Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 5

Văn bản gốc(Tây Tạng)

Trang 16 / 21 (50.000 ký tự/trang)
ྱའོ། །ཡང་ན་གསད་པ་ཞེས་པ་ནི་དབང་པོ་ཐམས་ཅད་དང་ཡུལ་དང་རྣམ་པར་ཤེས་པ་རྣམ་པར་དག་པའི་རང་བཞིན་ནོ། །མ་ཧེའི་རུས་པས་གསད་པ་ལ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡེ་ཤེས་ཉིད་ཀྱི་རང་བཞིན་ནོ། །རེངས་པར་འོ་མའི་བཏུང་བ་ཉིད་
ནི་རེངས་པར་བྱེད་པའི་ཚེ་འོ་མའི་བཏུང་བ་བྱའོ། །དབང་གི་རང་གི་འདུན་པས་སྤྱད། །ཅེས་པ་ནི་དབང་དུ་བྱ་བ་ལའོ། །རང་གི་འདུན་པས་ཞེས་པ་ནི་ཇི་ལྟར་འདོད་པའོ། །སྤྱོད་ཅེས་པ་ནི་ཇི་ལྟར་འདོད་པ་ཡང་སྤྱད་པའོ། །གསད་པ་ལ་ནི་སི་ཧླ་ཉིད་ནི་སི་ཧླ་ཉིད་ལ་བྱའོ། །དགུག་པ་ལ་ནི་བཞི་མཉམ་
ཉིད། །སྡང་ལ་སཱ་ལུ་སྐྱེས་པ་བརྗོད། །བསྐྲད་ལ་དེ་བཞིན་གླ་རྩིའོ། །ཡང་ན། ཐོག་མཐའི་ཤྭ་དང་པོའི་ན། །དེ་བཞིན་ག་ཧ་དང་པོ་ཉིད། །བསྟན་ཟིན་པའི་ན་དང་གོ་དང་། གླང་པོ་དང་སཱཾ་ལི་ཉིད་ཡིན་པའི་དོན་ཏོ། །ཡང་ན་རེངས་པ་དང་། དབང་དུ་བྱ་བ་དང་། གསད་པ་དང་། དགུག་པ་དང་། དབྱེ་བ་དང་།
བསྐྲད་པ་དང་ལས་དྲུག་པོའི་དེ་རྣམས་ལ་དེ་བཞིན་གཤེགས་པ་ལྔའི་ས་བོན་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་ས་བོན་ནི། །དེ་ལ་འོ་མའི་བཏུང་བ་ཉིད། །ཅེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རང་གི་འདུན་པ་ཞེས་པ་ནི་དེ་ཤར་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །སི་ཧླ་དང་བཞི་མཉམ་དང་། །སཱ་
ལུ་སྐྱེས་པ་དང་གླ་རྩི་རྣམས་ནི་བསྟན་ཟིན་པ་ཉིད་དེ། ནང་གི་མིག་ལ་སོགས་པ་རྣམ་པར་དག་པའོ། །ཕྱི་རོལ་དུ་ཡང་གཟུགས་ལ་སོགས་པ་རྣམ་པར་དག་པའོ། །ཐོག་མཐའ་སོགས་པ་ནི་གཉི་ག་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་པའི་རྣམ་པར་
དག་པ་ཁ་སྦྱོར་འབྱེད་པའི་མཚན་ཉིད་དུ་བསྟན་པ་ཡིན་ནོ། །བཟླས་པའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་སྐུའི་བཟླས་པའི་རིམ་པར་ཕྱེ་བ་ལེའུ་བཅུ་པའོ།། །།འདིས་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྐུ་གཉིས་བསྟན་ནས། ད་ནི་ཆོས་
ཀྱི་སྐུ་དང་དབྱེར་མེད་པ་ཉིད་དང་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ལུས་ཅན་རྣམས་ཀྱི་མཚན་ཉིད་བསྟན་པས་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཀྱེའི་རྡོ་རྗེ་ལ་དམ་འཁྱུད་ཅིང་། ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་ཞུས་པ། དམ་

འཁྱུད་ཅིང་ཞེས་པ་ནི་དགྱེས་པའི་རྡོ་རྗེ་ཉིད་དོ། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་རྒྱུ་ཉིད་ཀྱི་དགྱེས་པའི་རྡོ་རྗེ་ཉིད་དོ། །དེའི་སྐབས་སུ་བདག་མེད་མས་ཞུས་པ་ཅི་ཡིན་པ་གསུངས་པ། ལུས་ཅན་རྣམས་ཀྱི་ཞེས་པ་ནི་བསགས་པའི་རང་བཞིན་རྣམས་
ཀྱིའོ། །རིགས་ཀྱི་གཟུགས་ནི་དེ་ལྟ་བུར་གྱུར་པ་ཅན་གྱི་ཡེ་ཤེས་སོ། །བྷ་གར་ལིངྒ་བཞག་ནས་ནི། །འཁོར་ལོའི་གཙོ་བོས་འདི་སྐད་གསུངས། །ཞེས་པ་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་དབྱེར་མེད་པར་ཡོད་པའི་འཁོར་ལོའི་གཙོ་བོས་འདི་སྐད་ཅེས་གསུངས་ཏེ་དེ་ཡིན་
པ་གསུངས་པ། ལུས་ཅན་རང་གི་རིགས་བཤད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ཀྱེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉོན་ཅིག་པའོ། །ལུས་ཅན་ནི་བསགས་པའི་རང་བཞིན་ཅན་རྣམས་ཀྱིའོ། །གང་རིགས་ནི་གང་དང་གང་གི་གང་རིགས་ཡིན་པ་དེའོ། །བཤད་པ་ནི་བཤད་
པར་བྱ་བའོ། །དེ་ཉིད་གསུངས་པ། བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །སྐྱེས་པའི་ལག་པ་གཡས་པའི་སྲིན་ལག་ལའོ། །བུད་མེད་ཀྱི་ལག་པ་གཡོན་པའི་སྲིན་ལག་ལའོ། །དེ་ལ་རྡོ་
རྗེ་རྩེ་དགུ་བས་གལ་ཏེ་མཚན་པར་གྱུར་ན་དེའི་ཚེ་མི་བསྐྱོད་པའི་རིགས་ཅན་གྱི་སྐྱེས་པ་དང་མི་བསྐྱོད་པའི་རིགས་ཅན་གྱི་བུད་མེད་དོ། །ཡང་ན་སྲིན་ལག་ནི་བདག་མེད་མའོ། །རྩ་བ་ལ་ནི་རྡོ་རྗེ་འཛིན་པའོ། །གཉི་གའི་ཡེ་ཤེས་ཡོད་པ་གང་ནི་མ་ནིང་སྟེ། བུད་མེད་དམ་
བདག་མེད་མ། སྐྱེས་པའམ་རྡོ་རྗེ་འཛིན་པའོ། །རྩེ་དགུ་པ་ནི་དགུའི་བདག་ཉིད་ཅན་མི་ཕྱེད་པའི་ཡེ་ཤེས་བདག་མེད་མའི་དཀྱིལ་འཁོར་དང་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དེ་ཡང་གཉི་ག་དབྱེར་མེད་པའི་དཀྱིལ་འཁོར་གནས་དང་གནས་རྣམས་སུ་བསྟན་ཟིན་
པ་ཉིད་དོ། །མི་བསྐྱོད་རིགས་མཆོག་ཉིད་ནི་འདི་ཉིད་གཙོ་བོའོ། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །ཞེས་པ་ནི་འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་དུ་འགྱུར་རོ། །འོད་དཔག་མེད་ཀྱི་འདམ་སྐྱེས་ཉིད། །འོད་དཔག་ཏུ་མེད་པའི་རིགས་ཅན་

ཀྱི་མཚན་མ་པདྨར་འགྱུར་རོ། །རིན་ཆེན་འབྱུང་གི་རིན་ཆེན་ཉིད། །རིན་ཆེན་རིགས་ཅན་གྱི་མཚན་མ་རིན་པོ་ཆེར་འགྱུར་རོ། །ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །དོན་ཡོད་གྲུབ་པའི་རིགས་ཅན་གྱི་མཚན་མ་རལ་གྲིར་འགྱུར་རོ། །འཁོར་ལོ་
ནི་ཀུན་དུ་སྣང་བའི་རྣམ་པར་དག་པའོ། །པདྨ་ནི་བརྗོད་པའི་རྣམ་པར་དག་པའོ། །རིན་ཆེན་ནི་རང་རིག་པའི་རང་བཞིན་ནོ། །རལ་གྲི་ཡང་མི་ཤེས་པ་ཐམས་ཅད་གཅོད་པར་བྱེད་པ་ཉིད་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་འབྲས་བུར་གྱུར་
པ་རྡོ་རྗེ་རྩེ་དགུ་པའི་རང་བཞིན་མི་བསྐྱོད་པའི་རིགས་མཆོག་གཉི་ག་མཉམ་པ་ཉིད་ཀྱི་རིགས་མ་འཁྲུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་དུ་འགྱུར་རོ། །རང་འདོད་ལྷའི་རིགས་ཀྱིས་ནི་སྤྱོད་པ་བྱེད་པ་ཞེས་པ་གང་མདོར་བསྟན་
པ་དེ་ཤིན་ཏུ་གཏན་ལ་ཕབ་པ་ཡིན་ནོ། །འདིས་ནི་མཚན་མའི་རྣམ་པར་དག་པ་དེ་བཞིན་གཤེགས་པའི་རང་བཞིན་དུ་བསྟན་པ་ཡིན་ནོ། །གཞན་ཡང་ཁ་དོག་གི་མཚན་མ་གསུངས་པ། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །འདི་ནི་ཉེ་བར་
མཚོན་པ་ཙམ་ཉིད་གཉི་གའི་ཡང་མཚན་མ་ཡིན་ནོ། །རྣལ་འབྱོར་པ་གང་དཀར་པོ་ཉིད། །དེ་ཡི་ལྷ་ནི་རྣམ་སྣང་ཆེ། །རྣལ་འབྱོར་པ་གང་སྔོ་བསངས་ཆེ། །དེ་ཡི་ལྷ་ནི་དོན་ཡོད་ཡིན། །རྣལ་འབྱོར་པ་གང་སེར་པོ་ཆེ། །རིན་ཆེན་བདག་པོ་རིགས་ཀྱི་ལྷ། །རྣལ་འབྱོར་
པ་གང་དཀར་དམར་ཉིད། །འོད་དཔག་མེད་པ་རིགས་ཀྱི་ལྷ། །རྣལ་འབྱོར་པ་གང་དཀར་དང་སེར། །དེ་ནི་སེམས་དཔའི་རིགས་སུ་འགྱུར། །འདིས་ནི་ནག་པོ་ནི་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །དཀར་པོ་ནི་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །སྔོ་བསངས་ཆེ་ནི་དོན་ཡོད་གྲུབ་
པ་གསུང་རྡོ་རྗེའོ། །གང་སླར་ཡང་སེར་པོ་ཆེ་ནི་རིན་ཆེན་གཙོ་བོ་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཛིན་པའོ། །རྣལ་འབྱོར་པ་གང་དཀར་དམར་ཉིད། །ཅེས་པ་ནི་དམར་པོ་རིན་ཆེན་འབྱུང་ལྡན་ནོ། །དཀར་པོ་འོད་དཔག་ཏུ་མེད་པ་སྟེ། དེ་དག་གི་རྣལ་འབྱོར་གང་ལ་ཡོད་པ་དེ་ནི་འོད་

དཔག་མེད་པའི་རིགས་ཀྱི་ལྷའོ། །དཀར་དང་སེར་ཞེས་པ་ནི་འོད་གསལ་བའོ། །འོད་གསལ་ཉིད་ཀྱིས་ནི་རྡོ་རྗེ་སེམས་དཔའི་རིགས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་རིགས་ཏེ་དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་པའི་དོན་ཏོ། །འདིས་ནི་ཐུགས་རྡོ་རྗེ་དང་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་མི་བསྐྱོད་པ་
ལ་སོགས་པའོ། །གང་གསུམ་ནི་རིན་ཆེན་གཙོ་བོ་དང་། རྡོ་རྗེ་འཛིན་པ་དང་འོད་དཔག་ཏུ་མེད་དེའི་ཐབས་སུ་གྱུར་པའོ། །སླར་ཡང་རྡོ་རྗེ་སེམས་དཔའི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཁ་དོག་དང་མཚན་མས་བསྟན་པ་ཡིན་ནོ། །
སྐྱེ་བོ་རྣལ་འབྱོར་མཐར་ཕྱིན་པས། །ང་རྒྱལ་མི་བཅག་མཐོ་མི་བཙམས། །སྐྱེ་བོ་ཞེས་པ་ནི་ལུས་ཅན་ནོ། །ང་རྒྱལ་མི་བཅག་ནི་བརྙས་པར་མི་བྱ་བའོ། །མཐོ་མི་བཙམས་ནི་རྣམ་པར་འཚེ་བར་མི་བྱ་བའོ། །རྣལ་འབྱོར་ནི་རྣལ་འབྱོར་རོ། །མཐར་ཕྱིན་པས་ནི་གཉིས་སུ་མེད་པའི་
རང་བཞིན་རྟོགས་པས་སོ། །ཇི་ལྟར་ཡིན་པ་གསུངས་པ། དེ་རྣམས་བདེར་གཤེགས་རིགས་སུ་འགྱུར། །དེ་རྣམས་ནི་ལུས་ཅན་ནོ། །བདེ་གཤེགས་རིགས་ནི་དེ་བཞིན་གཤེགས་པའི་ཚོགས་ཀྱི་ནང་དུ་ཞུགས་ཏེ་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཡིན་ནོ། །ཇི་ལྟར་
ཞེ་ན། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །ཀུན་རྫོབ་གཟུགས་ནི་རང་བཞིན་ནོ། །གནས་པ་ནི་ཐོབ་པ་ཡིན་པར་དགོངས་སོ། །རྣལ་འབྱོར་པ་གང་ཞེས་པ་ནི་སྐྱེས་པ་ཉིད་ཀྱི་མཚན་མའི་མཆོག་ནི་ཉེ་བར་མཚོན་པ་གཞན་ཡིན་པས། བུད་མེད་ཀྱི་ཡང་བལྟ་བར་བྱ། །ཞེས་པ་གང་
བསྟན་པ་དེ་ཡང་བདེ་བར་བྱ་སྟེ། བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པའི་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །དེ་ཡི་རིགས་སུ་འང་དེ་འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་རིགས་སུའང་ནི་རྡོ་རྗེའི་རྣལ་འབྱོར་མ་གཡུང་
མོ་ལ་སོགས་པ་རྣམས་ཀྱི་རིགས་སུ་འགྱུར་རོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཐ་སྙད་ཚུལ་ལས་ནི། །ཀུན་རྫོབ་ཀྱི་རང་བཞིན་གྱི་སྤྱོད་པའི་ངོ་བོ་ཉིད་ལས་ཡིན་པའི་དོན་ཏོ། །གཉི་ག་དབྱེར་མེད་པ་ཉིད་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོན་དམ་པའི་བདེན་པ་ཡིན་ཞིང་བདེན་པ་

གཉིས་ཀྱི་ཚུལ་ལ་གནས་པའི་ཟུང་འཇུག་འབྱུང་བའི་ལམ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ལ་རྡོ་རྗེ་འཆང་མཉེས་ནས། །བྷ་གར་ལིངྒ་འོ་མཛད་ནས། །རྡོ་རྗེ་ཆེ་ནི་རྡོ་རྗེ་འཛིན་པའོ། །དེ་ལ་ཞེས་པ་ནི་དེ་ལྟར་རྣམ་པར་གནས་པར་ཡོད་པའོ། །དེ་
མཉེས་ནས་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། །བྷ་གར་ལིངྒ་འོ་མཛད་ནས། །ཏེ་ཕན་ཚུན་དུ་ཁ་སྦྱོར་བ་ཡིན་པར་དགོངས་སོ། །བདག་མེད་མ་ཡིས་རྟོགས་མཛད་པ། །ལྷ་མོ་རབ་ཏུ་མཆོད་པ་ཉོན། །བདག་མེད་མ་གོ་བའི་རང་བཞིན་དུ་ཡང་མཛད་
པའོ། །དེ་གསུངས་པ། ལྷ་མོ་རབ་ཏུ་མཆོད་པ་ཉོན། །འདི་ལྟ་བུའི་མཚན་མ་བསྟན་པའི་རང་གི་རིགས་ཀྱི་རིགས་མི་མཐུན་པ་མེད་པ་ཉིད་དང་། མཉམ་པར་སྦྱར་ལས་ཁྱད་པར་དུ་འཕགས་པའི་མཆོད་པར་འགྱུར་རོ། །ཁྱད་པར་དུ་འཕགས་པའི་མཆོད་པའི་རིམ་པ་ཉིད་གསུངས་
པ། །ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །གཅེར་བུས་ཕྱག་རྒྱ་ཆེར་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །རྟག་ཏུ་ཞེས་པ་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་སོ། །སྐྱེད་མོས་ཚལ་ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །སྐྱེ་བོ་མེད་
གནས་དང་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའོ། །བདག་གི་ཁྱིམ་ཞེས་པ་ནི་ཆོས་ཀྱི་འཁོར་ལོའོ། །ནད་ཞེས་པ་ནི་སྤྲུལ་པའི་འཁོར་ལོའོ། །ཐམས་ཅད་ཉིད་དུ་གཅེར་བུ་ཕྱག་རྒྱ་ཆེར་བྱས་ནས་ནི་སྒྲིབ་པ་མེད་པའི་རང་བཞིན་གྱི་རྣམ་པར་གཞག་པའོ། །རྣལ་འབྱོར་རིག་
པས་རྟག་ཏུ་མཆོད་ནི་བཤད་ཟིན་པའི་དོན་ཏོ། །ཅི་བྱས་ནས་ཤེ་ན་གསུངས་པ། འོ་དང་འཁྱུད་པ་བྱས་ནས་ནི། །དེ་བཞིན་བྷ་གར་རེག་པ་ཉིད། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །མ་མཆུའི་སྦྲང་རྩི་བཏུང་བ་ཉིད། །འོ་དང་འཁྱུད་པ་བྱས་ནས་ནི། །ཞེས་པ་ནི་གསུང་གི་རྣལ་
འབྱོར་དང་སྐུའི་རྣལ་འབྱོར་བྱས་ནས་སོ། །བྷ་གར་རེག་པ་ཉིད་ཅེས་པ་ནི་ཐུགས་ཀྱི་རྣལ་འབྱོར་བསྟན་ཏོ། །སྐྱེས་པའི་སྣ་ནི་གཞིབ་པ་ཉིད། །ཅེས་པ་གཉི་གའི་རྡོ་རྗེ་བུ་གའི་ནང་ནས་གཉི་གའི་བྱང་ཆུབ་ཀྱི་སེམས་བབ་པ་ལས་མ་མཆུའི་སྦྲང་རྩི་བཏུང་བ་ཉིད་དེ་རིམ་པ་འདིས་མ་

མཆུའི་བཏུང་བ་ཡིན་པ་ནི་མན་ངག་གོ། །རྟག་ཏུ་མྱོས་པའི་མཚན་མ་ལས། །མྱོས་པའི་མཚན་མ་ལག་པ་ཡིས། །རྡོ་རྗེ་ལྡན་པ་ལས་རྟག་བྱ། །མྱོས་པའི་མཚན་མ་ལག་པ་ཡིས། །ཞེས་པ་ནི་སོར་མོ་ལྔ་བཅུག་པ་ལས་སོ། །རྡོ་རྗེ་ལྡན་པས་ཇི་ལྟ་བ་བཞིན་དུ་ལས་བྱ་སྟེ།
དེ་བཞིན་དུ་ཤེས་རབ་མ་རྣམས་མཆོད་པར་བྱས་པ་ཡིན་ནོ། །ཡང་ན་མྱོས་པའི་མཚན་མ་ལག་པ་ཡིས། །ཞེས་པ་ནི་མྱོས་པའི་མཚན་མའི་མཚན་མ་དེ་བྱེད་པ་ཡིན་པས་མྱོས་པའི་མཚན་མའི་ལག་པ་སྟེ། མྱོས་པའི་མཚན་མའི་ལག་པས་མཁུན་འབྱིན་ཅིང་གཅོད་
སྐད་སྒྲོགས་པའོ། །རྡོ་རྗེ་ལྡན་པས་ལས་བྱེད་པ་ནི་སྙོམས་པར་འཇུག་པའི་སྦྱར་བ་བྱ་བའོ། །རྟག་ཏུ་ཞེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །རིམ་པའི་ཁྱད་པར་གསུངས་པ། ཁྱོགས་དང་གྲུ་མོ་ཞེས་བྱ་དང་། །དེ་བཞིན་ཤིན་ཏུ་བརྐྱང་པ་ཡིས། །ཁྱོགས་དང་ཞེས་པ་
ནི་སྐྱེས་པའི་འདོད་པ་སྐྱེད་པའི་བུད་མེད་ཀྱི་མདོམས་སུ་གནས། རྐེད་པའི་ཕྱོགས་ཀྱི་མདུན་དང་རྒྱབ་ཏུ་ལྡིང་བར་བྱ་བའོ། །ཁྱོགས་ཞེས་པའི་ཁྱོགས་དང་འདྲ་བས་ཁྱོགས་སོ། །དེ་སྐད་དུ་བུད་མེད་མདོམས་ཀྱི་སྟེང་དུ་ཞོན། །མདུན་དང་རྒྱབ་ཏུ་རིམ་པས་ནི། །རྐེད་
པར་ལྡིང་བར་འགྱུར་བ་ནི། །དེ་ནི་ཁྱོགས་སུ་རབ་ཏུ་གྲགས། །ཞེས་གསུངས་སོ། །བླ་མའི་གདམས་ངག་ལས་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། དེའི་སྟེང་དུ་བཞག་ལ་རྡོ་རྗེའི་ལྕགས་སྒྲོག་སྙོམས་པར་ཞུགས་ནས། རྡོ་རྗེ་པདྨ་སྙོམས་འཇུག་པའི་རྣལ་འབྱོར་བསྟན་
པ་ནི་ཁྱོགས་ཡིན་པས་ཁྱོགས་ཀྱི་རིམ་པའོ། །ཁྱོགས་ཀྱི་རིམ་པས་གྲུ་མོ་ཞེས་པ་ནི། ལངས་ནས་སྐེད་པ་ལ་འཁྱུད་ནས་བུད་མེད་ཀྱི་པུས་མོ་གཡས་པའི་འོག་ཏུ་བདག་ཉིད་ཀྱི་གྲུ་མོ་གཡོན་པ་བཅུག་ལ་ལག་པ་གཡས་པས་དེའི་རྒྱབ་ནས་འཁྲུད་པ་ནི་གྲུ་མོ་ཞེས་
བྱ་བའི་སྦྱོར་ཐབས་སོ། །དེ་སྐད་དུ་ཡང་ལངས་ནས་ཁྲ་སྤྲད་དུ་འཇུག་སྟེ། །བུད་མེད་པུས་མོ་གཡས་པ་ནི། །བཏེག་ནས་གྲུ་མོ་འོག་ཏུ་གཞུག །སྦྱོར་བ་ལངས་པའི་སྦྱར་ཐབས་སོ། །ལངས་ཞེས་པ་ནི་ཁྱོགས་དང་བུད་མེད་དག་གལ་ཏེ་ཡང་ཁ་སྤྲད་པ་དེ་ཉིད་

ལངས་པའི་སྦྱོར་ཐབས་ཀྱི་སྦྱོར་བའོ། །ཡང་ན་རྐང་པ་གཡས་པ་མགོར་བཏེག་ནས། །སྐྱེས་པ་དང་བུད་མེད་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པས་མགྲིན་པ་ནས་འཁྱུད་ཅིང་མཆན་འོག་གཉིས་ཀྱི་འོག་ནས་ལག་པ་གཉིས་རྒྱབ་ཏུ་སྦྲེལ་
ནས་སྙོམས་པར་འཇུག་པར་བྱའོ། །དེ་བཞིན་ཤིན་ཏུ་བརྐྱང་པ་ཡིས། །ཞེས་པ་ནི་བུད་མེད་གན་རྐྱལ་དུ་ཉལ་བའི་རྐང་པའི་མཐིལ་གཉིས་ཀྱི་སོར་མོ་ལག་པའི་སོར་མོས་སྦྲེལ་བ་སྔོན་དུ་འགྲོ་བས་འཇུག་ཅིང་ལག་པ་གཉིས་བརྐྱང་ནས་ངང་པའི་གཤོག་པ་
ལྟ་བུར་བྱ་བའོ། །འདི་ནི་ཤིན་ཏུ་བརྐྱང་པའོ། །དེ་སྐད་དུ། ཤིན་ཏུ་བརྐྱང་པ་གཉིས་དག་ལ། །རྐང་གཉིས་ཤིན་ཏུ་བརྐྱང་བ་ལ། །ངང་པའི་གཤོག་པའི་རྣམ་པ་ལྟར། །བརྐྱང་བ་རུ་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །དེ་ལྟ་བུའི་རིམ་པས་ཡང་དང་ཡང་བརྟུལ་
ཞུགས་ཅན་གྱིས་འདོད་པ་བྱའོ། །སྟེང་དང་འོག་ཏུ་བལྟ་བ་ཉིད། །སྟེང་དང་འོག་ཏུ་བལྟ་ཞེས་པ་ནི་བཞིན་དང་པདྨ་ལ་འོ་བྱའོ། །ཡང་ན་ཡང་ཡང་ཞེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་སྐུའོ། །འདོད་པ་བྱ་ནི་ལྷན་ཅིག་སྐྱེས་པ་སྔོན་དུ་བྱ་བའོ། །ཡང་
ན་སྟེང་དང་འོག་ཏུ་བལྟ་བ་ཉིད་ནི། སྟེང་དང་འོག་ཏུ་བལྟ་ཞིང་ཉམས་སུ་མྱོང་བ་མངོན་དུ་བྱ་བའོ། །དེ་ནས་འབྲས་བུ་ཅིར་འགྱུར་བ་གསུངས་པ། དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། སངས་རྒྱས་ཀུན་དང་མཉམ་པར་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །དེ་
ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །མཉམ་པ་ཉིད་ནི་གཉིས་སུ་མེད་པར་རྟོག་པ་སྐྱེད་པའོ། །སྐད་ཅིག་དེ་ལ་ཅི་འདྲ་བར་འགྱུར་བ་ཡིན་པ་གསུངས་པ། དེ་ལ་ག་པུར་བཏུང་བར་བྱ། དེ་ལ་ག་པུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་
དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ག་པུར་བཏུང་བར་བྱ་ཞེས་པ་ནི་ཨཱ་ལི་ནཱ་དའི་ཕྲེང་བ་ཡང་དག་པར་མཐོང་བའོ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་པ་ནི་ཨཱ་ལིའི་ནཱ་དའི་བཏུང་བ་ཉིད་དང་ཀཱ་ལིའི་བཏུང་བའོ། །དེ་ཉིད་ཀྱི་ཕྱིར་ཆང་ནི་ཐུགས་རྡོ་རྗེ་བཏུང་

བའོ། །དེ་ལ་ཞེས་པ་ནི་སྐད་ཅིག་དེ་ལའོ། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཞེས་པ་ནི་སྐུའི་མངོན་པར་ཞེན་པ་ཡང་མེད་པ་ཉིད་དོ། །འདི་ཐམས་ཅད་ཉིད་ཇི་ལྟར་བྱ་བ་ཡིན་པའི་རིམ་པ་གསུངས་པ། ག་པུར་རྒྱུའི་ཕྱིར་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུའི་ཕྱིར་ཐམས་
ཅད་ཡིན་པར་དགོངས་སོ། །ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་བཅུ་གཅིག་པའོ།། །།ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་ནི་ལྷན་ཅིག་སྐྱེས་པ་ཉིད་ཀྱི་དོན་ཏེ་དོན་དམ་པའོ། །དེ་ཡང་སྦྱོར་བ་ནི་ཤེས་རབ་མཆོད་པའི་མཚན་ཉིད་དོ། །དེ་ཉིད་གཙོ་བོ་ཡིན་
པའི་ཕྱིར་རིམ་པར་ཕྱེ་བ་གང་དེ་ལ་ལྷན་ཅིག་སྐྱེ་བའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བའོ། །བཅུ་གཅིག་ནི་གཅིག་ནི་ཟླ་མེད་པའོ། །བཅུ་མ་ཡིན་པར་ཁ་སྦྱོར་བ་ཉིད་ཀྱི་དགུའི་བདག་ཉིད་ཡིན་པའི་དོན་ཏོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། བརྟག་པ་
གཉིས་པའི་ལྷན་ཅིག་སྐྱེས་པ་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་ལེའུ་བཅུ་གཅིག་པའོ།། །།ད་ནི་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་གྱི་རིམ་པར་ཕྱེ་བ་བཅུ་གཅིག་པ་གསལ་བར་བྱས་ནས། དེ་ནས་རྡོ་རྗེ་ཅན་གྱིས་དབང་། །བཞི་པའི་ཚིགས་བཅད་བཀའ་སྩལ་
པ། །ཞེས་པ་ནི་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པ་སྟེ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་བས་དབང་བཞི་གསང་བ་ལས་ཀྱང་ཆེས་གསང་བ་སྟེ། དེ་རྣམས་ཀྱི་ཚིགས་སུ་བཅད་པ་བཀའ་སྩལ་པའོ། །
རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རྡོ་རྗེ་ཉིད་ཆེ་དང་ཞེས་པ་ནི་ཁ་སྦྱོར་བའི་རང་བཞིན་ཟུང་དུ་འཇུག་པའོ། །དྲིལ་བུ་ཆེན་པོ་ཞེས་པ་ནི་འདི་ཡང་དོན་འདི་ཉིད་དོ། །རྡོ་རྗེ་
ཟུང་ནི་མི་ཕྱེད་པའི་སྐུའོ། །དེ་ཉིད་ཀྱི་ཕྱིར། རབ་གནས་ཏེ་རེ་རེ་ཞིང་ཐམས་ཅད་ཉིད་དུ་རྣམ་པར་གནས་སོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱུར། སློབ་མ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །བསྡུ་བ་ནི་ཡང་དག་པར་བསྡུ་

བའི་ཚུལ་ལོ། །གྱིས་ནི་རྫོགས་པའོ། །རྡོ་རྗེ་ཟུང་ཞེས་པ་ནི་སློབ་དཔོན་གྱི་དབང་ངོ་། །དྲིལ་བུ་ཆེ་ཞེས་པ་ནི་གསང་བའི་དབང་ངོ་། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །བདག་གིས་གསང་བའི་དབང་
གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །འདིས་ནི་ཤེས་རབ་ཀྱི་དབང་བསྟན་ཏོ། །ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །དགའ་སྦྱིན་ཞེས་པ་ནི་ཕུལ་དུ་
བྱུང་བ་ལྷག་པ་མེད་པའི་བདེ་བའི་རང་བཞིན་ནོ། །གནས་སྦྱིན་མ་ཞེས་པ་ནི་གནས་པ་མེད་པའི་ཚུལ་གྱིས་ལེགས་པར་གནས་པའོ། །ལྷ་མོ་ཞེས་པ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་གཟུགས་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ཡིད་འོང་མ་
ཡང་ངོ་། །ཁྱེར་ཅིག་ཁྱེར་ཅིག་ནི་ཤིན་ཏུ་བརྟན་པར་གྱིས་ཤིག་པའོ། །དེ་ལྟར་ཀྱེ་སེམས་དཔའ་ཆེན་པོ་ཁྱོད་ཡེ་ཤེས་ཆེན་པོའི་རོས་ཡོངས་སུ་གང་བའི་སྐུའོ། །ཁྱེར་ལ་ནི་ཤིན་ཏུ་བརྟན་པར་གྱིས་ཤིག་པའོ། །མཆོད་པ་དག་ཏུ་གྱིས་ནི་གཉི་ག་དབྱེར་མེད་པའི་རང་བཞིན་
ཟུང་དུ་འཇུག་པར་སྐྱེད་པའོ། །ད་ནི་དབང་བསྐུར་བཞི་པ་ནི། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །གང་འདི་ནི་བཞི་པའི་དབང་བསྐུར་བའི་སའོ། །དེ་ཉིད་ཀྱི་ཕྱིར་ཡང་དག་
པའི་ཡེ་ཤེས་སོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། །ཆེས་ཕྲ་ཞིང་ནི་དབང་པོ་ལས་འདས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ནི་མི་ཕྱེད་པའི་རང་བཞིན་གྱི་སྙིང་པོའོ། །དེ་ཉིད་ཀྱི་ཕྱིར་མཁའ་ལྟ་བུར་ཏེ་དེ་ཉིད་ཀྱི་ཕྱིར་རྡུལ་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་ཐར་སྟེར་ནི་
ཐར་པ་ནི་རྟོག་པ་ཡོངས་སུ་སྤངས་པའི་རང་བཞིན་ནོ། །ཞི་བ་ཉིད་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་རང་བཞིན་སྤྱན་ཐམས་ཅད་ཀྱིས་སྣང་བར་མ་གྱུར་པའོ། །དེ་ཉིད་ཁྱོད་ཀྱི་ཕ་ནི་སྔར་ཁྱོད་ཀྱི་སྐྱེད་པར་བྱེད་པའོ། །དེ་ཡང་སྐྱེད་པར་བྱེད་པ་

ཁྱོད་ཉིད་དོ། །དེ་ཉིད་ཇི་ལྟར་ཞེ་ན། གང་བདག་ཉིད་གཞན་ཅི་ཡང་མ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་ནོ། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་པ་དོན་འདིས་གསལ་བ་ཉིད་དོ། །ཆེས་ཕྲ་ཞིང་ཞེས་པ་ནི་དགའ་བ་དང་པོའོ། །རྡོ་རྗེ་སྙིང་པོ་ཞེས་པ་
ནི་དགའ་བ་གཉིས་པའོ། །ནམ་མཁའ་ལྟ་བུར་ཞེས་པ་ནི་གསུམ་པ་རྣམ་པར་དག་པའོ། །རྡུལ་བྲལ་ཞེས་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཉིད་ཐར་པ་ཀུན་དུ་རྟོག་པ་ཡོངས་སུ་སྤངས་པས་ཐབས་ཡིན་ཏེ། ཡེ་ཤེས་དེ་ནི་ཞི་བ་ཡིན་པར་བསྟན་པའི་དོན་ཏོ། །ལྷན་
ཅིག་སྐྱེས་པའི་ཡེ་ཤེས་འདི་ཉིད་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་མེད་ན་རྒྱུན་མི་འཆད་པར་མི་འགྱུར་བས་ནི། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་གསུངས་པ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་དེ་ཉིད་གསུངས་པ། ཨོཾ་པདྨ་སུ་ཁཱ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད། ཙ་ཏུ་རཱ་ནནྡ་བྷཱ་ག་བི་ཤྭ་
ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ། ཨོཾ་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དུ་བསྟན་ཏོ། །པདྨ་ཞེས་བྱ་བ་ནི་པདྨའོ། །སུ་ཁཱ་དྷཱ་ར་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པའོ། །དེ་ཉིད་ཕྱིར། མ་ཧཱ་རཱ་ག་སུ་ཁཾ་ད་ད་སྟེ། མ་ཧཱ་རཱ་ག་ནི་ཡེ་ཤེས་སོ། །ད་ད་ནི་བྱིན་པས་ཐོབ་
པའོ། །མ་ཧཱ་རཱ་ག་སུ་ཁཾ་ད་ད་ནི་ཀུན་དུ་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར། ཙ་ཏུ་རཱ་ནནྡ་བྷཱ་ག་ནི། དགའ་བ་བཞི་གཅིག་པའི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བི་ཤྭ་ནི་རྡོ་རྗེ་འཛིན་པའོ། །ཧཱུཾ་ཧཱུཾ་ནི་འདི་ཉིད་དོ། །ཀཱརྱཾ་ནི་རྫོགས་
པའོ། །དེ་བདག་ལ་མེ་ཀུ་རུ་སྐྱེད་ཅིག་པའོ། །ལྷན་ཅིག་སྐྱེས་པ་དག་ལས་གང་བྱུང་བའི་ལྷན་ཅིག་སྐྱེས་པ་དེའི་དོན་ནི་འདི་ཡིན་ཏེ། ཡི་གེ་ཧཱུཾ་གཉིས་ཀྱིས་བསྟན་ཏོ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡཱ་ཀཿ། ཁ་ག་མུ་ཁཻ་ཀ་ར་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཀཱརྱཾ་ཀ་རུ་ཥ་མེ། ཨོཾ་ཞེས་པ་ནི་བཤད་
ཟིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་ཡ་ཀཿཞེས་པ་ལ། ཙ་ཏུ་རཱ་ནནྡ་དཱ་ནི་ཀུན་དུ་རྟོག་པ་སྤངས་པའོ། །ཁ་ག་མུ་ཁཻ་ཀ་ར་སོ་ནི་ནམ་མཁའ་ལ་འགྲོ་བས་ན་ཁ་ག་སྟེ་ཐུགས་སོ། །དེ་ཉིད་ཀྱི་མུ་ཁ་ནི་དང་པོའོ། །དེ་ཉིད་ཨེ་ཀ་ར་སོ་ནི་ཟླ་མེད་པར་ཉམས་སུ་མྱོང་

བའི་མཚན་ཉིད་དོ། །ནཱ་ཐ་ཞེས་པ་ནི་འགྲོ་བའི་བླ་མའོ། །དེ་ནི་བོད་པའི་ཚིག་ཡིན་པས་ཀྱེ་ནཱ་ཐའོ། །ཧཱུཾ་ཧཱུཾ་ཀཱ་རྱཾ་ཀུ་རུ་ཥྭ་མེ་ཞེས་པ་ནི་བཤད་ཟིན་པའི་དོན་ཏོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའི་སྔགས་དམིགས་པའི་ཚེ་མགོ་བོ་ནི་ཨོཾ་ཞེས་པ་ནི་བདེ་བ་
ཆེན་པོའི་འཁོར་ལོ་རེ་སྨིན་མཚམས་སུ་ཟླ་བའི་གདན་ལ་ཡི་གེ་ཨོཾ་ཁ་དོག་དཀར་པོའོ། །སྙིང་གར་ནི་ཧཱུཾ་ངོ་ཞེས་པ་ནི་སྙིང་ག་ཆོས་ཀྱི་འཁོར་ལོར་ཉི་མར་གནས་པའི་ཡི་གེ་ཧཱུཾ་སྔོན་པོའོ། །ཟེའུ་འབྲུ་ལ་ནི་ཡི་གེ་ཨའོ། །ཞེས་པ་ནི་སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨ་
དམར་པོའོ། །རྐེད་པའི་མཚམས་སུ་ཡི་གེ་སྭཱའོ། །བརླ་གཉིས་ལ་ཡི་གེ་ཧཱ་ཞེས་བྱ་བ་དགོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབས་ནས། རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་རྫོགས་པ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་སྐུ་གསུམ་མོ། །
སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ལྔ་རྣམས་སོ། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་དགུའི་བདག་ཉིད་ཀྱི་ཡི་གེ་གསུམ་གྱི་བདག་ཉིད་དོ། །དགྱེས་པའི་རྡོ་རྗེ་ནི་ཐེག་པ་ཆེན་པོའི་གསང་སྔགས་ཏེ་ཁ་སྦྱོར་འབྱེད་པའི་མཚན་ཉིད་སྔགས་བཏུ་བས་ནི་སྤྲུལ་པའི་སྐུའི་རང་
བཞིན་ནོ། །སྔགས་ཀྱི་བཟླས་པས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དོ། །ལྷན་ཅིག་སྐྱེས་པའི་དོན་གྱི་རྣལ་འབྱོར་གྱིས་ཆོས་ཀྱི་སྐུའི་ལུས་སོ། །བཞི་པའི་དབང་བསྐུར་བའི་རང་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ནོ། །བརྟག་པ་སུམ་ཅུ་རྩ་གཉིས་ལས་
ཕྱུང་བ། བརྟག་པ་གཉིས་ཀྱི་བདག་ཉིད་ཅན་དགྱེས་པའི་རྡོ་རྗེའི་རྒྱུད་ཆེན་པོ་རྫོགས་སོ།། །།བརྟག་པ་སུམ་ཅུ་རྩ་གཉིས་ལས་ཕྱུང་བའི་བརྟག་པ་གཉིས་པ་ནི་སྐུའོ། །རྒྱུད་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པར་མངོན་པར་རྫོགས་པར་
བྱང་ཆུབ་པའི་རང་བཞིན་ནོ། །དགྱེས་པའི་རྡོ་རྗེ་རྫོགས་སོ་ནི་ཁ་སྦྱོར་བའི་རང་བཞིན་ཉིད་ཀྱིས་མཐའ་དག་ཉིད་དུ་ཁྱབ་པའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། དགྱེས་པའི་རྡོ་རྗེའི་རྒྱུད་ཆེན་པོ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་མ་ཧཱ་རཱ་ཛ་སྱ་པཉྩི་ཀཱ་ནེ་ཏྲ་བི་བྷཾ་ག་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ས་མ་སརྦ་ཨརྠ་སིདྡྷཿ། ན་མོ་གུ་རུ་
པཱ་དཱ་ཡ། ཨེ་ཝཾ་མ་ཡཱ་ཤྲུ་ཏ་ཨེ་ཀ་སྨིན་ས་མ་ཡེ་བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩི་ཏྟ་ཧྲྀ་ད་ཡ་བཛྲ་ཡོ་ཥཱི་ཏ་བྷ་གེ་ཥུ་བི་ཛ་ཧཱ་ར། །གླེང་གཞིའི་ངག་དང་པོའོ། །འདི་ཡང་སྒྲའི་ཚུལ་དུ་བཤད་པ་དང་། དོན་གྱི་ཚུལ་དུ་བཤད་པའོ། །སྒྲའི་ཚུལ་ལ་ཡང་གསུམ་སྟེ། སྒྲའི་
བྱེད་པའི་གནས་དང་སྦྱར་བ་དང་། ནུས་པའི་རྩལ་དང་མིང་ཁྱད་པར་དུ་བཏགས་པའི་ཡོན་ཏན་ཏོ། །བྱེད་པའི་དབང་དུ་བྱས་པ་ནི་སྒྲའི་གནས་དང་སྦྱར་ཏེ། དེ་ཡང་སྒྲ་པའི་ལུགས་ཀྱི་ཏི་ངན་ཏིའི་མཐའ་ཅན་དང་སུ་པནྟིའི་མཐའ་ཅན་ལས་འདིར་སུ་བནྟ་བྱཱ་ཀཱ་ར་ཎའི་གནས་བརྒྱད་དོ། །གང་
ཞེས་བྱ་བ་ལ་སོགས་པ་ལས། །འདིར་གང་གིས་ཐོས་ན་བདག་གིས་ཐོས་ཞེས་གསུམ་པ་སྦྱར། གང་གི་ཚེ་སྟེ་དུས་ནི་དང་པོའམ་ཏི་ངན་ཏའི་གནས་མི་སྦྱར། གང་ལས་ཐོས་ཞེས་པས་བཅོམ་ལྡན་འདས་ཞེས་ལྔ་པ་ལ་སྦྱར་བ་དང་། གང་དུ་ཞེ་ན། བྷ་ག་ལ་ཞེས་བདུན་པའམ་གཉིས་
པ་སྦྱར་བ་དང་། བཞུགས་ཞེས་པར་འཁོར་བསྟན་པས་ཐོས་པ་དང་འབྲེལ་བས། འདི་རྣམས་ཀྱི་ཕྱིར་ཞེས་བྱ་སྟེ་བཞི་པའི་སྒྲ་སྦྱར་རོ། །ནུས་པའི་རྩལ་ནི་འདི་སྐད་ཀྱིས་འདི་སྐད་ནས་འབྲུ་ལ་ཨའི་རྣམ་པའོ་ཞེས་པ་རྒྱུད་མགོ་ཞབས་ཀྱི་དོན་འདྲེན་པ་དང་། འདི་སྐད་ཀྱིས་ཡང་སྒྲོ་མ་
བཏགས་པ་དང་། སྐུར་པ་མ་བཏབ་པར་བཅོམ་ལྡན་འདས་ལས་ཐོས་ཤིང་གཟུངས་ནས་བསྡུས་ཞེས་པ་དང་། ཉན་པ་རྣམས་གུས་པ་དང་བཅས་པའོ། །བདག་གིས་ཞེས་པ་ནི་བདག་གིས་མངོན་སུམ་དུ་ཐོས་ཀྱི་རྒྱུད་ཀྱི་བརྒྱུད་པས་མ་ཡིན་པར་སྟོན་པ་དང་། ཐོས་པ་ཞེས་པ་ནི་ཐོས་པ་
རྐྱང་བ་སྟེ། རྟོགས་པ་ནི་མ་ཡིན་པའོ། །ཐོས་པའི་གནས་སྐབས་ན་ཐོས་ཀྱིས་རྟོགས་པ་ནི་མ་ཡིན་ཏེ་རང་གི་བྱས་པ་སྟོན་པ་ལ་ཁྱད་པར་མེད་པ་དང་། གཞན་མི་གུས་པས་འགྱུར་བས་སོ། །སྡུད་པ་པོའི་གནས་སྐབས་ནི་དོན་དང་ཚིག་དང་བཅས་པར་བསྡུས་པས་ཁྱད་པར་དུ་འགྱུར་རོ། །

དུས་གཅིག་གིས་ནི་ཡོན་ཏན་གསུམ་འདྲེན་པར་བྱེད་དེ། དུས་གཅིག་ན་འདི་ཐོས་པ་གཞན་དག་ཀྱང་ཐོས་ཞེས་པས་མང་བར་སྟོན་པ་དང་། གཞན་དུ་མ་ཐོས་པ་དག་སྲིད་དོ་ཞེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྒྱུན་མི་འཆད་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བར་
གཙོར་བྱེད་པས་སོ། །དེས་ནི་སྡུད་པ་པོ་ཆེ་བར་བསྟན་ཏོ། །ཡང་དུས་གཅིག་གིས་བསྟན་པ་དཀོན་པར་སྟོན་ཏོ། །དེའི་ཚེ་ཁོ་ན་གསུངས་ཀྱི་གཞན་གང་དུ་ཡང་མ་བསྟན་པས་ན་དཀོན་པའོ། །དུས་གཅིག་སྟོན་པ་ཆེ་བར་སྟོན་ཏེ། སྐད་གཅིག་མ་ལ་ཐོས་པས་འཁོར་རྣམས་རྣམ་པར་
ཐར་པའི་སྐྱེ་མཆེད་སྒྲུབ་ནུས་པའམ་བྱ་བ་རྫོགས་པའི་སྐད་ཅིག་གཅིག་ཅེས་བྱའོ། །བྷ་ག་ཝཱན་གྱིས་ནི་ཡོན་ཏན་གཉིས་འདྲེན་ཏེ། བྷ་ག་རྣམ་པ་དྲུག་ཏུ་བརྗོད། །ཅེས་བྱ་བ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་
ཚོགས་ལྡན་དང་། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་པས་ཡེ་ཤེས་ཕུན་སུམ་ཚོགས་པར་བསྟན་ཏོ། །ཡང་ན་ཉོན་མོངས་ལ་སོགས་བདུན། །ཞེས་བྱ་སྟེ། བྷ་ག་ཝཱན་ནའི་སྒྲ་ལས་འཇོམས་པ་སྟེ། ཉོན་མོངས་པའི་བདུད་འདོད་ཆགས་ལ་སོགས་པ་དང་། ཕུང་པོའི་བདུད་དེ་རང་
དབང་དུ་མ་ཐོབ་པ་དང་། འཆི་བདག་གི་བདུད་དེ་འཆི་བའི་དུས་ན་གཤིན་རྗེའི་ལག་ཏུ་འགྲོ་བ་དང་ལྷའི་བུའི་བདུད་ནི་དགའ་རབ་དབང་ཕྱུག་གིས་བར་ཆད་བྱེད་པ་སྟེ། དེ་རྣམས་བཅོམ་ལྡན་འདས་བྷ་ག་ཝཱན་ནོ། །སརྦ་ཏ་ཐཱ་ག་ཏ་ནི་ཏ་ཐཱའི་སྒྲས་དེ་ཁོ་ན་ཉིད་དུ་གཤེགས་པའམ་སོན་ཞེས་
བྱ་སྟེ་ཆོས་སྐུར་གནས་པའོ། །ག་ཏས་མི་རྟོགས་པའམ་བྱོན་པ་སྟེ་སྐུ་གཉིས་སོ། །དེ་ཡང་། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་གསུངས་ཏེ། སརྦ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱི་སྐུ་གསུང་ཐུགས་བསྡུས་པ་
ནས་ཧྲྀ་ད་སྟེ་སྙིང་པོ་བསྡུས་པ་དེ་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་རྡོ་རྗེའོ། །བཙུན་མོ་ལ་བཞུགས་པ་སྟེ། སྤྱན་ལ་སོགས་པ་དེ་རྣམས་འདུས་པ་བྷ་ག་རྣམས་ཁྲོ་བ་དང་ཆགས་པ་ཅན་འདུལ་བ་ལ་གནས་དེར་བཞུགས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་ཉིད་གནས་སུ་སྣང་བ་དེ་ལ་རྡོ་རྗེ་འཆང་

བཞུགས་པའོ། །བི་ཛ་ཧ་ར་སྟེ་གཞི་མཐུན་པའི་འབྲུ་མང་པོ་པའོ། །ཧ་ར་ནི་འཕྲོག་པ་སྟེ་གཙོ་བོའི་ཡོན་ཏན་གྱིས་འཁོར་གྱི་ཐེ་ཚོམ་སྟོན་པས་འཕྲོག་པའོ། །བཞུགས་ཞེས་པས་ཡང་རྒྱལ་པོ་ཕོ་བྲང་ན་བཞུགས་པས་འཁོར་འདྲེན་ཏེ། རྒྱལ་པོ་གཅིག་ཏུ་བཞུགས་པ་མ་ཡིན་པ་དང་། ཐོས་
པའི་འབྲེལ་པས་འཁོར་དང་བཅས་པ་སྟོན་པས་འཁོར་བསྟན་པ་དང་གཞན་དག་ནི་སྤྱོད་ལམ་དང་ཆོས་འཆད་པ་དང་ཏིང་ངེ་འཛིན་དང་ནང་དུ་ཡང་དག་འཇོག་པས་བཞུགས་ཞེས་ཀྱང་འཆད་དོ། །མིང་ཁྱད་པར་ཅན་དུ་བཏགས་པ་ནི་འདི་སྐད་ལ་ཨེ་སིན་ནམ་ཨི་དཾ་ཞེས་མི་ཟེར་བར་ཨེ་
ཝཾ་ཞེས་བཏགས་པས་ལོག་རྟོག་སེལ་ཏེ་ཁ་ཅིག་ཕྱྭ་དང་མེས་པོ་དང་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་སྟེ། བྱེ་བྲག་པའི་ལུང་ལས། བ་ནི་བ་སྨྲ་བ་རྣམས་ཀྱི་རྒྱུ། །འགྲོ་བའི་རྒྱུ་ནི་དབང་ཕྱུག་སྟེ། །དབང་ཕྱུག་གིས་ནི་མཐོ་རིས་སམ། །ངན་འགྲོ་དག་ཏུའང་ལྟུང་བར་བྱེད། །ཅེས་
ཟེར་བ་དེ་ལྟ་བུ་དགག་པའི་ཆེད་དུ་སྟེ། །ཨེ་ཝཾ་ནི་ཆོས་ཐམས་ཅད་ཀྱི་ཕ་དང་མ་ལྟ་བུའི་འབྱུང་ཁུངས་སུ་ཤེས་པར་བྱེད་ལ། ཨེ་ཝཾ་སྟེ་བདེ་སྟོང་དབྱེར་མེད་ཐབས་ཤེས་རབ་དང་དབྱེར་མེད་དུ་སྟོན་པས་ན་དེ་སྤོང་ངོ་། །དེ་ཡང་ཨེ་ནི་མར་འགྱུར་ལ། བི་ན་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་
དེ་ནི་སྦྱོར་བ་སྟེ། །སྦྱོར་ཏེ་དེ་ནི་རྨད་བྱུང་བའོ། །ཞེས་པ་དང་། ཨེ་ནི་ཤེས་རབ་ཉིད་འགྱུར་ལ། །ཝཾ་ནི་རབ་དགའི་བདག་པོའོ། །འགྲོ་བ་གང་ཞིག་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་པ་དང་། །དེས་ན་སངས་རྒྱས་ཆོས་རྣམས་ལས། །ཕྱི་རོལ་སྦྱོར་སྤངས་ཐུབ་པ་བཞིན། །ཨེ་ཝཾ་ཡིག་
གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་གསུངས་སོ། །བདག་གིས་ལ་ཨཱཏྨའི་ཟེར་བ་ནི་མུ་སྟེགས་བདག་ཏུ་འདོད་པ་ཡང་གང་ཟག་བདག་ཏུ་འདོད་པ་སྟེ། གྲངས་ཅན་དག་ནི་ཡོན་ཏན་
གསུམ་ཆེ་མཉམ་པ་ལས་གཙོ་བོ་ལས་བདག་སྟེ། དེ་ལས་འགྱུར་བ། དེ་ལས་ཡོན་ཏན་དུ་མ་སྐྱེ་སྟེ། འདི་ཙམ་ཉི་ཤུ་ལྔ་ཤེས་ན། །རལ་པའམ་སྤྱི་བོ་གཙུག་ཕུད་ཀྱི། །བསྟི་གནས་གང་དུ་འགྲོ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་ཟེར་བ་དེ་བཟློག་པའི་ཕྱིར། མ་ཡཱ་ནི་སྒྱུ་

མའི་བདག་ཉིད་དུ་ཤེས་པར་བྱ་སྟེ། བདག་ནི་རྟག་པ་དང་གཅིག་པུ་དང་རང་དབང་དུ་འདོད་ལ། སྒྱུ་མ་ནི་དེ་དང་མཚན་ཉིད་མི་མཐུན་པས་ནི་དེ་སྤོང་ངོ་། །ཐོས་པ་ཤྲུ་བ་ལའམ་ཤྲུ་ཏ་ཟེར་བ་ནི་མུ་སྟེགས་ཀྱི་རིག་བྱེད་པ་སྒྲ་ཡོན་ཏན་དུ་འདོད་པ་སྒྲས་ཆོག་པར་འཛིན་
ཏེ། །དེའི་ལུང་ལས། ཉེས་པ་རྣམས་དང་འབྲེལ་བའི་ཕྱིར། །སྐྱེས་བུ་མ་བྱས་བདེན་དོན་ཅན། །ཞེས་སྒྲ་རྟག་པར་འདོད་པ་དེ་སྤོང་སྟེ། ཤྲུ་ཏ་རྒྱུ་བས་མ་ཤྲུ་ཏ་རིག་པ་ཤེས་པས་སྒྲ་རྟག་པ་དེ་ཐོས་བྱ་དང་ཐོས་བྱེད་ཀྱི་འབྲེལ་པ་མི་འཐད་པས་ན་དེ་བཟློག་གོ། །དུས་གཅིག་ན་ཨེ་ཀ་ཀཱ་ལ་མི་ཟེར་
པར་ས་མ་ཡ་ཟེར་བ་ནི་དུས་ཡོན་ཏན་དུ་འདོད་པ་ཡོད་དེ། དེ་ཡང་། སྐྱེ་དགུ་འདི་དག་དུས་ཀྱིས་བསྡུས། །དངོས་པོ་འདི་དག་དུས་ཀྱིས་བྱེད། །ཅེས་ཟེར་ཏེ། རིགས་པ་ཅན་ལ་སོགས་པ་འདོད་པ་བཟློག་པ་སྟེ། ས་མ་ཡ་ནི་དམ་ཚིག་དེ་དུས་དང་མཉམ་པའི་དུས་དང་། ཡ་ཡོ་ག་སྦྱོར་བར་
འགྲོ་བས་ན་དུས་རྟག་པ་ནི་དེ་དག་དང་འགལ་བས་ན་བཟློག་གོ། །དེ་སྐད་དུ་ཡང་། དུས་ནི་རྣམ་པ་གསུམ་ཡིན་ཏེ། །བདེ་བའི་དུས་དང་ངན་པའི་དུས། །བསམ་གྱིས་མི་ཁྱབ་དུས་ཡིན་ཏེ། །ཞེས་གསུངས་སོ། །བི་ཛ་ཧ་རཾ་ལ་སྟ་ནའམ་སྟི་སྟི་བེ་སེ་པ་མི་ཟེར་བ་ནི་ཐེར་ཟུག་པའི་རྟག་པ་
སྤོང་སྟེ། གྲངས་ཅན་ལ་སོགས་པ་རྫ་ཆག་བྱེ་འཕུར་དུ་འདོད་པ་སྟེ། ཧ་རས་སྤོང་སྟེ་རྗེས་སུ་མཐུན་པས་སྟོན་ཏེ། འཕགས་པའི་ཚུལ་དུ་བཞིས་བཞུགས་པ་དང་ཧ་རས་འཕྲོག་བྱ་དང་ཕྲོག་བྱེད་དུ་བཞུགས་པའམ། བི་ཛི་ཡང་ཡོན་ཏན་དང་འཇོམས་པར་བཞུགས་པའོ། །དོན་བཞིན་
དུ་བཤད་པ་ནི་གཉིས་ཏེ། །བཤད་ཚུལ་སོ་སོར་སྦྱོར་བ་དང་བརྟག་པ་ཕྱི་མའི་ཚུལ་གྱིས་མདོར་བསྡུས་ཏེ་བསྟན་པའོ། །བཤད་ཚུལ་སྦྱར་བ་ནི་བསྐྱེད་རིམ་དང་རྫོགས་རིམ་མོ། །བསྐྱེད་རིམ་དམིགས་པར་བྱ་བའི་ཡུལ་གླེང་གཞི་བསྟན་པ་དང་། ཉམས་སུ་ལེན་པའི་ཐབས་བསྟན་
པའོ། །གླེང་གཞི་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་སྟོན་ཏོ། །སྔར་བསྟན་པའི་ཡོན་ཏན་དང་ལྡན་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའོ། །དུས་གཅིག་ནི་ཕུན་སུམ་ཚོགས་པ་སྟེ། སྟོན་པ་གནས་དང་འཁོར་ལ་སོགས། །

འདུས་པ་དུས་ཞེས་བཤད་པ་ཡིན། །ཞེས་པ་མདོ་ལ་སོགས་པ་ལྟར་དཔྱིད་ཟླ་ར་བ་ལ་སོགས་པ་བསྟན་པ་བཞིའི་དུས་སོ། །སྟོན་པ་ནི་བྷ་ག་ཝཱན་ཏེ་གོང་མ་ལྟར་སྤངས་པ་དང་། ཡེ་ཤེས་ཏེ་དེ་དང་ལྡན་པའི་རྒྱུའི་རྡོ་རྗེ་འཆང་རིགས་བདུན་པ་སྟེ་དེ་ཡང་འོག་ཏུ་འཆད་དེ། ཞལ་བརྒྱད་
ཕྱག་ནི་བཅུ་དྲུག་སྟེ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །གསུངས་པས་དེའི་དགོངས་པ་ཡང་རྒྱུའི་རྡོ་རྗེ་འཆང་འཆད་པ་པོར་འདོད་དོ། །གནས་ཕུན་སུམ་ཚོགས་པ་ནི་སརྦ་ཏ་ཐཱ་ག་ཏ་ནས་བྷ་ག་ག་ལའི་བར་ཏེ་ཁྲོ་བ་དང་ཆགས་
པས་འདུལ་བ་ལ་ཕྱི་ཆོས་འབྱུང་བ་དེར་ཐོས་སོ། །འཁོར་ཕུན་སུམ་ཚོགས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བྲག་བརྒྱད་ཅུ་སྟེ། རིགས་ལྔ་དང་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་། རྡོ་རྗེ་བདག་མེད་མ་དང་སྤྱན་ལ་སོགས་པ་སངས་རྒྱས་ཀྱི་སྤྲུལ་པ་རྡོ་རྗེ་མཁའ་འགྲོ་
མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ཏེ། དེ་ཡང་འོག་ལྡན་མ་དང་སྟེང་ཞལ་མ་ལ་སོགས་པས་འཆད་དོ། །དེ་ལྟ་བུར་བདག་གིས་ཐོབ་པར་བྱ་སྙམ་དུ་འདོད་པར་བྱ་ཞེས་བསྐྱེད་རིམ་གྱིས་དམིགས་པར་བྱས་ལ་དེ་ཉིད་ཉམས་སུ་ལེན་པ་ནི་སྒྲུབ་པ་པོ་ཐུན་མོང་དང་ཁྱད་པར་གྱི་
ཡོན་ཏན་དང་ལྡན་པས། གནས་ཕུན་སུམ་ཚོགས་པ་བགེགས་དང་འཚེ་བ་མེད་པར་བྱ་བ་ལ་འཇུག་པ་སྔར་ལངས་ལ་ལྷའི་ང་རྒྱལ་གྱིས་འཆགས་ཡོད་པར་ཕྱིན་ཏེ། བསམ་གཏན་གྱི་བར་ཆད་བསལ་ལ། འཆགས་ཆུང་ངུ་ཕྱིའི་ཁྲུས་ཙནྡན་ལ་སོགས་པ་སྦྱར་བའི་ཆུས་དབང་
བསྐུར་བར་མོས་ཏེ་ཁྲུས་བྱའོ། །ནང་གི་ཁྲུས་བདུད་རྩིའི་བྱུག་པ་ལ་སོགས་པ་བྱ་བའོ། །དེ་ནས་ནང་དུ་མཎྜལྸ་དང་མཆོད་པ་བཤམས་ལ་ཐང་ཀ་དང་འབུར་སྐུ་རྣམས་བཞུགས་པ་བདག་དང་རྣལ་འབྱོར་ལ་སོགས་བསྲུང་བར་བྱའོ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་སྟེ། རང་
རང་གི་ཕྱག་རྒྱ་དང་སྔགས་ཀྱི་རྫས་སུ་བྱིན་གྱིས་བརླབ་བོ། །དེ་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསགས་ལ། རེ་ཕ་སྔོན་དུ་ཞེས་པས་ར་བ་དྲ་བ་བསྒོམས་པའི་ནང་དུ་ཨེ་ཆོས་འབྱུང་བ་ཤྲཱི་དང་ནཱའི་གནས་ལྟ་བུར་བསམ་སྟེ་དོན་ལེའུ་བརྒྱད་པར་འཆད་དོ། །ཝཾ་གཞལ་

ཡས་ཁང་འབྱུང་བས་ཆུ་མེ་རླུང་རྣམས་ཞུ་བ་ལས་བྱུང་བ་དེ་ཡང་འོག་ནས་འཆད་དོ། །ཟེའུ་འབྲུ་དང་བཅས་པར་ཐིག་ལེ་བྱང་ཆུབ་སེམས་ལས་མ་ཡཱ་དཀྱིལ་འཁོར་གྱི་བདག་པོ་བསྒོམ་སྟེ། དེ་ཡང་ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་པ་
ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་ཟེར། །དེ་རྣམས་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པའོ། །ཞེས་བྱ་བས་མངོན་པར་བྱང་ཆུབ་པ་ལྔས་རྒྱུའི་རྡོ་རྗེ་འཆང་དུ་སྤྲུལ་ལོ། །ཤྲུ་ཏ་ནི་རིག་མ་དང་བཅས་པ་བཞུགས་པ་ལས་བྱུང་བ་དེ་
ཡང་། བར་དོར་བཞུགས་ནས་བསྲུབ་དང་བསྲུབས་པས་གཙོ་བོ་ཞུ་རིག་མ་དང་བཅས་ཏེ་ཞུ་བའོ། །དུས་གཅིག་ནི་ཞུ་བ་དང་ལྡན་པའི་རིག་མ་དང་དུས་གཅིག་པའོ། །བཅོམ་ལྡན་འདས་ནི་གླུའི་ངོར་འབྲས་བུ་ཧེ་རུ་ཀར་ལངས་ཏེ། ཐིག་ལེ་བཞི་ཆད་ནས་རྐྱེན་གླུས་བསྐུལ་ནས་ཡུད་
ཙམ་གྱིས་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉན་པའི་འཁོར་རྫོགས་པ་སྟེ། རང་བཞིན་སངས་རྒྱས་རྣམ་པ་རྡོ་རྗེ་བཙུན་མོ་སྟེ། རྣལ་འབྱོར་མའི་འཁོར་རྗེས་སུ་མཐུན་པའི་བྱང་ཆུབ་པ་ལྔས་བསྐྱེད་པའོ། །དེ་ནས་ཉམས་དགའ་བའི་གྲོང་
ཁྱེར་ཡིན་པས་བྷ་ག་སྟེ། ཉོན་མོངས་པ་རྣམ་པར་འཇོམས་པ་དག་པའི་ཡེ་ཤེས་དང་ལྡན་པས་སོ། །བཞུགས་སོ་ཞེས་བྱ་བས་ནི་སེམས་དཔའ་སུམ་བརྩེགས་དང་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི་གཙོ་བོ་ལ་བསྐྱེད་ཚུལ་དུ་བསྒོམ་མོ། །སྐུ་གསུང་
ཐུགས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་རྫོགས་པའི་རིམ་པ་ཉུང་ལྡན་དུ་བསྒོམ་མོ། །དག་པ་རྗེས་སུ་དྲན་པ་དང་སྔགས་བཟླས་པ་དང་གཏོར་མ་དང་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་བསྡུ་བ་དང་བཅས་པ་བཞུགས་སོ། །
དོ་ལ་མཉམ་གཞག་དང་རྗེས་ཐོབ་ཀྱི་རྟགས་འབྱུང་སྟེ། ཐུན་བཞིའི་རིམ་པར་ཞག་གཉིས་དང་དེ་བཞིན་ཏེ་བརྟེན་པ་ཆོས་ནས་འཇུག་པ་དང་རྟེན་དང་པོ་ནང་ནས་འཇུག་པའོ། །དང་པོ་ནི་ཨེ་སྟེ་ཆོས་ཐམས་ཅད་སྟོང་པ་ཉིད་དང་བ་སྟེ་ཐབས་སྣང་བ་དང་། ང་སྟེ་དབྱེར་མེད་བདག་གིས་ནི་བདག་ཉིད་

དུ་ཐོས་ཤིང་གསལ་བའོ། །ཤྲུ་ཏ་སྟེ་བདེ་བ་གོང་ནས་གོང་དུ་འཕེལ་བའམ་ཡང་གསལ་རིག་གི་ཆ་མ་འགགས་པའོ། །དུས་ནི་དེ་ཉིད་སྣང་བ་དང་སྟོང་པ་དབྱེར་མེད་པའི་སྒོམ་པ་སྟེ། དེ་ཡང་ཕ་རོལ་ཕྱིན་པ་ནི་ལུང་དང་རྒྱ་མཚོ་རིགས་པས་དཔྱད་དེ་བསྒོམས་ལ། འདིར་ནི་མན་ངག་གི་
སྟོབས་ཀྱིས་ཆོས་རྣམས་ལས་ཡེ་ཤེས་སྐྱེ་བའི་ཚུལ་དུ་བསྒོམ་མོ། །བཅོམ་ལྡན་འདས་ནི་དེས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །སྐུ་གསུང་ཐུགས་ནི་རྣམ་པར་ཐར་པའི་སྒོ་
གསུམ་མོ། །ཧྲྀ་ད་ཡ་ནི་སྙིང་པོ་སྟེ་བསྡུས་པའམ་དཀྱིལ་ལོ། །བཙུན་མོ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཡོན་ཏན་བསྐྱེད་པའོ་ཞེས་བཞུགས་སོ་ཞེས་པ་ནི་ཆོས་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་སྟེ། ཏིལ་ཅན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས། ཏིལ་ལ་
ཏིལ་མར་ཇི་བཞིན་དུ། །བུ་རམ་ཤིང་ལ་བུ་རམ་བཞིན། །ཞེས་པའོ། །རྟེན་དང་པོ་ནང་ནས་འཇུག་པ་ནི་ཨེ་སྟེ་ཤེས་རབ་ལྷ་མོ་བླ་ན་མེད་པའོ། །བ་ནི་དེ་བརྟེན་པའི་ཐབས་ཏེ་ཡིད་འབྲིད་པའི་དུས་སུ་ཐབས་དུ་མའོ། །ང་ནི་དབང་པོ་རང་སྣང་སྟེ་རབ་འབྲིང་ཐ་མ་གསུམ་སྟེ་གསེར་འགྱུར་
གྱི་ཚུལ་དང་བྱ་རོག་ལྡིང་ཆགས་ཀྱི་ཚུལ་དང་རྒྱ་མཚོ་ལྟ་བུའི་ཚུལ་དང་ནང་ཕྱི་རོལ་དུ་སྣང་བ་དང་། ཕྱི་ནང་དུ་སྣང་བ་དང་། རང་སོར་གནས་པ་སྐྱེའོ། །མ་ཡཱ་ནི་སྤྱོད་ལམ་དང་བསྲེ་སྟེ། ཟ་བ་དང་འགྲོ་ཉལ་དུ་ཡང་སྐྱེའོ། །ཤྲུ་ཏ་ནི་དོན་དམ་ལྷན་སྐྱེས་སོ། །དུས་གཅིག་ནི་ཀུན་རྫོབ་ལྷན་སྐྱེས་
པ་དང་དུས་གཅིག་གོ། །ལྷན་ཅིག་སྐྱེས་པ་དེ་ཉིད་བཅོམ་ལྡན་འདས་ཏེ་སྔ་མ་བཞིན་ནོ། །གནས་གང་ན་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དེ་སེམས་ཅན་ཐམས་ཅད་དོ། །སྐུ་གསུང་ཐུགས་ཀྱི་ལུས་ངག་ཡིད་གསུམ་སྟེ། དེ་ཁོ་ན་རྡོ་རྗེ་བཙུན་མོ་སྟེ། ཤེས་རབ་ལྷ་མོ་
བླ་ན་མེད་པ་ཕྱག་རྒྱ་ཆེན་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས་པ་ན་བཞུགས་པའོ། །དེ་ནི་ཟག་པ་མེད་པའི་བརྟེན་པ་ཡིན་གྱི་ཟག་བཅས་ཀྱི་ཚུལ་ནི་མ་ཡིན་ནོ། །དེའི་ཕྱིར་དབང་རྟེན་མི་གནས་ཏེ། ཞིབ་ཀྱང་དབང་པོ་འཇིག་པ་མ་ཡིན་ནོ། །གཉུག་མའི་དབང་པོ་ཡོད་པར་ཅིས་ཤེས་ཤེ་ན།

དེ་ལུང་དང་རིགས་པས་ཤེས་ཏེ། ལུང་ནི། ལྟེ་བར་ཕྱག་རྒྱ་ཆེན་པོ་གནས། །དང་པོ་དབྱངས་ཡིག་རང་བཞིན་ཏེ། །ཞེས་བྱ་བ་དང་། ཕྱག་རྒྱ་ཆེན་པོ་དབང་བསྐུར་བ། །དེ་ནི་འདི་ཡི་བྱིན་རླབས་ཡིན། །ཞེས་གསུངས་པ། དེའི་རྟེན་ཡང་ལུང་དེས་བསྒྲུབ་བོ། །ཕྱག་རྒྱ་
ཆེན་པོ་ཉིད་དབང་རབ་དང་རབ་ལས་བྱུང་བ་བསྒོམ་པ་རབ་དང་རབ་ཀྱིས་དང་མན་ངག་རབ་དང་རབ་ཀྱིས་བསྒྲུབ་པའོ། །དེ་ལ་དབང་རྟེན་ཡོད་པར་ཡང་ཡེ་ཤེས་ཡོད་པས་དེའི་རྟེན་ཡོད་དེ། །དཔེར་ན་མིག་གི་རྣམ་པར་ཤེས་པ་ཡོད་པས་རྐྱེན་གཞན་ཚང་ཡང་རེས་འགག་པར་
འདུག་པས་གཞན་ཞིག་ཡོད་ཅེས་བྱ་བ་ལྟ་བུའོ། །དེ་ལ་གོམས་པ་ལས་རྟགས་གཞན་ཡང་གསུམ་སྟེ། མི་འགྱུར་བ་ནི་ལྟ་བའི་རྟགས། །དངོས་པོ་ཀུན་ལ་ཆགས་མེད་དྲོད། །སྒོམ་པའི་རྟགས་སུ་ཤེས་པར་བྱ། །འཇིག་རྟེན་ཆོས་བརྒྱད་སྤངས་པ་ནི། །སྤྱོད་པའི་རྟགས་སུ་ཤེས་པར་བྱ། །
ཡང་སྔ་མའི་གསུམ་པོ་སེམས་ཟིན་པ་དང་དེ་ཁོ་ན་ལ་འཇུག་པ་དང་། དངོས་གྲུབ་འགྲུབ་པའོ། །དེ་ཁོ་ན་ལ་ཡང་རྟགས་ལྔ་མཐོང་བའི་ལམ་དང་མཚུངས་པ་ཡིན་ནོ། །དེ་རྣམས་གསུམ་པ་རྟགས་དང་སྦྱར་ནས་སྤྱོད་པ་གསུམ་རིམ་གྱིས་བྱེད་པའམ་ཡང་ན་ཐོད་རྒལ་དུ་ཡང་བྱའོ། །གསུམ་པོས་
ཀྱང་ལམ་མཇལ་བྱུང་བ་མ་ཡིན་ཏེ། གཉིས་ཀྱིས་ནི་ཕྱག་རྒྱ་ཆེན་པོར་བརྒྱུད་དགོས་ལ། གཅིག་གིས་ནི་ཐལ་བྱུང་དུ་འགྲོའོ། །གཉིས་ནི་གང་ཟག་གི་རིམ་པས་བཤད་དེ། ཡང་། ལས་ཀྱི་ཕྱག་རྒྱ་འཕྲོ་རྒྱུ་ཅན། །དེ་ཡང་རིང་དུ་སྤང་བྱ་སྟེ། །རང་ལུས་ཐབས་དང་ལྡན་པར་བསྒོམ་པར་
བྱ་བ་དང་། དེ་ལ་སོགས་པ་དང་། རང་བཞིན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཞེས་པ་དང་མང་དུ་བསྟན་ཏོ། །དེ་ཡང་རིམ་པར་འགྲོ་བའམ་ཡང་ན་རེ་རེ་ནས་བརྒྱུད་པ་ཡང་སྲིད་དོ། །དེ་ལ་བརྟག་པ་ཕྱི་མའི་ཚུལ་གྱིས་དོན་བསྡུ་བ་ནི་འདི་ལྟར་སྣང་བ་
ཐམས་ཅད་ལྷན་སྐྱེས་བདེ་བ་ཆེན་པོ་ཡིན་ཞིང་རང་བཞིན་ཀྱང་དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་ཡང་དག་པར་སྡོམ་པ་ཡིན་ཏེ། ཅིས་ཤེ་ན། ཨེ་ཝཾ་སྟེ་གནས་སམ་དེ་རུ་དེས་སོ། །གང་གིས་སྡོམ་ཞེ་ན། མ་ཡཱ་སྟེ་དབང་གི་བདག་ཉིད་དང་ནི་ཤེས་རབ་དང་ཐབས་དབང་

རྣམས་ཀྱིས་སོ། །ཤྲུ་ཏ་སྟེ་དགོངས་པའི་སྐད་དུ་ཐོས་པ་དེའི་དབང་གིས་དུས་ལ་སོགས་པའི་སྐབས་ངག་བརྡ་དང་ལུས་བརྡས་སྨྲའོ། །ཨེ་ཀ་སྨིན་ས་མ་ཡ་སྟེ་དགའ་བ་རྣམས་དང་སྐད་ཅིག་གི་དུས་སུ་གཅིག་པ་སྟེ། ཤེས་པ་སྐྱེས་པའི་ཚུལ་སྤོང་བ་དང་ཐོབ་པའི་ཚུལ་དུ་འབྱུང་བའོ། །ཡང་བཟའ་
བ་སྟོན་མོའི་དུས་སུ་དམ་ཚིག་གཅིག་པའོ། །དེ་དག་གིས་ཀྱང་བརྗོད་བྱའི་ཆོས་ཐམས་ཅད་དང་རྗོད་བྱེད་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་དཔལ་དགྱེས་པའི་རྡོ་རྗེར་འདུས། དུས་ཟླ་བ་དང་ལོ་ལ་སོགས་པར་བསྒོམས་པས་དང་པོ་སྤྲིན་དང་འདྲ་བ་དང་། གཉིས་པ་དུ་བ་ལྟ་བུ་སྟེ། །གསུམ་པ་
སྲིན་བུ་མེ་ཁྱེར་འདྲ། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་པ་ཐམས་ཅད་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །གཟུང་བ་དང་བྲལ་བ་དང་། འཛིན་པ་དང་བྲལ་བ་དང་། གཉིས་ག་དང་བྲལ་བ་དང་། ཡེ་ཤེས་རང་རིག་འཆར་བ་དང་། ཆོས་ཉིད་མཐོང་བ་ལྔ་བའོ། །རྗེས་ཐོབ་སྒྱུ་མའི་རྨི་ལམ་སོགས། །སྒྱུ་མའི་དཔེ་
བརྒྱད་རིམ་པར་མཐོང་། །དེ་ལ་སྤྱོད་པ་རྣམ་གསུམ་བྱ། །དེ་ནས་འབྲས་བུ་གོ་འཕང་གནས། །ཞེས་བྱ་སྟེ། གང་ཟག་སྤྲོས་པ་ལ་དགའ་བས་ལམ་དེ་བསྒོམ་མོ། །དེ་ཉིད་རྫོགས་པའི་རིམ་པར་བསྒོམ་པ་ནི་གསུམ་སྟེ། གང་ཟག་དབང་པོ་དམན་པ་ཆགས་པ་ཤས་ཆེ་བས་གཞན་ལུས་ལ་བརྟེན་
པ་དང་དབང་པོ་འབྲིང་ཆགས་པ་ཡང་འབྲིང་ནི་རང་ལུས་དང་ལྡན་པ་དང་དབང་པོ་རབ་ཆགས་པ་ཆུང་བས་དབྱེར་མེད་ཕྱག་རྒྱ་ཆེན་པོ་དང་ལྡན་པའོ། །དེ་ལ་དབང་བསྐྱེད་པའི་རིམ་པ་ཉུང་ལྡན་ཏེ་སྔར་མཎྜལ་དང་མཆོད་པ་ཅུང་ཟད་ཙམ་ལ་བརྟེན་པའི་སྒྲུབ་པ་པོས་མོས་པའི་རྣལ་འབྱོར་རམ།
བསྐྱེད་པའི་རྣལ་འབྱོར་རམ་བྱིན་གྱིས་ཐ་མལ་གྱི་རྣམ་པ་བསྒྱུར་ཏེ། དེ་ཡང་། བདག་མེད་རྣལ་འབྱོར་ལྡན་པའམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་པ་རྟེན་ཁྱད་པར་ཅན་ནམ་ལྷན་ཅིག་བསྒོམས་ལ། ལས་ཀྱི་ཕྱག་རྒྱ་ཡང་འོག་ནས་གཡུང་མོ་རྡོ་རྗེ་རིགས་ཞེས་བྱ་བ་དང་། གཞན་གྱི་
རིགས་ལས་བྱུང་བའམ། གང་གི་སྲིན་ལག་རྩ་བ་ན། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །ཞེས་བྱ་བ་ལ་སོགས་པས་བརྟགས་ཤིང་བཙལ་ལ། དགེ་བ་བཅུ་ནས་བརྩམས་ནས་ནི། །དེ་ནི་ཆོས་ནི་རབ་ཏུ་དབྱེ། །དབང་བསྐུར་སྙིང་རྗེར་ལྡན་པ་དེ་དང་ལྷན་ཅིག་བསྒོམས་ཏེ། དེ་ཡང་ལྷར་མོས་པ་ལ་

སོགས་པ་བསྒོམས་ལ། སྟན་བདེ་བ་ལ་འདུག་སྟེ་དེ་ལ་ཨེ་སྟེ་ཤེས་རབ་ཀྱི་གསང་བའི་གནས་སུ། ཝ་སྟེ་ཐབས་ཀྱི་གསང་བའི་གནས་སུ། ད་ཐིག་ལེ་ཟླ་བ་དང་ཉི་མ་འདྲེས་པའོ། །དེ་ཉིད་སྟོན་པའི་བདག་ཉིད་མ་ཡཱ་སྟེ་ཕྱག་རྒྱའི་བདག་པོ་བསྒོམ་མོ། །ཤྲུ་ཏ་ནི་འཛག་
ཅིང་རྒྱུ་བ་སྟེ་སེམས་དབབ་པ་དང་གཟུང་བ་དང་བཟློག་པ་ལ་སོགས་པའོ། །དུས་གཅིག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ་གཅིག་པ་སྟེ། དགའ་བ་གསུམ་གྱི་རིམ་གྱིས་བསྐྱེད་ནས་བསྒོམ་པའོ། །བཅོམ་ལྡན་འདས་དེ་ཐིག་ལེ་དེ་སྟོན་པར་བཤད་དེ། བཅོམ་ལྡན་འདས་ལ་སོགས་
པའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་གཤེགས་པ་ནས་བྷ་ག་རྣམས་ལ་ཡིས་ནི་ཨེ་ཝཾ་དེ་གནས་སུ་བསྟན་པའི་ཕྱིར་ཡོན་ཏན་གྱི་ཁྱད་པར་བརྗོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལྔ་དང་ལུས་ངག་ཡིད་གསུམ་ཧྲྀ་ད་ཡ་བཅུད་དུ་བསྡུས་པ་བཙུན་མོ་ནི་ཕྱག་རྒྱའི་ཕུང་པོ་དང་
འབྱུང་བས་བསྡུས་པས་ཧྲྀ་ད་ཡ་སྟེ་ཐིག་ལེར་གསང་བའི་གནས་སུ་བཞུགས་ཞེས་བྱ་སྟེ། ས་སྟེངས་སུ་ཟུང་ས་འོག་ཏུ་གནས་པ་སྟེ། དེ་ཡང་། གཉིས་འདས་ནས་ནི་གཉིས་གནས་པ། །རྒྱུ་ལ་འབྲས་བུས་རྒྱས་གདབ་པའམ། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་བྱ་བས་གནས་
པའམ། ལུས་ཀྱི་བཛྲ་ཨངྒ་ལ་སོགས་པས་བཞུགས་པའོ། །དེ་ཡང་ཐུན་དང་པོ་ཆུང་ངུ་རུ་བསྒོམ་ཞིང་དེ་ནས་ཇེ་ཆེ་ཇེ་ཆེར་བསྲིང་ཞིང་བསྒོམས་པས་རྟགས་འབྱུང་སྟེ། །སེམས་ཟིན་པའི་རྟགས་ནི་རྒྱལ་པོ་དཔུང་བུ་ཆུང་གིས་མི་བསྐྱོད་པ་ལ་སོགས་པ་འབྱུང་བའོ། །དེ་ཁོ་ན་ཉིད་ལ་འཇུག་
པའི་རྟགས་ནི་སྔ་མའི་རྣམ་པ་ལྔ་པོ་འབྱུང་ངོ་། །དངོས་གྲུབ་འགྲུབ་པའི་རྟགས་ནི་ཐིག་ལེ་སྔ་མ་དེ་མིག་ཏུ་བསྒོམས་པས་མིག་གི་མངོན་པར་ཤེས་པ་འབྱུང་ངོ་། །དེ་བཞིན་དུ་རྣ་བ་དང་ལུས་དང་ཡིད་ཀྱི་གནས་སུ་བསྒོམས་ན་མངོན་པར་ཤེས་པ་རྣམས་འབྱུང་ངོ་། །རང་ལུས་ཡང་ནི་ཡང་
སྒྲུབ་པ་པོས་སྔ་མ་ལྟར་སྔོན་དུ་འགྲོ་བ་རྣམས་བསྒོམས་ལ་ཨེ་སྟེ་སྐྱེ་གནས་སུ། བ་སྟེ་སྤྱི་བོའི་གནས་ལ་སོང་སྟེ་ཐིག་ལེའི་ཚུལ་དུ་འཁྲིགས་ཤིང་གནས་པ་དང་། རྒྱུན་མི་འཆད་པར་རྒྱུ་བའོ། །མ་ཡཱ་ནི་བདག་ཉིད་དེ་རང་གི་ལུས་སུ་བསྒོམ་པའོ། །དུས་གཅིག་ནི་ཡང་ལྷན་ཅིག་སྐྱེས་

པའི་དགའ་བ་སྟེ། དམ་ཚིག་གི་དགའ་བ་བཞི་ལུགས་འབྱུང་དང་ལུགས་བཟློག་ཏུ་སྐྱེ་སྟེ་དེ་ལས་ལྷན་ཅིག་སྐྱེས་པ་བསྒོམ་མོ། །བཅོམ་ལྡན་འདས་ནི་རང་ལུས་སུ་བསྒོམ་པ་དེས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་ཏེ་རང་རང་ངོ་བོ་མཚོན་བྱ་མཚོན་བྱེད་མྱོང་བ་དེས་མཚོན་བྱ་
གཉུག་མའི་ཡེ་ཤེས་དྲུངས་ཕྱུང་སྟེ། དམ་ཚིག་གི་དགའ་བ་ཆུ་སྐྱོགས་གང་གི་ལན་ཚྭ་རྒྱ་མཚོའི་ཆུར་གི་གཏོགས་པ་ལྟ་བུར་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ནི་ཕུང་པོ་ལྔའོ། །སྐུ་གསུང་ཐུགས་ནི་སྒོ་གསུམ་མོ། །བཙུན་མོ་ནི་འབྱུང་བ་དག་པའོ། །བྷ་ག་རྣམས་
ལ་ཡིད་ནི་ཆོས་ཀུན་རང་གི་ལུས་སུ་བསྒོམས་པས་མི་མཐུན་པ་འཇོམས་པ་དང་ཡེ་ཤེས་དང་ལྡན་པས་སོ། །བཞུགས་སོ་ཞེས་པ་ནི་ལུས་གདོད་མ་ནས་རང་ཉིད་ཀྱིས་དག་པའོ། །དེ་ལ་ཡང་རྟགས་གསུམ་སྔ་མ་དང་འདྲ་བར་སྦྱར་རོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི། །སྔར་བཞིན་དུ་ཡང་
སྒྲུབ་པ་པོས་གནས་ཕུན་སུམ་ཚོགས་པར་བྱ་བའི་རིམ་པ་བྱས་ལ་ལུས་ལྷའི་རྣམ་པར་སྔར་བཞིན་དུ་བསྒོམས་ལ། དེ་ཡང་གཉིས་དེ་ཡང་བརྟག་པ་དང་པོར་འདུས་པ་ལ་དེ་ཡང་ལེའུ་དང་པོར་འདུས། དེ་ཡང་ཡི་གེ་བཞི་བཅུ་རྩ་བདུན་དུ་འདུས་དེ་ཡང་ཨེ་ཝཾ་མ་ཡཱ་བཞིར་འདུས་ལ་དེ་ཡང་
ཨེ་ཝཾ་གཉིས་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ལྷན་སྐྱེས་སུ་འདོད་ཅིང་ཤེས་པར་བྱས་ལ་བསྒོམ་མོ། །དེ་ལྟར་སྒོམ་པ་སྤྱོད་པ་པོ་ལ་འཛུམ་པ་མཛད་ཅིང་ཉི་ཚེར་གཟིགས་ནས་གསུངས་པའོ། །དེར་དེ་རྣམས་ཀྱི་ཕྱིར་དེ་ལ་དེ་ནས་ཏེ་གནས་དང་འཁོར་སྐབས་དེར་སྦྱར་རོ། །བཅོམ་ལྡན་
འདས་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ་གསང་བར་ཞེས་བྱ་བར་ཉོན་ཅིག །སྙིང་པོ་ཤིན་ཏུ་གསང་བར་ཞེས་བྱ་བར་ཉོན་ཅིག་རྗེ་བཙུན་ཆེ་གསང་བར་ཉོན་ཅིག་ཅེས་བྱའོ། །དེ་ནི་སྐུ་སྟེ་རྣམ་པར་སྣང་མཛད་སྐུའི་གསང་བ་བྱ་བའི་རྒྱུ་དང་།
གསུང་སྟེ་སྣང་བ་མཐའ་ཡས་གསུང་གི་གསང་བ་སྤྱོད་པའི་རྒྱུད་དང་ཐུགས་ཏེ་མི་བསྐྱོད་པ་ཐུགས་ཀྱི་གསང་བ་རྣལ་འབྱོར་ཀྱི་རྒྱུད་དེ་རྣམས་དང་ལྡན་པར་ཉོན་ཅིག །སྙིང་པོ་རྡོ་རྗེ་འཆང་སྟེ་ཤིན་ཏུ་གསང་བ་བླ་ན་མེད་པའི་རྒྱུད་དང་ལྡན་པ་དང་རྗེ་བཙུན་དགྱེས་པའི་རྡོ་རྗེ་ཆེས་གསང་བ་

ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཉོན་ཅིག་པའོ། །རྣམ་པར་སྣང་མཛད་ནི་རྣལ་འབྱོར་གྱི་སྟོན་པ་ཡིན། སྐུ་རྡོ་རྗེ་བྱ་བའི་རྒྱུད་དང་ཇི་ལྟར་འབྲེལ་ཞེ་ན། །ཀྲྀ་ཡ་ལུས་ཀྱི་བྱ་བ་གཙོར་སྟོན་པ་སྐུ་རྡོ་རྗེ་དང་སྐུའི་གསང་བར་འབྲེལ་ཏེ། གཉིས་ཀའི་རྒྱུད་ཀྱང་ཟེར། སྤྱོད་པའི་རྒྱུད་
གསུངས་ཏེ་ལུས་ངག་གི་བཟླས་པ་གཙོར་སྟོན་པས་སྣང་བ་མཐའ་ཡས་གསུང་གསང་བར་རིགས་སོ། །ཡོ་ག་ཏིང་ངེ་འཛིན་གཙོ་བོར་སྟོན་པས་ཐུགས་མི་བསྐྱོད་པ་དང་ཐུགས་ཀྱི་གསང་བར་རིགས་སོ། །དེ་ནས་རྡོ་རྗེ་སྙིང་པོས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་
པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་གསོལ་ཏོ། །གསང་བ་གསུམ་པོ་དེ་ཞུ་འཚལ། །ཞེས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་གསུངས་ཏེ། ཨེ་མའོ་
ཞེས་པ་ནི་ངོ་མཚར་བ་སྟེ། སྡུད་པ་པོ་དང་ཆོས་ལའོ། །སྡུད་པ་པོ་ནི་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་ཞུ་བ་པོ་ངོ་མཚར་བ་དང་། ཆེས་གསང་བ་གསུམ་ལས་ཆེས་གསང་བ་དགྱེས་པའི་རྡོ་རྗེ་ཞུ་བ་ངོ་མཚར་བའོ། །བྱང་ཆུབ་སེམས་དཔའ་ནི་བདག་དོན་ཕུན་
སུམ་ཚོགས་པའོ། །ཆེན་པོ་ནི་གཞན་དོན་ཕུན་སུམ་ཚོགས་པའི་སྒོ་ནས་སོ། །རྡོ་རྗེ་སྙིང་པོ་ནི་རང་རིག་སྟེ་ཤེས་རབ་ཆེན་པོ་སྙིང་རྗེ་ཆེན་པོ་ནི་ཐབས་ཀྱི་སྒོ་ནས་སོ། །ལེགས་སོ་ལེགས་སོ་ཞེས་པ་ནི་རང་དོན་དུ་ཞུས་པ་དང་གཞན་དོན་དུ་ཞུས་པས་ལེགས་པ་གཉིས་སོ། །ད་ལྟར་གྱི་དུས་
དང་མ་འོངས་པའི་སྒོ་ནས་ལེགས་པར་འགྱུར་བ་གཉིས་སོ། །རང་གི་ངོ་བོ་ལ་ཤེས་རབ་དང་ཐབས་གཉིས་ཀྱི་སྒོ་ནས་ལེགས་སོ་བ་གཉིས་གསུངས་སོ། །དེ་ལྟར་གནང་བ་ལེགས་སོ་བ་བྱིན་ནས་སྐུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མིང་གི་རྣམ་གྲངས་གཞན་གྱིས་བཅོམ་ལྡན་
འདས་ཀྱིས་བསྟན་པ་ནི་རྡོ་རྗེའི་ཚིག་དབྱིངས་དང་ལྡན་པ་ཡིན་ཏེ། ཡོན་ཏན་འདི་རྣམས་ཡོད་དེ་ཤེས་བྱ་དང་ལམ་དང་འབྲས་བུའི་དབང་དུ་བྱས་པ་དང་རྣམ་གཞག་གནས་སྐབས་ཀྱི་དབང་དུ་བྱས་ཏེ་བསྟན་པའོ། །དེ་ལ་ཤེས་བྱ་ནི་རྡོ་རྗེ་སེམས་དཔའ་སྟེ་སྟོང་པ་ཉིད་ཤེས་རབ་དང་། སེམས་དཔའ་

ཆེན་པོ་ནི་ཐབས་ཏེ་སྣང་བ་དུ་མ་དང་དམ་ཚིག་སེམས་དཔའ་ཞེས་པ་ནི་དབྱེར་མེད་སྣང་སྟོང་ངོ་། །སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ནི་དབྱེར་མེད་ལས་བྱུང་བ་ཆེ་བའི་བདག་ཉིད་དོ། །ལམ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ལྟ་བ་སྟེ། སྟོང་པ་ཡུལ་དང་ཡུལ་ཅན་ནོ། །སེམས་དཔའ་ཆེན་པོ་ནི་སྒོམ་པ་སྟེ་
བདེ་བ་ཆེན་པོའོ། །དམ་ཚིག་སེམས་དཔའ་ཞེས་བྱ་བ་ནི་སྤྱོད་པ་སྒོ་གསུམ་གྱི་ཚུལ་དང་སྙིང་པོ་ཞེས་བྱ་བ་ནི་འབྲས་བུ་རོ་གཅིག་གོ། །དེ་ནི་ཐུན་མོང་ལམ་མངོན་པར་རྟོགས་པའི་དབང་དུ་བྱས་པའོ། །ལམ་ཁྱད་པར་ནི་རྡོ་རྗེ་སེམས་དཔའ་ཞེས་པ་ནི་དགའ་བ་དང་སེམས་དཔའ་ཆེན་པོ་ཞེས་
བྱ་བ་ནི་མཆོག་ཏུ་དགའ་བ་དང་། དམ་ཚིག་སེམས་དཔའ་ནི་དགའ་བྲལ་དང་སྙིང་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ཡང་ཡོད་པ་དང་ཐོབ་པའི་ཁྱད་པར་གཞན་ལུས་ལ་སོགས་པ་སྐྱེ་ལུགས་བླ་མའི་མན་ངག་ལས་ཤེས་པར་བྱའོ། །འབྲས་བུའི་རྡོ་རྗེ་
སེམས་དཔའ་ནི་ཆོས་སྐུའོ། །སེམས་དཔའ་ཆེན་པོ་ནི་ལོངས་སྐུའོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་སྐུའོ། །སྙིང་པོ་དགྱེས་པའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་སྐུ་བསྟན་པའོ། །རྣམ་གཞག་རྡོ་རྗེ་སེམས་དཔའ་ནི་ཧེ་རུ་ཀ་ཕྱག་གཉིས་པའོ། །སེམས་དཔའ་ཆེན་པོ་ནི་ཕྱག་བཞི་པ་དང་། དམ་
ཚིག་སེམས་དཔའ་ནི་ཕྱག་དྲུག་པའོ། །སྙིང་པོ་དགྱེས་པའི་རྡོ་རྗེ་ནི་ཕྱག་བཅུ་དྲུག་པའོ། །དེའི་དོན་རྒྱས་པར་བཤད་པ་ནི་དྲིས་ལན་གྱིས་འཆད་པའོ། །རྒྱས་པའི་ཚུལ་ནི་སྡུད་པ་པོས་མིང་གི་རྣམ་གྲངས་གཞན་དུ་བསྟན་པས་ཐེ་ཚོམ་དུ་གྱུར་ཏེ་ཡང་དྲིས་པ་དང་། རྡོ་རྗེ་སྙིང་པོས་གསོལ་
པ། །གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལགས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ལན། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིག་པ་ཡིས། །རྡོ་རྗེ་སེམས་དཔའ་བརྗོད་པར་བྱ། །ཞེས་བྱ་བ་ནི། སྟོང་པ་ཉིད་དུ་ཆོས་ཐམས་
ཅད་དབྱེར་མི་ཕྱེད་པའོ། །སྲིད་པ་གསུམ་སྟེ་འདོད་ཁམས་གཟུགས་ཁམས་གཟུགས་མེད་པའི་ཁམས་གསུམ་སྟོང་པར་གཅིག་པའོ། །དེ་ཤེས་རབ་ཀྱིས་གཞལ་བར་བྱས་པས་རིག་པ་དེ་ཉིད་རྡོ་རྗེ་དང་ཆོས་མཐུན་པ་སྟེ། སྲ་ཞིང་བརྟན་ལ་ཁོང་སྟོང་མེད། །སྟོང་ཉིད་རྡོ་རྗེ་ཞེས་སུ་

བཤད། །ཅེས་པའོ། །ཡེ་ཤེས་ཆེན་པོ་རོས་གང་ལ་ཐབས་རྣམ་པ་སྣ་ཚོགས་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་སྤྱོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པའོ། །དེ་དག་གི་བཤད་ཚུལ་སྦྱར་བ་ཡང་བསྐྱེད་པའི་རིམ་པ་དང་
རྫོགས་པའི་རིམ་པའི་ཚུལ་ཏེ། དེ་ལ་བསྐྱེད་པའི་རིམ་པ་ནི་སྒྲུབ་པ་པོ་ནས་ཁ་བསྐང་བ་སྔ་མ་དང་འདྲའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་མངོན་པར་བྱང་ཆུབ་པ་ལྔ་པོས་མི་ཕྱེད་པའི་སྐུར་བསྐྱེད་པའོ། །སེམས་དཔའ་སྲིད་པ་ནི་ཕུང་པོ་ལྔ་ལ་སོགས་པའི་རྩ་བར་རྣམ་པར་ཤེས་པའི་ཕུང་པོ་དེའི་དེ་ཁོ་
ན་ཉིད་དགྱེས་པའི་རྡོ་རྗེ་སྟེ་རྒྱུའི་རྡོ་རྗེ་འཆང་ངོ་། །ཡེ་ཤེས་ཆེན་པོའི་རོས་གང་བ་ནི་རིག་མ་དང་བཅས་ཏེ་ཆགས་པས་ཞུ་བའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་གླུའི་ངོར་བྱས་ཏེ། །འབྲས་བུའི་ཧེ་རུ་ཀར་ལངས་པའོ། །ཡང་ཁ་བསྐང་བ་ཡང་སྔ་མ་ལྟར་སྦྱར་རོ། །རྫོགས་པའི་རིམ་པ་ནི་
གཞན་ལུས་ཤེས་རབ་ལ་བརྟེན་པ་དང་རང་ལུས་ཐབས་དང་ལྡན་པ་དང་། དབྱེར་མེད་ཕྱག་རྒྱ་ཆེན་པོའོ། །གཞན་ལུས་ཤེས་རབ་ལ་བརྟེན་པ་ཡང་རྡོ་རྗེ་མི་ཕྱེད་ནི་ཆོས་འབྱུང་སྟོང་པའོ། །སེམས་དཔའ་སྲིད་པ་ནི་ཨ་ཝ་དྷཱུ་ཏཱི་དང་ལྡན་པའི་བྱ་རོག་གི་གདོང་པ་ཅན་གྱི་གནས་སོ། །དེ་ནི་
ཤེས་རབ་མའི་རིགས་པ་སྟེ། རྡོ་རྗེ་སེམས་དཔར་བརྗོད་དོ། །ཡེ་ཤེས་ཆེན་པོ་རོས་གང་བ་ནི་ཐབས་ནོར་བུ་ནི་གཟུང་བའི་མན་ངག་གིས་བཀང་བ་སྟེ། དེ་ནས་ཐབས་ཀྱི་རིགས་པ་ཕུལ་དུ་ཕྱིན་པའི་ཡེ་ཤེས་མྱངས་པས་སེམས་དཔའ་ཆེན་པོར་བརྗོད་པར་བྱའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་
ཕྱིར། །ཞེས་བྱ་བ་ནི་རྟག་ཏུ་ནི་མི་འགྱུར་བ་སྟེ་ལྷན་ཅིག་པའོ། །ས་མ་ཡ་ནི་མཉམ་པའོ། །ཡ་ཡོ་ག་སྟེ་དེར་སྦྱོར་བ་ནི་ལུས་མཉམ་པར་སྦྱོར་བ་སྟེ་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་། །རྟེན་མཉམ་པར་སྦྱོར་བ་ཐིག་ལེ་གཉིས་གནས་སོ། །དེས་གཞན་དོན་ཡོངས་སུ་རྫོགས་པས་ནི། དམ་ཚིག་སེམས་
དཔར་བརྗོད་པར་བྱ། །ཞེས་པའོ། །དེ་ལ་ཡང་ལུས་ཐབས་དང་ལྡན་པ་ལ་བརྟེན་པ་ཆགས་པ་འབྲིང་ནི་རྡོ་རྗེ་མི་ཕྱེད་ནི་ལྟེ་བའི་གནས་སྟོང་པའོ། །སྲིད་པ་གསུམ་ནི་རྩ་གསུམ་མོ། །གཅིག་ནི་ཨ་ཝ་དྡྷཱུ་ཏཱིར་བསྡུའོ། །དེར་སྐྱེས་པའི་ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བས་ཤེས་རབ་ཀྱི་

རིགས་པའོ། །དེས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པས་རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད་ཅེས་པའོ། །ཡེ་ཤེས་ཆེན་པོ་རོས་གང་བ་ནི་བདེ་བ་ཆེན་པོ་ལས་ལུས་ཀུན་དུ་ཞུ་ཞིང་གང་བའོ། །དེས་ཕུལ་དུ་གྱུར་པའི་ཡེ་ཤེས་མྱོང་བས་སེམས་ཡེ་ཤེས་ཆེན་པོར་གྱུར་པ་ཁྱད་པར་གྱི་རོ་དང་ལྡན་
པའི་ཕྱིར་སེམས་དཔའ་ཆེན་པོར་བརྗོད་པར་བྱ་ཞེས་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར་ནི་རྟག་ཏུ་སྟེ་སྟེང་འོག་རྒྱུན་མི་འཆད་པར་ས་མ་ཡ་སྟེ། །མཉམ་པ་བྱང་ཆུང་སེམས་ཀྱིས་ཁྱབ་པར་རོ། །ཡ་ཡོ་ག་སྟེ། ལུས་དང་སྦྱོར་བས་མི་འབྲལ་བས་ཚུལ་ལོ། །དེས་གཞན་དོན་ཇི་ལྟར་ཡང་
འགྲུབ་པས། དམ་ཚིག་སེམས་དཔར་བརྗོད་པར་བྱ། །ཞེས་པའོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་ཆགས་པ་ཆུང་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། །རྡོ་རྗེ་མི་ཕྱེད་ནི་སྟོང་པ་ཉིད་དོ། །སྲིད་པ་གསུམ་ནི་ཁམས་གསུམ་མོ། །གཅིག་པ་ནི་རང་རིག་འོད་གསལ་དང་སྟོང་པ་འོད་གསལ་ལོ། །ཡེ་ཤེས་ཆེན་
པོ་རོས་གང་བ་ནི་ཐབས་སྣང་བ་མ་བཀག་པར་བསྒོམ་པའོ། །རྟག་ཏུ་དམ་ཚིག་ལ་སྤྱོད་ནི་སྤྱོད་པ་རྒྱུན་མི་འཆད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པས་འཇུག་པའོ། །ཆགས་ཅན་གྱི་ལྟ་བུ་ནི་རྡོ་རྗེ་མི་ཕྱེད་པ་ཤེས་རབ་ལྷ་མོ་བླ་ན་མེད་པ་སྟེ། སེམས་ཅན་ཀུན་གྱི་དབང་པོའོ། །སྲིད་གསུམ་ལུས་
དག་བསྡུས་པ་སྤྱི་བོ་དང་། རྐང་པར་བྱ་བ་སྟེ། སྤྱི་གཙུག་ནས་ནི་རྐང་པའི་མཐར། །སྡུད་པ་གཅིག་ལ་ཡང་དག་བརྟེན། །ཞེས་གསུངས་སོ། །ཡེ་ཤེས་ཆེན་པོ་རོས་གང་སྟེ་དེར་བདེ་བ་ཆེན་པོ་དབྱེར་མེད་བསྒོམ་པ་སྟེ་ཡེ་ཤེས་རང་འབར་བའོ། །གང་བ་ནི་དབང་པོ་རང་སྣང་བའི་ཚུལ་ལོ། །རྟག་ཏུ་
དམ་ཚིག་ལ་སྤྱོད་ནི་སྤྱོད་ལམ་དང་བསྲེས་པ་སྟེ། རྟག་ཏུའམ་རྒྱུན་མི་འཆད་པར་རང་གི་ནང་ནི་ཉམས་ཀྱི་གཟུགས་དང་སྒྲ་དབང་པོ་རང་སྣང་དུ་སྦྱོར་རོ། །དྲི་དང་རོ་གཉིས་རེག་བྱ་འགྲོ་འདུག་སྤྱོད་ལམ་དུ་བསྲེའོ། །དེ་ལ་ཡང་ལྟ་བའི་རྟགས་མི་འགྱུར་བ་བསྒོམ་པའི་རྟགས་དངོས་པོ་ཀུན་ལ་ཆགས་
མེད་དྲོད། སྤྱོད་པའི་རྟགས་འཇིག་རྟེན་ཆོས་བརྒྱད་སྤངས་པའོ། །དེ་ཡང་བསྡུས་པའི་ཚུལ་གྱིས་མིང་བཏགས་ན། རྡོ་རྗེ་སེམས་དཔའ་ནི་གསང་བའི་དོན་ཏེ་ཤེས་རབ་ལྟ་བའོ། །སེམས་དཔའ་ཆེན་པོ་ནི་ཤིན་ཏུ་གསང་བའི་དོན་ཏེ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་པའོ། །དམ་ཚིག་སེམས་

དཔའ་ནི་ཆེས་གསང་བའི་དོན་ཏེ་དབྱེར་མེད་པར་རྟག་ཏུ་སྤྱོད་པའོ། །ཡང་ན་གསང་བ་ཤིན་ཏུ་གསང་བ་ཆེས་གསང་བ་ནི་སྔར་བཞིན་དུ་ཡང་སྦྱར། མིང་བསྡུས་པ་ནི་ཇི་ལྟ་བུ་ཞེ་ན། བྱ་བ་ནི་དྲི་བ་སྟེ་ཚུལ་གཉིས་ཀྱིས་སྔར་གྱི་གསང་བ་གསུམ་དུ་བཤད་པ་དེ་སྙིང་པོར་ཇི་ལྟར་
བསྡུས་པ་དགྱེས་པ་རྡོ་རྗེ་ཇི་ལྟར་འདུས་པས་དོན་ཡང་ཇི་ལྟར་བསྡུས་ཤེ་ན། མིང་བསྡུས་པས་ནི་ཇི་ལྟ་བུ། །ཞེས་བྱ་སྟེ། དེ་ལ་དང་པོར་སྙིང་པོར་བསྡུས་པ་ཡང་སྟོན་པ་དང་བསྟན་པའི་ཚུལ་གྱིས་བསྡུས་ཏེ། སྟོན་པ་རྣམ་པར་སྣང་མཛད་ལ་སོགས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་དང་རིན་ཆེན་ཏེ་ཡོན་
ཏན་རྡོ་རྗེ་དང་ཕྲིན་ལས་རྡོ་རྗེ་སྟེ་དེ་རྣམས་ཀུན་ལ་ཡང་སྐུ་རྡོ་རྗེ་ལ་སོགས་པ་དང་ལྡན་པ་ཡང་རྡོ་རྗེ་འཛིན་ཞེས་པས་བསྡུས་ཏེ་བྱེ་བྲག་འཆང་ཞེས་པས་བསྡུས་སོ། །སྟོན་པ་དོན་བསྡུས་པ་ནི་རྣམ་སྣང་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པ་ནི་ཡེ་ཤེས་ལྔ་ལ་འཆད་དེ་དེ་ཡང་བྱང་ཆུབ་སེམས་ལས་གཞན་
ན་མེད་པས་འདིར་འདུས་པའོ། །བསྟན་པ་མིང་བསྡུས་པ་གསང་བ་གསུམ་ཀྲྀ་ཡ་ཡོ་ག་ལ་སོགས་པ་གསུམ་ཐ་དད་དུ་བཏགས་པ་དེ་གསང་བ་འདུས་པ་ཞེས་བྱ་བའི་མིང་བསྡུས་པའོ། །དོན་བསྡུས་པ་ནི་བྱ་བ་དང་སྤྱོད་པ་ལས་རྣམ་གྲངས་དུ་མ་བཤད་པ་ཡང་བྱང་ཆུབ་སེམས་ལས་མི་འདའ་
བས་བསྡུས་པ་སྟེ་དེས་ན་དོན་དེ་ཁོ་ན་ཉིད་ལ་སྟོན་པ་དང་བསྟན་པ་དབྱེར་མེད་དོ། །དགྱེས་པའི་རྡོ་རྗེ་མིང་བསྡུས་པས་ནི་དོན་གྱི་སྟེ་སྟོན་པ་དང་། བསྟན་པ་བསྡུས་པའོ། །སྟོན་པ་མིང་བསྡུས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་བཛྲིའི་མིང་གོང་མ་ལྟར་གྱུར་པས་བསྡུས་པའོ། །དོན་བསྡུས་པ་ནི་ཡེ་ཤེས་
རྣམས་སེམས་སུ་བསྡུས་ལ་དེ་ཡང་ལྷན་སྐྱེས་བདེ་ཆེན་དུ་འདུས་སོ། །འོ་ན་སྔ་མ་ལས་ཁྱད་པར་ཅི་ཡོད་ཅེ་ན། འདིར་ཁྲོ་བ་དང་ཆགས་པས་འདུལ་བའི་དོན་དུའམ། ཡང་ན་དེ་བཞིན་གཤེགས་པའི་སའི་སྐད་ཅིག་མ་གཉིས་ལ་སོགས་པ་ཡིན་ཏེ་གཞན་དོན་རྫོགས་པའོ། །སྔར་གྱི་ནི་དེ་
ལྟར་མ་ཡིན་ནོ། །བསྟན་པ་མིང་བསྡུས་པ་ནི་ལྷན་སྐྱེས་གཏན་ལ་ཕབ་པའམ་སེམས་དཔའ་གསུམ་ནི་ཧེ་དང་བཛྲ་དང་གཉིས་བསྡུས་པར་སོ་སོར་གསལ་བར་བཤད་དོ། །སྔར་གྱི་སེམས་དཔའ་གསུམ་གྱི་ཡོན་ཏན་ཀུན་ལྡན་པར་ཤེས་པར་བྱའོ། །སྟོན་པ་དང་བསྟན་པ་ཡང་འཁོར་མ་འོངས་པའི་གདུལ་

བྱ་ལ་དགོངས་ནས་རྣམ་གཞག་ཐ་དད་དུ་བྱ་བའི་དོན་དེ་ཁོ་ན་ཉིད་ལ་ནི་ཁྱད་པར་མེད་དོ། །ཡང་ན་མིང་དག་ཏུ་གོང་མ་བསྡུས་ཏེ། ཧེ་ནི་ཕྱི་སེམས་ཅན་གྱི་དོན་སྡུག་བསྔལ་དམིགས་ནས་སྐྱེ་བའོ། །ཆེན་པོ་ནི་ནང་གི་ལྷན་ཅིག་སྐྱེས་པའི་རོས་ཕུལ་དུ་བྱུང་བའི་སྙིང་རྗེ་རང་དབང་མེད་པར་ཟག་པ་དང་བཅས་
པར་རྣལ་འབྱོར་པ་ལ་ངང་གིས་སྐྱེ་བའོ། །ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། ཡེ་ཤེས་ཆེན་པོའི་རང་བཞིན་བདེ་བ་ཆེན་པོ་ཐབས་ཀྱི་སྒོ་ནས་བསྡུས་པའོ། །བཛྲ་ནི་ཤེས་རབ་སྟེ་སྟོང་པ་ཉིད་རེག་པའི་ཤེས་རབ་ཆེན་པོའི་ལྟ་བས་བསྡུས་པའོ། །དབྱེར་མེད་ནི་བདག་ཉིད་ཀྱི་རྒྱུད་དེ་དམ་ཚིག་སྤྱོད་པས་
བསྡུས་སོ། །དེས་ན་ཤེས་རབ་ཀྱི་རིགས་པ་དང་ཐབས་ཀྱི་རིགས་པ་དང་དབྱེར་མེད་ཀྱི་རིགས་པས་དགྱེས་པའི་རྡོ་རྗེ་བསྟན་ཏོ། །མིང་བསྡུས་པའི་ཚུལ་ཡང་མིང་གིས་བསྡུས་པ་ཏེ། ཧེ་ནི་སྙིང་རྗེ་སྟེ་རྟག་ཏུ་དམ་ཚིག་སྤྱོད་པ་བསྡུས་སོ། །ཆེན་པོ་ཉིད་ཀྱིས་ཡེ་ཤེས་ཆེན་པོ་རོས་གང་བསྡུས་པའོ། །
བཛྲ་ཤེས་རབ་ཀྱིས་ནི་མི་ཕྱེད་པ་དང་སྲིད་པ་གསུམ་གཅིག་ཏུ་བསྡུས་སོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་ནི་རང་བཞིན་པ་དང་བཏགས་པའོ། །རང་བཞིན་གྱི། རྒྱུད་ནི་རྒྱུན་དུ་རབ་ཏུ་གྲགས། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། །རྒྱུ་དང་ཐབས་དང་འབྲས་བུའོ། །དེ་ལ་རྒྱུའི་རྒྱུད་
སེམས་ཅན་རང་འབྱུང་ཡེ་ཤེས་ངོ་བོར་གནས་པ། ཐབས་ཀྱི་རྒྱུད་སྔགས་དང་ཕྱག་རྒྱ་ལ་སོགས་པ། འབྲས་བུའི་རྒྱུད་ནི་རང་ཉིད་མངོན་སུམ་དུ་གྱུར་པའོ། །བཏགས་པ་ལ་ནི་འབྲེལ་བ་དང་མ་ཚང་བ་མེད་པ་དང་མ་འཁྲུགས་ཤིང་འབྲེལ་ན་རྒྱུད་དེ་མངོན་རྟོགས་མ་འཁྲུགས་ལ་ཚིག་
འབྲེལ་བ་ལྡན་པའོ། །དང་པོ་དངོས་པོ་གནས་ལུགས་སྟོན་པ་དང་སྡུད་པ་པོའི་སྣང་བ་གཉིས་པ་ནི་སྒྲུབ་པ་པོ་དང་ཉན་པའི་ཡིད་ཀྱི་ཤེས་པ་སྒྲ་སྤྱི་དང་དོན་སྤྱིར་བསྟན་པའོ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན་ནི། སྔོན་བྱུང་དང་རྗེས་འཇུག་གཉིས་ཀར་སྦྱར་རོ། །དེ་ལྟར་རྗོད་བྱེད་སྟོན་པ་དང་
བརྗོད་པར་བྱ་བའི་ཆོས་བསྟན་ནས། དེ་ནས་རྒྱུད་ཀྱི་དོན་བཤད་པར་བྱ་བའི་ཚུལ་ཡང་གསུམ་སྟེ། གདུལ་བྱ་བྲོད་པ་བསྐྱེད་པའི་ཕྱིར་དམིགས་པའི་ཡུལ་དང་ཉམས་སུ་བླང་པའི་ཐབས་དང་འབྲས་བུའོ། །དམིགས་པར་བྱ་བའི་ཡུལ་ལ་ཡང་གཉིས་ཏེ། བསྐྱེད་པ་དང་རྫོགས་

པའི་རིམ་པའོ། །བསྐྱེད་པ་ལ་གཉིས་ཏེ། སོ་སོར་དམིགས་པ་དང་སྤྱིར་དམིགས་པའོ། །སྤྱིར་དམིགས་པ་ནི་ལྟ་སྟངས་དང་ཞེས་པ་ནས་རྣམ་མང་བརྗོད་པར་བྱ་བའི་བར་ཏེ་བརྡ་ནི་དམིགས་པ་སྟེ། དབུགས་དང་སྔགས་དང་ལྷའི་རྣལ་འབྱོར་རོ། །རེངས་པ་ལ་སོགས་པ་སྟེ།
ལས་རྣམ་བཞིའོ། །འོ་ན་བདེ་ཆེན་ནི་རྫོགས་རིམ་ཡིན་ན། བསྐྱེད་རིམ་དུ་འཆད་པ་ཅིའི་ཕྱིར་ཞེ་ན། དེ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་སོ། །ཇི་ལྟར་རིགས་པ་རྣལ་འབྱོར་མ་འོག་ནས་ལས་དང་སྔགས་དང་རྣལ་འབྱོར་སོ་སོར་འཆད་དོ། །དེ་ཡང་ཅིས་ཐོབ་ན། བསྐྱེད་དང་ཞེས་པ་ནི་ཚོགས་བསགས་
པའོ། །གནས་དང་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །བྱེད་རྒྱུ་ནི་མངོན་པར་བྱང་ཆུབ་པ་ལྔའོ། །སོ་སོར་དམིགས་པ་རེངས་པ་ལ་སོགས་པ་ནི་ཇི་ལྟར་རིགས་པ་རྣལ་འབྱོར་རྣམས་ཀྱིས་སོ། །རྫོགས་པའི་རིམ་པའི་དམིགས་པ་ནི་གཞན་གྱི་དོན་བྱེད་པ་དང་རྣམ་ཤེས་ཡེ་ཤེས་སུ་གྲུབ་པ་དང་ལུས་
ལྷ་རྣམས་སུ་སྣང་བ་རང་ལོག་ཏུ་འགྱུར་བ་སྟེ། དེ་སྐད་དུ། མཚོན་བྱ་མཚོན་བྱེད་མཚན་ཉིད་ནི། །རྣམ་ཤེས་ཀྱིས་ནི་ཡེ་ཤེས་བསམ། །ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ། །ཤེས་བྱས་འགྲོ་བ་བརྟག་པར་བྱ། །ཞེས་གསུངས་སོ། །དེ་ཉམས་སུ་བླང་པའི་ཐབས་ནི་ལམ་གཉིས་ལས་གོ་རིམས་ངེས་པའི་
རྒྱུ་མཚན་དང་། ཧེ་རུ་ཀ་ནི་ཞེས་ཚིག་རྐང་གཉིས་གསུངས་སོ། །བསྐྱེད་པའི་རྒྱུ་ནི་གཉིས་ཏེ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་དང་པོ་གཅིག་ནི་བསྐྱེད་པའི་རིམ་པ་སྟེ། སེམས་ཅན་ལས་ཀྱི་དང་པོ་ལ། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །ལྷ་ཡི་རྣལ་འབྱོར་རིམ་
པ་ཞིག །རྒྱུད་ལས་དང་པོར་གསུངས་པ་ཡིན། །ཞེས་གསུངས་སོ། །དེ་ནས་བསྐྱེད་པའི་རིམ་པ་ལ་སྡུད་པ་པོ་ཐེ་ཚོམ་དུ་གྱུར་པ་ཁོང་ནས་དྲང་བ་ཡང་བསྐྱེད་རིམ་དངོས་པོས་མི་གྲོལ་ལོ་ཞེ་ན། དེའི་ལན་ཡོན་ཏན་གྱི་མིང་གིས་བོས་ཏེ། དངོས་པོ་ལ་གྲོལ་བ་ཡང་ཡོད་འཆིང་བ་ཡང་ཡོད་དེ་ཤེས་
རབ་དང་མ་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །འོ་ན་དངོས་པོ་མེད་པས་གྲོལ་ལམ་ཞེ་ན་དེ་ཡང་མ་ཡིན་ཏེ། ཤེས་པ་དང་མ་ཤེས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེས་ན་བསྐྱེད་པའི་རིམ་པ་ལ་ཐབས་དང་ཤེས་རབ་མིང་དུ་ཤེས་པ་དང་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཤེས་

པ་སྟེ། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་པའོ། །དེ་བཞིན་དུ་དངོས་པོ་མེད་པས་ཀྱང་འཆིང་བར་འགྱུར་ཏེ། གྲོལ་བར་ཡང་འགྱུར་རོ། །དངོས་མེད་ལ་ཞེན་ན་ཆད་པའི་ལྟ་བ་སྟེ། མར་མེ་འབར་བ་གསད་རུང་གི། །ཤི་ནས་ཅི་ཡང་བྱ་རུང་མེད། །གསུངས་པ་དང་ཡང་། རྒྱུ་དང་འདྲ་བའི་འབྲས་བུ་
ནི། །ཀུན་དུ་མཐོང་བ་མ་ཡིན་ནམ། །ཞེས་བྱ་བ་དང་། ལྟ་བ་རྣམ་པར་ལོག་རྣམས་དང་། །བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་པས་དངོས་པོ་སྒྱུ་མ་ཙམ་རང་སྣང་གི་སེམས་སུ་བྱ་སྟེ། དེ་ལྟར་ཧེ་རུ་ཀ་བསྒོམ་བྱའོ། །སྤྱིར་ཀུན་བརྟགས་
ཆོས་ལ་ལམ་དུ་བྱེད་པ་དང་། གཞན་དབང་ལུས་ལ་ལམ་དུ་བྱེད་པ་དང་། ཡོངས་གྲུབ་སེམས་ལ་ལམ་དུ་བྱེད་པའོ། །དེ་ཉིད་དམན་པ་དང་མཆོག་གི་ཤེས་པར་བྱ་སྟེ། ཀུན་བརྟགས་མེད་པ་ལ་ཡོད་པར་བློས་བརྟགས་པ་དང་། གཞན་དབང་དེའི་རྒྱུ་མཚན་རྟོགས་པའི་ཤེས་པ། ཡོངས་
སུ་གྲུབ་པ་དེ་ཉིད་གཟུང་འཛིན་དང་བྲལ་བ་སྟེ། དམན་པའི་རྣམ་པ་གསུམ་ཞེས་བྱའོ། །མཆོག་གི་གསུམ་ནི་སྤྱིར་ལྷའི་འཁོར་ལོ་རུ་བརྟགས་པས་ཀུན་བརྟགས། ལུས་རྩ་དང་འཁོར་ལོར་སྣང་བ་དེ་གཞན་དབང་། ཡེ་ཤེས་བདེ་བ་ཆེན་པོ་ཡོངས་སུ་གྲུབ་པའོ། །དེ་ལ་དང་པོ་ལ་གསུམ་སྟེ།
ཀུན་བརྟགས་ཀྱི་ཀུན་བརྟགས་ས་བོན་དང་མཚན་མས་བསྐྱེད་པའི་རང་རྒྱུད་དུ་རྟོགས་པ་དང་། གཞན་དབང་ཡེ་ཤེས་ཀྱི་སྣང་བར་བྱས་པ་དང་། ཡོངས་གྲུབ་བདེ་བ་ཆེན་པོས་བྱིན་གྱིས་བརླབས་པའོ། །གཞན་དབང་གི་གསུམ་ནི་ཀུན་བརྟགས་ནི་རྩ་ཕལ་པའམ་འཁོར་ལོ་གསུམ་མོ། །རྩ་གསུམ་
དང་རྩ་གཅིག་ནི་གཞན་དབང་གི་གཞན་དབང་ངོ་། །རྩ་ཨ་ཝ་དྷཱུ་ཏཱིའམ་མཆོག་གི་དབང་པོ་ནི་གཞན་དབང་གི་ཡོངས་གྲུབ་བོ། །ཡང་ན་ཤེས་རབ་ཀྱི་རྩ་ཀུན་བརྟགས། ཐབས་ཀྱི་རྩ་གཞན་དབང་། དབྱེར་མེད་ཡོངས་གྲུབ་བོ། །དེ་རྣམས་ཀུན་རྫོབ་རྣམ་པར་གཞག་པའོ། །ཡང་བསྐྱེད་
རིམ་དང་རྫོགས་རིམ་དང་། ཡོངས་སུ་རྫོགས་པའི་རིམ་པའོ། །ཡོངས་གྲུབ་ཀྱི་ཀུན་བརྟགས་ནི་མཚོན་བྱ་ཀུན་རྫོབ། གཞན་དབང་གི་མཚོན་བྱ་དོན་དམ། ཡོངས་གྲུབ་ནི་དབྱེར་མེད་དོ། །ཡང་ན་སྟོང་པ་ཉིད་ཀུན་བརྟགས། རིག་པ་གསལ་བ་གཞན་དབང་། དེ་གཉིས་དབྱེར་མེད་

ཡོངས་གྲུབ་བོ། །དེ་རྣམས་ཉམས་སུ་བླང་བ་ནི། དེ་ཉིད་ངེས་པར་བྱ་སྟེ། ཆོས་ལ་ལམ་དུ་བྱེད་པ་བསྐྱེད་རིམ་ལྷའི་རྣལ་འབྱོར་སྒྲུབ་ཐབས་བཞིན་དུ་ལེའུ་གསུམ་པ་དང་། བརྟག་པ་ཕྱི་མའི་ལེའུ་ལྔ་པ་ལྟར་བྱ་བ་དང་ལུས་ལ་ལམ་དུ་བྱེད་པ་དང་། གཞན་ལུས་དང་རང་
ལུས་ཏེ། །རྩ་དང་བྱང་ཆུབ་སེམས་གཟུང་བ་ལ་སོགས་པ་དགའ་བ་བཞི་བསྒོམ་པ་སྟེ་ལེའུ་དང་པོ་དང་བརྒྱད་པ་དང་བརྟག་པ་ཕྱི་མའི་ལེའུ་གཉིས་པ་དང་ལྔ་པ་ལས་འབྱུང་བ་བསྒོམ་མོ། །སེམས་ལ་ལམ་དུ་བྱེད་པ་སེམས་ལ་བསླབ་པ་སྟེ། ཐབས་དུ་མས་བསླབ་པའོ། །ལམ་གཉིས་ཏེ་བསྐྱེད་རིམ་མང་
བར་བྱ་སྟེ་རྫོགས་རིམ་ཉུང་ལྡན་སྒྲུབ་ཐབས་བཞིན་སྒོམ་པ་དང་རྫོགས་པའི་རིམ་པ་མང་ལྡན་བསྐྱེད་རིམ་ཉུང་ལྡན་ཏེ་མོས་པའི་རྣལ་འབྱོར་ལ་སོགས་པའམ་ཡན་ལག་བཞི་བསྒོམ་པའོ། །རྫོགས་པའི་རིམ་པ་ལ་བཞི་སྟེ། ངོ་བོ་ཡེ་ཤེས་ཆེན་པོ་བསྟན་པ་དང་རྟེན་རྡོ་རྗེའི་ལུས་ལམ་དུ་བྱེད་པ་དང་།
ལྡན་པའི་ཆོས་སྡོམ་པའི་དབྱེ་བ་དང་། ཉམས་སུ་ལེན་པ་རླུང་ལ་བསླབ་པ་དང་གཏུམ་མོ་སྦར་བའོ། །ཡེ་ཤེས་ཆེན་པོའི་རང་བཞིན་ལ་ཤེས་པར་བྱ་བ་དང་། སྒོམ་པ་ཉམས་སུ་ལེན་པའོ། །བསླབ་པ་ཤེས་པར་བྱ་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་བཤད་པ་དང་། རྣམ་པར་གཞག་པའི་ཆ་དབྱེ་
བའོ། །དེ་ཁོ་ན་ཉིད་ལ་གཉིས་ཏེ། ཡེ་ཤེས་དང་ཆོས་ཉིད་དོ། །ཡེ་ཤེས་ལ་ཡང་གཉིས་ཏེ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པ་རྟེན་བསྟན་པ་དང་། ལུས་གནས་ལུས་ལས་མ་སྐྱེས་པ། །ཞེས་པ་ཚུལ་ལམ་མཚན་ཉིད་རང་འབྱུང་ཡེ་ཤེས་སུ་བསྟན་པའོ། །ཆོས་ཉིད་ལ་
གཉིས་ཏེ། དངོས་པོ་ཀུན་ལ་ཁྱབ་ཅེས་པས་རྟེན་བསྟན་པ་དང་། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་པ་ཚུལ་ལམ་མཚན་ཉིད་འདུས་མ་བྱས་ཏེ་དེ་བཞིན་ཉིད་བསྟན་པའོ། །རྣམ་པར་གཞག་པའི་ཆ་དབྱེ་བ་ལ་བཞི་སྟེ། ཚིག་དང་པོས་རྟེན་བསྟན་པ་དང་། རྟོག་པ་གཉིས་པས་མཚན་
ཉིད་དང་། གསུམ་པས་ཡོན་ཏན་དང་། བཞི་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྐྱེ་མེད་དུ་བསྟན་པའོ། །བསྒོམ་པ་ཉམས་སུ་ལེན་པ་ལ་གཉིས་ཏེ། མངོན་རྟོགས་ལམ་དུ་བྱས་པ་དང་། འབྲས་བུ་ལམ་དུ་བྱས་པའོ། །མངོན་རྟོགས་ལམ་དུ་བྱས་པ་ལ་གསུམ་སྟེ། ཆགས་ཅན་དང་

ཆགས་བྲལ་དང་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཆགས་ཅན་ནི་གཞན་ལུས་ཤེས་རབ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་པ་སྟེ། དེ་ཡང་ལུས་ལ་ཞེས་པ་ནི་མཚོན་བྱེད་དབྱེར་མེད་དུ་རང་གི་ཉམས་སུ་མྱོང་བ་སྟེ། དེ་རྟོག་པར་རང་ཤུགས་སུ་གཅོད་ཅིང་མི་རྟོག་པ་རང་རྣལ་དུ་འཇུག་པའོ། །དངོས་པོ་
ཀུན་ལ་ཁྱབ་པ་པོ་ནི་མཚོན་བྱ་ལྷན་སྐྱེས་དོན་དམ་བདེ་བ་ལ་མི་རྟོག་པ་དང་ཀུན་རྫོབ་ཞུ་བ་དང་དབྱེར་མེད་རང་ཡང་དག་པར་རིག་པའོ། །ལུས་གནས་ལུས་ལས་མ་སྐྱེས་པ། །ཞེས་པ་ནི་མཚན་བྱ་ལྷན་སྐྱེས་ལ་འཇུག་ཚུལ་གསལ་བྱེད་ཀྱི