དོན་དམ་པའི་ཡེ་ཤེས་སོ། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་མེད་དུ་གོ་བའོ། །ལུས་གནས་ལུས་ལས་མ་སྐྱེས་ཞེས་པ་ནི་ཤེས་བྱ་ཡེ་ཤེས་དེ་ཉིད་ཀྱང་སྐྱེ་མེད་དུ་གཅིག་པར་

གྱུར་པའོ། །དེ་ལ་ཆགས་ཅན་ལྟ་བུ་ནི་གཉུག་མའི་ལུས་ཏེ་དེ་ཡང་ལུས་ཞེས་པ་ནི་གཉུག་མ་དེ་ཉིད་ལའོ། །ཡེ་ཤེས་ཆེན་པོ་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །གནས་ཞེས་པ་ནི་ཞུ་བ་བསྡུས་པས་རྟག་པ་མི་འགྱུར་བར་གནས་པ་ཉིད་དོ། །རྟོག་པ་ཐམས་
ཅད་ཡང་དག་སྤངས། །ཞེས་པ་ནི་ཕྱག་རྒྱ་ཆེན་པོ་མཚོན་བྱེད་རང་རིག་སྟེ། རྟོག་པ་རང་ཤུགས་སུ་གཅོད་པ་དང་མི་རྟོག་པ་རང་རྣལ་དུ་འཇུག་པའོ། །དངོས་པོ་ཀུན་ལ་ཁྱབ་ཅེས་པ་ནི་དབང་པོ་རང་སྣང་ལ་སྦྱར་བའམ། མཚོན་བྱ་ལྷན་སྐྱེས་སོ། །ལུས་གནས་ལུས་ལས་མ་སྐྱེས་
པ་ནི་གཉུག་མའི་ལུས་ལ་གནས་ཀྱང་ཐ་མལ་གྱི་ལུས་ལས་མ་སྐྱེས་པའམ། གསལ་བྱེད་ཀྱི་རྒྱུ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པའོ། །འབྲས་བུ་ལམ་དུ་བྱས་པ་ནི་སྐུ་བཞི་སྟེ། ཚིག་དང་པོ་ལོངས་སྐུའོ། །ཚིག་གཉིས་པ་ནི་ཆོས་སྐུའོ། །གསུམ་པ་སྤྲུལ་སྐུའོ། །བཞི་པ་ནི་བདེ་
བ་ཆེན་པོའི་སྐུའོ། །རྟེན་རྡོ་རྗེའི་ལུས་བསྟན་པ་ནི་ལུས་ལ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ། ཀྱེ་རྡོ་རྗེའི་ལུས་ལ་རྩ་དུ་ལགས། ཞེས་པ་ནི་དགྱེས་པའི་རྡོ་རྗེར་འབྲེལ་ལོ། །ཀུན་བརྟགས་ཀྱི་ལུས་ལ་ཀུན་བརྟགས་ཀྱི་རྩ་དུ་མཆིས་པ་དང་། གཞན་
དབང་གི་ལུས་ལ་གཞན་དབང་གི་རྩ་དུ་མཆིས་པ་དང་། ཡོངས་གྲུབ་ཀྱི་ལུས་ལ་ཡོངས་གྲུབ་ཀྱི་རྩ་དུ་མཆིས་ཞེས་དགོངས་པའོ། །ལན་དུ་རྩ་སུམ་ཅུ་རྩ་གཉིས་ཏེ་ཕྱིར་ལེན་བཏབ་སྟེ་ཀུན་བརྟགས་ཀྱི་ལུས་ལ་རྩ་སུམ་ཅུ་རྩ་གཉིས་གང་ཞེ་ན། མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པ་
བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པའོ་ཞེས་བྱ་བར་སྦྱར་ཏེ་རྣལ་འབྱོར་གྱི་ཀུན་རྫོབ་བོ། །ཀུན་བརྟགས་ཀྱི་ལུས་ལ་ཡང་སུམ་ཅུ་རྩ་གཉིས་ཏེ། ཡང་མི་ཕྱེད་མ་དང་ཕྲ་གཟུགས་མ་ལ་སོགས་པ་སྟེ། ཁམས་དང་ཉེ་བའི་ཁམས་བསྐྱེད་པའོ། །དེ་ལ་རྣམ་པར་གཞག་པའི་ནི་
གྲངས་དང་ལས་དང་སོ་སོའི་མཚན་ཉིད་དང་གནས་དང་། གཙོ་བོ་དང་། ཕལ་བར་དབྱེ་བའོ། །དེ་ལ་གྲངས་ནི་སུམ་ཅུ་རྩ་གཉིས་ཏེ། མི་ཕྱེད་མ་དང་ཕྲ་གཟུགས་མ་ལ་སོགས་པའོ། །ལས་ནི་དྲང་ངེས་པའི་རྒྱུ་མཚན་ཏེ། བྱང་ཆུབ་ཀྱི་སེམས་འབབ་པའི་ཕྱིར་རོ། །སོ་སོའི་མཚན་ཉིད་

ནི་ཐབས་དང་ཤེས་རབ་ལ་སོགས་པའི་མཚན་ཉིད་འཛིན་པའོ། །གནས་ནི་གཡས་དང་གཡོན་ལ་སོགས་པའོ། །བརྐྱང་མི་མོ་བསྐྱོད་པ་འབབ་པ་སྟེ། སྐྱེས་པ་ལ་གཡོན་ན་གནས་ཏེ། མགྲིན་པར་གནས་ནས་བཤང་ལམ་དུ་སེལ་བའོ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །གཡས་ན་གནས་
ཏེ་ལྟེ་བ་ལས་མགྲིན་པར་སེལ་བའོ། །བུད་མེད་རྣམས་ལ་ནི་གོ་བཟློག་ཤེས་པར་བྱའོ། །ཡོངས་གྲུབ་ཀྱི་རྩ་སུམ་ཅུ་རྩ་གཉིས་ནི་བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས་ཞེས་པ་ལ་སོགས་པ་སྟེ། རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་སྤྱིའི་རང་བཞིན་
ནམ་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་དགོངས་པའོ། །དེ་རྣམས་ཀྱི་རང་བཞིན་ཡང་སྲིད་གསུམ་ཡོངས་གྱུར་ནི་རྩ་འདི་གསུམ་དུ་གྱུར་པ་སྟེ། དེ་གཟུང་བ་དང་། འཛིན་པ་རྣམ་པར་སྤངས་ཞེས་པ་ཆོས་ཐམས་ཅད་སྟོང་པར་ཤེས་པའོ། ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་
མཚན་ཉིད་དུ་ནི་བརྟག །ཅེས་པ་ཐབས་རྣམ་པ་སྣ་ཚོགས་སུ་སྣང་བའོ། །གཙོ་བོ་དང་ཕལ་པར་དབྱེ་བ་ནི་གསུམ་དུ་གཞག་གོ། །དེ་ཡང་སེམས་ཅན་རེ་རེ་ལ་རྩ་བྱེ་བ་ཕྱེད་དང་བཅུ་དང་སྟོང་ཕྲག་བདུན་ཅུ་གཉིས་སུ་བསྡུས་ཏེ། དེ་ཡང་བརྒྱ་ཉི་ཤུར་བསྡུས། དེ་ཡང་སུམ་ཅུ་རྩ་
གཉིས་སུ་བསྡུས་ཏེ་རྣལ་འབྱོར་མ་བཅོ་ལྔར་ཤེས་པར་བྱའོ། །དེ་ཡང་། རྩ་རྣམས་བྱེ་བ་ཕྱེད་དང་བཅུ། །ལུས་ཀྱི་ལྟེ་བའི་པདྨར་གནས། །འཁོར་ལོ་བཞི་ཡི་གྲངས་ཀྱིས་ནི། །བརྒྱ་དང་ཉི་ཤུ་ལྷག་པ་ཡིན། །བྱང་སེམས་སུམ་ཅུ་རྩ་གཉིས་ཀྱི། །རྩ་མཆོག་སུམ་ཅུ་རྩ་གཉིས་སོ། །ཞེས་
གསུངས་སོ། །དེ་ནི་རྣམ་པར་གཞག་པའོ། །རང་བཞིན་ནི་བཤད་པའི་ཚུལ་རྣམ་པར་སྦྱར་བ་སྟེ། བཤད་པའི་ཚུལ་སྦྱར་བ་ཡང་ཀུན་ལ་ལྡན་པ་ཡིན་ཡང་། བླ་མའི་མན་ངག་གིས་སྐབས་སོ་སོར་སྦྱར་བ་ནི། ལྗོན་ཤིང་གི་ཡལ་ག་ལྟ་བུར་ཤེས་པར་བྱའོ། །དེ་ཡང་བསྐྱེད་པའི་རིམ་པ་དང་།
རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ནི། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །ཞེས་པ་ནི་ཆོ་གའི་རིམ་པ་ཐ་མལ་གྱི་སྒོ་གསུམ་ཡོངས་སུ་གྱུར་པའོ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པ་ནི་བདག་མེད་རྣལ་འབྱོར་ལྡན་པའོ། །ཡང་ན་ཐབས་ནི་ཐམས་ཅད་

ཀྱི། །ཞེས་པ་ནི་ཡང་ན་ཧེ་རུ་ཀ་དཔལ་མཚོན་པའོ། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་ཀུན་ཏེ་གཉིས་སྦྱོར་བ་ལས་བྱུང་བའི་ལྷའི་འཁོར་ལོར་བརྟགས་ཤིང་སྣང་བའོ། །དེ་ལ་རྫོགས་པའི་རིམ་པ་ཡང་གཞན་
ལུས་ཤེས་རབ་ལ་བརྟེན་པ་དང་། རང་ལུས་ཐབས་དང་ལྡན་པ་དང་དབྱེར་མེད་ཕྱག་རྒྱ་ཆེན་པོའོ། །ཤེས་རབ་ལ་བརྟེན་པ་ཡང་། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །ཞེས་པ་ནི་ཤེས་རབ་མའི་གསང་བའི་གནས་ཏེ་རྩ་གསུམ་ཡོངས་སུ་གྱུར་པའི་བྱ་རོག་གི་གདོང་ཅན་ནོ། །གཟུང་
དང་འཛིན་པ་རྣམ་པར་སྤངས། །ཞེས་པ་ནི་དེའི་ནང་ཁོང་སྟོང་གི་རྣམ་པའོ། །ཡང་ན་ནི་ཨ་ཐ་སྟེ་དེ་ནས་སོ། །ཐམས་ཅད་ནི་ལུས་ཐམས་ཅད་དོ། །ཐབས་ནི་རིན་པོ་ཆེའི་ཟེ་འབྲུའི་བདེ་བ་གནས་པའི་ཐབས་སོ། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་པ་ནི་དངོས་པོ་ཞུ་བ་དང་མཚན་ཉིད་
བདེ་བ་ལྷན་ཅིག་སྐྱེས་པའི་ངོ་བོ་བླ་མའི་མན་ངག་ནི་བསྒོམ་པས་བརྟག་པའོ། །དེ་ལ་རང་ལུས་ཐབས་དང་ལྡན་པ་ནི་སྲིད་པ་གསུམ་གྱི་རྩ་གསུམ་མོ། །ཡོངས་གྱུར་ནི་སྐྱེ་གནས་གྲུ་གསུམ་མོ། །ཐམས་ཅད་དེ་ལུས་ཀུན་འདུས་པའོ། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཞེས་
པ་ནི་ནང་ཁོང་སྟོང་ལྟ་བུའམ། ཡང་ན་འོག་ན་གནས་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས་སོ། །ཨ་ཐ་ནི་ཨ་ཀྲ་སྟེ་དེ་ལའོ། །ཐབས་ནི་བདེ་བ་ཆེན་པོའི་གནས་སོ། །ཐམས་ཅད་ནི་ལུས་ཀུན་ཞུ་བའོ། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་པ་སྔ་མ་ལྟར་ལྷན་ཅིག་སྐྱེས་
པ་བསྒོམ་པའོ། །གཉིས་མེད་ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། བརྟེན་པ་ཆོས་ལ་འཇུག་པ་དང་། རྟེན་ནང་ནས་འཇུག་པའོ། །བརྟེན་པ་ཆོས་ལ་འཇུག་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ། །དེ་ལ་ཤེས་རབ་ནི་སྲིད་གསུམ་སྟེ་ཁམས་གསུམ་མོ། །ཡོངས་གྱུར་ནི་གཅིག་དང་
དུ་མ་དང་བྲལ་བའི་སྦྱོར་བས་རང་བཞིན་མེད་པས་ཐམས་ཅད་ཡོངས་སུ་གྱུར་པའོ། །དེ་ལ་ཤེས་རབ་ཀྱི་ཇི་ལྟར་བལྟ་ཞེ་ན། དེའི་ཕྱིར། གཟུང་དང་འཛིན་པ་རྣམ་པར་སྤང་། །ཞེས་གསུངས་སོ། །དེ་ལ་ཐབས་ཀྱི་ཇི་ལྟར་བལྟ་ཞེ་ན། ཕ་རོལ་ཕྱིན་པའི་ཐེག་པ་ལྟར་གཅིག་དང་དུ་བྲལ་

ལ་སོགས་པ་སྦྱོར་བ་ལ་མི་ལྟོས་པས་ཨ་ཐ་བ་སྟེ། རྣམ་གྲངས་སམ་ཐབས་སྣང་བའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་ལ་སོགས་པའི་དངོས་པོའི་མཚན་ཉིད་དུ་བརྟག་པའོ། །ཡང་ན། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །ཞེས་པ་ནི་ལུས་ངག་ཡིད་གསུམ་གྱི་
ཁམས་གཉུག་མའི་ཨ་ཝ་དྷཱུ་ཏཱི་དེས་བསྡུས་པའོ། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཞེས་པ་ནི་དེར་སྐྱེས་པའི་ཡེ་ཤེས་ཀྱི་རྟོག་པ་གཅོད་ཅིང་མི་རྟོག་པ་སྐྱེ་བའོ། །ཐབས་ནི་ཞེས་པ་ནི་བདེ་བའི་རོར་རང་སྣང་བས་མི་རྟོག་པ་རང་རྣལ་དུ་འཇུག་པའོ། །ཐམས་ཅད་ཀྱི་ཞེས་པ་ནི་
ཐབས་དང་ཤེས་རབ་དབྱེར་མེད་དོ། །དེ་ལྟ་བུའི་ཡེ་ཤེས་ཆེན་པོ་དེ་གང་དུ་གནས་ཤིང་བརྟེན་ཞེ་ན། དེའི་ཕྱིར། དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་པ་སྟེ། དངོས་པོ་ནི་བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་གཉུག་མའི་དབང་པོའོ། །མཚན་ཉིད་ནི་དེར་གནས་པའི་ཡེ་ཤེས་
ཆེན་པོའོ། །དུ་ནི་བརྟག་ཅེས་པ་སྟེ་དབང་པོ་རང་སྣང་བ་དང་ཡེ་ཤེས་རང་འབར་བའི་མན་ངག་གོ། །དེ་རྣམས་ལ་ཆོ་ག་ཁ་བསྐང་བ་སྔ་མ་དང་འདྲའོ། །དེ་རྣམས་ཀྱི་རྟགས་ནི་གསུམ་སྟེ། མི་འགྱུར་བ་ནི་ལྟ་བའི་རྟགས་སོ། །དངོས་པོ་ཀུན་ལ་ཆགས་མེད་དྲོད། །འཇིག་རྟེན་ཆོས་
བརྒྱད་སྤངས་པ་ནི། །སྤྱོད་པའི་རྟགས་སུ་ཤེས་པར་བྱ། །ཞེས་པའོ། །སྡོམ་པའི་དབྱེ་བ་ལ་དོན་གཉིས་ཏེ། བཤད་ཚུལ་སྦྱར་བ་དང་བརྟག་པ་ཕྱི་མའི་རྒྱུ་མཚན་བཏུ་བའོ། །བཤད་ཚུལ་སྦྱར་བ་ལ་ཡང་དོན་གསུམ་སྟེ། ངེས་པའི་ཚིག་དང་བཤད་ཚུལ་དབྱེ་བ་དང་མངོན་པར་རྟོགས་
པའོ། །ངེས་པའི་ཚིག་ལ་གསུམ་སྟེ། མང་བ་ཉུང་བར་སྡོམ་པ་དང་། ཕྱི་རོལ་ལུས་ལ་སྡོམ་པ་དང་། བདེ་བ་ཆེན་པོའི་མཆོག་ཏུ་བསྟིམ་པའོ། །ཡང་གང་གིས་སྡོམ་པ་དང་གང་དུ་སྡོམ་པ་དང་ཡང་དག་པར་སྡོམ་པའོ། །དེ་ལ་མང་བ་ལ་ཉུང་བར་སྡོམ་པ་ནི་ཐབས་དང་ཤེས་རབ་
ལ་སྡོམ་པ་དང་། ལུས་ངག་ཡིད་གསུམ་ལ་སྡོམ་པའོ། །ཕྱི་རོལ་ལུས་ལ་སྡོམ་པ་ནི་འཁོར་ལོ་བཞི་ལ་སྡོམ་པའོ། །བདེ་བ་མཆོག་ཏུ་སྡོམ་པ་ནི་དགའ་བ་དང་སྐད་ཅིག་གོ། །བཤད་ཚུལ་དབྱེ་བ་ལ་གཉིས་ཏེ། བསྐྱེད་པ་ལྟར་སྦྱར་བ་དང་རྫོགས་རིམ་མོ། །བསྐྱེད་པ་ལྷ་ལ་གཉིས་

ཏེ། ལམ་ཆོ་ག་དང་འབྲས་བུའོ། །དེ་ལ་ལམ་ནི་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའོ། །ཤེས་རབ་དང་ཐབས་སོ། །དེས་ནི་ཆོས་ཀུན་བསྡུས་ཤིང་དབྱེ་བས་སྡོམ་པའི་དབྱེ་བའོ། །འབྲས་བུ་ཡང་སྐུ་གསུམ་དང་རྡོ་རྗེ་གསུམ་མོ། །དེར་ལྷ་ཀུན་
གྱི་འབྲས་བུ་འདུས་པས་སྡོམ་པའི་དབྱེ་བའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་དེ་ཁོ་ན་ཉིད་དང་སྦྱར་བའོ། །དེ་ཡང་གཞན་ལུས་ཤེས་རབ་ལ་སྦྱར་བ་ནི་ཨེ་ཝཾ་མ་ཡཱ་ལྷ་མོ་བཞི་སྟེ། དེ་ཉིད་ཕྱག་རྒྱ་བཞིའམ་
ལྷན་སྐྱེས་ལ་སོགས་པའི་རྣལ་འབྱོར་མ་བཞིའོ། །དེས་ན་རྟེན་ཐམས་ཅད་དེར་འདུས་པས་སྡོམ་པའི་དབྱེ་བའོ། །རང་ལུས་དང་ཐབས་དང་ལྡན་པ་ནི་འཁོར་ལོ་བཞིའི་འདབ་མའི་གྲངས་དང་རྣམ་པ་སྟེ། དེར་ལུས་ཀུན་འདུས་པས་སྡོམ་པའི་དབྱེ་བའོ། །དེ་ཁོ་ན་ཉིད་དང་སྦྱར་བ་ལ་ཡང་
ཐུན་མོང་དང་ཁྱད་པར་རོ། །ཐུན་མོང་ནི་བདེན་པ་བཞི་དང་སྡེ་པ་བཞི་སྟེ་སྡེ་པ་མཆོག་ཏུ་སྡོམ་པའོ། །ཁྱད་པར་ནི་མཆོག་དང་མཆོག་མ་ཡིན་པ་སྟེ། དེ་ཡང་མཆོག་ནི་སྐད་ཅིག་དང་དགའ་བ་བཞིའི་བདེ་བ་མཆོག་ཏུ་སྡོམ་པའོ། །མཆོག་མ་ཡིན་པ་ནི་དེ་ཁོ་ན་ཉིད་བཞི་བདེ་བ་
མཆོག་ཏུ་སྡོམ་པས་སྡོམ་པའི་དབྱེ་བའོ། །བརྟག་པ་ཕྱི་མའི་ཚུལ་དུ་རྒྱུ་མཚན་བསྟན་པ་ལ་གཉིས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སངས་རྒྱས་སོ། ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཁོར་ལོ་བཞི་སྐུ་བཞིར་གྲུབ་པ་དེ། འབྲས་བུ་བཞི་དང་སྡེ་པ་བཞི་
དང་། རྣམ་པར་གཞག་པའི་རྒྱུ་མཚན་གྱིས་སྡེ་པ་མཆོག་ཏུ་སྡོམ་པ་དང་། སངས་རྒྱས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ། མིར་སྐྱེ་བ་དག་པའི་ཚུལ་གདོད་མ་ནས་སངས་རྒྱས་ཡིན་པས་བདེ་བ་མཆོག་ཏུ་སྡོམ་པས་སྡོམ་པའི་དབྱེ་བའོ། །མངོན་པར་རྟོགས་པ་ལ་གཉིས་
ཏེ། །རྣམ་པར་རྟོག་པའི་གཉེན་པོ་སྟེང་སྒོ་རླུང་ལ་བསླབ་པ་དང་། ཉོན་མོངས་པའི་གཉེན་པོར་བྱང་ཆུབ་སེམས་ལ་བསླབ་པའོ། །རླུང་ལ་གཉིས་ཏེ། ཤེས་པར་བྱ་བ་དང་། བསྒོམ་པའོ། །དེ་ལ་ཤེས་པ་ནི་ཕྱི་དག་པར་ཤེས་པ་དང་ནང་དག་པར་ཤེས་པའོ། །དེ་ལ་ཕྱི་ནི་རྒྱལ་

པོའི་ཕོ་བྲང་དང་དགེ་འདུན་གྱི་གནས་དག་ན་དབྱུ་གུ་དང་ཆུ་ཚོད་ལ་སོགས་ཏེ་རླུང་དུ་སྦྱར་བའོ། །ནང་གི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་འདབ་མའི་གྲངས་སྦྱར་བའོ། །དེ་དག་རྣམ་པར་དག་པའི་རང་བཞིན་དུ་ཤེས་ནས་རླུང་ལ་བསྒོམ་པ་སྟེ། ཟླ་བ་ཉི་མ་ཨཱ་ལི་ཀཱ་ལི་ཉིན་མཚན་
གཉིས་ལ་ཐུན་བཞི་བཞི་བརྒྱད་དུ་འབྱུང་ངོ་། །རེ་མོས་འབྱུང་བའི་འཕོ་བ་ནི་ཐུན་ཕྱེད་ཕྱེད་ནས་ཏེ་བཅུ་དྲུག་གོ། །དེ་རེ་རེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་ཆས་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །ཡང་ཟླ་ཉི་གང་ཡང་རུང་བ་གཅིག་ལས་བྱུང་བ་བཞི་རིམ་གྱིས་འབྱུང་བས་དབྱུ་གུ་དྲུག་ཅུ་
རྩ་བཞིའོ། །དེ་ལྟར་རླུང་ལས་སུ་རུང་ནས་གྲངས་ཀྱི་རྩིས་ནི་གཞན་དུ་ཤེས་པར་བྱའོ། །བསླབ་པ་ནི་གྲངས་ལ་བཅུ་དང་བརྒྱའི་བར་དུ་བསླབ་པ་དང་། རླུང་ལྷན་ཅིག་སྐྱེས་པར་སྦྱོར་བའོ། །བྱང་ཆུབ་སེམས་ལ་བསླབ་པ་ལ་གཉིས་ཏེ། སྒྲའི་དབྱེ་བ་དང་བཤད་ཚུལ་སྦྱོར་བའོ། །དེ་ལ་
སྒྲའི་དབྱེ་བ་གང་དུ་འཛག་ནི་ལྟེ་བ་སྟེ་གཉིས་པའི་དོན་ཏོ། །གང་འཛག་ན་རི་བོང་ཅན་ཏེ་དང་པོའི་དོན་ཏོ། །གང་ལས་འཛག་ན་ཧཾ་ལས་ཏེ་ལྔ་པའི་དོན་ཏོ། །གང་གིས་འཛག་ན་གཏུམ་མོ་སྦར་བ་སྟེ། གསུམ་པའི་དོན་ཏོ། །གང་གི་ཕྱིར་འཛག་ན་དེ་བཞིན་གཤེགས་པ་ལ་སོགས་པ་བསྲེགས་
པའི་དོན་ཏེ་བཞི་པའི་དོན་ཏོ། །བཤད་པའི་ཚུལ་སྦྱར་བ་ལ་ཡང་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་བསྐྱེད་པ་ལ་ཡང་ལྟེ་བར་ནི་སྣ་ཚོགས་པདྨའོ། །གཏུམ་མོ་ནི་རང་གི་རིག་མའོ། །ཨཱ་ལི་ཟླ་བ་ཅན་རྡོ་རྗེ་སེམས་དཔའོ། །འབར་བ་ནི་དེ་གཉིས་རྗེས་སུ་ཆགས་
པའོ། །དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔ་སྟེ། རྡོ་རྗེ་སེམས་དཔའ་ལ་ཡོད་པའོ། །སྤྱན་ལ་སོགས་པ་ནི་འབྱུང་བ་ལྔ་སྟེ་རིག་མ་ལ་ཡོད་པའོ། །བསྲེགས་པ་ནི་ཆགས་པས་ཞུ་བའོ། །རི་བོང་ཅན་ནི་ཁུ་བའི་མིང་གི་རྣམ་གྲངས་སོ། །འཛག་པ་ནི་ཐིག་ལེ་བཞི་ཆད་པའོ། །ཧཾ་ནི་བསྐུལ་བའི་
གླུའོ། །རྫོགས་པའི་རིམ་པ་ལ་གསུམ་སྟེ། གཞན་ལུས་ཤེས་རབ་ལ་བརྟེན་པ་དང་། རང་ལུས་ཐབས་དང་ལྡན་པ་དང་གཉིས་མེད་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཤེས་རབ་ལ་བརྟེན་པ་ཡང་ཙཎྜ་ལཱི་ཉི་མ། ཨཱ་ལི་ནི་ཟླ་བའོ། །ལྟེ་བ་ནི་རིན་པོ་ཆེའི་ཟེ་འབྲུ་དང་བྱ་རོག་གི་གདོང་ཅན་ནོ། །འབར་

པ་ནི་ཆགས་པས་བསྐྱེད་པའོ། །དེ་བཞིན་གཤེགས་པ་ལྔ་ནི་ལུས་ཅན་གྱིས་བསྡུས་པ་བཅུད་ཀྱི་འཇིག་རྟེན་ནོ། །སྤྱན་ལ་སོགས་པ་ནི་འབྱུང་བས་བསྡུས་པ་སྣོད་ཀྱི་འཇིག་རྟེན་ནོ། །བསྲེགས་པ་ནི་ཐ་མལ་པ་མི་དམིགས་པར་འཇུ་བར་བྱེད་པའོ། །རི་བོང་ཅན་ནི་
ཞུ་བའོ། །ཧཾ་ནི་བདེ་བ་ཆེན་པོའི་གནས་ལ་ཡོད་པའོ། །འཛག་པ་ནི་དེ་ལ་རྒྱུ་བའོ། །རང་ལུས་ཐབས་ཀྱི་བསྒོམ་པ་རྩ་དང་འཁོར་ལོར་གནས་པ་དེ་ཡང་ལྟེ་བར་ཨཾ་ལས་རླུང་དང་མེ་སྦར་ཏེ་འོད་ཟེར་ལངས་པས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། རྣམ་པ་དང་དོན་དང་མིང་རྣམས་ཀྱང་
བསྲེགས་པའོ། །མགྲིན་པར་སྤྱན་ལ་སོགས་པ་ཡང་རྣམ་པ་དང་། དོན་དང་མིང་རྣམས་བསྲེགས་ནས་སྨིན་ཕྲག་ནས་བྱུང་ནས་དེ་བཞིན་གཤེགས་པ་རྣམས་འོད་ཟེར་དུ་བཀུག་སྟེ་ཧཾ་ལ་ཐིམ་པས་ཆ་དང་ཆ་མེད་དུ་སོང་ནས་སུམ་ཅུ་རྩ་གཉིས་མཐའ་བདེ་བ་འབྱུང་བ་དང་ཧཾ་ཞུ་ནས་རྐན་ལ་
སོགས་པར་ཁྱབ་པར་བྱས་ཏེ་དྲི་ཆེན་བུ་ག་ནས་བྱུང་ནས། དེ་ནས་མགྲིན་པར་སོང་སྟེ་ངལ་བསོས་རང་གི་ཡི་གེ་རྣམས་གསོས། སྙིང་གར་དབུགས་ཕྱུང་སྟེ་སྔ་མ་བཞིན་བྱས། ལྟེ་བའི་ཨཾ་དེ་སོས་ཀའི་གླང་པོ་ཚད་པས་གདུངས་པ་ལ་བུམ་པ་བརྒྱ་ཡིས་ཁྲུས་གསོལ་བའམ། བཙུན་མོ་
རྒྱན་གྱིས་བརྒྱན་པ་འདོད་པས་གདུངས་པ་ལ་ཚིམ་པར་བྱས་པ་ལྟར་བདེ་བ་དང་དགའ་བར་འགྱུར་རོ། །གཉིས་མེད་ཕྱག་རྒྱ་ཆེན་པོ་ཡང་ཙཎྜ་ལཱི་ནི་སྤྲོས་པའི་རང་བཞིན་ལ་གཏུམ་པའོ། །ཨཱཾ་ལཱི་ནི་མོ་རྟགས་ཏེ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །ལྟེ་བ་ནི་སའི་དཀྱིལ་འཁོར་སྤྲུལ་པའི་
འཁོར་ལོ་དང་ནམ་མཁའི་དཀྱིལ་བདེ་ཆེན་གྱི་འཁོར་ལོ་ལྟེ་བར་ཟུག་ཅིང་གནས་པའོ། །འབར་བ་ནི་མཆོག་གི་དབང་པོ་དང་བའམ། ཡེ་ཤེས་རང་འབར་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེགས་པ་ནི་སེམས་ཡོངས་སུ་རྫོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡང་དབྱེར་མེད་
པས་བསྲེགས་ཏེ་བདེ་ཆེན་རྡོ་རྗེ་སེམས་དཔར་གྱུར་པའོ། །སྤྱན་ལ་སོགས་པ་ནི་ལུས་རྫོགས་པ་འབྱུང་བ་ལྔའོ། །བསྲེགས་པ་ནི་ཞུ་བའི་ཐིག་ལེར་དབྱེར་མེད་པས་རྡོ་རྗེ་སེམས་དཔར་གྱུར་པའོ། །རི་བོང་ཅན་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱི་མིང་གི་རྣམ་གྲངས་སོ། །ཧཾ་ནི་བདེ་བ་ལྷན་

ཅིག་སྐྱེས་པའི་རླུང་དང་བཅས་པའོ། །འཛག་པ་ནི་ནང་དུ་འབར་བ་སྟེ་བདེ་གསལ་མི་རྟོག་པའོ། །ལེའུའི་མཚན་ཡང་ཕྱོགས་རེ་རེ་ནས་བརྟགས་པ་ཕལ་ཆེར་ཡིན་ཡང་འདིར་ནི་ཀུན་ལ་སྦྱར་ཏེ་དང་པོ་གླེང་གཞི་ཡང་པ་རི་ཝརྟ་ཞེས་བྱ་སྟེ། བརྗེ་བའམ་རྣམ་པར་འཕྲོག་པའོ། །དེས་ན་རྡོ་རྗེ་
ནི་དགྱེས་པའི་རྡོ་རྗེའོ། །རིགས་ནི་འཁོར་ལ་སོགས་པའི་ཡན་ལག་གོ། །ལེའུ་ནི་སྟོན་པ་ལ་འཁོར་དུ་འཕྲོ་ཞིང་བརྗེ་བའམ། སྟོན་པ་ལ་སོགས་པ་རྣམ་པར་ཕྱེ་བའོ། །ཡང་ཞུས་པ་དང་ལན་གྱིས་རྡོ་རྗེ་ནི་སྟོན་པའོ། །རིགས་ནི་རྡོ་རྗེ་སྙིང་པོ་སྟེ་དེས་ན་སྙིང་རྗེའི་རིགས་སོ། །ལེའུ་
ནི་པ་ར་ཙྪེ་ད་སྟེ་ཡོངས་སུ་གཅོད་ཅིང་གཏུབས་ནས་ཞུས་ཏེ། བཅད་ཅིང་གཏུབས་ནས་རྣམ་པར་ཕྱེ་སྟེ་ལན་བཏབ་པའོ། །ཡང་རྒྱུད་ཀྱི་ཚུལ་ཡང་དམིགས་པའི་ཡུལ་ལྟ་སྟངས་ལ་སོགས་པ་དངོས་གྲུབ་ཡིན་པས་རྡོ་རྗེའོ། །དེ་བསྒྲུབ་པའི་རྣལ་འབྱོར་པ་ནི་རིགས་སོ། །ལེའུ་ནི་པ་ཏ་ལ་སྟེ་
སྲ་བ་དང་། སྐྱོབ་པས་གོས་དང་འདྲ་བར་འཚེ་བ་དང་ངོ་ཚ་སྐྱོབ་ཅིང་སྲུང་བས་དངོས་གྲུབ་ཀྱང་དེ་ལྟ་བུར་ཤེས་པར་བྱའོ། །ཡང་ཉམས་སུ་བླང་བའི་ཐབས་ཀྱང་རྡོ་རྗེ་ནི་རྫོགས་རིམ་མོ། །རིགས་ནི་སྐྱེད་རིམ་མོ། །ལེའུ་ནི་རྣམ་པར་ཕྱེ་སྟེ་བསྟན་པའོ། །དང་པོ་ནི་གཞན་ལ་ལྟོས་
པའམ། ཕྲ་མ་ཐ་སྟེར་བ་མཆོག་གོ། །ལེའུ་དང་པོ་རྡོ་རྗེ་རིགས་ཀྱི་ལེའུའི་དོན་ཡི་གེར་བྲིས་པ་རྫོགས་སོ།། །།དེ་ནས་ཉམས་སུ་བླང་བའི་ཐབས་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་རིམ་པ་གཉིས་བསྡོམས་ཏེ་ལེའུ་སོ་སོར་སྟོན་ཏོ། །དེ་ལ་ལེའུ་གཉིས་པ་ནི་
བསྐྱེད་པའི་རིམ་པའི་རྒྱུའོ། །གསུམ་པ་ནི་ངོ་བོའོ། །བཞི་པ་ནི་འབྲས་བུ་རྫོགས་པའོ། །ལྔ་པ་ནི་རྫོགས་པའི་རིམ་པའི་ལྷ་བསྒོམ་མོ། །དྲུག་པ་ནི་སྤྱོད་པའོ། །བདུན་པ་ནི་འབྲས་བུའི་ཡོན་ཏན་ནམ་དེའི་ཡན་ལག་གོ། །བརྒྱད་པ་ནི་རིམ་པ་གཉིས་ཀའི་གཞིའམ་མ་རྟེན་ནོ། །དགུ་པ་
ནི་རིམ་པ་གཉིས་དག་པའི་ཚུལ་ལོ། །བཅུ་པ་ནི་རིམ་པ་གཉིས་དབང་ལམ་དུ་བྱེད་པས་རྒྱུད་ལ་སྐྱེ་བའོ། །དོན་གྱི་གོ་རིམས་གཉིས་པར་འོང་ངོ་། །དེ་དག་ནི་ལམ་ཉམས་སུ་བླང་བའི་ཐབས་སོ། །བཅུ་གཅིག་པ་ནི་ཉམས་སུ་བླང་བའི་འབྲས་བུར་ཤེས་པར་བྱའོ། །དེ་ལ་སྔགས་ཀྱི་ལེའུ་

བཤད་པར་བྱའོ་ཞེས་སྡུད་པ་པོས་མཚམས་སྦྱར་བ་ཡང་། སྔགས་ནི་མནྟྲ་སྟེ་མ་ཡིད། ཡིད་ཅན་འགྲོ་བ་ཀུན་ཏྲ་སྟེ་སྐྱོབ་པའོ། །ཇི་སྐད་དུ། མ་ནི་ཡིད་ཅེས་བརྗོད་པ་སྟེ། ཏྲ་ཏ་སྐྱོབ་པ་ཞེས་སུ་གསུངས། །ཞེས་པའོ། །ཡང་ན་མ་མ་ནི་སྙིང་པོའམ་དེ་ཁོ་ན་
ཉིད་ཏྲ་ཏ་སྟེ། བསྲུང་བའམ་མི་འབྲལ་བའོ། །ཡང་ཨ་ཀཱ་རོའི་དོན་ལ་མོས་པར་བྱའོ་ཞེས་གསུངས་པའོ་ནི་མནྟྲ་སྟེ་སྤྱན་འདྲེན་པར་བྱེད་པའོ། །ཡང་སྔགས་ནི་སྤྱན་འདྲེན་པར་གསུངས་པ་སྟེ། དཔེར་ན་སྐྱེས་ཆེན་འགའ་ཞིག་ལ། ཆེ་ལ་མྱུར་བའི་སྒྲས་བོས་ནས། །ཐོས་
པ་ཙམ་གྱིས་འོངས་པ་བཞིན། །མཁའ་འགྲོ་མ་དང་བཙུན་མོ་བཟང་། །དེ་རྣམས་མངོན་དུ་ཕྱོགས་ཕྱིར་རོ། །ལེའུ་ནི་སྔ་མ་ལྟར་རོ། །འདིར་བསྐྱེད་པའི་རིམ་པའི་རྒྱུར་ཇི་ལྟར་འགྱུར་ཞེ་ན། དེ་ཡང་སྙིང་པོ་དང་ལྷའི་སྔགས་སོ། །དེ་ལ་སྙིང་པོ་ནི་བསྐྱེད་པའི་རིམ་པའི་རྒྱུའོ། །ལྷའི་
སྔགས་ནི་གསལ་བར་བྱེད་པའི་རྒྱུའོ། །ལས་ཀྱི་སྔགས་ནི་ནུས་པ་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སོམ་ཉི་མི་བྱའོ། །དང་ལ་གཏོར་མའི་སྔགས་བསྟན་པ་ཡང་གཏོར་མ་ནི་ལས་རྣམས་སྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཨོཾ་ཨ་ཀཱ་རོ་ནི་ཝ་ར་ཎ་སྟེ་ཨ་ཨརྠ་ནི་
དོན། །ཨུ་ཧ་བི་ག་ཏ་དོན་དང་བྲལ་བའོ། །མ་མ་ནི་སེམས་ཙམ། ཨ་ཨ་ཀར་ཎ་རྣམ་པ། ཨུ་ཧ་བི་ཀ་ཏ་རྣམ་པ་དང་བྲལ་བ། མ་མ་ནི་སེམས་ཙམ་སྟེ་རྣམ་པས་སྟོང་པའི་སེམས་ཙམ་མོ། །ཡང་ཨོཾ་ནི་ཨ་སྟེ་བརྗོད་བྱའི་ཆོས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་
རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་མ་སྐྱེས་པར་སྟོན་པའོ། །ཨ་ཨ། དེ་ལྟར་ན་དེ་ཡང་ཨོཾ་ནི་ཁས་ལེན་པའོ། །སརྦ་དྷརྨ་ནི་ཆོས་ཅན་ནོ། །ཨ་ཀཱ་རོ་མུ་ཁཾ་ནི་ཨའི་སྒོ་ཅན་དུ་དམ་བཅའ་བའོ། །ཨཱདྱ་ནུཏྤནྣ་ཏྭཱ་ཏ་ནི་ཐོག་མ་ཉིད་ནས་མ་སྐྱེས་པའི་ཕྱིར་ཏེ། གཏན་ཚིགས་
སོ། །ཨོཾ་ཨཱཿཧཱུཾ་ནི་བྱིན་གྱིས་བརླབ་པའོ། །ཕཊ་ནི་མི་མཐུན་པའི་བགེགས་ཞི་བར་བྱེད་པའི་ཕྱིར་རོ། །སྭཱ་ཧཱ་ནི་ཞེས་པས་གཞི་འཛུགས་པའོ། །འབྱུང་པོ་ཐམས་ཅད་ནི་འགྲོ་བ་ཀུན་ནོ། །གཏོར་མ་ནི་བ་ལིཾ་སྟེ། ཚོགས་གཉིས་དང་ལྡན་པས་སྟོབས་སུ་འགྱུར་བའོ། །དེའི་སྔགས་སོ། །

དེ་བཞིན་གཤེགས་པ་རྣམས་ནི་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་སྟེ་ས་བོན་གོ་རིམས་བཞིན་ནོ། །དེ་དག་ཀྱང་ཅི་ལ་དགོངས་ཤེ་ན། གཏུམ་མོ་འབར་བས་ས་བོན་དང་དབང་བསྐུར་བའི་རིགས་ཀྱི་བདག་པོ་
མཚོན་པའམ། ཧཱུཾ་གཅིག་བསྣན་ཏེ་ཧཱུཾ་གཉིས་ཀྱིས་རིགས་དྲུག་གི་ང་རྒྱལ་གྱི་དུས་སུ་དགོས་པ་དང་། ཡི་གེ་དྲུག་གི་ཕྲ་མོའི་རྣལ་འབྱོར་བསྟན་པ་དང་། བདུད་རྩི་མྱང་བའི་ས་བོན་དང་། འབུམ་ཚོ་ལྔ་བསྡུས་པའི་དོན་ཁོ་ནའོ། །དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཀྱེའི་རྡོ་རྗེའི་སྙིང་
པོའོ། །ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཟུག་རྔུ་ཞི་བས་དེ་ཝའོ། །རས་བལ་ལྟར་འཇམ་པས་ན་པི་ཙུའོ། །སྐུ་གསུང་ཐུགས་ཧཱུཾ་གསུམ་མོ། །ཐུགས་སྐུལ་བར་བྱེད་པས་ན་སྙིང་པོའོ། །ལྷན་ཅིག་སྐྱེས་པའི་རྟེན་ཅན། འབྲས་བུ་བདེ་བ་ཆེན་པོའི་སྐུ་བསྐྱེད་པའོ། །སྔགས་ཐམས་
ཅད་ཀྱི་རྐང་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་དགྱེས་པའི་རྡོ་རྗེའི་སྔགས་རྣམས་ལ་ཨོཾ་ནི་དང་པོའོ། །ཧཱུཾ་ཕཊ་བར་དུའོ། །སྭཱ་ཧཱ་ཐ་མར་གཞག་པ་ནི་གདུལ་བྱ་རྣམ་པ་གསུམ་དུ་ངེས་ཏེ། ཨོཾ་གྱིས་ནི་གདུལ་བྱ་ཞི་བའི་རྗེས་སུ་འཛིན་པའོ། །ཧཱུཾ་ཕཊ་ཀྱིས་ནི་མ་རུངས་པ་ཚར་གཅོད་པའོ། །སྭཱ་ཧཱ་ནི་བར་པ་
རྗེས་སུ་འཛིན་པའོ། །ཨ་ཀ་ཙ་ཊ་ཞེས་པ་ནི་གྲོང་ཁྱེར་དཀྲུག་པ་སྟེ་ཕྱི་དང་ནང་གིའོ། །ཕྱི་ནི་ལས་ཀྱི་གཙོ་བོ་སྟེ། སྔོན་དུ་དགྱེས་པའི་རྡོ་རྗེའི་བསྙེན་པ་རྫོགས་ནས་ལས་ཀྱི་བསྙེན་པ་བྱ་སྟེ། སྙིང་ག་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཡིག་འབྲུ་བརྒྱད་པོ་བཀོད་ལ། འོད་ཟེར་སྤྲོ་བསྡུ་དང་བཅས་པས་བཟླས་པར་
བྱའོ། །སྒྲུབ་པ་ནི་འོད་ཟེར་དེས་རྡོ་ཁབ་ལེན་གྱི་ཚུལ་དུ་གྲོང་ཁྱེར་བའི་ལུས་ངག་ཡིད་གསུམ་རྡོ་ཁབ་ལེན་གྱིས་བླངས་པ་བཞིན་དུ་འདུས་པར་བསམ་ཞིང་པུར་ཁྲོད་པ་ཧཱུཾ་ཕཊ་ཅེས་བཏགས་སོ། །ཌོཾ་བི་བ་ལྟ་བུའོ། །ནང་གི་ནི་སྙིང་གར་ཐིག་ལེ་བརྒྱད་བསྒོམས་ལ། དེ་ལ་སེམས་ཟིན་
པ་དང་ཕྱིའི་དབང་པོ་དྲུག་གི་གྲོང་ཁྱེར་རྣམས་འདུས་པའོ། །གཞན་གྱི་སྔགས་ཀྱིས་མི་འགྲུབ་པོ་ཞེ་ན། དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་ངོ་། །དེ་ལ་གཉིས་ཏེ། རིམ་དང་ཅིག་ཅར་བའི་བཟླས་པའོ། །རིམ་གྱིས་པ་ནི། ཨོཾ་ཨཱཿཨཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བདག་མེད་མ་ལ་འབུམ་

མོ། །དེ་བཞིན་དུ་དེ་ཉིད་གསུམ་གྱི་སྤེལ་ལ་ལྷ་མོ་ཀུན་ལ་ཁྲི་ཁྲིར་སྦྱར་རོ། །ཅིག་ཅར་བ་ནི་ཨོཾ་ཨཱཿནས་སྔགས་ཀུན་ལ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་གཙོ་མོ་དང་འཁོར་ལ་གྲངས་སྔ་མ་བཞིན་ནོ། །ས་བོན་སྦྱོར་བ་ནི་འོག་ནས་འཆད་པའོ། །ཏྲཻ་ལོཀྱཱ་ཀྵེ་པ་ནི་འཇིག་རྟེན་གསུམ་
གཡོས་ཤིག་པའོ། །ཕྱག་གཉིས་པའི་དགའ་བའི་རྟེན་ཅན་ཆོས་ཀྱི་སྐུའོ། །གཞན་སྔ་མ་བཞིན་ནོ། །ཛྭ་ལ་ཛྭ་ལ་ནི་དོན་ནམ་རྣམ་པར་རྟོག་པ་ལ་འབར་བའོ། །བྷྱོ་ནི་ཚིམ་པའོ། །ཕྱག་བཞི་པའི་ནི་མཆོག་དགའི་རྟེན་ཅན་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀི་ཊི་ཀི་ཊི་ཞེས་བྱ་བ་སྟེ་
མི་མཐུན་པ་ཆོད་ཅིག་པའོ། །ཕྱག་དྲུག་པའི་ནི་དགའ་བྲལ་གྱི་རྟེན་ཅན་སྤྲུལ་པའི་སྐུའོ། །ཨོཾ་ནི་ཨ་ཡིག་དང་ཨུ་ཡིག་དང་ཧཾ་ཡིག་སྟེ་སྟོང་པ་ཉིད་དོ། །ཨ་ནི་མཚན་མ་མེད་པའོ། །ཧཱུཾ་ནི་སྨོན་པ་མེད་པའོ། །བསྙེན་སྒྲུབ་ཀྱི་ལྷ་བསྐྱེད་པའི་དུས་སུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་
དང་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་རཀྵ་ཞེས་བྱ་བ་ནི་ས་སྦྱོང་བའི་སྔགས་ཏེ་གནས་སྐབས་རྣམ་པ་གསུམ་དུ་འགྱུར་ཏེ། བསྙེན་པའི་ས་བསྲུང་བ་དང་། རྣལ་འབྱོར་གྱི་ས་བསྲུང་བ་དང་། སྒྲུབ་པའི་ས་བསྲུང་བའོ། །ཨོཾ་ཧཱུཾ་སྭཱ་ཧཱ་རེངས་པའོ་ཞེས་པ་ནི་
སྔར་དགྱེས་པའི་རྡོ་རྗེ་དཔའ་བོ་གཅིག་པའམ་དཀྱིལ་འཁོར་གྱི་བསྙེན་པ་སྔོན་དུ་སོང་བའམ། ཡང་ན་འདི་རང་གི་བསྙེན་པ་སྔོན་དུ་སོང་བས་སྒྲུབ་པ་ནི་ཚོགས་བསགས་ནས་རབ་དང་། གུར་གྱི་ནང་དུ་རྡོ་རྗེ་རྣམ་བཞིའམ་ས་བོན་ཕྱག་མཚན་ལས་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་ལ།
ཡེ་ཤེས་སེམས་དཔའ་དགུག་གཞུག་བྱིན་གྱིས་བརླབ། དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཁྲི་བཟླས་ལ་སྒྲུབ་པ་ལས་སྦྱོར་ནི་ཆེ་གེ་མོ་སྟམྦྷ་ཡ་ཀུ་རུ་མཾ་ཞེས་བཏགས་ཤིང་ཏིང་ངེ་འཛིན་གྱི་ངག་གིས་ལུས་རྡོ་རྗེའམ་དབང་ཆེན་ལ་སོགས་པས་མནན་བར་
བསམ་མོ། །དེ་བཞིན་དུ་རྣལ་འབྱོར་མ་རེ་རེ་དང་སྔགས་རེ་རེར་སྦྱར་རོ། །ཨ་ཕུཿཞེས་པ་ནས་ཆར་དབབ་པ་སྟེ། འདིའི་དོན་བསྙེན་པ་དང་ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ། བསྙེན་པ་ནི་ཧེ་བཛྲའི་དཀྱིལ་འཁོར་གྱི་བསྙེན་པ་སྟེ་སློབ་དཔོན་གྱིས་ཞེས་བྱ་བར་སྦྱར་

རོ། །ཉེ་བའི་བསྙེན་པ་ནི་ཨོཾ་གུ་རུ་ཞེས་པ་ནས་ཧཱུཾ་ཕཊ་སྭཱ་ཧཱ་གོང་མ་ཚོ་སྦྱར་རོ། །དེ་ལ་མཚན་མ་ཐོབ་པས་སྒྲུབ་པ་བྱ་སྟེ། རླུང་གི་ཕྱོགས་སུ་རྫིང་བུ་བྱས། །ཞེས་པར་སྦྱར་ཏེ་དང་ལ་སྟ་གོན་བྱས་ཏེ་དེ་ནས་རྡུལ་ཚོན་བྲིས་ལ་ཙ་ཀ་ལི་དགོད་པ་དང་ཡང་བསྒོམ་པ་ལྷ་མོ་ཚོ་མས་སྦྲུལ་མནན་པ་གཙོ་
བོས་མཐའ་ཡས་མནན་པ་དེ་ལ་དཀྱིལ་འཁོར་བསྒྲུབ་པ་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ན་ཨ་ཕུཿའི་རྣམ་པ་ཞེས་བྱ་བ་སྟ་གོན་དུས་སུ་གཟུགས་བརྙན་བྱས་པ་ཡང་མཐའ་ཡས་སུ་བསྐྱེད་ལ་རང་བཞིན་པ་བཀུག་ལ་དེ་ལ་བསྟོད་པ་དང་འོག་གི་བཟླས་པ་བྱས་ལ་སྒྲུབ་པ་ཆེན་པོ་ནི་མཐའ་ཡས་དེར་
གཞག་ཅེས་བྱ་སྟེ་མནན་པ་བྱས་ལ། ཨ་ནནྟ་ཁྲོ་བ་ཞེས་སྔགས་དེར་གཟིར་རོ། །མ་གྲུབ་ན་སྤོགས་པ་ནི་སྔགས་བཟློག་སྟེ་བཟླས་ཞེས་པ་ཡི་གེ་བཟློག་སྟེ་ཕཊ་ཅེས་མས་བཟློག་པའོ། །དེ་བཞིན་དུ་བསྙེན་པ་དང་སྒྲུབ་པ་དང་སྒྲུབ་པ་ལས་ལ་སྦྱར་བ་གོ་སླའོ། །ལྷ་དགས་པ་ལ་གཉིས་ཏེ་ཕྱི་དང་
ནང་ངོ་། །ཚངས་པའི་ས་བོན་ནི་པ་ལ་ཤ་རྒྱ་སྐྱེགས་སོ། །རྒྱལ་ལ་སྒྲུབ་པ་ནི་སྐར་མ་རྒྱལ་གྱི་ཉིན་པར་རོ། །ཀུ་ཥཱ་རཙྪིནྣ་ནི་རྩྭ་སྟ་རེས་གཅོད་པའོ། །ཉི་མ་གཟས་ཟིན་པ་ནི་ཟླ་བ་བདུན་བདུན་ལ་གླིང་འདིའམ། གཞན་དུ་གཟའ་ཡིས་ཟིན་པའོ། །མི་བསྐྱོད་པ་བཏགས་ཤིང་བྱ་བ་ནི། དེ་ཡིས་
སྦྲུས་ལ། དགྲ་སྟའི་གཟུགས་ཅིག་བྱས་ལ། བཛྲ་ཀུ་ཥཱ་ར་སྒྲུབ་པའི་དོན་དུ་ཁྲི་བཟླས་ཤིང་བསྒྲུབ་པ་ལས་སྦྱོར་གྱི་དུས་སུ་དེ་བརྡར་ལ་དཔྲལ་བར་ཐིག་ལེ་བྱས་ལ། ལྷ་གང་ལ་ཕྱག་བྱས་པ་དེ་འགས་ཞེས་པ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྟེན་ལ་སྟ་རེ་དམིགས་ལ་ཕྱག་བཙལ་ལོ། །
བསྙེན་པ་ནི་སྔ་མ་བཞིན་ནོ། །ནང་ནི་ཚངས་པའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱལ་ལ་སྒྲུབ་པ་ནི་ལྷན་ཅིག་པའི་དུས་སོ། །ཀུ་ཥཱ་ར་ཙྪིནྣ་ནི་བྱང་ཆུབ་སེམས་ཀྱི་རིམ་གྲོའོ། །མི་བསྐྱོད་པ་བཏགས་པ་ནི་བརྡུང་བའོ། །ཉི་མ་གཟས་ཟིན་པ་ནི་རང་བྱུང་གི་མེ་ཏོག་གོ། །དགྲ་སྟ་ནི་གཅོད་པས་
ན་དགྲ་སྟ་སྟེ་རྐང་པས་མནན་པ་དང་འདྲ་བ་སྟེ། འོག་ཏུ་འཇོམས་པའོ། །བཟླས་པ་ནི་ཡང་དང་ཡང་དུ་བསྒོམ་པ་སྟེ། ལྷ་གང་ལ་ཕྱག་བྱས་པ་ནི་དངོས་པོ་གཟུགས་ལ་སོགས་པ་དངོས་པོ་ལ་ཞེན་པ་གང་ཡང་རུང་བདེ་འཇོམས་པའོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། །རྡོ་རྗེ་མ་དང་

ཞེས་བྱ་བ་ལ་སོགས་པ་གོང་གི་རེངས་པ་ལ་སོགས་པའི་རྣལ་འབྱོར་མ་རེ་རེ་དང་ལྷ་རེ་རེ་སྦྱར་རོ། །བརྟུལ་ཞུགས་ཅན་ཞེས་པ་སྟེ་བསྐྱེད་པའི་རིམ་པ་ལ་མཚན་མ་ཐོབ་པར་བྱའོ། །རྫོགས་པའི་རིམ་པ་ལ་རང་གི་ཉམས་ཐོབ་ནས་བག་ཚ་བ་མེད་པས་བྱའོ། །ལེའུའི་མཚན་
མ་ཡང་། སྔ་མ་ལྟར་ཅི་རིགས་པར་སྦྱར་རོ། །ལེའུ་གཉིས་པའོ།། །།དེ་ནས་ལྷའི་ལེའུ་བཤད་པར་བྱ་ཞེས་པ་ནི་ལྷ་སྟེ། ལུས་ལས་བྱུང་བ་དང་། བདེ་བ་ལ་རོལ་བ་སྟེ་ལྷའོ། །རྒྱུན་ཞི་བའི་དོན་གྱིས་ན་ལྷའོ། །དེའི་རིམ་པ་ཡང་གཉིས་ཏེ་ཕྱག་གཉིས་པ་ལ་བཤད་པ་དང་གཞན་ལ་སྦྱར་
བའོ། །བཤད་པ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་བསྐྱེད་པ་དང་། དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ལ་དཔའ་བོ་གཅིག་པ་ནི། དེ་ལ་སྒྲུབ་པོ་ཕུན་སུམ་ཚོགས་པ་དང་ལྡན་པས་རང་གི་སྙིང་ག་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་རང་མོས་པའི་རྣལ་འབྱོར་གྱི་ས་བོན་གྱི་འོད་
ཟེར་ལས་ཞེས་པ་ལ་སོགས་པ་གནས་བསྲུང་བ་ནས་བརྩམས་ཏེ། བྱ་བའི་རིམ་པ་རྣམས་མཆོད་པ་བྱིན་གྱིས་བརླབ་པ་ཡན་ཆད་སྔ་མ་ལྟར་བྱས་ལ་ནམ་མཁར་རྗེ་བཙུན་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་མཆོད་ནས་བཤགས་པ་ལ་སོགས་པ་ཡང་བྱ་སྟེ། ཅིའི་ཕྱིར་ཚོགས་མ་
བསགས་པར་ལྷ་མི་བསྒོམ་ཞེ་ན། རྒྱུ་དང་རྐྱེན་སྔོན་དུ་མ་སོང་བར་མི་འབྱུང་སྟེ། དཔེར་ན་མྱུ་གུ་སྔོན་པོ་བསྐྱེད་པ་ལ་ཉེར་ལེན་གྱི་རྒྱུ་ས་བོན་མྱུ་གུ་ལྷན་ཅིག་བྱེད་པའི་རྐྱེན་ཆུ་ལུད་དང་དྲོད་ཚད་མེད་པར་མི་འབྱུང་བ་ལྟར། རྒྱུ་བསོད་ནམས་ཀྱི་ཚོགས་དང་རྐྱེན་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་
དགོས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པ་ལ་ཡང་ཞིང་སྤྲུལ་དགོས་པས་དེ་ཡང་ལུགས་བཞི་སྟེ། སྙིང་ག་ནས་སྤྲུལ་པ་དང་བཀོད་པ་གསལ་བ་དང་། རང་བཞིན་དུ་གནས་པ་དང་། སྤྱན་དྲངས་པ་ལས་འདིར་སྤྱན་དྲང་པ་སྟེ། ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་
གཅིག་གོ། །དེ་ལ་མཆོད་པ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་དོ། །ཕྱི་ནི་སྤོས་དང་མེ་ཏོག་ལ་སོགས་པའོ། །ནང་གི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་དེ། །དཀར་མོ་རི་དགས་མཚན་མ་འཛིན། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་ལག་པར་འཛིན་ཞེས་པ་ནི་

རྒྱུད་ཀྱི་ཚིག་ཟོར་ཡང་དུ་བྱས་པའོ། །ལག་པ་ཞེས་པ་དང་། སྣོད་ཅེས་པ་དང་འཛིན་པ་ཞེས་གོང་འོག་ཀུན་ལ་སྦྱར་རོ། །བདུད་ལས་རྒྱལ་བ་ནི་རང་བྱུང་གི་རཀྟའོ། །ཆུ་ནི་དྲི་ཆུའོ། །སྨན་ནི་དྲི་ཆེན་ནོ། །རྡོ་རྗེ་ནི་ཤ་ཆེན་ནོ། །རོ་ནི་སྦྲང་རྩི་སྟེ་མཚོན་པས་ཆང་ངོ་། །ཅང་ཏེའུ་ནི་ཕྱིའི་མཆོད་པའོ། །
འདོད་ཆགས་ཆེན་པོ་རྗེས་ཆགས་ཞེས་པ་ནི་གསང་བའི་མཆོད་པ་སྟེ། འདོད་ཆགས་ཆེན་པོ་ནི་གཙོ་བོའམ། རྗེས་ཆགས་ནི་གཡུང་མོ་སྟེ། གཡུང་མོས་མགུལ་ནས་འཁྱུད་པ་ཉིད། །ཅེས་པ་ནི་མཆོད་བྱའི་ལྷ་མོ་རྣམས་གཙོ་བོ་ལ་བསྡུ། མཆོད་བྱེད་ཀྱི་ལྷ་མོ་རྣམས་གཡུང་མོ་ལ་
བསྡུ་ལ། ཀུན་དུ་རུའི་རྗེས་སུ་ཆགས་པའམ་ཡང་ན་མཆོད་བྱེད་ཀྱི་ལྷ་མོ་རྣམས་རང་ལ་བསྡུ་ཞིང་གཡུང་མོས་རླུང་མཚམས་ནས་འཁྱུད་པའི་ཚུལ་གྱིས་མཆོད་པའོ། །དེའི་དུས་སུ་བདེ་བའི་རོ་ཉམས་སུ་མྱོང་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེའི་མདུན་དུ་བདུན་རྣམ་དག་བྱ་སྟེ།
དེ་སྐད་དུ། བླ་མ་རྡོ་རྗེ་འཆང་མཆོད་ཅིང་། །བདུན་པ་ཡོངས་སུ་དག་པར་བྱ། །ཞེས་གསུངས་སོ། །དེ་ནས་དང་པོར་བྱམས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཚོགས་རྒྱས་འདེབས་ཏེ། ཚིག་དང་པོ་གཉིས་ཀྱིས་བསོད་ནམས་ཀྱི་ཚོགས་ནུས་པ་དང་ལྡན་པར་བྱེད།
ཚིག་འོག་མ་གཉིས་ཀྱིས་ཡེ་ཤེས་ཀྱི་ཚོགས་ནུས་པ་དང་ལྡན་པར་བྱེད་པའི་དགོས་པའོ། །ངེས་པའི་ཚིག་ནི་དམིགས་པ་ཚད་མེད་པས་སམ། འབྲས་བུ་ཚད་མེད་ཐོབ་པས་སོ། །དབྱེ་བ་གོ་རིམས་ངེས་པ་ནི་སྐྱེ་བའི་གོ་རིམས་ཏེ། བྱམས་པ་ནི་བརྩེ་བ་དང་ལྡན་པ་ལས་སྙིང་རྗེ་སྐྱེས་པས་དེ་
བཞིན་དུ་སྦྱར་རོ། །དམིགས་པའི་ཡུལ་ནི་བདེ་འགྲོ་དང་ངན་འགྲོ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིམ་པར་སྦྱར་རོ། །བསྒོམ་པའི་ཐབས་ནི་ཆེ་འབྲིང་རྣམ་པ་དགུ་རུ་ཕྱེ་སྟེ། དང་པོ་བྱམས་པ་ཞེས་པ་བཤེས་འབྲེལ་ལྟ་བུ་སྟེ། རང་གི་
སྙིང་དུ་བཅུག་པ་གཅིག་ལ་བྱམས་པ་སྐྱེ། དེ་བཞིན་དུ་གཉེན་རབ་འབྲིང་གསུམ་ལ་སྦྱར་རོ། །ཡང་ཐ་མལ་པ་རབ་འབྲིང་གསུམ་དང་དགྲ་རབ་འབྲིང་གསུམ་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །ཡང་དེ་བཞིན་དུ་སྡུག་བསྔལ་ཆེ་འབྲིང་དགུ་དང་ཟག་པ་མེད་པ་བླ་ན་མེད་པའི་བདེ་བ་རབ་

འབྲིང་དགུ་རུ་གོང་མ་རྣམས་ལ་བསྒོམ་མོ། །བཏང་སྙོམས་ནི་དགའ་བའི་སྣོད་དུ་བསྒོམ་པའམ་ཡང་ན་དམིགས་པ་མེད་པར་བསྒོམ་མོ། །སྟོང་པ་ཉིད་སྔགས་དང་བཅས་པ་ཡེ་ཤེས་ཀྱི་ཚོགས་བསགས་ལ། ཡང་ན་སྟོང་པའི་བྱང་ཆུབ་ཅེས་པས་གཟུང་ངོ་། །ཡེ་ཤེས་
ཀྱི་ཚོགས་ཀྱི་རྗེས་ལ་རང་གི་མདུན་མེད་དེ་སྟོང་པ་ཞིག་ཅེ་ན། རང་གི་བློས་ཆོས་སྟོང་པར་བྱས་པས་རང་གི་ལུས་ཐ་མལ་པ་ལྟར་སྣང་བ་དེའིའོ། །མདུན་དུ་རེ་ཕ་ཉི་མ་ལ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་རྟེན་བསྒྲུབས་ཏེ། རཾ་ལས་ཉི་མའི་དཀྱིལ་འཁོར་ཧཱུཾ་ལས་སྣ་ཚོགས་
རྡོ་རྗེ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་སུ་རང་སྟེང་དུ་གུར་བཅིང་བ་ཞེས་བྱ་སྟེ། འོག་ཀྱང་རྡོ་རྗེའི་ས་གཞིའོ། །ཆོས་ཀྱི་འབྱུང་གནས་ནི་བསྒོམས་ན་ཡང་སྒོམ། མ་བསྒོམས་ཀྱང་འགལ་བ་མེད་དོ། །དེའི་ནང་དུ་རོ་བསྒོམ་མོ། །ད་ནི་བརྟེན་པ་ལྷ་བསྒོམ་པ་ནི་རྡོ་རྗེ་རྣམ་
བཞིས་བསྐྱེད། ཡང་ནི་སྟེ་ཡེ་ཤེས་ཀྱི་ཚོགས་ལ་ལྟོས་པའོ། །སྟོང་པ་སྟེ་ཆོས་ཉིད་དང་། བྱང་ཆུབ་སྟེ་ཡེ་ཤེས་སོ། །དེ་ནས་གཉིས་པ་ལ་ས་བོན་བསྡུ་བ་ནི་ཧཱུཾ་ལས་བྱུང་བའོ། །གསུམ་པ་ལ་གཟུགས་བརྙན་རྫོགས་པའོ། །རྡོ་རྗེ་ནི་ཁ་དོག་ནག་པོ་འཇིགས་ཆེན་ནོ། །བཞི་པ་ལ་ནི་
ཡིག་འབྲུ་དགོད་པ་ནི། རྡོ་རྗེའི་ལྟེ་བའི་དབུས་གནས་པར། །ཡང་ནི་ཧཱུཾ་གི་དེ་ཉིད་བསྒོམ། །དེ་ལས་ཅིར་འགྱུར་ཞེ་ན། ཧཱུཾ་གི་རྣམ་པར་གྱུར་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སོ། །སེམས་དཔའ་སུམ་བརྩེགས་བསྒོམ། རང་འདྲ་བའི་ཡེ་ཤེས་པ་དགུག །སྐྱེ་
མཆེད་བྱིན་གྱིས་བརླབ་པ་མོས་ཚུལ་ལམ་བསྐྱེད་པའི་ཚུལ་གང་རུང་བྱའོ། །དབང་བསྐུར་བ་ནས་མཆོད་བསྟོད་བདུད་རྩི་མྱང་བ་བྱས་ལ། རྫོགས་པའི་རིམ་པ་ཅུང་ཟད་བསྒོམ། །སྔགས་ཀྱི་བཟླས་པ་བྱ། གཏོར་མ་བཏང་། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་
ལ་སྤྱོད་ལམ་བྱའོ། །དེ་བཞིན་དུ་ཐུན་བཞིའི་རིམ་པ་བསྒོམ་མོ། །དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་དང་རྟེན་བསྒྲུབ་པ་ནི་སྔ་མ་ལྟར་རོ། །རྟེན་ལ་ཁྱད་པར་འདི་ཡོད་དེ། གུར་བཅིངས་པ་ཡང་རྣམ་པར་བསྒོམ་གྱི་ཚིགས་སུ་བཅད་པ་དང་པོས་ནང་ཆོས་འབྱུང་ལེའུ་བརྒྱད་པ་ལྟར་འཁོར་ལོ་

སྔོན་དུ་ཅི་རིགས་པ་ལ་སོགས་པས་གཞལ་ཡས་ཁང་བསྒོམས་ལ། དེ་ཡང་ཁྱད་པར་འདི་ཡིན་ཏེ། འཕར་མ་གཅིག་པའོ། །དེ་ནས་ཨཱ་ལི་ཟླ་བ་ཀཱ་ལི་ཉི་མ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཆོ་ག་བསྟན་པ་ནི། ཨཱ་ལི་ལས་ཟླ་བ་བསྒོམས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་
ལས་མངོན་པར་བྱང་ཆུབ་པའོ། །ཀཱ་ལི་ལས་ཉི་མ་བསྒོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པ་ནི་ཧཱུཾ་ལས་རྡོ་རྗེར་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་
པའོ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པར་ནི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །བསྡུས་ནས་སྙིང་གར་བཀུག་པ་ན། །བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །རང་གི་ལུས་མཚུངས་རྣམ་པར་སྤྲོ་བ་ནི་དོན་དེ་བཞིན་གཤེགས་པ་ཡིན་ཡང་རྣམ་པ་ལྷ་མོར་
སྤྲོ་སྟེ། །སྙིང་གར་བཀུག་ཅེས་པ་ནི་ཧྲྀ་ད་ཡ་སྙིང་པོ་སྟེ། རྡོ་རྗེའི་ལྟེ་བ་ལ་བསྡུ་བའོ། །དེ་རྣམས་ཡོངས་སུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་པའོ། །ཡོ་གཱི་ཞེ་སྡང་བདག་ཉིད་གྱུར་པ་ནི་སྐུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་མངོན་པར་བྱང་ཆུབ་
པའོ། །འདིར་ནི་ལུགས་གཉིས་ཏེ། སྔོ་དང་ཉི་མ་མཚུངས་པ་ལ་སོགས་པ་གཙོ་བོ་བསྟན་པའམ། ཡང་ན་རྒྱུའི་རྡོ་རྗེ་འཆང་དཀར་པོར་བསྐྱེད་དེ། དེ་ནས་ཤིང་འབྲས་འཆོས་པའི་ཚུལ་དུ་ནག་པོར་གྱུར་པའོ། །རྣལ་འབྱོར་མ་ལ་སོགས་པས་འཁོར་བསྟན་ཏེ། དེ་དག་གང་གིས་བསྐྱེད་ཅེ་
ན། །ཧཱུཾ་གི་ཡི་གེ་འདོན་པའི་བདག །ཅེས་སྨོས་ཏེ། དེ་ལ་ཡང་ཚུལ་གཉིས་ཏེ། ཡུམ་ཡོད་པ་དང་མེད་པའོ། །ཡུམ་མེད་ན་སྙིང་གའི་ཧཱུཾ་ལས་ཡིག་འབྲུ་སྤྲོས་ཏེ། འཁོར་རྣམས་རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་དེ། ཡུམ་ཡོད་ན་རྗེས་སུ་ཆགས་པ་ཞུ་བ་ལས་རྒྱུའི་རྡོ་རྗེ་
འཆང་བཞེངས་ནས་བསྒྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས་འཁོར་མངལ་སྐྱེས་ཀྱི་ཚུལ་དུ་རྗེས་སུ་མཐུན་པའི་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད། སྔ་མ་ལྟར་ན་ཧཱུཾ་གི་ཡི་གེ་ལས་འདོན་བའི་བདག་ཅེས་བརྗོད་དོ། །ཕྱི་མ་ལྟར་ན་ཧཱུཾ་གི་ཡི་གེ་སྒྲོགས་པའི་བདག་ཅེས་བརྗོད་དོ། །ཡུམ་

ནི་མན་ངག་གིས་བདག་མེད་མ་ལ་བཞེད་དོ། །དེ་ལ་སེམས་དཔའ་སུམ་བརྩེགས་བསྒོམ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་མཆོད་པ་དང་བསྟོད་
པ་དང་བདུད་རྩི་མྱང་བའི་བར་དུ་བྱའོ། །རྫོགས་པའི་རིམ་པ་ཡང་ཅུང་ཟད་བསྒོམས་ཏེ། དག་པ་རྗེས་སུ་དྲན་པ་བྱ། སྔགས་བཟླས་གཏོར་མ་གཏང་། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། སྤྱོད་ལམ་བྱ། ཐུན་བཞིའི་རིམ་པས་དེ་བཞིན་དུ་བསྒོམ། དུར་ཁྲོད་
དུ་ནི་མགོན་པོ་རོལ། །ཞེས་པ་ནི། གང་གི་ཕྱིར་དུར་ཁྲོད་ཅེས་བྱ་ཞེ་ན། དབུགས་རྒྱུ་ཞེས་པའི་རིམ་པ་ཡིས། རོ་ཞེས་མངོན་པར་བརྗོད་པར་བྱའོ། །རོ་གནས་པའི་རིགས་པ་སྟེ། སྔར་གྱི་རོ་ཆོས་ཀྱི་དབྱིངས་ལ་གནས་པ་དེ་དུར་ཁྲོད་དོ། །འདིས་ནི་ཁམས་གསུམ་པ་བདག་མེད་པ་ཡང་མཚོན་
ཏོ། །སྤྱིར་མགོན་པོ་རོལ་པ་ནི་གསུམ་སྟེ། །ཐབས་ཀྱི་རོལ་པ་དང་ཤེས་རབ་ཀྱི་རོལ་པ་དང་དབྱེར་མེད་པའི་རོལ་པའོ། །ཐབས་ནི་ཆོས་ཀྱི་འབྱུང་གནས་སོ། །ཤེས་རབ་ནི་དུར་ཁྲོད་དེ་རོའོ། །དབྱེར་མེད་ནི་རྟེན་དང་རྟེན་མེད་པའི་དཀྱིལ་འཁོར་རོ། །གཞན་ལ་སྦྱར་བ་ནི་ཕྱག་བཞི་པ་དང་
དྲུག་པ་སྟེ། དེ་ལ་ཡང་གཉིས་ཏེ། དཔའ་བོ་གཅིག་པ་དང་དཀྱིལ་འཁོར་གྱི་འཁོར་ལོའོ། །དཔའ་བོ་གཅིག་པ་དང་རྡོ་རྗེ་རྣམ་བཞིས་བསྐྱེད་དོ། །ཕྱག་བཞི་ནི་བདུད་བཞི་ལས་རྒྱལ་བ་ཞེས་སྦྱར་ཏེ། གཞན་ཐམས་ཅད་སྔ་མ་དང་འདྲའོ། །དཀྱིལ་འཁོར་གྱི་འཁོར་ལོ་ནི་མངོན་པར་བྱང་
ཆུབ་པ་ལྔ་ཡིས་རྡོ་རྗེ་འཆང་དུ་བསྐྱེད། རྗེས་སུ་ཆགས་པས་ཞུ། འཁོར་བསྐྱེད་པ་སྔ་མ་དང་འདྲའོ། །ཕྱག་དྲུག་པ་ཡང་དེ་དང་འདྲའོ། །ཁམས་གསུམ་གྱི་རོ་མནན་པ་ཞེས་པ་ནི། ཁམས་གསུམ་ཀུན་དུ་བརྟགས་པ་སྟེ། མ་གྲུབ་པ་མཚོན། དཀྱིལ་འཁོར་གྱི་འཁོར་ལོ་ནི་གཞན་
གྱི་དབང་སྟེ། ཀུན་བརྟགས་སྤོང་བའོ། །འདིས་ནི་ཆོས་ཀྱི་དབྱིངས་དང་དུར་ཁྲོད་ཀྱི་ཡང་གོང་གི་ཡང་མཚོན་པ་སྟེ་སྔ་མ་བཞིན་ནོ། །ལེའུ་གསུམ་པའོ།། །།ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱ་ཞེས་པ་ནི། དང་པོ་ཡིན་ཡང་གཉིས་པར་ཤེས་པར་བྱ་སྟེ་ལྷ་རྣམས་ལ་ཞེས་

བདུན་པར་སྦྱར་བ་དང་། ལྷ་རྣམས་ཀྱི་ཕྱིར་ཞེས་བཞི་པ་སྦྱར་བ་དང་། ལྷ་རྣམས་ཀྱི་ཞེས་གསུངས་པར་ཡང་སྦྱར་རོ། །དབང་བསྐུར་བ་ནི་ཨ་བྷི་ཥིཉྩ་ཨ་བྷི་ཥེ་ཀ་ཏེ། དྲི་མ་འཁྲུད་པའམ་ནུས་པ་འཇོག་པས་ན་དབང་ངོ་། །རང་གི་སྙིང་གར་ཞེས་པ་ནི་ཕྱག་གཉིས་པ་ལ་སོགས་པ་སྔ་མ་
ལྟར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་དང་དེ་གཅིག་ཏུ་བྱས་ནས་གཙོ་བོའི་སྙིང་གར་རོ། །ས་བོན་བསམ་ཞེས་པ་ནི་ཧཱུཾ་ངམ་ཨཾ་ངོ་། དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པའི་གཟུགས་ཞེས་པ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པའོ། །དགུག་པའི་ཡོན་ཏན་དང་ལྡན་པས་སོ། །དེས་ཅི་བྱེད་ཅེ་ན་
ཁམས་གསུམ་དུ་བཞུགས་པ་ལ་སོགས་པ་སྨོས་ཏེ། སྤྱན་དྲངས་པ་ལ་རང་གི་སྙིང་ག་ནས་ལྷ་མོ་བརྒྱད་བཏོན་ནས་མཆོད་པ་བྱ་སྟེ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཡོངས་སུ་གྱུར་ནས་དབང་བསྐུར་རོ། །དེས་ཅིར་གྱུར་ཞེ་ན། ཧེ་རུ་ཀ་ཡོངས་སུ་རྫོགས་པ་ཉིད་ཅེས་སོ། །
དེ་ཡང་རྣམ་པར་བསྒོམ་པ་དང་བྱིན་གྱིས་བརླབས་པ་བསྒོམ་ཞེས་པ་ནི་སྒྲུབ་ཐབས་ལས་འབྱུང་བ་བཞིན་དུ་ཡན་ལག་དྲུག་དང་། ཏིང་ངེ་འཛིན་གསུམ་མམ། ཡང་ན་རྣམ་པར་བསྒོམ་པ་ནི་བསྐྱེད་པ་དང་། བསྐྱེད་པའི་རིམ་པ་ཡིན་ལ། བྱིན་གྱིས་བརླབས་པའི་སྒོམ་པ་ནི་རྫོགས་པ་
དང་ཡོངས་སུ་རྫོགས་པའི་རིམ་པའོ། །ཐུན་གསུམ་ཞེས་པ་ནི་ཉིན་གཅིག་ལའོ། །ལངས་ཏེ་ཞེས་པ་ནི་གཙོ་བོའི་ང་རྒྱལ་གྱིས་སོ། །ལྷའི་གཟུགས་སུ་གནས་སོ་ཞེས་བྱ་བ་འདིས་ནི་རྫོགས་པའི་རིམ་པའི་སྤྱོད་ལམ་ཡང་གཟུང་སྟེ། དེ་གཉིས་ཀ་ཡང་འོག་ནས་འཆད་དོ། །ལེའུ་
བཞི་པ་སྟེ་སྔ་མ་བཞིན་ནོ།། །།དེ་ནས་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྗེས་ཐོགས་ལའོ། །དེ་ཁོ་ན་ཉིད་ཀྱི་ལེའུ་རྫོགས་པའི་རིམ་པ་བཤད་པར་འདོད་ནས་བཤད་པར་བྱའོ་ཞེས་མཚམས་སྦྱར་བའོ། །དེ་ཁོ་ན་ཉིད་ཏཏྟྭ་སྟེ། དེ་བཞིན་དུ་རོ་གཅིག་པའམ། རང་བཞིན་ཇི་ལྟ་བ་
ཉིད་དུ་བསྟན་པའམ། ཤིན་ཏུ་རོ་གཅིག་པའམ། བསྡུས་ཤིང་སྙིང་པོ་ལྟ་བུའི་དོན་བྱེད་པས་སོ། །ངོ་བོས་གཟུགས་མེད་ཅེས་བྱ་བ་ལ་སོགས་པས་ནི་ལྟ་བ་ཤེས་རབ་གཙོ་བོར་སྟོན་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། བདག་ལས་མ་ཡིན་

གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །ཞེས་བྱ་བ་ལ་སོགས་པ་ངོ་བོ་ཉིད་ཀྱིས་སྐྱེ་བ་བཀག་པ་དང་རང་ལས་རང་སྐྱེ་བར་མི་འཐད་དེ་རང་གྲུབ་ན་དགོས་པ་མེད། མ་གྲུབ་ན་ནུས་པ་མེད་པས་སོ། །རྒྱུ་མེད་པ་ལས་མི་འཐད་དེ་རི་བོང་གི་རྭ་དང་འདྲ་
བས་གཏན་མེད་པས་སོ། །གཉིས་ཀ་ལས་ཀྱང་མི་འཐད་དེ། སྒྲུབ་པའི་ཕུང་པོ་གསུམ་པ་དང་དགག་པའི་ཕུང་པོ་གསུམ་པ་གཉིས་ཀ་མི་སྲིད་དོ། །གཞན་ལས་སྐྱེ་ན་འདས་པ་ལས་སམ། མ་འོངས་པ་ལས་སམ། ད་ལྟར་བ་ལས་ཏེ། དེ་ལྟར་མི་འཐད་དེ་དུས་མཉམ་པ་ལས་རྒྱུ་འབྲས་མི་
སྲིད་དོ། །མ་འོངས་པ་ལས་ཀྱང་མི་འཐད་དེ་ཕྱིས་འབྱུང་བའི་ཕྱིར་ན་རྒྱུ་ཉིད་མིན་ནོ། །འོ་ན་འདས་པ་ལས་སྐྱེའོ་ཞེ་ན། ཞིག་པ་ལས་སམ་མ་ཞིག་པ་ལས་སྐྱེ་ཞེ་ན། ཞིག་པ་ལས་མ་ཡིན་ཏེ། མེད་པའི་ཕྱིར་རི་བོང་གི་རྭ་དང་འདྲའོ། །མ་ཞིག་པ་ལས་སྐྱེ་ན་དུས་མཉམ་པར་ཐལ་ལོ་ཞེས་
སུན་འདོན་པ་ལ་ཕྱོགས་སྔ་མ་རྒྱུའི་དུས་ན་མ་ཞིག་པ་འབྲས་བུའི་དུས་ན་ཞིག་གོ་ཞེ་ན། དེ་ཡང་སྐད་ཅིག་མ་གཞན་ཞིག་གིས་ཆོད་དམ་མ་ཆོད། ཆོད་ན་སྔ་མ་ཞིག་པ་དེ་སྐྱེད་པར་བྱེད་པའི་རྒྱུ་མེད། མ་ཆོད་ན་ཡང་དུས་མཉམ་དུ་འགྱུར་རོ། །བྱས་པས་དེ་རང་གི་དུས་ཀྱིས་ཆོད་ཀྱི་གཞན་གྱི་དུས་
ཀྱིས་མ་ཆོད་དོ། །སྔ་མ་ལས་སྐྱེ་བ་དུས་མི་མཉམ་པར་མི་འགྱུར་རམ་ཞེ་ན། རྒྱུ་འབྲས་གཉིས་ལ་ཡང་སྐད་ཅིག་མ་གསུམ་གྱིས་བསྡུས་ཏེ། སྐྱེ་བ་དང་གནས་པ་དང་འཇིག་ཆ་གསུམ་ཡོད་པས་གཞན་དུས་ཀྱི་མ་ཆོད་པ་ཁོ་ནའོ། །གང་དེ་སྐད་ཅིག་མ་ཡིན་ན་དངོས་པོ་དེ་གཏན་མེད་པར་
ཐལ་ཏེ་རི་བོང་གི་རྭ་བཞིན་ནོ། །ངོ་བོས་གཟུགས་མེད་ནི་བུམ་པ་ལྟ་བུ་ཅིག་ཆོས་ཅན་དུ་གཞག་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཡང་དག་པར་མེད་དེ་དཔེར་ན་སྒྱུ་མ་ལ་སོགས་པ་བཞིན་ནོ། །གཞན་དག་གཏན་ཚིགས་མ་གྲུབ་སྟེ། བུམ་པ་ནི་ཆ་ཤས་དང་བཅས་པའི་དུས་ཡིན་
ལ་ཆ་མེད་པ་གཅིག་ཡིན་ཞེ་ན། དང་པོ་ལྟར་ཡོད་པ་མ་ཡིན་ཏེ། གཅིག་མ་ཡིན་ཏེ་ཆ་ཤས་དུ་མ་ཡོད་པའི་ཕྱིར། ཆ་ཤས་ཀྱི་དུ་མ་ཡང་མ་གྲུབ་སྟེ་ཕྱོགས་གཅིག་རང་ལ་ཡང་ཆ་དྲུག་ཡོད་པས་སོ། །ཕྱོགས་གཅིག་མེད་པས་ཆ་ཤས་ཀྱི་དུ་མ་མེད་དོ། །ཡང་ཁ་ཅིག་རྡུལ་ཕྲ་རབ་ཡོད་དོ་ཞེས་

ཟེར་ན་ཡང་ཆ་ཤས་ཡོད་དམ་མེད་བརྟགས་ཏེ། ཡོད་ན་སྔ་མ་དང་འདྲའོ། །ཆ་ཤས་མེད་ན་ནི་ཆ་ཤས་མེད་པའི་ཕྱིར་དངོས་པོ་གཟུགས་མེད་དུ་ཐལ་ཏེ་སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །དེ་བཞིན་དུ་ལྟ་བ་པོའི་གང་ཟག་ཀྱང་མེད་དོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་སྦྱོར་རོ། །
འགའ་ཞིག་སེམས་ཡང་དག་ཏུ་འདོད་དོ་ཞེ་ན། སེམས་མེད་སེམས་ལས་བྱུང་བ་མེད། །ཅེས་སྔ་མ་དང་འདྲ་བའི་རིགས་པ་མ་གྲུབ་པོ། །དེ་སྐད་དུ། གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། དེ་ཉིད་དུ་ནི་སྒྲ་ཡང་བྱ། །ཞེས་པ་ནས། དམིགས་ཞེས་བྱ་བ་སྟོང་པ་སྟེ། དབུས་སུ་རྣམ་ཤེས་ཇི་
ལྟར་འགྱུར། །རྣ་བ་ཞེས་བྱ་སྟོང་པ་ཡིན། །བར་ན་རྣམ་ཤེས་ཇི་ལྟར་མཆིས། །ཞེས་པ་རྒྱ་ཆེར་གསུངས་སོ། །ཐུན་མོང་ཤེས་རབ་ཀྱི་ལྟེ་བ་དབུ་མ་དང་ཆ་མཐུན་པར་གཏན་ལ་འབེབས་པ། རང་རིག་སེམས་ཙམ་དང་ཆ་མཐུན་པར་སྟོན་ཏེ། ལེའུ་བརྒྱད་པར་འཆད་པར་འགྱུར་རོ། །ལྟ་
བ་ཐུན་མོང་མ་ཡིན་པ་ཐབས་གཙོར་བྱས་པ་བདེ་བ་ཆེན་པོ་ཤེས་པ་སྟེ། སྐྱེད་བྱེད་མ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྐྱེད་བྱེད་མ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྒོམ་པ་དང་སྤྱོད་པ་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་ཐུན་མོང་མ་ཡིན་པའི་སྐབས་སུ་ཐབས་གཙོར་བྱས་ཏེ། ལྟ་བ་
ཤེས་རབ་བསྐྱེད་པ་ཡིན་པའི་ཕྱིར་དང་ཡང་ན་བསྒོམ་པའི་ཐབས་ཡིན་ཡང་། ལྟ་བ་ཉམས་སུ་ལེན་པའི་ཐབས་གཙོར་བྱས་ཏེ། ཡིད་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་པའི་ཕྱིར་སོམ་ཉི་མི་བྱའོ། །དེ་ཡང་གསུམ་སྟེ་གཞན་ལུས་ཤེས་རབ་སྟེ་འོག་སྒོ་ལ་བརྟེན་པ་དང་། རང་ལུས་ཐབས་ཏེ་
སྟེང་སྒོ་ལ་བརྟེན་པ་དང་། དེ་ཁོ་ན་ཉིད་ཤེས་རབ་མི་དམིགས་པ་དང་སྦྱར་བའོ། །དེ་ལ་ཤེས་རབ་ལ་བརྟེན་པ་ཡང་གཉིས་ཏེ། ལས་དང་པོ་པ་དང་ལས་སྨིན་པའོ། །ལས་དང་པོ་པས་ནི་མ་ཞེས་པས་ནི་རང་གིས་དེ་ལ་དབང་ནོས་པའོ། །སྲིང་མོ་ནི་དབང་ལྷན་ཅིག་ནོས་པའོ། །བུ་མོ་ནི་
རང་གིས་དབང་བསྐུར་བའོ། །རྟག་ཏུ་མཆོད་ཅེས་པ་ནི་དབང་གི་དུས་སུ་ཇི་ལྟར་རྒྱུན་མི་འཆད་པར་རོ། །རྣལ་འབྱོར་རིག་པ་ཞེས་པ་ནི་བླ་མའི་མན་ངག་བརྗོད་པའོ། །གར་མ་ནི་ཤེས་རབ་ཆེ་བའོ། །ཚོས་མ་ནི་དད་པ་ཆེ་བས་བསྒྱུར་སླ་བའོ། །རྡོ་རྗེ་མ་ནི་བསམ་གཏན་གྱིས་བསྟན་པའོ། །

གདོལ་བ་མོ་ནི་བརྩོན་འགྲུས་ཀྱི་ཕྱག་རྒྱ་སྟེ་དཔའ་བའོ། །བྲམ་ཟེ་མ་ནི་ངང་ཚུལ་བཟང་བས་བཟོད་པ་ཅན་ཏེ། ཆོས་དེ་རྣམས་གང་ཡང་རུང་བ་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་བདག་མེད་མར་བསྒོམ་པ་ནི་ཤེས་རབ་ཀྱི་ཆོ་ག་ཡིན་ལ་ཐབས་ཀྱི་ཆོ་ག་ནི་རང་ཉིད་དགྱེས་པའི་
རྡོ་རྗེ་བསྒོམ་མོ། །དེ་ཉིད་རིགས་པས་རྟག་ཏུ་མཆོད། །ཅེས་པ་ནི་ཟླ་བ་གཟུང་བ་དང་ལྡན་པའོ། །ཇི་ལྟར་དབྱེ་བར་མི་འགྱུར་བ་ནི་གསང་བའི་ཚུལ་ལོ། །རབ་ཏུ་འབད་པ་ནི་དམ་པ་ལ་དམིགས་པའི་མན་ངག་དང་ལྡན་པའོ། །བསྟེན་པ་ཉིད་ཅེས་བ་ནི་འདོད་པའི་ཡོན་ཏན་ནམ། བཟའ་
བ་ལ་སོགས་པའི་དམ་ཚིག་གོ། །མ་གསང་ཞེས་པ་ནི་མཚོན་པ་སྟེ། མ་འབད་ཅིང་མ་བསྟེན་པར་འགྱུར་ནའོ། །སྦྲུལ་དང་ཆོམ་རྐུན་ཞེས་པ་ནི་ཚེ་འདིའི་ཉེས་པའོ། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་པ་ནི་ཤི་ནས་དམྱལ་བ་སྟེ་སྐྱེ་བ་གཞན་གྱིས་ཉེས་པའོ། །ལས་སྨིན་
ཅིང་རྫོགས་པས་ནི། སྐྱེད་བྱེད་མ་ལ་སོགས་པ་ནི་བགྲོད་དང་བགྲོད་མིན་དུ་ཤེས་པར་བྱ་བའི་ཕྱིར། ལས་ཀྱི་ཕྱག་རྒྱ་དང་ཐ་མལ་བ་ཉིད་ལ་བྱའོ། །ཐབས་དང་ཤེས་རབ་ཆོ་ག་ལ་སོགས་པ་ནི་ལས་དང་པོ་པ་དང་མཐུན་ནོ། །རང་ལུས་ཐབས་ཀྱི་སྟེང་སྒོ་ལ་བརྟེན་པས་ནི་སྐྱེད་བྱེད་མ་
སྟེ། །གཡོན་གྱི་རྐྱང་མ་ནས་རྒྱུ་བའི་རླུང་ངོ་། །སྲིང་མོ་ཉིད་གཡས་ཀྱི་རོ་མ་ནས་རྒྱུ་བའི་རླུང་ངོ་། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །ཅེས་པ་ནི་དབུས་ཨ་ཝ་དྷཱུ་ཏཱི་རུ་ལྷན་ཅིག་སྐྱེས་པའི་རླུང་དུ་སྦྱོར་བའོ། །གར་མ་ནི་མིག་དང་འབྲེལ་བ་མྱུར་བའི་རླུང་ངོ་། །ཚོས་མ་ནི་རྣ་བ་དང་
འབྲེལ་བ་བསྒྱུར་བའི་རླུང་ངོ་། །རྡོ་རྗེ་མ་ནི་སྣ་དང་འབྲེལ་བ་བརྟན་པའི་རླུང་ངོ་། །གདོལ་པ་མོ་ནི་ལྕེ་དང་འབྲེལ་བ་བག་ཚ་བ་མེད་པའི་རླུང་ངོ་། །བྲམ་ཟེ་མ་ནི་ལུས་དང་འབྲེལ་བ་ཉེས་པ་དག་པའི་རླུང་ངོ་། །ཐབས་ཀྱི་ཆོ་ག་ནི་རླུང་དེ་རྣམས་ཀྱིས་མི་གཡོ་མི་འགོག་པར་ཡུལ་རྣམས་
ལ་བདེ་བར་སྦྱོར་བའོ། །ཤེས་རབ་ཀྱི་ཆོ་ག་ནི་དེ་རྣམས་བསྡུས་ཏེ་རང་བཞིན་མེད་པར་བྱ་སྟེ། ཨ་ཝ་དྷཱུ་ཏཱིར་ལྷན་ཅིག་སྐྱེས་པའི་རླུང་དུ་སྦྱོར་བའོ། །དེ་ཉིད་རིག་པར་རྟག་ཏུ་མཆོད་ནི་ཆོ་ག་དེ་རྣམས་དང་ལྡན་པ་རྒྱུན་དུ་རྣལ་འབྱོར་དུ་བྱེད་པའོ། །ཇི་ལྟར་དབྱེ་བར་མི་འགྱུར་ཞེས་པ་ནི་

ཐབས་དང་ཤེས་རབ་སྦྱོར་བའོ། །རབ་ཏུ་འབད་ཅེས་པ་ནི་ལུས་ངག་ཡིད་གསུམ་ཀྱི་བརྩོན་འགྲུས་སོ། །བརྟེན་པ་ཉིད་ནི་ཤེས་པར་བྱའོ། །མ་གསང་ཞེས་པ་ནི་རང་གི་མའི་རྣམ་པར་རྟོག་པའོ། །སྦྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་རྣམ་རྟོག་ལས་སྤྲུལ་པའི་ཉེས་པ་སྟེ། རྨི་ལམ་གྱི་
སྡུག་བསྔལ་བཞིན་ནོ། །དེ་ཁོ་ན་ཉིད་ཤེས་རབ་དང་སྦྱར་བ་ནི། སྐྱེད་བྱེད་མ་ནི་སེམས་སོ། །སྲིང་མོ་ཉིད་ནི་སེམས་ལས་བྱུང་བའོ། །རྣལ་འབྱོར་རིག་པ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དེ་དག་མེད་ཅིང་འགོག་པ་མ་ཡིན་ཏེ། །མ་སྟེ་ཐབས་དང་ཤེས་རབ་ལ་མ་བརྟེན་གཞན་
ལ་འགོག་པ་སྦྱར་བ་དེ་ཉིད་ཆགས་བྲལ་ལྟ་བུ་གཉུག་མའི་དབང་པོར་བདེ་བ་ཆེན་པོ་རང་འབྱུང་བའོ། །རྟག་ཏུ་མཆོད་ཅེས་པ་ནི་དབང་པོ་རང་སྣང་རྒྱུན་མི་འཆད་པའི་མན་ངག་གོ། །གར་མ་ནི་གཟུགས་དང་མིག་གི་དབང་པོའོ། །ཚོས་མ་ནི་སྒྲ་དང་རྣ་བའི་དབང་པོའོ། །རྡོ་རྗེ་མ་ནི་དྲི་དང་སྣའི་
དབང་པོའོ། །གདོལ་པ་མོ་ནི་རོ་དང་ལྕེའི་དབང་པོའོ། །བྲམ་ཟེ་མ་ནི་རེག་བྱ་དང་ལུས་ཀྱི་དབང་པོའོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང་དེ་ཉིད་རིག་པས་ཞེས་པ་ནི་གཉུག་མའི་དབང་པོ་དེར་བདེ་བ་ཆེན་པོ་རང་གསལ་བའོ། །རྟག་ཏུ་མཆོད་ཅེས་པ་
ནི་དབང་པོ་རང་སྣང་གི་མན་ངག་གོ། །ཇི་ལྟར་དབྱེ་བར་མི་འགྱུར་བར། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །རབ་ཏུ་འབད་པའི་ཞེས་པ་ནི་དེ་ཡང་བླ་མའི་མན་ངག་གིས་ཐོབ་པས་སོ། །རྟེན་པ་ཉིད་ཅེས་པ་ནི་ཤེས་རབ་ལྷ་མོ་བླ་ན་མེད་པ་དང་འདོད་པའི་ཡོན་ཏན་ནོ། །མ་གསང་ཞེས་བྱ་བ་ནི་
མཚོན་པ་སྟེ་མ་འབད་ན་མ་བརྟེན་ནའོ། །དེ་ཡང་མུ་དྲ་ཆེན་པོ་དང་དབང་པོ་རང་སྣང་གི་མན་ངག་མི་ལྡན་པར་སྤྱོད་པ་ལ་འཇུག་པའོ། །དེས་ན་སྦྲུལ་དང་ཆོམ་རྐུན་ལ་སོགས་པ་ནི་ལོག་པའི་བརྟུལ་ཞུགས་སྦྱང་པའི་ཉེས་དམིགས་སོ། །ལས་ཀྱི་ཕྱག་རྒྱ་དེ་དག་ཐ་མལ་སྤོང་བའི་ཕྱིར་ཕྱག་
རྒྱས་གདབ་པ་གང་གི་ཕྱིར་ཞེ་ན། ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་པའོ། །གང་དག་གིས་ཤེ་ན། རིགས་ལྔའི་ཞེས་པ་སྟེ། རྡོ་རྗེ་པདྨ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྟེ། གང་ལྟར་དང་ཞེ་ན། རྡོ་རྗེ་འདིས་ནི་ཞེས་པ་སྟེ། ཚིག་རྐང་གཉིས་ཀྱིས་སོ། །དེ་ཡང་རྡོ་རྗེ་ལ་སོགས་

པ་གང་ལ་གང་གིས་རྒྱས་བཏབ་པས། དེ་དེའི་རང་བཞིན་དུ་གྱུར་པས་ཐ་མལ་པ་སྤངས་ནས་ཐར་པའི་རྒྱུར་འགྱུར་བའོ། །དེ་ལ་སློབ་དཔོན་ཁ་ཅིག་ནི་གསང་བའི་གནས་ཀྱིས་རྒྱས་བཏབ་པ་ལ་འདོད་དེ། འདིར་མཐུན་པ་མ་ཡིན་ནོ། །གང་ལ་
ཞེ་ན། །རྡོ་རྗེའི་ཕྱག་རྒྱས་གཡུང་མོ་ཉིད། །ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་རྣམས་ཀྱང་གཉིས་པའི་དོན་གྱིས་དང་པོར་ཤེས་པར་བྱའོ། །གར་མ་ལ་སོགས་པ་ནི་དེ་ལྟར་ཡིན་ན། སྐྱེད་བྱེད་མ་ལ་སོགས་པ་ཇི་ལྟ་བུ་ཞེ་ན། འདི་རྣམས་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །དེར་ཡང་། མདོར་བསྡུས་པར་ནི་བརྗོད་པར་བྱ། །ཞེས་པ་ནི་རྡོ་རྗེ་འཆང་རིགས་དྲུག་པའོ། །འདི་རྣམས་ཞེས་བྱ་བ་ནི་སྔར་གྱིའོ། །དེ་བཞིན་གཤེགས་པའི་རིགས་ཞེས་པ་ནི། རྡོ་རྗེ་འཆང་ཡིན་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་
ཡིན་པའི་ཕྱིར་རོ། །དེ་བཤད་པའི་ཕྱིར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་དཔལ་ལྡན་རྡོ་རྗེ་འཆང་བདེ་བ་ཆེན་པོའི་སྐུའོ། །དེ་བཞིན་ཉིད་གཤེགས་ཤིང་ཞེས་པ་ནི་ཆོས་ཀྱི་སྐུར་ཏེ། །སྐྱེད་བྱེད་མ་ལ་རྒྱས་གདབ་པའོ། །དེ་བཞིན་སླར་ཡང་
གཤེགས་པ་ཉིད། །ཅེས་པ་ནི་གཟུགས་སྐུ་སླར་བྱུང་བ་སྟེ། ལོངས་སྐུས་སྲིང་མོ་ལ་རྒྱས་གདབ་པའོ། །སྤྲུལ་སྐུས་བུ་མོ་ལའོ། །ཤེས་རབ་རིག་པ་འདི་ཡིས་ནི། །ཆོས་ཀྱི་སྐུ་དང་ཐབས་ཀྱི་རིག་པས་གཟུགས་སྐུ་ལོངས་སྐུས་མཚོན་ནོ། །དབྱེར་མེད་རིགས་པ་འདི་
ཡིས་ནི་སྤྲུལ་སྐུ་མཚོན་ནོ། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་པ་ནི་རྡོ་རྗེ་འཆང་བདེ་ཆེན་གྱི་སྐུ་ཡིན་ཡང་། དེའི་ཆོས་སྐུ་གསུམ་གྱི་རིགས་པས་དེ་བཞིན་གཤེགས་པའི་རིགས་སུ་བཏགས་སོ། །འོ་ན་རིགས་རྣམས་དུ་ཡོད་ཅེ་ན། རིགས་ནི་ཞེས་བྱ་བ་ལ་སོགས་
པ་ཚིགས་སུ་བཅད་པ་གཅིག་གི་དབྱེ་བ་དང་བསྡུ་བས། གཅིག་ཉིད་དྲུག་དང་ལྔ་དང་གསུམ་དུ་བསྟན་ཏེ། །དེ་ཡང་དག་པའི་གནས་སྐབས་ན་རྣམ་པར་རྟོགས་རིགས་སུ་དབྱེ་བ་མེད་བཞིན་དུ་དབྱེ་བ་ཇི་ལྟ་བུ་ཞེ་ན། བདེན་ཏེ་མ་དག་པའི་གནས་སྐབས་ཀྱི་དབྱེ་བས་

རྣམ་པར་གཞག་པའི་ཕྱིར། རིགས་དང་འབྱུང་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་སོ། །སྤྱིར་རིགས་ཐ་དད་པར་འཇོག་པ་ཀུན་རྫོབ། རིགས་གཅིག་པ་དོན་དམ་པ་ཡིན་ཏེ། ཐ་དད་པ་ནི་ཆུ་བོ་བཞིན། །དུ་མ་ཉིད་དུ་བརྗོད་མི་བྱ། །ཞེས་སོ། །ལ་
ལ་དག་ནི་ཇི་སྲིད་དུ་ཁས་ལེན་པ་དེ་སྲིད་དུ་གཞན་སེལ་བར་གནས་ཏེ། དཔེར་ན་རྒྱུའི་ཚོགས་པ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་སྣང་སྟེ། དཔེར་ན་མར་མེ་ཐ་དད་པས་སེལ་བའི་མུན་པ་གཅིག་ལས་མེད་ཀྱང་མར་མེ་ནི་གཅིག་ཏུ་གྱུར་པ་མ་ཡིན་ནོ། །དེ་ཡང་། ཚོགས་
དང་ཆོས་ཀྱི་སྐུ་དག་དང་། འགྲོ་བའི་དོན་རྣམས་སྤྱོད་པ་ནི། །སངས་རྒྱས་ཐམས་ཅད་མཚུངས་པ་ཡིན། །ཞེས་གསུངས་སོ། །རིགས་པས་དཔྱད་ན་ནི་ཡིད་ཀྱི་སྤྱོད་ཡུལ་དུ་ཤིན་ཏུ་དགའ་བས་ཆོག་གོ། །ད་ནི་བསྒོམ་པའི་ཉམས་བསྟན་པའི་ཕྱིར་སྒོམ་པ་མེད་ཅེས་བྱ་བ་ལ་
སོགས་པ་གསུངས་སོ། །དེ་ཡང་ལྟ་བ་ཤེས་རབ་ཀྱི་སྐབས་སུ་མིག་གི་དབང་པོ་ལ་སོགས་པ་གཅིག་དང་དུ་བྲལ་རིགས་པས་རང་བཞིན་མེད་པའི་ཕྱིར་སྒོམ་པ་པོ་མེད་ཅེས་པའོ། །ཡང་ལྟ་བའི་སྐབས་སུ་གཟུགས་ལ་སོགས་པ་མེད་པའི་ཕྱིར་བསྒོམ་པ་ཡང་མེད་ཅེས་ལྷག་
མའོ། །བསྒོམ་བྱ་མེད་ཅེས་བྱ་བ་ནི་འང་སྟེ། སྔ་མ་གཉིས་ལྟ་བུའོ། །དེ་ཡང་ལྟ་བའི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་རང་བཞིན་མེད་པའི་ཕྱིར་རོ། །འོན་ཏེ་བསྒོམ་པ་ནི་ལམ་གྱི་གཙོ་བོ་ཡིན་ན། དེ་མེད་ན་འབྲས་བུ་དང་ལམ་གཞན་དག་ཇི་ལྟར་ཡོད་པར་འགྱུར་ཞེ་ན།
དེའི་ཕྱིར། ལྷ་དང་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ཡང་འབྲས་བུ་གཞན་དག་ཉེ་བར་མཚོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོད་པ་མ་ཡིན་ནོ། །ལམ་ཡང་གཞན་དག་ཉེ་བར་མཚོན་པ་སྟེ། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྒྲུབ་པ་དང་ཕྲིན་
ལས་ཀྱང་ཡོད་པ་མ་ཡིན་ནོ། །རྡོ་རྗེ་ཁུ་ཚུར་ལ་སོགས་པ་བཏགས་པའི་ཕྱག་རྒྱ་ཡང་ཡོད་པ་མ་ཡིན། མེ་ལ་མར་ལྡུགས་པའི་སྦྱིན་སྲེག་ཀྱང་། རུ་རུ་སྥུ་རུ་ལ་སོགས་པ་སྙིང་པོ་དང་ཕྲེང་བའི་སྔགས་བཏགས་པར་ཡོད་པ་མ་ཡིན། ཁ་དོག་དང་དབྱིབས་སུ་བཏགས་པ་དང་རྩིག་པ་

ལ་སོགས་པའི་དཀྱིལ་འཁོར་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་སྒོམ་པའི་ཉམས་དེ་ཡང་རང་བཞིན་མེད་པ་ཙམ་དུ་བྱ་བའི་ཕྱིར་ཕུན་སུམ་ཚོགས་པའི་གཞིར་ཇི་ལྟར་འགྱུར་ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས་ཡང་དག་གནས་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་ཡང་ལྟ་བ་ལ་སོགས་པའི་སྐབས་སུ་སྐྱེད་བྱེད་མ་སོགས་པའི་ཐབས་ཐུན་མོང་མ་ཡིན་པའི་ཡིད་སོ་སོར་རྟོག་པའི་བདེ་བ་ཉམས་སུ་བླངས་པས། འདིར་སྒོམ་པའི་ཉམས་མཆོག་ཏུ་བདེ་བ་ཆེན་པོ་ཁོ་ནར་རང་སྐྱེ་བར་འགྱུར་ཏེ། དེ་ཡང་མི་རྟོག་པ་རང་རྣལ་དུ་འཇུག་པས་སྤྲོས་
པ་མེད་པའི་ཤེས་པའོ། །རང་བཞིན་ལས་ཞེས་པ་ནི་བདེ་བ་ཆེན་པོ་གཉུག་མ་ལས་སོ། །ལས་ཞེས་པ་ནི་ཐམས་ཅད་ཀྱི་འབྱུང་ཁུངས་ལྔ་པར་སྦྱར་བའམ། ཡང་ན་ལས་ཞེས་འགར་བྱེད་ཀྱི་ལྔ་པར་སྦྱར་ཏེ། སྤྲོས་པ་མེད་པས་ཐམས་ཅད་བཀག་ནས་སྣང་བའི་ཡེ་ཤེས་ཆེན་པོ་ཉིད་ཡང་དག་
གནས་ཞེས་པ་ནི་གཉིས་མེད་འོད་གསལ་བའི་བདག་ཉིད་དོ། །སྔགས་དང་ལྷ་ནི་ཉེ་བར་མཚོན་པའི་འབྲས་བུ་ནི། སྔགས་ནི་དེ་ཉིད་ཡིད་ཅན་ཐམས་ཅད་སྐྱོ་བར་བྱེད་པས་ན་སྔགས་སོ། །སྣང་བ་ཐམས་ཅད་རྒྱས་འདེབས་པར་བྱེད་པས་ན་ཕྱག་རྒྱའོ། །རྣམ་པར་རྟོག་པ་ཐམས་ཅད་སྲེག་པར་
བྱེད་པས་སྦྱིན་སྲེག་གོ། །ཁ་དོག་སྣ་ཚོགས་པར་སྣང་བས་ན་རྟེན་གྱི་དཀྱིལ་འཁོར་རོ། །དེ་ནས་ཕུན་སུམ་ཚོགས་པའི་བདག་ཉིད་གདོད་མ་ནས་གྲུབ་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །ད་ནི་འབྲས་བུ་ཕུན་སུམ་ཚོགས་པ་དེ་བཤད་པའི་ཕྱིར་རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་
ལ་ཡང་བདེ་བའི་ཡེ་ཤེས་དེ་ཉིད་འོད་ཟེར་མཐར་ཐུག་པ་མེད་པར་ཁྱབ་པས་རྣམ་སྣང་ངོ་། །མི་བསྐྱོད་ཅེས་པ་ནི་མི་མཐུན་པས་སོ། །དོན་ཡོད་གྲུབ་ཅེས་པ་ནི་སངས་རྒྱས་ཀུན་གྱི་ལས་སོ། །རིན་ཆེན་ཞེས་པ་ནི་རྟོག་པ་དཀོན་པས་སོ། །དཔག་མེད་ཅེས་པ་ནི་བདེ་ཆེན་གྱི་ཆེ་བའོ། །སེམས་
དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། མཆོག་ཏུ་བདེ་བ་ཉིད་དོ། །དེ་དག་ནི་འཇིག་རྟེན་ལས་འདས་པའི་ལྷ་ཡིན་ན། འཇིག་རྟེན་པའི་འབྲས་བུ་ཕུན་སུམ་ཚོགས་པ་མེད་དམ་ཞེ་ན། དེའི་ཕྱིར་ཚངས་པ་ལ་སོགས་པ་བསྟན་ཏོ། །དེ་བཤད་པ་ཡང་ཚིག་གསུམ་གྱིས་བསྟན་ཏེ། ཡང་བདེ་

བ་ཆེན་པོ་དེ་ཉིད་མི་རྟོག་པ་ལ་ཁྱབ་པ་དང་། བདེ་བ་དང་གཅིག་གསལ་བར་བསྟན་པའི་ཕྱིར། ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་པའོ། །ཐམས་ཅད་ཅེས་པ་ནི་བཤད་པའི་སྐབས་སུ། ཐམས་ཅད་ཀུན་གྱི་བདག་ཉིད་གནས། །ཞེས་པ་སྟེ། མི་རྟོག་པས་ཁྱབ་པའོ། །དེ་ཉིད་བརྗོད་ཅེས་
པ་ནི་བཤད་པའི་སྐབས་སུ་དམ་པའི་བདེ་བས་དེ་ཉིད་ཅེས་པ་སྟེ། བདེ་བ་རོ་གཅིག་ཏུ་བསྡུས་པའོ། །སངས་རྒྱས་ཞེས་པ་ནི་བཤད་པའི་སྐབས་སུ། བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་པ་སྟེ། གཉིས་མེད་རང་རིག་འོད་གསལ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་
པའི་ཕུན་སུམ་ཚོགས་པ་དེ་ལ་ལྷན་ཅིག་ཅེས་ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཧ་ནི་ལུས་སོ། །བྷ་ག་ནི་འབྱུང་བ་དེ་སྟེ་དེའི་ལུས་ལས་འབྱུང་བས་ལྷའོ། །དེ་ཡང་ལྷན་ཅིག་སྐྱེས་པའི་དོན་ཡིན་ཏེ། ཚངས་པ་ལ་སོགས་པ་ནི་ཀུན་རྫོབ་ལྷན་ཅིག་སྐྱེས་པས་བསྡུས་ལ་རྣམ་
སྣང་ལ་སོགས་པ་དོན་དམ་ལྷན་ཅིག་སྐྱེས་པས་བསྡུས་པས་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ནོ། །ཡང་ན་ཕུན་སུམ་ཚོགས་པའི་བྷ་ག་ཝཱན་ཇི་ལྟ་བུ་ཞེ་ན། བུདྡྷ་འདི་ལ་ཞེས་པ་སྟེ། གོང་གི་འོད་གསལ་བའོ། །བྷ་ག་ཝཱན་ཞེས་པ་བྷ་བཱན་ཛི་བ་སྟེ་རྟོག་པ་ལ་སོགས་པ་རང་ཤུགས་ཀྱིས་འཇོམས་པ་
གང་ལ་ཡོད་པ་དེ་ལ་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་བྷ་ག་ནི་སྐལ་བ་སྟེ་དབང་ཕྱུག་ལ་སོགས་པའོ། །དེས་ན་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་ཏོ། །འོན་ཏེ་ཆོས་ཐམས་ཅད་ལ་ལྟ་བ་ཤེས་རབ་དང་ཐབས་དབྱེར་མེད་དུ་གཏན་ལ་དབབ་པ་དང་། སྒོམ་པའི་ཉམས་
རང་སྐྱེས་པའི་དེ་ཁོ་ན་ཉིད་དེ་ལྟ་བུ་ཡིན་ན་རྟེན་ལས་ཀྱི་ཕྱག་རྒྱ་མ་དང་སྲིང་མོ་ལ་སོགས་པའི་དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། དེ་རྣམས་ཐབས་དང་ཤེས་རབ་དབྱེར་མེད་དུ་ཤེས་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཤེས་རབ་ཅེས་བརྗོད་པར་བྱ་བ་ཞེས་པ་ནི་ཤེས་རབ་
ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །གང་ཕྱིར་སྐྱེ་འགྲོ་སྐྱེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་མཚན་མ་ཅིར་ཡང་སྣང་བ་ཡང་། མི་འགོག་པར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །ཅེས་བྱ་བ་ནི། བྷ་ག་ཝཱན་ནི་སྟེ་སྐལ་པ་དང་ལྡན་པའོ། །

དེའི་ཕྱིར་གང་ཕྱིར་སྐལ་བ་སྟོན། །ཞེས་པ་སྟེ། སྐལ་པ་ནི་ཐབས་ཏེ་ཤེས་རབ་སྟོང་པ་ཉིད་དང་བཅས་པའི་ཕྱིར་རོ། །དེ་བཞིན་དུ་བཙོ་བླག་མོ་དང་གར་མ་ལ་ཡང་ཐབས་དང་ཤེས་རབ་གོ་རིམས་བཞིན་ནོ། །གཡུང་མོ་ཡང་ཐབས་སུ་བསྟན་པ་སྟེ། དེ་བཞིན་དུ་
གདོལ་བ་མོ་དང་། བྲམ་ཟེ་མོ་ལ་ཡང་ཐབས་སུ་ཤེས་པ་ཤུགས་ཀྱིས་བསྟན་ནོ། །དེ་དག་ནི་ལྟ་བ་དང་སྒོམ་པ་སྟེ་ཤེས་བྱའི་དེ་ཁོ་ན་ཉིད་དོ། །སྒོ་གསུམ་ནུས་པ་ཅན་དུ་བྱེད་པ་སྒྲུབ་པ་པོ་དེ་ཁོ་ན་ཉིད་ནི། ཨཱ་ལི་ཀཱ་ལི་ལ་སོགས་པའོ། །དེ་ཡང་། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །
ཞེས་པ་ནི་བརྗོད་པ་ནི་ཐམས་ཅད་རླུང་ལ་རག་ལས་པ་སྟེ་གཡོན་དང་གཡས་ནས་རྒྱུ་བའོ། །བརྗོད་པ་ཐམས་ཅད་བཟླས་པར་བཤད། །ཅེས་པ་ནི་རླུང་ལས་གྲུབ་པའམ། ཡང་ན་ཨཱ་ལི་ཀཱ་ལི་སྟེ། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་ལས་གྲུབ་པའི་ཕྱིར་བཟླས་པ་ཡིན་ཏེ་རྡོ་རྗེའི་བཟླས་པ་རླུང་
འབྱུང་བ་དང་འཇུག་པ་ཨཾ་དང་ཧཾ་ཟློས་པའམ། ཡང་ན་རང་གི་ལྷན་ཅིག་སྐྱེས་པའི་ཉམས་ཀྱིས་རྣམ་དག་སྔགས་ཀྱི་གླུ་ལེན་ཅེས་བྱའོ། །རྐང་པའི་རྗེས་ནི་ཞེས་པ་ནི་རྒྱ་བྲིས་པ་ལྟ་བུར་བྱུང་བ་སྟེ་དཀྱིལ་འཁོར་ཡིན་ཞེས་པ་ནི་གཟུགས་བརྙན་དུ་སྣང་བའི་ཕྱིར་རོ། །དེས་ན། ཉེད་ཕྱིར་དཀྱིལ་
འཁོར་བརྗོད་པར་བྱ། །ཞེས་པའོ། །དཀྱིལ་འཁོར་ནི་མཎྜལ་བྲིས་པ་ན་དཀྱིལ་འཁོར་རོ། །མ་ཊ་ན་ཉེད་པས་སམ་བྲིས་པས་ཞེས་སྒྲ་མཐུན་པ་དང་། ཡང་ཡེ་ཤེས་དེ་ཉིད་རྟེན་དང་བརྟེན་པར་སྣང་སྟེ་བརྟག་པ་ཕྱི་མར་འཆད་དོ། །ལག་པ་བསྒྱུར་བ་ཞེས་པ་ནི་གར་ལ་སོགས་པའོ། །
ཕྱག་རྒྱ་ཡིན་ཞེས་པ་ནི་བདེ་བའི་རྟགས་ཡིན་པས་སོ། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་མཚན་མ་དང་རྟགས་སོ། །གང་སེམས་དཔའ་བསམ་གཏན་དུ་བསྟན་པ་ཡང་ཚིག་གཉིས་ཏེ། དེའི་རྒྱུ་མཚན་ཡང་ཇི་ལྟར་ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་སོ། །
ཇི་ལྟར་ཕ་ལས་བདེ་ཐོབ་པ། །ཞེས་པ་ནི་སློབ་དཔོན་ལ་ལ་དག་བླ་མ་དང་རྡོ་རྗེ་འཛིན་པ་ལ་འདོད་དོ། །དེ་ནི་འདིར་མཐུན་པ་མ་ཡིན་ནོ། །དཔེར་ན་ཕ་ལས་ཐོབ་པ་ནི་རང་གི་ནོར་ཏེ། གཞན་ལྷག་མ་མི་ཚོལ་བའི་དོན་ནོ། །དེ་ཡི་བདེ་བ་རང་གིས་བཟའ། །ཞེས་པ་ནི་བོ་ཀི་ནི་བཟའ་བའམ་ལོངས་སྤྱོད་

པའོ། །དེས་ན་ལྷན་ཅིག་སྐྱེས་པ་ལ་ལོངས་སྤྱོད་པས། དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་པའོ། །བདེ་བ་གང་ཕྱིར་འཆི་བ་འདིར། །ཞེས་པ་ནི་སློབ་དཔོན་ལ་ལ་དག་འཆི་བའི་ཆོས་སུ་འདོད་པ་དང་། ལ་ལ་དག་སྤྱོད་ལམ་དུ་འདོད་དེ། དེ་དག་འདིར་མཐུན་པ་མ་ཡིན་ནོ། །ཇི་ལྟ་བུ་
ཞེ་ན། །དེ་ཡང་འཆི་བ་ནི་སྡུག་བསྔལ་གྱི་གཙོ་བོ་སྟེ། དེ་བསམ་གཏན་དུ་ཇི་ལྟར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་བཟའ་བ་ལོངས་སྤྱོད་ཀྱི་སྐབས་སུ་རང་གི་བདེན་པ་ལས་ལྷག་པར་མི་ཚོལ་ཞིང་། འཆི་བའི་ཚེ་ཡང་རང་གི་བདེ་བ་དང་མི་འབྲལ་བ་སྟེ་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དེས་ན་
རྒྱུན་དུ་རྩེ་གཅིག་པས་གང་བསམ་ཀྱང་བསམ་གཏན་ཁོ་ནའོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས་ཚེ་འདི་ལ་འབྲས་བུ་ཐོབ་པ་དང་། བར་དོ་ལ་འབྲས་བུ་ཐོབ་པའོ། །ཚེ་འདི་ལ་ཐོབ་པ་ལ་གཉིས། རྣམ་སྨིན་འབོར་བ་དང་། མི་འབོར་བའོ། །དེ་ལ་བསྐྱེད་རིམ་གཙོར་བསྒོམས་པས། མཁའ་སྤྱོད་
བསྒྲུབས་ལ་དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་སྟེ། བུདྡྷའོ། །རྫོགས་རིམ་པ་ནི་ལུས་འཇའ་ཚོན་ལྟར་བསྒྱུར། སེམས་ཕྱག་རྒྱ་ཆེན་པོར་འགྱུར་ཏེ་ཐལ་བྱུང་དུ་སངས་རྒྱས་སོ། །རྣམ་སྨིན་འདོར་བ་ནི་ལུས་ལྷར་གསལ་ཙམ་ལས་མེད་ཀྱང་སེམས་ཕྱག་རྒྱ་ཆེན་པོར་སྦྱོར་ཏེ་སྤྱོད་པས་མཐར་ཕྱིན་
ནས་འཆི་བའི་སྤྱོད་ལམ་དུ་ཤེས་པས་འགྲོ་ཞིང་འཚང་རྒྱའོ། །དེ་ལྟར་མ་ནུས་ན་བར་དོའི་གདམས་ངག་གིས་འཚང་རྒྱ་བ་སྟེ། དེ་རྩ་བའི་རྒྱུད་ལྟར་བྱ་བ་དང་། བཤད་པའི་རྒྱུད་ས་མཱུ་ཊ་ལྟར་གོང་དུ་འཕོ་བ་དང་གྲོང་དུ་འཇུག་པ་ལ་སོགས་པའི་གཞན་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །
དེ་ལྟར་མ་ནུས་ན་སྨོན་ལམ་བཏབ་ལ་སྐྱེ་བ་གཞན་ལ་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེ་སྟེ་སྐྱེ་བ་བདུན་ཚུན་ཆད་ཀྱིས་འགྲུབ་ཅེས་བྱའོ། །ལེའུ་ནི་སྔ་མ་བཞིན་ཏེ་ཡས་བགྲངས་པའི་ལྔ་པའོ།། །།དེ་ནས་ཡང་དག་བཤད་པར་བྱ། །ཞེས་པ་ནི་ལྟ་བ་དང་སྒོམ་པའི་རྗེས་སུ་འབྲས་བུ་སྤྱོད་
པས་མཐར་ཕྱིན་པ་བཤད་པའོ། །དེ་ཡང་སྤྱོད་པ་ནི་ཙརྱ་སྟེ་ཙརྱ་ནི་རྒྱུ་བའོ། །ཡ་ཡོ་གི་ནི་རྣལ་འབྱོར་མར་སྦྱོར་བའོ། །དེས་ཅིར་འགྱུར་ཞེ་ན། གནས་དག་ཏུ་རྒྱུ་ཞིང་སྦྱོར་བའམ། །རྣལ་འབྱོར་གྱི་རྣམ་པར་རྒྱུ་བའོ། །སྤྱོད་པ་འདི་ཡང་བསྐྱེད་པའི་རིམ་པས་བརྟག་པ་ཕྱི་མར་སྟོན་ལ། །

འདི་རྫོགས་པའི་རིམ་པ་སྟེ་དེ་ཡང་གཞན་ལུས་ཤེས་རབ་ལ་བརྟེན་པ་གསང་བའི་སྤྱོད་པ་དང་། རང་ལུས་ཐབས་ལ་བརྟེན་པ་ཅུང་ཟད་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། ཕྱག་རྒྱ་ཆེན་པོ་ལ་བརྟེན་པ་སྨྱོན་པའི་བརྟུལ་ཞུགས་མཆོག་ཏུ་གསང་བའི་སྤྱོད་པའོ། །
དེ་དག་གི་དགོས་པ་ནི་སྤྱོད་མཆོག་ཕ་རོལ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐུན་མོང་ངོ་། །མཆོག་ནི་ཐུན་མོང་མ་ཡིན་པ་སྟེ། དེས་ན་དངོས་གྲུབ་མཐར་འགྲོ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་ལས་གྲུབ་མཐའ་སྟེ། སྣང་བ་སྟོང་པ་དབྱེར་མེད་པར་རྟོགས་པའོ། །དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་
རྒྱུར་རོ། །གྲུབ་པའི་མཐུར་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་དང་བསྐྱེད་པའི་རིམ་པ་ལས་སོ་ཞེས་ཐུན་མོང་མ་ཡིན་ཞེ་ན། དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུས་ཏེ། མཆོག་གི་དངོས་གྲུབ་མཐར་ཐུག་པ་ཐོབ་པའོ། །དེ་ནི་གསང་བ་ལ་སོགས་པའི་ཐུན་མོང་ངོ་། །སྒོམ་པ་པོ་ལ་སོགས་པ་
ཚིགས་བཅད་གཉིས་དང་། ཚིག་རྐང་པ་གཅིག་གིས་གསང་བའི་སྤྱོད་པའི་ཆ་ལུགས་ཙམ་སྟེ། རུས་པའི་རྒྱན་ཆ་རྣམས་ཀྱིས་བཟང་བའོ། །དེའི་དགོས་པ་དང་རྣམ་པར་དག་པ་ནི་གོ་སླའོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་རྫོགས་པའི་རིམ་པའི་ཉམས་ཀྱིས་སྤྱོད་པ་བྱེད་ཀྱང་བསྐྱེད་པའི་
རིམ་པ་ཉུང་ལྡན་གྱི་ང་རྒྱལ་གྱིས་གནས་པ་སྟེ། དེའི་ཡོན་ཏན་ནི་རིགས་ལྔ་དག་གི་ལ་སོགས་པ་སྟེ་གོ་སླའོ། །དེ་ཡང་གསང་བའི་སྤྱོད་པའི་ཐུན་མོང་མ་ཡིན་པའི་གནས་ནི་ཤིང་གཅིག་ལ་སོགས་པ་སྟེ། ཤིང་གཅིག་ནི་ཤིང་གཞན་གྱི་གྲིབ་མས་མ་ཕོག་པའོ། །དུར་ཁྲོད་ནི་རོ་མང་པོ་
གནས་པའོ། །མ་མོའི་ཁྱིམ་ནི་འཇིག་རྟེན་ན་གྲགས་པ་མ་མོ་བདུན་གྱི་གནས་སོ། །མཚན་མོ་ནི་དུས་མཚན་མ་རྒྱུ་བའི་གནས་སོ། །དབེན་པ་ནི་སྐྱེ་བོ་ཉུང་བའོ། །བས་མཐའ་ནི་དགོན་པའི་ཚད་དེ། རྒྱང་གྲགས་གཅིག་གམ་མཚོའི་ཀློང་ངམ་སྒྲིབ་གཡོགས་ཀྱིས་ཆོད་པའོ། །དེ་ནི་
ཕྱེ་སྟེ་བསྐྱེད་པའི་རིམ་པ་དང་ཐུན་མོང་ངོ་། །འདིར་བསྐྱེད་པའི་རིམ་པ་ལ་བརྟེན་ནས་གནས་དང་སྤྱོད་པ་སྟོན་པ་ཡིན་ན་ཕྱག་རྒྱ་མོ་དང་རྩ་རླུང་དང་རྫོགས་རིམ་ལ་འབྲེལ་བ་ཡོད་དོ་ཞེ་ན། དེ་བདེན་ཏེ་སྔར་ནི་མ་སྨིན་པའི་དབང་དུ་བྱས་ལ་དེ་ཡང་གང་གིས་དངོས་གྲུབ་མཐར་འགྲོ་བ་ནས་ཚིག་

རྐང་གསུམ་བརྗོད་པ་དང་། ཧེ་རུ་ཀ་ཁ་སྦྱོར་ནས། ཁ་དོག་ལྔ་ལ་རྣམ་པར་གནས། །ཞེས་ཟེར་བས་སོ། །འདིར་ནི་དཔེར་ན་ཨ་མྲའི་འབྲས་དང་འདྲ་སྟེ་ཕྱི་ནང་གཉི་ག་མ་སྨིན་པའི་ཛོ་གི་ལ་ཐབས་གཙོར་བྱས་ཏེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་དང་། ཕྱི་སྨིན་ཅིང་ནང་མ་སྨིན་པའི་ཛོ་གི་ཐབས་
ཤེས་རབ་ཟུང་འབྲེལ་གྱི་སྒོ་ནས་རྩ་རླུང་ལ་བརྟེན་པ་དང་ཕྱི་ནང་གཉིས་ཀ་སྨིན་པའི་རྣལ་འབྱོར་པ་ལ་ཤེས་རབ་གཙོར་བྱས་ཏེ། ནམ་མཁའ་ལམ་ཁྱེར་ཏེ་མན་ངག་ལ་བརྟེན་པའོ། །དེ་ཡང་འོག་ནས། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་ལྷན་ཅིག་ཐབས་དང་
བཅས། །ཞེས་པ་དང་། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་དང་། གཞན་གྱིས་བརྗོད་མེད་ལྷན་ཅིག་སྐྱེས། །ཞེས་པ་ནས་བླ་མའི་དུས་ཐབས་ཞེས་པའོ། །དེ་ནས་འབྲེལ་བ་ཡོད་པའོ། །གཞན་ལུས་ཤེས་རབ་ལ་བརྟེན་པ་ལས་ཀྱི་ཕྱག་
རྒྱའི་ཁྱད་པར་ལ་བྱ་སྟེ། ཤིང་གཅིག་ནི་གཏུམ་མོའོ། །དུར་ཁྲོད་ནི་གཡུང་མོའོ། །མ་མོའི་ཁྱིམ་ནི་གར་མའོ། །མཚན་མོ་ནི་ཚོས་མའོ། །དབེན་པ་དང་བས་མཐའ་ནི་བྲམ་ཟེ་མའོ། །དེ་དག་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་འཇོམས་པ་ལ་དཔའ་བ་དང་སྨེ་ཞིང་རེག་ཏུ་མི་རུང་བ་དང་མང་
པོ་དག་ཏུ་འགྱུར་ཞིང་སྤྱོད་པ་དང་། ཐ་མལ་པའི་རྣམ་པར་བསྒྱུར་བ་དང་། ཉོན་མོངས་པ་དང་རྣམ་པར་རྟོག་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །རང་ལུས་ཐབས་ལ་བརྟེན་པ་ནི་ཤིང་གཅིག་ནི་ཨ་ཝ་དྷཱུ་ཏཱིའོ། །དུར་ཁྲོད་ནི་བྱ་རོག་གི་གདོང་ཅན་ནོ། །མ་མོའི་ཁྱིམ་ནི་རྩ་གཞན་དག་གོ། །དུས་
མཚན་མོ་ནི་འཁོར་ལོ་གསུམ་མོ། །དབེན་པའམ་བས་མཐའ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་དག་ཅིའི་ཕྱིར་ཞེ་ན། དེ་ཉིད་དུ་འདུ་ཞིང་དེ་ལས་བྱུང་བ་དང་རང་གིས་བསྐུལ་བ་གཡོ་བ་དང་བྲལ་བ་དང་དེ་དག་ཏུ་བྱང་ཆུབ་སེམས་འཆར་བ་དང་གནས་གསུམ་དུ་ངལ་སོ་ཞིང་ནུབ་པ་དང་
ཆགས་པ་དང་ཆགས་བྲལ་གྱི་སྐྱོན་དང་བྲལ་བའི་ཕྱིར་རོ། །གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་ནི། ཤིང་གཅིག་སྟེ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །དུར་ཁྲོད་ནི་ལུས་སོ། །མ་མོའི་ཁྱིམ་ནི་དབང་པོ་ལྔའི་གྲོང་ཁྱེར་རོ། །མཚན་མོ་ནི་ཡོད་དོ། །དབེན་པ་དང་། བས་མཐའ་ནི་དེ་དག་གི་ཐབས་སོ། །

དེ་དག་ཅིའི་ཕྱིར་ཞེ་ན། ཀུན་ཕྱག་རྒྱ་ཆེན་པོ་ལས་སྐྱེས་པ་དང་། འདི་དག་གི་ཁོང་ན་མི་གསལ་ལ་གཟུགས་སུ་གནས་པ་དང་། འདི་དང་མ་བྲལ་བ་བཞིན་དུ་རྗེས་སུ་འབྲང་བ་དང་སྤྱིའི་རྣམ་པར་མི་གསལ་བ་འབའ་ཞིག་ལ་དམིགས་པ་དང་ཡིད་དང་བས་དབང་པོ་དང་
ལ། །དེས་ཡེ་ཤེས་རང་འབར་བའི་ཕྱིར་རོ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་པ་ནི་དེ་ལྟ་བུ་དག་གིས་ནི་ལྷན་ཅིག་སྐྱེས་པའི་གདོན་མི་ཟ་བར་སྐྱེ་བའི་ཕྱིར་རོ། །དེ་ཡང་བསྐྱེད་རིམ་དང་ཐུན་མོང་དུ་ཤིང་གཅིག་ལ་སོགས་པའི་ཕྱི་རོལ་གྱི་གནས་སུ་བཤད་པའི་ཚེ་གསང་བའི་སྤྱོད་
པ་ཐུན་མོང་མ་ཡིན་པ་ཡིན་ལ་བཤད་ཚུལ་སོ་སོར་སྦྱར་བ་ཐུན་མོང་དག་ཏུ་ཡང་གནས་སོ། །འདི་རྣམས་ཀྱི་ཆོ་ག་ཁ་བསྐང་བ་ནི་སྔ་མ་དང་འདྲའོ། །ད་ནི་དུས་བསྟན་པའི་ཕྱིར། ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་པ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་སུ་ལེན་པས་ནི། གསང་བའི་
སྤྱོད་པའི་དྲོད་དོ། །དབང་པོ་རབ་སྣང་གི་དྲོད་མན་ངག་གི་ཅུང་ཟད་སྨྱོན་པའི་དྲོད་དོ། །སྤྱོད་ལམ་དང་བསྲེ་བའི་མན་ངག་ནི་ཕྱི་རོལ་གྱི་དངོས་པོས་མི་འགྱུར་བ་ནི་སྨྱོན་པའ