Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 5

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
སླར་ལན་གཉིས་བརྗོད་པས་བཞི་པའི་རང་བཞིན་ཉིད་ཀྱིས་དགའ་བ་བཞི་པོ་དེས་སོ། །སྦྲུལ་འབྲོས་སོ་ཞེས་པ་ནི་དུག་གི་བདག་ཉིད་ཡིན་པའི་ཕྱིར་སྦྲུལ་དང་འདྲ་བས་ན་སྦྲུལ་ཏེ། རྣམ་པར་མ་དག་པའི་ཡུལ་ཡང་དུག་ལྟ་བུའོ། །དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་
ཀྱི་བདག་ཉིད་དེས་རྣམ་པར་དག་པའོ། །ཡེ་ཤེས་ཀྱི་རྣམ་པར་བདེན་པར་རྒྱུ་བ་ཡིན་པས་སྦྲུལ་འབྲོས་པར་འགྱུར་ཏེ། འདོད་ཆགས་ལ་སོགས་པའི་རྣམ་པར་དག་པས་ཕྲག་དོག་རྣམ་པར་དག་པའོ། །ནོར་སྐྱོང་འདུལ་བའི་ཕྱག་གིས་ལག་པ་རབ་ཏུ་བསྟན་ན། ཁྱི་འབྲོས་པར་འགྱུར་རོ་ཞེས་པ་
ནི། །ངྷའི་སྒྲ་ནི་བཞི་པའི་བཞི་པ་དོན་ཡོད་གྲུབ་པའོ། །ནའི་སྒྲ་ནི་བཞི་པའི་ལྔ་པ་སྟེ་མི་བསྐྱོད་པའོ། །ངྷ་ན་གཉིས་ཆར་གྱི་སྒྲས་ནི། དེ་སྐྱོང་ཞིང་དབྱེར་མེད་པར་རྣམ་པར་འཇོག་པ་ཡིན་པས་ནོར་སྐྱོང་སྟེ་རྡོ་རྗེ་འཛིན་པའོ། །དེ་འདུལ་བའི་ཕྱག་གིས་ནི་དེའི་རང་བཞིན་གྱི་ཡེ་ཤེས་ལྔས་སོ། །ལག་
པ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །བསྟན་པ་ནི་འོད་གསལ་དུ་བྱ་བའོ། །དེས་ན་ཁྱི་འཕྲོས་པར་འགྱུར་ཞེས་པ་ལ། རང་ཉིད་རང་སྟེ་བེམས་པོའོ། །རྣམ་པར་རིག་བྱེད་ཀྱི་ཚུལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་མི་ཤེས་པའི་རྣམ་པ་འབྲོས་པ་སྟེ། བེམས་པོ་མ་ཡིན་པ་
རྟོགས་པའི་རྣམ་པར་འོད་གསལ་ཉིད་ཐོབ་པས་ཕྲག་དོག་ལ་སོགས་པ་རྣམ་པར་དག་པས་ཞེ་སྡང་རྣམ་པར་དག་པའོ། །དེ་ལྟར་གླང་པོ་ལ་སོགས་པ་མ་རིག་པ་ལྔ་བསྟན་པ་ཕུང་པོ་ལྔ་དང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་དུ་རྟོག་པའི་བདག་ཉིད་རྣམས་ཆོས་ཀྱི་དབྱིངས་ཤིན་
ཏུ་རྣམ་པར་དག་པའི་བདག་ཉིད་ཇི་ལྟ་བ་དེ་གསུངས་པ། རྡོ་རྗེ་དཀར་མོ་ཆུ་མ་དང་། །རྡོ་རྗེ་མཁའ་འགྲོ་བདག་མེད་མ། །མཁའ་སྤྱོད་ས་སྤྱོད་རྣལ་འབྱོར་ལས། །རེངས་སོགས་བརྟུལ་ཞུགས་ཅན་གྱིས་བྱེད། །ཅེས་པ་ལ་འདིའི་རང་བཞིན་ཉིད་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་

པར་ཤེས་པའི་རྣམ་པར་དག་པ་རྣམས་སོ། །ཇི་ལྟར་ཞེ་ན། །མཁའ་སྤྱོད་ས་སྤྱོད་རྣལ་འབྱོར་ལས། །ཞེས་པ་ལ་ས་སྤྱོད་ནི་སྲིད་པའི་རང་བཞིན་ནོ། །མཁའ་སྤྱོད་ནི་མྱ་ངན་ལས་འདས་པའི་རང་བཞིན་ནོ། །དེའི་ཕྱིར་གཉི་ག་ཐ་མི་དད་པས་རྣལ་འབྱོར་རོ། །དེ་བཞིན་དུ་
ཡང་གསུངས་པ། སྲིད་དང་ཞི་བའི་རང་བཞིན་གྱིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །ཞེས་པའོ། །རྒྱུ་འདིས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །རེངས་པ་ལ་སོགས་པ་ཕྱི་རོལ་གྱི་རབ་ཏུ་གྲགས་པ་ཉིད་དོ། །ནང་དུ་ན་མི་གཡོ་བའི་རང་བཞིན་ལ་
སོགས་པར་བྱ་བ་ནི། བསྐྱེད་པར་བྱ་བའོ། །བརྟུལ་ཞུགས་ཅན་ནི་རྡོ་རྗེ་འཛིན་པའི་རང་བཞིན་ཞེས་པའི་དོན་ཏོ། །འདིས་ཅི་བསྟན་ན། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་དབྱེར་མེད་པ་ཡུལ་དང་དབང་པོ་རྣམ་པར་དག་པའི་རྡོ་རྗེ་གསུམ་དབྱེར་མེད་པའི་བདག་མེད་མའི་དཀྱིལ་འཁོར་
ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དྲུག་པ་རྡོ་རྗེ་འཛིན་པ་དང་ཐ་མི་དད་པ་བཞི་པའི་རང་བཞིན་གྱི་རང་བྱུང་གི་ཡེ་ཤེས་ཀྱི་བདག་ཉིད་བསྟན་ཏོ། །རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཡང་འདི་ལྟ་བུ་ཉིད་དུ་བསྟན་ཏེ། དཀྱིལ་འཁོར་གཉི་ག་ཡང་དབྱེར་མེད་པའི་ཕྱིར་རོ། །ཨཱ་ལི་ཀཱ་ལི་
གཉིས་ཀྱི་ནཱ་དའི་ཕྲེང་བ་རེ་རེ་ཡང་སྔགས་ཀྱི་དེ་ཁོ་ན་ཉིད་བསྐྱེད་པ་སྟེ་དེ་ལྟ་མ་ཡིན་ན། འདི་དག་ཕྱིན་ཅི་ལོག་ཏུ་རྟོགས་པའི་ཕྱིར་བསྟན་པའི་སྔགས་རྣམས་ནི་འགྲུབ་པ་མ་ཡིན་ནོ། །ཨོཾ་ཞེས་བྱ་བ་ནི་རང་བྱུང་བའོ། །དེ་ཉིད་ཐབས་དང་ཤེས་རབ་དབྱེར་མེད་པས་ཨཱ་ལི་ཀཱ་ལི་རྣམ་པ་གཉིས་སོ། །གཉི་
ག་དབྱེར་མེད་པས་ཀྱང་སྐུ་གསུང་ཐུགས་ཀྱི་རྣམ་པ་གསུམ་མོ། །དེ་ཡང་བདེ་བ་ལ་སོགས་པའི་རྣམ་པར་རྟོག་པས་རྣམ་པ་བཞིའོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་ནི་ཡེ་ཤེས་ལྔ་རྣམས་ཡིན་ནོ། །རིམ་པ་འདིས་བཅོ་ལྔ་སྟེ་དེ་རྣམས་ཀྱང་རྣམ་པར་ཤེས་པའི་ལུས་ལས་ཏེ། དྲུག་པ་རྣམ་པར་
ཤེས་པ་དེ་ཡང་དེའི་རང་བཞིན་དེས་དེ་ལས་འདས་པ་ཡིན་པས་ལྔ་པ་དང་། དྲུག་པ་དང་བདུན་པ་འདི་གསུམ་རེ་རེ་ཞིང་ཡང་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་པས་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དང་གཉི་ག་ཐ་མི་དད་པ་ཉིད་སྔགས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །དང་པོ་ཀའི་སྡེ་ཚན་མི་བསྐྱོད་པའོ། །གཉིས་

པ་ཙའི་སྡེ་ཚན་དོན་ཡོད་གྲུབ་པའོ། །གསུམ་པ་ཊའི་སྡེ་ཚན་རིན་ཆེན་འབྱུང་ལྡན་ནོ། །བཞི་པ་ཏའི་སྡེ་ཚན་རྣམ་པར་སྣང་མཛད་དོ། །ལྔ་པ་པའི་སྡེ་ཚན་འོད་དཔག་ཏུ་མེད་པའོ། །འདི་རེ་རེ་ཞིང་ཡང་ཡེ་ཤེས་ལྔའི་བདག་ཉིད་རྣམས་དང་འབྱུང་བ་ལྔའི་བདག་ཉིད་རྣམས་ཏེ་མི་བསྐྱོད་པ་ལ་
སོགས་པའི་རིམ་པས། ཀ་ཁ་ག་གྷ་ང་ཞེས་པ་འདི་ཉི་ཤུ་རྩ་ལྔའི་དབྱེ་བས་དེ་རྣམས་ནི་རེ་རེ་ཞིང་ལྔའི་བདག་ཉིད་དོ། །དེ་ཡང་ལྔའི་བདག་ཉིད་དེས་མཐའ་ཡས་པའི་རིགས་སུ་འགྱུར་བ་ཡིན་ཏེ། ཡི་གེ་ཐམས་ཅད་ཉིད་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་རྣམ་པ་ཡིན་པས་སྔགས་ཀྱི་དེ་ཁོ་
ན་ཉིད་བསྟན་ཏོ། །དེ་བཞིན་དུ་སྔགས་བཏུ་བ་ཡང་འཆད་པར་འགྱུར་བའི་རྗེས་སུ་འགྲོ་བས་དང་པོའི་ནི་དང་པོ་དང་། གཉིས་པའི་ནི་གསུམ་པ་དང་ཞེས་བྱ་བ་ལ་སོགས་པ་དང་། ལྔ་པའི་ནི་བཞི་པ་དང་ཞེས་བྱ་བ་ལ་སོགས་པ་དང་། བདག་མེད་མ་ཡིས་རྣམ་པར་བརྒྱན། །ཞེས་བྱ་བ་ལ་
སོགས་པའོ། །སྭཱ་ཞེས་པ་ནི་སྭཱ་ཁུ་བ་སྟེ་འོད་དཔག་མེད་གསུང་རྡོ་རྗེའོ། །བ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །ཨ་བདག་མེད་མ་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་ཐ་མི་དད་པ་སྔགས་སོ། །དེ་ཡང་ཧཱ་ཞེས་པ་ནི། ཧཱ་ཐབས་སོ། །ཨ་ཤེས་རབ་སྟེ་གཉི་ག་ཐ་མི་དད་པ་ནི་སྔགས་སོ། །ཡི་གེ་ཕཊ་
ཀྱིས་སྤེལ་བ་ནི་ཁྱད་པར་འདུས་པ་ཡིན་པའི་དོན་ཏོ། །དེའི་ཕྱིར་དེ་ལ་སྔགས་མེད་གང་ཞིག་ཕྱག་རྒྱ་མེད། །གང་ཞིག་དཀྱིལ་འཁོར་མེད་ཅིང་ལྷ་ཡི་རྣམ་པ་མེད། །རྡོ་རྗེ་འཛིན་དང་བདག་མེད་མ་ལས་གཞན་པའང་མེད། །ཅེས་པའོ། །དེའི་
ཕྱིར་ཕྱི་རོལ་དང་ནང་གི་བརྡ་གཉིས་ཀྱི་སྒྲ་བཀོད་པས་སྔགས་ཐམས་ཅད་གནས་པ་ཡིན་ནོ། །འདིར་ནི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ཏེ། བླ་མའི་རིམ་པ་ལས་འོངས་པ་བདག་ཉིད་རྗེས་སུ་དྲན་པར་བྱ་བའི་ཕྱིར་དང་། བདག་དང་མཉམ་པའི་སེམས་ཅན་རྣམས་ཀྱི་དོན་དུའོ། །དགྱེས་པའི་
རྡོ་རྗེ་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ་ཞེས་པ་ལ། དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། གཉི་ག་ཐ་མི་དད་པར་བྱས་པའོ། །མཁའ་འགྲོ་མའི་དྲ་བ་ནི་རྣལ་འབྱོར་མའི་འཁོར་ལོ་སྟེ་བསྡུས་ཤིང་སྡོམ་པ་དེའི་བདག་ཉིད་ཀྱིས་དེའི་བདག་ཉིད་དུ་འཇུག་པར་འགྱུར་

བས་ན། །མཁའ་འགྲོ་མའི་དྲ་བའི་སྡོམ་པའོ། །དེའི་ཕྱིར་སྔགས་ཀྱི་རིམ་པར་ཕྱེ་བ་ནི་སྔགས་ནི་ཡེ་ཤེས་སོ། །དེ་ལ་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པས་ན་ལའོ། །དེ་ཡང་གཉིས་པ་ནི་སྤྲུལ་པའི་སྐུ་དང་ཐ་མི་དད་པས་ཆོས་ཀྱི་སྐུ་དང་ཐ་མི་དད་པར་གྱུར་
པས་ཞེས་པའི་དོན་ཏོ། །དང་པོར་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་དང་། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་དང་། དེ་ནས་ཕྱག་བཅུ་དྲུག་པ་དང་། དེ་ནས་སྔགས་ཐམས་ཅད་ཉིད་ཀྱི་རྐང་པའི་དང་པོར་ཨོཾ་དང་། མཐར་སྭཱ་ཧཱ་དང་ཧཱུཾ་ཕཊ་ཀྱི་ཡི་གེ་སྤེལ་བའོ། །དེའི་རྗེས་སུ་
གྲོང་ཁྱེར་བསྐྱོད་པའོ། །དེའི་རྗེས་སུ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་དང་། དེ་ནས་ཕྱག་གཉིས་པའི་དང་། དེ་ནས་ཕྱག་བཞི་པའི་དང་། དེ་ནས་ཕྱག་དྲུག་པའི་དང་། དེ་ནས་བྱིན་གྱིས་བརླབས་པའི་དང་། དེ་ནས་ས་སྦྱང་བའི་དང་། དེ་ནས་རེངས་པའི་དང་། དབང་དུ་བྱ་བའི་དང་། བསྐྲད་
པའི་དང་། མངོན་སྤྱོད་ཀྱི་དང་། དགུག་པའི་དང་། དབྱེ་བའི་དང་། གསང་བའི་དང་། ཀུ་རུ་ཀུལླེའི་སྔགས་དང་། ཆར་དབབ་པའི་དང་། སྤྲིན་དྲལ་བའི་དང་། རྡོ་རྒྱུས་ཀྱི་དང་། ལྷ་དགས་པའི་དང་། ཚ་བའི་རིམས་ཀྱིས་འདེབས་པའི་དང་། ཆང་སྐྱུག་པའི་ཆོ་གའི་དང་། རབ་ཏུ་མྱོས་
པ་དགུག་པའི་དང་། ཉི་མ་དང་ཟླ་བ་གཟུང་བ་དང་། རྡོ་རྗེའི་དཔྱད་དང་། གླང་པོ་འབྲོས་པ་དང་། སྟག་འབྲོས་པ་དང་། བསེ་འབྲོས་པ་དང་། སྦྲུལ་འབྲོས་པའི་དང་། ཁྱི་འབྲོས་པ་སྐུ་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་ལས་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་སྤྲོ་བ་སྤྲུལ་པའི་
སྐུའི་བདག་ཉིད་དང་ལོངས་སྤྱོད་རྫོགས་པའི་བདག་ཉིད་རྣམས་ཀྱི་སྔགས་སུམ་ཅུ་རྩ་གཉིས་ཡིན་ནོ། །སྔགས་ཀྱི་རིམ་པར་ཕྱེ་བའོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་གཉིས་པའོ།། །།དེ་ལྟར་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་བསྟན་
ཏེ། །སྔགས་ཀྱི་རིམ་པར་ཕྱེ་བས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། ད་ནི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ལྷའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་སྨོས་སོ། །ལྷ་ནི་རྣམ་པ་གཉིས་ཏེ། སྐུ་ཅན་དང་། སྔགས་ཀྱི་རང་བཞིན་ཅན་ནོ། །གཉི་ག་

ཡང་བསྟན་མ་ཐག་པའི་རིམ་པར་ཕྱེ་བ་གཉིས་ཀྱིས་བསྟན་ཏོ། །ད་ནི་དེ་གཉི་ག་ཐ་མི་དད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ལྷ་གསལ་བར་བྱ་བའི་ཕྱིར་གསུངས་པ། ལྷའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ལ། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པ་སྙིང་རྗེ་རྣམ་པར་
བསྒོམ། །གསུམ་པ་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐའ་མར་བཏང་སྙོམས་སྒོམ། །ཞེས་པ་དང་། དེ་ནས། ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་ལ་དང་པོ་ཞེས་པ་ནི་
སྔོན་དུའོ། །སྟོང་པའི་བྱང་ཆུབ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ནི་དེའི་རྗེས་ཐོགས་སུ་ལྷ་གང་བསྒོམ་པར་བྱ་བ་དེ་བསྐྱེད་པའི་སྔགས་བསྡུ་བ་སྟེ་ཡང་དག་པར་བསྡུས་པའི་ཚུལ་
ཏེ་གཉིས་པའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་ནི་ཕྱག་དང་། ཞལ་དང་མིག་དང་མཚན་མའི་རྣམ་པ་ལ་སོགས་པར་བསྐྱེད་པ་ནི་གསུམ་པའོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་ནི་མི་འགྱུར་བས་ནི་ཡི་གེ་སྟེ་རྡོ་རྗེ་འཛིན་ནོ། །དེ་ཡང་དགོད་པ་ནི་དམིགས་པར་
བྱ་བ་སྟེ་མི་གཡོ་བའི་རང་བཞིན་ནོ། །དེ་ཡང་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་པའི་ཚིག་གིས་སོ། །དེ་ལྟ་བུའི་རིམ་པས་ལྷ་བསྒོམ་པར་བྱའོ་ཞེས་པ་ནི་བཞི་པའོ། །ཡང་ན། དང་པོར་སྟོང་པའི་བྱང་ཆུབ་སྟེ། །ཞེས་པ་ལ་དང་པོ་ནི་གཉིས་སུ་མེད་པའོ། །དེ་ཡང་སྟོང་
པའི་བྱང་ཆུབ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ནི་རླུང་ལ་ཞོན་པའི་ཕྱིར་ཐུགས་རྡོ་རྗེ་སྟེ། དེ་ཡང་གཉིས་པ་ལ་ས་བོན་གྱི་ཚུལ་གྱིས་བསྡུས་ཏེ་ཡང་དག་པར་གཟུང་བའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་
ནི། །ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་དེས་སྐུའི་སྐུ་བསྐྱེད་པ་ཡིན་ནོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་ནི་བཀོད་པས་ན་དགོད་པ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཡང་མི་གཡོ་བས་ཡི་གེ་སྟེ་དེའི་བསྒོམ་པར་བྱའོ། །སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས་བསྐྱེད་པར་

བྱ་བའི་རིམ་པ་འདིའོ། །ལས་ཀྱི་ཕྱག་རྒྱ་ལ་ཡང་དགའ་བ་ལ་སོགས་པའི་རིམ་པས་རིམ་པ་འདིའོ། །ཆོས་ཀྱི་ཕྱག་རྒྱ་ལ་ཡང་འཁོར་ལོ་རིམ་པས་གཏུམ་མོའི་རྣལ་འབྱོར་གྱི་རིམ་པ་འདིའོ། །ཕྱག་རྒྱ་ཆེན་པོ་ལ་ཡང་ཕྱག་རྒྱ་གསུམ་གྱི་དབྱེ་བས་རྣམ་པ་ཐམས་
ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པའོ། བརྒྱུད་པའི་རིམ་པའོ། །དེ་བས་ན་སླར་བྱམས་པ་བསྒོམ་པ་ནི། སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བའོ། །གཉིས་པ་སྙིང་རྗེ་ནི་འབྲས་དང་ཤུ་བ་ལ་སོགས་པའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་རང་བཞིན་
ལས་ཡང་དག་པར་གདོན་པར་འདོད་པའོ། །དགའ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བ་བདེ་བ་དང་ལྡན་པར་གྱུར་པ་གང་སེམས་དགའ་བ་ནི་དགའ་བའོ། །བཏང་སྙོམས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བའི་མཚན་ཉིད་དོ། །ཀུན་
གྱི་མཐའ་མར་ཞེས་པ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་པར་རོ། །ཡང་ན་བྱམས་པ་ནི་བུ་གཅིག་པའི་བརྩེ་བ་ཉིད་དེ། འགྲོ་བ་ཐམས་ཅད་ང་ལས་བྱུང་། །སྲིད་པ་གསུམ་ཡང་ང་ལས་བྱུང་། །ང་ཡིས་འདི་དག་ཀུན་ལ་ཁྱབ། །ང་ལས་གཞན་པའི་འགྲོ་མ་མཐོང་། །ཞེས་བྱ་བའི་
ཚིག་གིས་སོ། །གཉིས་པ་སྙིང་རྗེ་ཞེས་པ་ནི། བསྟན་པའི་ཚུལ་དུ་རྣམ་པར་རིག་པར་བྱའོ། །གསུམ་པ་དགའ་བ་ཞེས་པ་ནི། དེའི་བདག་ཉིད་ཀྱིས་གཉི་ག་ཐ་མི་དད་པའོ། །ཀུན་གྱི་མཐའ་མར་བཏང་སྙོམས་བསྒོམས། །ཞེས་བྱ་བ་ནི་གཉི་ག་དབྱེར་མེད་པ་རྟོགས་པར་གྱུར་བས་ཞེས་པའི་དོན་
ཏོ། །ཡང་ན། ཡུལ་དང་དབང་པོ་ཐ་མི་དད་པ་བྱམས་པ་སྟེ། དགའ་བའི་རང་བཞིན་ནོ། །སྙིང་རྗེ་ཞེས་པ་ནི། ཀཱ་བདེ་བའོ། །རུ་འཛིན་པ་སྟེ། བདག་ཉིད་འཇུག་པར་འགྱུར་བས་ན་སྙིང་རྗེའོ། །མཆོག་དགའི་རང་བཞིན་ནོ། །དགའ་བ་ཞེས་པ་ནི་བདེ་བ་ལ་ཆགས་པའི་རང་བཞིན་ཅན་རྣམ་པར་དགའ་
བའི་བདག་ཉིད་ཅན་ནོ། །བཏང་སྙོམས་ཞེས་བྱ་བ་ནི། འདོད་ཆགས་དང་ཆགས་བྲལ་རྣམ་པར་འདྲེས་པར་གྱུར་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱམས་པ་ནི་གཉིས་མེད་དུ་རྟོགས་པའི་ཤེས་རབ་བོ། །སྙིང་རྗེ་ཞེས་པ་ནི་སྤྲོ་བའི་ཚུལ་གྱིས་ཐབས་སོ། །དགའ་བ་ཞེས་པ་ནི་གཉི་ག་དབྱེར་མེད་

པའི་རྡོ་རྗེ་གསུམ་གྱི་མཚན་ཉིད་དོ། །བཏང་སྙོམས་ཞེས་བྱ་བ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །བཞི་པོ་འདི་གཉིས་ཐབས་དང་ཤེས་རབ་ཐ་མི་དད་པ་རྣམ་པར་ཐར་པ་བརྒྱད་ཀྱི་སྒོའི་རང་བཞིན་ལྷ་ལུས་པ་མེད་པའི་
བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པས་རང་བྱིན་གྱིས་བརླབ་པའི་ཟུང་དུ་འཇུག་པ་དག་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རཾ་ལས་ཉི་མ་མངོན་དུ་རྣམ་བསྒོམས་ནས། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམས་པ་ཉིད། །
ཅེས་པ་སྨོས་ཏེ། ཉི་མ་ནི་ཉི་མའོ། །སྔོན་དུ་ནི་དང་པོར་རོ། །བསྒོམས་ནས་ནི་བལྟས་ནས་སོ། །དེའི་རྗེས་སུ་ཉི་དེར་ནི་དཀྱིལ་འཁོར་གཞིར་གྱུར་པ་དེར་རོ། །ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱིས་ནི་བསྒོམ་པ་ཉིད། །ཅེས་པ་ནི་ར་བ་བལྟ་བར་བྱའོ། །དང་གི་སྒྲས་ཐད་ཀར་འོད་ཟེར་སོང་བས་
བསྒོམ་པར་བྱའོ། །གུར་བཅིངས་པ་ཞེས་པ་ནི། གུར་དང་འདྲ་བས་ན་གུར་ཏེ། དེ་བཅིངས་པ་སྤྲས་པ་ཉིད་དོ། །ཡང་གི་སྒྲས་ནི་འོག་ཏུ་སོང་བའི་འོད་ཟེར་གྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་སྟེང་དུ་འཕྲོས་པས་ཐོག་ཕུབ་པར་བསམ་མོ། །རིམ་པ་འདིས་གཞལ་ཡས་ཁང་ངོ་། །ཡང་ན་རཾ་ཞེས་
བྱ་བ་ནི། རིན་ཆེན་འབྱུང་ལྡན་ཉི་མ་བདག་མེད་མའོ། །ཉི་དེར་ཧཱུཾ་ནི་སྣང་བ་མཐའ་ཡས་ཟླ་བ་བྱང་ཆུབ་ཀྱི་སེམས་སོ། །དེ་གཉིས་བྱུང་བའི་ཁམས་གསུམ་ནི་སྣ་ཚོགས་སོ། །དེ་ཡང་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ཡེ་ཤེས་དེ་ཉིད་ཀྱིས་སོ། །ར་བ་ནི་ཁྱད་པར་དུ་
འཕགས་པའི་རྣམ་པ་ནི་ར་བ་སྟེ། མདོག་དང་ཕྱག་དང་ཞལ་དང་དབྱིབས་ཀྱི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །དེ་ཡང་ཀ་ནི་བདེན་པའི་རང་བཞིན་ནོ། །འདི་གཉིས་ཐ་མི་དད་པར་གུར་འཆིང་བ་ནི་ཟུང་འཇུག་ཡིན་ནོ། །དང་པོར་རོ་ནི་རྣམ་བསྒོམ་པ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་
རིག། །ཅེས་པ་ནི་གཞལ་ཡས་ཁང་དེར་དང་པོར་ཐོག་མར་རོ་བསྒོམ་པར་བྱའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རིག །ཅེས་པ་སྟེ། ཆོས་ནི་འདུས་བྱས་ཐམས་ཅད་དོ། །དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ཏེ་དེའི་བདག་ཉིད་ཀྱི་རང་བཞིན་གྱིས་རང་བཞིན་མེད་

པའི་རང་བཞིན་ནོ། །རིག་པ་ནི་ཤེས་པ་སྟེ། དེ་ཤེས་པའི་རྣམ་པར་རྟོག་པའོ། །ཡང་ན་དེ་དགྱེས་པའི་རྡོ་རྗེ་ཞེས་བྱ་སྟེ། དང་པོ་ནི་གཉིས་སུ་མེད་པའོ། །རོ་ནི་རང་བཞིན་མེད་པའོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ནི་ཆོས་རྣམས་ཀྱི་དབྱིངས་དེའི་བདག་ཉིད་ཀྱི་སྐུ་སྟོན་
པ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀུན་རྫོབ་དང་དོན་དམ་ཐ་མི་དད་པའོ། །རིག་པ་ནི་ཡེ་ཤེས་ཀྱི་རྣམ་པས་རྣམ་པར་གཞག་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་སྟེང་རྣལ་འབྱོར་པ་འདུག་ནས། །ཧེ་རུ་ཀ་ནི་རྣམ་པར་བསྒོམ། །ཞེས་པ་ལ་རོ་དེའི་སྟེང་དུ་རྣལ་འབྱོར་པ་འདུག་ནས་སོ། །ཧེ་རུ་ཀ་
ཉིད་ནི་ཧེ་རུ་ཀའི་སྐུ་རྣམ་པར་བསྒོམ་པར་བྱ་བའོ། །ཡང་ན་རྣལ་འབྱོར་པ་ནི། འདི་ལ་རྣལ་འབྱོར་ཡོད་པས་ན་རྣལ་འབྱོར་པ་སྟེ་ཟུང་འཇུག་གི་རིམ་པ་ལ་གནས་པའོ། །དེའི་ངོ་བོ་དང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བཤད་ཟིན་པའི་དོན་གྱི་རང་བཞིན་ཡིན་ནོ། །སྟེང་དུ་གནས་པ་ནི་ཁྱབ་པར་བྱ་
བ་དང་ཁྱབ་པར་བྱེད་པའི་རང་བཞིན་གྱིས་གཡོ་བ་མེད་པར་གྱུར་པའོ། །ཧེ་རུ་ཀ་ཉིད་ནི། ཧེ་ཞེས་པ་ནི་རྒྱུ་ལ་སོགས་པ་དང་བྲལ་བའོ། །རུ་ཞེས་པ་ནི་ཡི་གེ་རུ་ཚོགས་པ་དང་བྲལ་བའོ། །ཀ་ཞེས་པ་ནི་གང་དུའང་མི་གནས་པའོ། །དེ་ལྟར་གྱུར་པའི་ཧེ་རུ་ཀ་དེའི་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་
དག་པ་བསྒོམ་པར་བྱའོ། །རྣམ་པ་སྣ་ཚོགས་པར་བསྒོམས་ཏེ། སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས་རྣམ་པར་གཞག་པར་བྱའོ་ཞེས་པའི་དོན་ཏོ། །རཾ་ལས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། །ཞེས་བྱ་བས་མདོར་བསྟན་ནས་རྒྱས་པར་བཤད་པ་གསུངས་པ། རང་གི་སྙིང་གར་རེ་ཕ་
བསྒོམ། །ཞེས་པ་སྨོས་སོ། །དེ་གང་དུ་བསྒོམ་པར་བྱ་བའི་དོགས་པ་བསུ་ནས་གསུངས་པ། རང་གི་སྙིང་གར་ནི་ཐུགས་ཀར་རོ། །རཾ་བསྒོམ་པར་བྱ་བའོ། །དེ་ལས་བྱུང་བའི་ཉི་དཀྱིལ་འཁོར། །དེར་ནི་ཧཱུཾ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པ་ནི་ཐབས་དང་
ཤེས་རབ་ཀྱི་རང་བཞིན་ཏེ་ཐམས་ཅད་བཤད་ཟིན་ཏོ། །རང་གི་སྙིང་གར་ཞེས་པ་ནི་ཆོས་འབྱུང་དུའོ། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པ་ལ་ཐབས་ནི་སྣ་ཚོགས་རྡོ་རྗེའོ། །ཤེས་རབ་ནི་སྣ་ཚོགས་པདྨའོ། །འདིའི་རང་བཞིན་གྱི་ཡེ་ཤེས་ཆོས་འབྱུང་དང་སྣ་ཚོགས་རྡོ་རྗེ་དང་སྣ་

ཚོགས་པདྨ་རྣམས་རྡོ་རྗེ་གསུམ་དབྱེར་མེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེར་ཧཱུཾ་རྡོ་རྗེ་དེ་ཇི་ལྟ་བུ་ཞིག་བསྒོམ་པར་བྱ་བ་གསུངས་པ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོ་འཇིག་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པའི། །ཡང་ན་ཧཱུཾ་གི་དེ་ཉིད་བསྒོམ་པ་ཅིས་ཁྱད་དུ་འཕགས་ཤེ་ན།
རྡོ་རྗེ་ལྟེ་བའི་དབུས་གནས་ཞེས་པ་སྟེ། རྡོ་རྗེ་ལྟེ་བའི་ནང་དུ་སོན་པའོ། །ཁ་དོག་ནག་པོ་འཇིགས་ཆེན་ནི་རྟོགས་དཀའ་བའོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི་དེ་དབུས་ཀྱི་ནང་དུ་གནས་པ་ཞེས་པའི་དོན་ཏོ། །ཧཱུཾ་གི་རྣམ་པ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །ཞེས་པ་ནི་དེར་ཡི་གེ་
ཧཱུཾ་བལྟས་ནས། དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་བདག་ཉིད་མི་བསྐྱོད་པའི་རང་བཞིན་རྣམ་པར་བསྒོམ་པར་བྱའོ། །རྡོ་རྗེ་ལས་སྐྱེས་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཡང་ན་སྔོ་དང་སྐྱ་རེངས་མདོག །དད་པས་ངེས་པར་རྣམ་པར་བསྒོམ། །ཞེས་པ་ལ་རྡོ་རྗེ་སྐྱེ་བ་ནི་
རྡོ་རྗེའི་རང་བཞིན་དུ་སྐྱེ་ཞིང་འཁྲུངས་པ་ནི་གང་ལ་ཡོད་པ་ནི་རྡོ་རྗེ་སྐྱེ་བའོ། །དེ་ཉིད་ནག་པོ་ཆེ་ནི། ཤིན་ཏུ་གནག་པ་སྟེ་གཉིས་མེད་པའོ། །འདམ་སྐྱེས་སྔོན་པོའི་མདོག་འདྲ་བ་ནི་དཀར་པོ་དང་ནག་པོ་རྣམ་པར་བསྲེས་པའི་ཁ་དོག་གི་རང་བཞིན་ཏེ་གཉིས་སོ། །ཡང་ན་སྔོ་དང་སྐྱ་རེངས་མདོག །
ཅེས་པ་ནི་དཀར་པོ་དང་ནག་པོ་དང་དམར་པོ་འདྲེས་པའི་རང་བཞིན་གྱིས་རྣམ་པ་གསུམ་བསྒོམ་མོ། །འདི་ལ་ཁ་དོག་གཅིག་གོ། །དད་པས་ནི་རང་གི་བསམ་པས་སོ་ཞེས་པ་ནི་ངེས་པ་སྟེ་སྦྱར་བར་བྱ་བའོ། །ཕྱག་གཉིས་པ་དང་བཞི་པ་དང་ཕྱག་དྲུག་པ་དང་། ཧེ་རུ་ཀ་གསུམ་ལས་གཅིག་
ཅེས་དགོངས་སོ། །ཡང་ན་ཁ་དོག་ནག་པོ་ནི། ཁ་དོག་ཨཱ་ལི་ཀཱ་ལིའི་རང་བཞིན་གྱིས། ནག་པོ་བསྲབས་པ་གང་དེ་ལ་ཁ་དོག་ནག་པོའི་དྲི་མ་མེད་དོ་ཞེས་པའི་དོན་ཏོ། །དེ་ཉིད་འཇིགས་ཆེན་པོ་སྟེ། ཤིན་ཏུ་མི་དམིགས་པའི་རང་བཞིན་གྱིས་རྡོ་རྗེ་བྱུང་བ་ཡིན་ཏེ། མི་ཕྱེད་པའི་ཚུལ་
གྱིས་ཡང་དག་པའི་མཐར་ཕྱིན་པའོ། །གང་ལས་ཤེ་ན། ཡི་གེ་ཧཱུཾ་ལས་སོ། །ཐབས་དང་ཤེས་རབ་ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་རྡོ་རྗེ་ལྟེ་བའི་དབུས་གནས་པ་ནི། བ་བྱང་ཆུབ་ཀྱི་སེམས་ཐབས་སོ། །ར་ཤེས་རབ་བོ། །གཉི་ག་ལྟེ་བའོ། །དེ་ཡང་ཀའོ། །དེའི་དབུས་

གནས་ནས་ནི་ཐབས་དང་ཤེས་རབ་ཐ་མི་དད་པའོ། །དེ་ལྟར་གྱུར་པའི་ཧཱུཾ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་བསྒོམ་པར་བྱ་བའོ། །ཡང་ཞེས་པ་ནི། སླར་ཡང་འདི་ཉིད་རྒྱུན་མི་འཆད་པར་བསྒོམ་པའོ། །དེ་ཉིད་ཧཱུཾ་གི་རྣམ་པར་གྱུར་པ་ནི། ཡི་གེ་ཧཱུཾ་གི་རང་
བཞིན་ཉིད་རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཕྱིར་རོ། །བལྟས་ནས་ཞེས་པ་ནི་རྟོགས་པར་བྱ་བའོ། །ཞེ་སྡང་བདག་ཉིད་ནི་གཉིས་ཀྱིས་གཉིས་སྤྲད་པ་བདག་གིས་སྤང་བར་མི་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་ཡིན་པས་ཞེ་སྡང་ངོ་། །བདག་གི་ལུས་གང་ལ་དེ་ཉིད་
ཡོད་པའང་དེ་སྐད་ཅེས་བྱའོ། །དེ་བསྒོམ་པར་བྱའོ་ཞེས་པ་ནི་བསྟན་ཟིན་པའི་དོན་ཏོ། །སླར་ཡང་དེ་ཉིད་ཁྱད་པར་དུ་ཅིས་འཕགས་ཤེ་ན། གསུངས་པ། རྡོ་རྗེ་སྐྱེ་བ་ལ་སོགས་པ་སྟེ་སྐྱེ་བ་ནི་སྐྱེ་བའོ། །ནག་པོ་ཆེ་ནི་ཆེར་འཇིགས་པའོ། །གཉི་ག་ཡང་རྡོ་རྗེ་དང་ཐ་མི་དད་པས་རྡོ་རྗེ་སྐྱེ་བ་
ནག་པོ་ཆེའོ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག་ནི་སྔོན་པོ་ནི་དཀར་ནག་ཡིན་པའི་ཕྱིར་སྔོན་པོའོ། །དེ་ཡང་འདམ་སྐྱེས་ནི་ཆོས་འབྱུང་ངོ་། །དེར་ཡང་དག་པར་མ་ལུས་པར་རབ་ཏུ་སྣང་བས་ན་འདམ་སྐྱེས་སྔོན་པོ་འདྲ་བའི་མདོག་གོ། །སྐྱེ་བ་དང་འཇིག་པ་ཐ་མི་དད་པའི་ཆོས་འབྱུང་
ལས་བྱུང་བའི་ཕྱིར་རོ། །ཡང་ན་སྔོ་དང་སྐྱ་རེངས་མདོག །ཅེས་པ་ནི་ཁ་དོག་གཉིས་ཀྱི་བདག་ཉིད་ནི་སྔོན་པོའོ། །སྐྱ་རེངས་ནི་དམར་པོའོ། །དཀར་ནག་དམར་བའི་ཚུལ་གྱིས་འཇིག་པ་དང་སྐྱེ་བ་དང་གནས་པའི་ཚུལ་ལོ། །མདོག་ཅེས་པ་ནི་སྔོ་དང་སྐྱ་རེངས་མདོག་གོ། །དེ་ལྟ་བུར་
གྱུར་པའོ། །དད་པས་ཞེས་པ་ནི་དད་པའི་དབང་པོས་ཡིན་ཏེ། དབང་པོ་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བསྒོམ་ཞེས་པ་ནི་མཉམ་པ་ཉིད་དུ་བཞག་པའོ། །ངེས་པར་ནི་ངེས་པར་རོ། །ཡང་ན་རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །ཞེས་པ་ནི་གཉིས་སུ་མེད་པ་འདི་རང་བཞིན་གྱིས་དག་པའི་
ཡེ་ཤེས་སོ། །དེ་ཉིད་འདམ་སྐྱེས་སྔོན་པོ་དང་འདྲ་བའི་མདོག་སྟེ། ཐབས་དང་ཤེས་རབ་རང་བཞིན་ཐ་མི་དད་པའི་རང་བཞིན་ནོ། །ཡང་ན་སྔོ་དང་ཉི་མའི་མདོག །ཅེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་རང་བཞིན་ཅན་ནོ། །བསྒོམ་

ཞེས་པ་ནི་སྙོམས་པར་ཞུགས་པར་རྣམ་པར་གཞག་གོ། །དད་པས་ངེས་པར་ཞེས་པའི་དོན་ནི་བསྟན་ཟིན་ཏོ། །ཡང་ན་སྐྱེ་བ་ནི་སྐྱེ་བའོ། །ནག་པོ་ཆེ་ནི་འཇིགས་པའོ། །དེ་ཡང་རྡོ་རྗེ་སྟེ་འདི་ཉིད་སྔོན་པོའོ། །གཉིས་སུ་དབྱེར་མེད་པའི་གཉི་ག་མི་ཕྱེད་པར་འཁྲིལ་ནས་གནས་པ་ཡིན་ཏེ།
སྔོན་པོ་དང་སྐྱ་རེངས་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་དང་གནས་པ་འདི་གསུམ་གཟུགས་མེད་པ་བདག་མེད་མ་དང་ཐ་མི་དད་པས་སོ། །མདོག་ཅེས་པ་ནི་སོ་སོར་སྣང་བ་དེ་དེའི་བདག་ཉིད་ཀྱིས་རྣམ་པར་གནས་པར་གྱུར་པ་ཡིན་པས་སྔོ་དང་སྐྱ་རེངས་མདོག་གོ། །དེ་ལྟ་བུར་གྱུར་པའི་རྗེ་
བཙུན་གང་དུ་ཇི་ལྟར་བསྐྱེད་པར་བྱ་བ་གསུངས་པ། ནམ་མཁར་རྗེ་བཙུན་ཞེས་པ་སྨོས་ཏེ། ནམ་མཁའ་ཞེས་པ་ནི་ཆོས་འབྱུང་གི་གཞལ་ཡས་ཁང་གི་ནང་དུའོ། །རྗེ་བཙུན་ཞེས་པ་ནི་འགྲོ་བའི་གཙོ་བོའོ། །བལྟས་ནས། རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་ཡོངས་འཛིན་
པའི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །ཅེས་པ་ལ་བལྟས་ནས་ནི་ཉེ་བར་དམིགས་ལའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། རྒྱན་རྣམས་ཐམས་ཅད་འཛིན་པའི་ཞེས་པ་སྟེ་འཁོར་ལོ་དང་། རྣ་ཆ་ལ་སོགས་པའི་ཕྱག་རྒྱའི་རྒྱན་དེ་འཆང་བ་རྣམས་ཀྱིས་སོ། །དཀར་མོ་རི་དགས་
མཚན་མ་འཛིན། །ཞེས་པ་ནི་བྱང་ཆུབ་སེམས་ཏེ་ཟླ་བའོ། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །ཅེས་པ་ནི་ཐོད་པར་རིན་ཆེན་འབྱུང་ལྡན་ཉི་མ་ཐོགས་པའོ། །རོ་ལངས་མ་ནི་ཆུ་ལག་མ། །ཞེས་པ་སྟེ་མི་བསྐྱོད་པས་གང་བའི་ཐོད་པ་བསྣམས་པའོ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །ཞེས་པ་རྣམ་པར་
སྣང་མཛད་དེས་གང་བའི་ཐོད་པ་བསམས་པའོ། །པུཀྐ་སཱི་ནི་རྡོ་རྗེ་ལག །ཅེས་པ་ནི་རྡོ་རྗེའི་ཤ་དོན་ཡོད་གྲུབ་པ་སྟེ་སྐུ་རྡོ་རྗེ་འཇུག་པས་དེ་ཉིད་རྡོ་རྗེའི་ལག་གོ། །དེ་བཞིན་རི་ཁྲོད་མ་རོ་འཛིན། །ཞེས་པ་ནི་རི་ཁྲོད་མ་མངར་བ་ལ་སོགས་པ་མྱང་བའི་མཚན་ཉིད་དེ་འཛིན་པར་བྱེད་པས་རོ་འཛིན་
པའོ། །གདོལ་མ་མ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་གཙོ་བོ་མཆོད། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པ་ནི་ཕྲག་པ་ནས་འཁྱུད་པ་ཇི་ལྟར་གྱུར་པ་དེ་ལྟར་གཡུང་མོ་དེས་མཆོད་དོ། །ཇི་ལྟར་ཞེ་ན། འདོད་ཆགས་ཆེན་པོས་རྗེས་ཆགས་པ། །ཞེས་པ་སྟེ། འདོད་ཆགས་

ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །དེའི་རྗེས་སུ་ཆགས་པ་ནི་ཧེ་རུ་ཀ་བཞི་པོ་འདིས་ཀྱང་ངོ་། །འདིས་ནི་མཁའ་འགྲོ་མའི་དཀྱིལ་འཁོར་ཡང་བསྟན་པ་ཡིན་ནོ། །ཡང་ན་ནམ་མཁར་རྗེ་བཙུན་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ནི་ཆོས་འབྱུང་ཡི་གེ་ཨེའི་ཆ་བྱད་དོ། །
རྗེ་བཙུན་ནི་བྱང་ཆུབ་ཀྱི་སེམས་ཡི་གེ་ཝཾ་གྱི་ཆ་བྱད་དོ། །བལྟས་ནས་ཞེས་པ་ནི་ཡེ་ཤེས་མཐོང་བ་དེའི་རང་བཞིན་དུ་བྱས་པའོ། །རྡོ་རྗེ་སྐྱེ་བ་ནི་གཉིས་ཀ་ཐ་མི་དད་པའི་ཚུལ་གྱིས་སྐྱེ་བའོ། །སྙིང་རྗེ་ཆེ་ནི་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ནོ། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །ཅེས་པ་ནི།
ལྷ་མོ་བརྒྱད་ཀྱི་སྐུར་བསྐྱེད་པར་བྱ་བའོ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡིས། །ཞེས་པ་ནི་འཁོར་ལོ་དང་རྣ་ཆ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམ་པར་དག་པའི་རྒྱན་འཛིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རྣམ་པར་དག་པ་དེ་རྣམས་ནི་བཅོམ་ལྡན་འདས་ཀྱང་འདི་དང་འདྲ་བ་ཁོ་
ནས་གཉི་ག་མཚུངས་པ་ཡིན་ནོ། །དཀར་མོ་རི་དགས་མཚན་མ་འཛིན། །ཞེས་པ་ནི་དཀར་མོ་གཟུགས་རྡོ་རྗེ་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་རང་བཞིན་སྐུ་རྡོ་རྗེ་འཛིན་ནོ། །ཆོམ་རྐུན་མ་ནི་ཉི་མའི་སྣོད། །ཅེས་པ་ནི། ཆོམ་རྐུན་མ་ནི་སྒྲ་རྡོ་རྗེ་མ་ནཱ་ད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་གསུང་
རྡོ་རྗེའོ། །རོ་ལངས་མ་ནི་ཆུ་ལག་མ། །ཞེས་པ་ནི་རོ་ལངས་མ་ནི་དྲི་རྡོ་རྗེ་མ་ཐུགས་ཏེ་ནཱ་ད་ལ་ཞོན་པའི་ཕྱིར་དེ་ཡང་ས་བོན་སོ་སོར་རྟོག་པའི་ཡེ་ཤེས་ཐུགས་རྡོ་རྗེའོ། །གྷས་མ་རཱི་ནི་སྨན་འཛིན་ཅིང་། །ཞེས་པ་ནི་རྡོ་རྗེ་གསུམ་ཐ་མི་དད་པའི་ཕྱིར་བདུད་རྩི་ལྔའི་སྨན་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །པུ་
ཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་པ་ནི་པུཀྐ་སཱི་སའི་ཁམས་སུ་གྲགས་པ་སྐུ་རྡོ་རྗེ་ཡང་རྡོ་རྗེ་གསུམ་ཐ་མི་དད་པ་དེ་བས་ན་རྡོ་རྗེ་ལག་སྟེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་བཞིན་རི་ཁྲོད་མ་རོ་འཛིན། །ཞེས་བྱ་བ་ནི་རི་ཁྲོད་མ་ཆུའི་ཁམས་བྱང་ཆུབ་ཀྱི་སེམས་མེ་ལོང་ལ་
སོགས་པའི་ཡེ་ཤེས་ཐ་མི་དད་པའོ། །རོ་འཛིན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལྷན་ཅིག་པའི་ཡེ་ཤེས་དང་ཐ་མི་དད་པ་ཞེས་བྱ་བའི་དོན་ཏོ། །གདོལ་བ་མོ་ནི་མེའི་ཁམས་ནི་བདག་མེད་མའོ། །དེ་ཡང་ཅང་ཏེའུ་ནི་གཞོམ་དུ་མེད་པའི་སྒྲའོ། །བརྡུང་བ་ནི་ནཱ་ད་དང་ཐ་མི་དད་པར་བྱ་བ་སྟེ། ཆ་

མེད་པར་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཅེས་པ་ནི། བཅོམ་ལྡན་འདས་འདིའི་བདག་ཉིད་ཡིན་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། གསུངས་པ། འདོད་ཆགས་ཆེན་པོས་རྗེས་ཆགས་ལས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་
པ་ལ་གཡུང་མོ་ནི་རླུང་ཨཱ་ལི་ཀཱ་ལིའི་ནཱ་ད་ཚར་གཉིས་སོ། །དེས་སྐུ་ལས་འཁྱུད་པ་ནི་ཐུགས་རྡོ་རྗེ་དེ་ལ་ཞོན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདོད་ཆགས་ཆེན་པོས་རྗེས་ཆགས་ལས། །ཞེས་པ་སྟེ་འདོད་ཆགས་ཆེན་པོ་ནི། རྡོ་རྗེ་འཛིན་པའོ། །དེའི་རྗེས་སུ་ཆགས་པ་ནི། དེ་ལ་མངོན་པར་
ཞེན་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ། ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་ཀྱི་སྐུ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་ཡང་ཐུགས་མེད་ན་མི་འབྱུང་ངོ་། །འདི་ཉིད་གསུངས་པ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །ཞེས་པ་སྟེ་ཨཱ་ལི་ཟླ་བ་ཞེས་པ་ནི། ཡི་གེ་ཨ་
ལ་སོགས་པའི་དབྱངས་བཅོ་ལྔ་རྣམས་ཟླ་བའོ། །ཀཱ་ལི་ཉི་ཞེས་པ་ནི་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་རྣམས་སོ། །འདི་དག་ནང་དུ་སོན་པ་ནི་ས་བོན་ནང་དུ་སོང་གྱུར་པའོ། །ཡང་ན། ས་བོན་ནང་དུ་སོན་གྱུར་པ། །ཞེས་པ་ནི་ནཱ་ད་གཉིས་ཐ་མི་དད་པ་གང་ས་བོན་ནང་དུ་སོན་གྱུར་པ་ཡེ་ཤེས་
སུ་འགྱུར་བ་སྟེ། དེ་ཉིད་རྡོ་རྗེ་འཆང་ངོ་། །ཇི་ལྟར་ཞེ་ན་གསུངས་པ། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་བྱ་བའི་ཚིག་གིས་ཏེ། ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་དེ་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་སྲིད་པ་གསུམ་ལ། དེའི་གཅིག་པ་ཉིད་ནི་སེམས་
དཔའོ། །དེ་ཡང་མཆོག་ཏུ་དགའ་བའི་རང་བཞིན་ཅན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པར་བསྟན་པའི་ཕྱིར། ནམ་མཁའི་དཀྱིལ་འཁོར་ཁྱབ་པར་ནི། །རང་གི་
ལུས་མཚུངས་རྣམ་པར་སྤྲོ། །ཞེས་པ་སྨོས་ཏེ། རྣམ་པར་སྤྲོ་ཞེས་པ་ནི། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །ཞེས་གང་བསྟན་པ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །ཅེས་གང་བསྟན་པ་དེ་ནི་དམ་ཚིག་གི་དཀྱིལ་

འཁོར་རོ། །དཀྱིལ་འཁོར་དེ་གཉི་ག་ཡང་ཐ་མི་དད་པར། ཨཱ་ལི་ཟླ་བ་ཀཱི་ལི་ཉི། །ཞེས་བྱ་བ་ལ་སོགས་པ་བསྟན་མ་ཐག་པ་གང་དེ་ཉིད་ཀྱིས་གསལ་བར་བྱེད་དོ། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་པ་ནི་རང་གི་ལུས་ནི་གཉུག་མའི་ལུས་ཏེ་ཡེ་ཤེས་
ཀྱི་སྐུའོ། །དེ་དང་མཚུངས་པ་ནི་འོད་ཟེར་རྣམས་གཟུགས་སྣ་ཚོགས་ཀྱི་རྣམ་པར་སྤྲོས་པས་དམ་ཚིག་གི་དཀྱིལ་འཁོར་གྱི་སྐུར་འགྱུར་རོ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པར་ནི། །ཞེས་པ་ནི་ཁམས་གསུམ་གྱི་རང་བཞིན་དེ་རྣམས་ནི་ནམ་མཁའི་དཀྱིལ་འཁོར་དུ་ཡང་མི་
ཤོང་ངོ་ཞེས་པའི་དོན་ཏོ། །བསྡུས་ནས་སྙིང་གར་དགུག་པ་ནི། །ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ཞེས་པ་ལ་དེ་རྣམས་འདུས་ཏེ་གཅིག་ཏུ་གྱུར་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀར་ཞུགས་པར་གྱུར་ཏོ། །དེ་ཉིད་ཡོ་གི་ཞེ་སྡང་བདག་ཉིད་འགྱུར་ཏེ་དཀྱིལ་འཁོར་གཉི་ག་དབྱེར་
མེད་པའི་རྡོ་རྗེ་འཛིན་པ་ཡིན་ནོ། །འདིས་ཅི་བསྟན་ན། བཅོམ་ལྡན་འདས་ནི་བདེན་པ་གཉི་གའི་བདག་ཉིད་ཡིན་ནོ། །བཅོམ་ལྡན་འདས་དེ་ཡང་ཅིས་ཁྱད་པར་དུ་འཕགས་ཤེ་ན། དེ་གསུངས་པ། སྔོ་དང་སྐྱ་རེངས་མཚུངས་པའི་མདོག །ཅེས་པ་ལ་སྔོ་དང་སྐྱ་རེངས་མཚུངས་ནི་ཤིན་ཏུ་
གནག་པའོ་ཞེས་པའི་དོན་ཏོ། །བནྡུ་དམར་པོའི་སྤྱན་དང་ལྡན། །ཞེས་པ་ནི་མེ་ཏོག་བནྡུ་ཀ་དང་འདྲ་བར་སྤྱན་དམར་པོ་དང་ལྡན་པའོ། །སྐྲ་སེར་གྱེན་འཁྱིལ་རྫི་མ་དང་། །ཞེས་པ་ནི་སེར་པོ་ནི་ཁམ་པའོ། །གྱེན་འཁྱིལ་ནི་འགྲེང་བའོ། །སྐྲ་ནི་དབུ་སྐྲའོ། །རྫི་མ་ནི་རྫི་མ་སྟེ་གང་ལ་རྫི་མ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན་ནི་ཕྱག་རྒྱ་འདི་རྣམས་དེ་བཞིན་གཤེགས་པའི་རྣམ་པར་དག་པ་ཡིན་པའོ། །དེ་གསུངས་པ་ནི། འཁོར་ལོ་རྣ་ཆ་མགུལ་གདུབ་དང་། །ལག་གདུབ་དང་ནི་སྐྱེ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ། །འདི་རྣམས་
ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པའོ། །ཡང་ཅིས་ཁྱད་པར་དུ་འཕགས་ཤེ་ན། སྡང་མིག་ཅེས་པ་སྟེ། སྡང་མིག་གདུག་པའི་གདུལ་བྱ་ལའོ། །བརྒྱད་གཉིས་ལོའི་ཚུལ་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་སྙིང་པོའི་ཚུལ་ལོ། །འདིའི་མཚན་མ་ནི། གཡོན་ན་རྡོ་རྗེ་ཐོད་པ་དང་། །ཞེས་པ་གཡོན་ནི་ཕྱག་

གཡོན་ནོ། །རྡོ་རྗེ་ཐོད་པ་ནི་རྡོ་རྗེས་མཚན་པའི་ཐོད་པའོ། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་པ་ནི་གཡོན་པའི་འགྲམ་དུ་ཁ་ཊྭཱཾ་གའོ། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཅེས་པ་ནི་ཕྱག་གཡས་ན་རྡོ་རྗེ་ནག་པོའོ། །རྡོ་རྗེ་དེ་ཇི་ལྟ་བུ་ཞིག་ཡིན་པ་གསུངས་པ། ཧཱུཾ་གི་ཡི་གེ་འདོན་པའི་མཆོག །
ཅེས་པ་སྟེ་ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་པ་ཡིན་པའི་དོན་ཏོ། །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། དུར་ཁྲོད་དུ་ནི་མགོན་པོ་རོལ། དུར་ཁྲོད་ཀྱི་སྒྲའི་དོན་བྱེ་བྲག་ཏུ་འཆད་དེ། དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་པའོ། །དེར་རོལ་བ་ནི་བཞུགས་
པའོ། །དེ་ཡང་མགོན་པོ་སྟེ་འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་པས་སོ། །རྣལ་འབྱོར་མ་བརྒྱད་ནི་གཽ་རཱི་ལ་སོགས་པའོ། །ཡོངས་བསྐོར་ནས་ཞེས་པ་ནི་ཕྱོགས་དང་མཚམས་ཀུན་ནས་རིམ་པར་བསྐོར་བའོ། །འདི་ནི་ཕྱག་གཉིས་པ་བསྐྱེད་པའོ། །འདིའི་ཡང་ཤེས་རབ་མ་ནི། ཁ་ཊྭཱཾ་གའི་
གཟུགས་ཅན་མའོ། །ཕྱག་བཞི་ནི། ཡང་བདུད་བཞི་ལས་རྒྱལ་ནས་རྣམ་པར་དག་པ་ནི་ཕུང་པོ་དང་ཉོན་མོངས་པ་དང་ལྷའི་བུ་དང་འཆི་བདག་སྟེ། འདི་རྣམས་རྣམ་པར་དག་པས་ཕྱག་བཞིའོ། །གོང་དུ་བརྗོད་པའི་གཟུགས་དང་སྐུ་མདོག་དང་ཧཱུཾ་ལས་བྱུང་བའོ་ཞེས་པ་ནི་ཡི་གེ་ཧཱུཾ་གི་ས་
བོན་ལས་བྱུང་བའོ། །དེའི་མཚན་མ་ཡང་ཕྱག་གཡོན་གྱི་དང་པོ་ནི་སྐྱེས་པའི་ཐོད་པ་ཞེས་པ་ནི། མི་མགོ་ཐོད་པ་ཨཾ་ལས་བྱུང་བ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བའོ། །གཡས་ཀྱི་ཕྱག་དང་པོ་ན་རྡོ་རྗེ་ཞེས་པ་ནི་ཧཱུཾ་ལས་བྱུང་བའོ། །ཕྱག་ལྷག་མ་དག་གིས་ཤེས་རབ་ལ་འཁྱུད་
པ་ཞེས་པ་ནི། ཤེས་རབ་ལ་འཁྱུད་པ་ཅན་དང་། ཤེས་རབ་ཀྱིས་ཀྱང་འཁྱུད་པའོ། །དེ་ཉིད་ཤེས་རབ་རྡོ་རྗེ་ཕག་མོ་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ་ཞེས་པ་ནི། ཤེས་རབ་མ་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཏེ་དེ་ཡང་རྡོ་རྗེ་ཕག་མོའོ། །འདི་ནི་ཕྱག་བཞི་པ་བསྐྱེད་པའོ། །རྣལ་
འབྱོར་མ་ཡང་ཇི་ལྟར་ཕྱག་གཉིས་པའི་དཀྱིལ་འཁོར་པ་ལྟར་བྱའོ། །ཕྱག་དྲུག་པ་ཡང་། ཕྱག་དྲུག་པ་ཞལ་གསུམ་པོ། གཡོན་དམར་བ་ཞེས་པ་ནི་གཡོན་དམར་བའོ། །གཡས་པ་ཟླ་བ་དང་སྐྱ་རེངས་ལྟ་བུ་ཞེས་པ་ནི་ཞལ་གཡས་པ་དཀར་པོའོ། །དང་པོ་སྔོན་པོ་ཞེས་པ་ནི་ཞལ་

དང་པོ་སྔོན་པོའོ། །གཅེར་བུ་གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཞེས་པ་ནི། འདིས་ནི་རུ་ཀ་གཞན་རྣམས་ལ་སྟག་གི་པགས་པའི་ན་བཟའ་ཡོད་པ་ཡིན་ནོ། །ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ་ཞེས་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་
ཏུ་ཕྱིན་པ་དྲུག་པོ་དེ་རྣམ་པར་དག་པའི་ཕྱག་གོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། གཡས་ཀྱི་དང་པོ་ན་རྡོ་རྗེ། ཕྱག་གཡོན་གྱི་གཉིས་པ་ན་དྲིལ་བུ། གཡས་ཀྱི་གཉིས་པ་ན་གྲི་གུག ཕྱག་ལྷག་མ་དག་རྡོ་རྗེ་ལུ་གུ་རྒྱུད་མ་ལ་སྙོམས་པར་འཇུག་པ། བཅོམ་ལྡན་འདས་ཇི་
ལྟ་བ་དེ་ལྟར་ཤེས་རབ་སྟེ། གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པ་འཛིན་པའི་ཤེས་རབ་མས་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པའོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཁམས་མནན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་
ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་གང་གསུངས་པ་དང་། །དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །བསྒོམ་
པར་བྱའོ་ཞེས་པ་དང་དེ་ཉིད། དཀར་མོ་རི་དགས་མཚན་མ་འཛིན། །ཞེས་བྱ་བ་ལ་སོགས་པ་ནས། །པུཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་པའི་བར་གྱིས་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱག་གཉིས་པ་བསྟན་པའོ། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་པ་ནི་ཐབས་དང་ཤེས་
རབ་དག་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་པའི་བདུན་པ་མཉམ་ཉིད་ལྡན། །ཞེས་པ་གཉིས་ཀའི་ཡེ་ཤེས་ཏེ། མི་ཕྱེད་པ་ལ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཅེས་བརྗོད་དོ། །འདིའི་ནང་དུ་སོན་པའི་ས་བོན་ཨཱ་ལི་ཀཱ་ལིའི་ཡི་གེ་གང་ཅི་ཡང་རུང་བ་གཉི་གའི་བདག་ཉིད་ནི་སོ་སོར་རྟོག་པའི་
ཡེ་ཤེས་ཞེས་བརྗོད་དོ། །གཉིས་པ་ལ་ནི་ས་བོན་བསྡུ། །དེ་ཉིད་སེམས་དཔའ་ཞེས་བྱར་བརྗོད། །ཅེས་པ་ནི་དེ་གཉི་ག་ཐ་མི་དད་པ་སེམས་དཔའ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་ནི། མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་པ་སྟེ།

རྡོ་རྗེ་འཛིན་པའི་རང་བཞིན་ཞེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་ནི། །རི་ཁྲོད་གདོལ་མ་གཡུང་མོ་ཡང་། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །ཞེས་པ་སྟེ་ཇི་ལྟར་སྐུ་ལ་འཁྱུད་ནས་མི་ཕྱེད་པ་དེ་ལྟར་
འདོད་ཆགས་ཆེན་པོ་རྗེས་ཆགས་ལས། །རྡོ་རྗེ་འཛིན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྤྲོ་ཞེས་བྱ་བ་ལ་སོགས་པ་ནི། །སྣ་ཚོགས་པའི་རྣམ་པར་སྤྲོ་བའི་ཚུལ་གྱིས་བསྐྱེད་པའོ། །གང་ཞེ་ན། རང་གི་ལུས་མཚུངས་ཏེ་གཉུག་མའི་ལུས་ཀྱི་འོད་ཟེར་རྣམས་སོ། །ཅིས་ཁྱད་པར་
དུ་འཕགས་ཤེ་ན། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་སྟེ་ནམ་མཁའི་དཀྱིལ་འཁོར་གྱི་སྒྲ་ནི་བདག་མེད་མའི་དཀྱིལ་འཁོར་རོ། །དེ་ནི་དེའི་བདག་ཉིད་ཀྱིས་ཁྱབ་པར་བྱ་བ་ཡང་གཉིས་སུ་མེད་པར་སྤྲོ་བ་ཡིན་པའི་དོན་ཏོ། །གཉིས་སུ་མེད་པའི་བྱང་ཆུབ་ཉིད་བསྡུ་བ་དེ་རྣལ་འབྱོར་པས་བསྐྱེད་པར་བྱ་
སྟེ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཐ་མི་དད་པ་ཉིད་ཀྱིས་ཞེ་སྡང་བདག་ཉིད་འགྱུར་ཏེ་གཉིས་འདོད་པས་ན་ཞེ་སྡང་ངོ་། །དེ་ལྟ་བུར་གྱུར་པའི་བདག་ཉིད་ཀྱི་སྐུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྫོགས་པར་འབྱུང་ངོ་། །དེ་ལྟ་མ་ཡིན་ན་སྤྲོ་བ་དང་བསྡུ་བའི་བདག་ཉིད་དུ་མི་འགྱུར་རོ། །
དེ་ཡང་ཅིས་ཁྱད་པར་དུ་འཕགས་པ་གསུངས་པ། །སྔོ་དང་སྐྱ་རེངས་མཚུངས་པའི་མདོག །ཅེས་བྱ་བ་ལ་སོགས་པ་སྟེ། སྔོན་པོ་ནི་དཀར་ནག་གོ། །སྐྱ་རེངས་ནི་དམར་པོ་ཡིན་པས་སྔོ་དང་སྐྱ་རེངས་རྡོ་རྗེ་གསུམ་མོ། །དེ་ཡང་ཨ་བདག་མེད་མས་འདི་ལྟ་བུའི་ཚུལ་དུ་གསལ་ཞིང་སོ་སོར་སྣང་
བར་བྱེད་པས་ན་སྐྱ་རེངས་འོད་དོ། །ཇི་ལྟར་ཞེ་ན། ཁ་དོག་གིས་ཏེ་ནཱ་ད་གཉིས་ཀྱི་བདག་ཉིད་ངེས་སོ། །བནྡུ་ཀ་དམར་སྤྱན་དང་ལྡན། །ཞེས་པ་ལ་དམར་པོ་ནི་ཆགས་པའི་མཚན་ཉིད་དེ་དེ་ཡང་ཀུན་ནས་སྣང་བ་སྐུ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །བནྡུ་ཀ་ཞེས་པ་ནི་འཕེལ་བར་བྱེད་པས་ན་བནྡུ་
སྟེ་ནཱ་ད་གཉིས་ཀ་ཡང་གསུང་རྡོ་རྗེའོ། །ཀའི་སྒྲས་ནི་ཐུགས་རྡོ་རྗེ་ཡིན་པས་བནྡུ་ཀའོ། །དེ་ལྟར་སྤྱན་ནི་ཡེ་ཤེས་ཏེ་དེ་གང་ལ་ཡོད་པ་དེ་ནི་དེ་དང་ལྡན་ནོ། །འདིས་ནི་བཅོམ་ལྡན་འདས་སྤྱན་གསུམ་པ་ཁོ་ནར་བརྗོད་དོ། །སྐྲ་སེར་གྱེན་འཁྱིལ་རྫི་མ་དང་། །ཞེས་པ་ལ་སེར་པོ་ནི་སེར་སྐྱའི་ཕྱིར་

རོ། །གྱེན་ནི་གྱེན་དུ་ཕྱོགས་པའི་ཕྱིར་ན། སེར་གྱེན་འཁྱིལ་ནི་ཉི་མའོ། །སྐྲ་ཞེས་པ་ནི། ཀ་བདེ་བ་ལ་དེའི་གཙོ་བོ་ནི་མངའ་བདག་སྟེ། བདེ་བ་སྤངས་ན་དེ་མ་ཡིན་ཞེས་བྱ་བའི་ཚིག་གིས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཟླ་བའོ། །དེ་ལྟར་ཟླ་བ་དང་ཉི་མའི་
བདག་ཉིད་ཀྱི་ལམ་གང་ལ་ཡོད་པ་དེ་ནི་སྐྲ་སེར་གྱེན་འཁྱིལ་རྫི་མའོ། །དེ་བས་ན་ཕྱག་རྒྱ་ལྔ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་འཁོར་ལོ་དང་རྣ་རྒྱན་དང་མགུལ་གདུབ་དང་ལག་གདུབ་དང་སྐེ་རགས་ཀྱིས་བརྒྱན་པའི་ཡེ་ཤེས་ལྔའི་བདག་ཉིད་ཅེས་བྱ་
བའི་དོན་ཏོ། །འདི་ཉིད་གསུངས་པ། །འཁོར་ལོ་རྣ་ཆ་ནོར་བུ་དང་། ལག་གདུབ་དང་ནི་སྐེ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ། །ཞེས་པ་སྟེ་ཐབས་དང་ཤེས་རབ་སྐུ་གསུམ་འབྱུང་བ་ཆེན་པོ་བཞི་ཡེ་ཤེས་ལྔའི་རྣམ་པར་དག་པ་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཅིས་ཁྱད་པར་
དུ་འཕགས་པ་གསུངས་པ། སྡང་མིག་ཅེས་བྱ་བ་སྨོས་ཏེ། སྡང་བ་ནི་གདུལ་བྱ་སྟེ། གདུག་པའི་ཡུལ་དང་དབང་པོས་བྱིན་གྱིས་བརླབས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཡང་དག་པའི་རྟོག་པ་འདི་རྣམས་གདུལ་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་
རང་བཞིན་དུ་བྱེད་པ་དེས་ན་གདུག་པའོ། །མིག་ཅེས་པ་ནི་ལྟ་བའི་ཡེ་ཤེས་སོ། །དེ་ལྟ་བུར་གྱུར་པའི་ཕྱིར་སྡང་མིག་གོ། །ཡང་ན་སྡང་བ་ནི་ཁྲོ་བོའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །མིག་ནི་ལྟ་བའི་ཡེ་ཤེས་དོན་དམ་པའི་བདེན་པའོ། །དེའི་རང་བཞིན་གཉི་ག་དབྱེར་མེད་
པའི་ཕྱིར་སྡང་མིག་ཡིན་ནོ། །བརྒྱད་གཉིས་ལོའི་ཚུལ་ནི། བརྒྱད་གཉིས་ནི་བཅུ་དྲུག་གོ། །ལོ་ནི་ལོ་སྟེ་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་བརྒྱད་པོ་ཉིས་འགྱུར་བཅུ་དྲུག་སྟེ་འདིའི་ཆ་བྱད་ཀྱི་ཚུལ་གང་གི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་ཡེ་ཤེས་ཀྱི་དཀྱིལ་
འཁོར་དང་དམ་ཚིག་གི་དཀྱིལ་འཁོར་མེད་པའི་རྡོ་རྗེ་འཛིན་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་མཚན་མ་གསུངས་པ། གཡོན་ན་རྡོ་རྗེ་ཐོད་པ་དང་། གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་པ་ནི། ཕྱག་གཡོན་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་

བཞིན་ཨཱ་ལིའི་ནཱ་དའི་རང་བཞིན་གྱི་ཟླ་བའོ། །རྡོ་རྗེ་ཐོད་པ་ནི། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ཐོད་པ་ནི། ཀ་ནི་བདེ་བའི་ཡེ་ཤེས་ཏེ་སྐྱོད་པར་བྱེད་པས་ན་ཐོད་པའོ། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག་ཞེས་པ་ནི། ཤེས་རབ་ཁ་ཊྭཱཾ་ག་ཡི་གཟུགས། །ཞེས་བྱ་བའི་ཚིག་གིས་སོ། །བདག་
མེད་མ་ལ་སོགས་པ་བཅོ་ལྔའི་མཁའ་འགྲོ་མ་ལེ་སོགས་བཅོ་ལྔའི་ཆའི་བདག་ཉིད་དེས་གཡོན་པ་ཉིད་ཟླ་བ་ཡིན་ནོ། །ཡང་ན། །གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་པ་ནི། ཁ་ཊྭཱཾ་ག་ནི་བསྟན་ཟིན་པ་ཉིད་དོ། །དེ་ཡང་གཡོན་པ་ནས་ནི་རྡོ་རྗེ་གསུམ་ཐ་མི་དད་པ་ཡིན་ཏེ། བ་རྣམ་པར་སྣང་
མཛད་སྐུ་རྡོ་རྗེའོ། །ཨ་ནི་ནཱ་ད་གསུང་རྡོ་རྗེའོ། །མ་ལྔ་པ་བསྡུ་བ་མི་བསྐྱོད་པ་ཐུགས་རྡོ་རྗེ་ཡིན་ཏེ་མི་ཕྱེད་པའི་ཕྱིར་རོ། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཅེས་པ་ནི་གཡས་ནི་ཉི་མའོ། །རྡོ་རྗེ་ནག་པོ་ཞེས་པ་ནི་ནག་པོས་བསྲབས་པའི་ཕྱིར་རྡོ་རྗེ་སྟེ། མི་ཕྱེད་པའི་ཕྱིར་རྡོ་རྗེ་ནག་པོ་ཡིན་པས།
གཡས་དང་གཡོན་པ་དག་ཐབས་དང་ཤེས་རབ་དག་གི་ཡི་གེ་ཧཱུཾ་ངོ་། །གང་གསུངས་པ། ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པ་འདོད་མི་བྱ། །ཞེས་བྱ་བའི་ཚིག་གིས་ཏེ། ཡི་གེ་ཧཱུཾ་ཉིད་ཐབས་དང་ཤེས་རབ་ཀྱི་ས་བོན་ནོ། །དེ་བས་ན་ཡི་གེ་ཕཊ་ཀྱི་ཁྱད་པར་དུ་བྱེད་པ་མི་བཞེད་པ་ཁོ་ན་
ཡིན་ནོ། །འདི་གཉིས་ཐ་མི་དད་པ་གང་བརྗོད་པའི་བདག་ཉིད་ནཱ་དའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་པ་ནི། དུར་ཁྲོད་ཀྱི་སྒྲ་ནི་དོན་གསལ་པོར་བཅོམ་ལྡན་འདས་ཉིད་ཀྱིས་ཕྱེད་དེ།
དབུགས་རྒྱུ་ཞེས་པ་ནི། ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་དེས་དབུགས་འབྱུང་རྔུབ་བྱེད་པའོ། །རིགས་པ་འདིས་གཉི་ག་ཐ་མི་དད་པའི་རྣལ་འབྱོར་ནི་དུར་ཁྲོད་ཅེས་མངོན་པར་བརྗོད་དོ། །འདིར་རོལ་པ་ནི་སྤྲོ་བའི་ཚུལ་གྱིས་བཞུགས་པའོ། །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། །ཞེས་
པ་ནི། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་གནས་པ་ཡིན་ནོ། །དེ་ཉིད་མགོན་པོ་སྟེ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་པའི་དོན་ཏོ། །དེ་ལྟར་ཐབས་དང་ཤེས་རབ་ཐ་མི་དད་པ་ཉིད་ཀྱི་ཕྱག་གཉིས་པ་བསྟན་པ་དེ་ཉིད་རྡོ་རྗེ་འཆང་ངོ་། །ཕྱག་བཞི་པ་ཇི་ལྟར་ཞེ་ན། བདུད་བཞི་ལས་

རྣམ་པར་རྒྱལ་བ་རྣམ་པར་དག་པ་སྟེ་ཞེས་པ་ལ། བདུད་བཞི་ལ་ཕུང་པོའི་བདུད་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་དོ། །ཉོན་མོངས་པའི་བདུད་ནི་ཉོན་མོངས་པ་དང་། ཡུལ་དང་དབང་པོ་རྣམས་ལ་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་འཇུག་པ་ཡིན་
པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་དུ་རྟོག་པའི་རང་བཞིན་ནོ། །ལྷའི་བུའི་བདུད་ནི། ལྷ་ནི་མཛེས་པར་རོལ་པས་ན་ལྷ་སྟེ་རྣམ་པར་ཤེས་པའོ། །དེའི་བུ་ནི་ཡུལ་དང་དབང་པོ་རྣམས་ནི་དེ་བསྐྱེད་པའི་ཕྱིར་ལྷའི་བུ་སྟེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའོ། །འཆི་
བདག་གི་བདུད་ནི་འཆི་བདག་གི་གཤིན་རྗེ་འཇིག་པའོ། །ཡུལ་དང་དབང་པོ་དང་རྣམ་པར་རིག་བྱེད་རྣམས་ཀྱིས་བསྐྱེད་པའི་བདེ་བ་ལ་སོགས་པའི་རྣམ་པར་ཉམས་སུ་མྱོང་བ་དེ་ཡང་ཡུལ་དང་དབང་པོ་དང་རྣམ་པར་རིག་བྱེད་འགོག་པའི་རང་བཞིན་ཡང་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་
བདུད་ཉིད་དོ། །དེ་ལྟར་བདུད་བཞི་པོ་དེ་རྣམས་ལས་རྒྱལ་བས་མ་ལུས་པར་རྒྱལ་བའོ། །དེའི་རྣམ་པར་དག་པ་ཞེས་པ་ནི། བདེ་བ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བའི་མཚན་ཉིད་ལས་འདས་པའི་རྡོ་རྗེ་འཛིན་ནོ་ཞེས་པའི་དོན་ཏོ། །དེ་ཡང་གོང་དུ་བསྟན་པའི་གཟུགས་དང་སྐུ་མདོག་
དང་ཧཱུཾ་ལས་བྱུང་བའོ། །ཕྱག་མཚན་ཡང་ཁྱད་པར་མེད་པའི་མཚན་ཉིད་དོ། །ཁྱད་པར་གསུངས་པ། ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་དང་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ་ཞེས་པ་ལ་ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་ཐོད་པ་ཞེས་པ་ནི། དང་པོ་ནི་གཉིས་སུ་མེད་པ་
དེ་མཁའ་འགྲོ་མ་ཐམས་ཅད་བསྡུ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །གཡོན་ནི་ཟླ་བའོ། །དེ་ཡང་ཕྱག་ནི་དགའ་བ་བཞི་ལོངས་སྤྱོད་པའི་བདག་ཉིད་ངེས་སོ། །དེའི་ཕྱིར་ཐོད་པ་ནི་མིའི་ཐོད་པ་སྟེ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་བཀང་བ་ཞེས་པ་ནི། མཛེས་
པས་ནི་ལྷ་སྟེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་སོ། །ལྷ་མ་ཡིན་ནི་ཡུལ་རྣམས་སོ། །དེ་རྣམས་ཀྱི་ཁྲག་ནི་འདོད་ཆགས་ཏེ་དེ་རྣམས་ལ་ཆགས་པའི་མཚན་ཉིད་དོ། །དེས་བཀང་བ་ནི་དེའི་བདག་ཉིད་སྤྲོ་བའི་ཚུལ་གྱིས་རྣམ་པར་གནས་པའོ། །དང་པོའི་གཡས་ཀྱི་ཕྱག་ན་རྡོ་རྗེ་

ཞེས་པ་ནི་གཡས་པ་ཉི་མའོ། །དེ་ཡང་ཕྱག་སྟེ་ཁམས་གསུམ་ལ་འཁྱུད་པའི་བདག་ཉིད་དོ། །དང་པོ་ནི་གཉིས་སུ་མེད་པའོ། །དེ་ལ་རྡོ་རྗེ་ཞེས་པ་ནི། མི་ཕྱེད་པའི་ཡེ་ཤེས་སོ། །ཕྱག་ལྷག་མ་དག་གིས་ཞེས་པ་ནི་གཡས་དང་གཡོན་པའི་ཕྱག་གཉིས་ཟླ་བ་དང་ཉི་མ་དག་འདྲེས་པའི་དངོས་
པོའོ། །ལྷག་མ་ཉིད་ནི་ལྷག་མས་ཀྱང་ཤེས་རབ་ལ་འཁྱུད་པའི་ཕྱིར་རོ། །འཁྱུད་པའི་ཕྱག་ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ནོ། །དེ་གསུངས་པ། །ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །ཞེས་པ་ནི་བདག་མེད་མ་རྡོ་རྗེ་འཛིན་པ་དང་ཐ་མི་
དད་པ་ཡིན་ནོ། །ཕྱག་བཞི་པ་དགྱེས་པའི་རྡོ་རྗེའོ། །དེ་ལྟར་ཕྱག་དྲུག་པ་ཞེས་པ་ནི། ཕྱག་དྲུག་པ་ཞལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་དྲུག་ནི་བསྡུ་བའི་རྣམ་པའོ། །དེ་ཡང་ཞལ་གསུམ་ནི་སྐུ་གསུམ་གྱི་རང་བཞིན་ནོ། །གཡོན་པ་དམར་བ་ཞེས་པ་ནི་གཡོན་པ་ཟླ་བའོ། །དེ་ཉིད་
དམར་པོ་ཉི་མ་སྟེ་གཉི་ག་ཐ་མི་དད་པའོ། །གཡས་ཉི་མ་སྟེ་དེ་ཉིད་ཟླ་བའོ། །དེ་ཡང་སྐྱ་རེངས་ཀྱི་འོད་དེ་ཨ་བདག་མེད་མ་ཡིན་ལ་དེའི་ཚུལ་གྱིས་འཛིན་པས་ན་སྐྱ་རེངས་སོ། །འདིས་ཀུན་དུ་སྣང་ཞིང་སོ་སོར་གསལ་བར་བྱེད་པས་ན་སྐྱ་རེངས་སོ། །དེ་ཡང་དང་པོ་ནི་གཉིས་སུ་
མེད་པའོ། །དེ་ཉིད་སྔོན་པོ་སྟེ་དཀར་པོ་དང་ནག་པོའི་བདག་ཉིད་དོ། །དེ་ཉིད་གཅེར་བུ་སྟེ་སྒྲིབ་པ་མེད་པའི་རང་བཞིན་ནོ། །གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཞེས་པ་ནི་ཡི་གེ་ཧཱུཾ་གི་རང་བཞིན་ཉིད་བཅོམ་ལྡན་འདས་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱག་རྣམས་ནི་ཕ་རོལ་ཏུ་
ཕྱིན་པ་རྣམ་པར་དག་པའོ་ཞེས་པ་ནི་ཕྱག་རྣམས་ནི་བསྡུ་བའི་རྣམ་པར་དག་པའོ། །གང་ཞེ་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །འདིས་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ་ཞེས་པ་ནི།
གཡོན་པ་ནི་ཟླ་བའོ། །ཕྱག་ནི་ཉི་མ་སྟེ་འཁྱུད་ནས་ལོངས་སྤྱོད་པ་ཡིན་པའི་ཕྱིར་རོ། །འདི་གཉི་ག་ཡང་དང་པོ་སྟེ། གཉིས་མེད་པས་གཡོན་གྱི་ཕྱག་དང་པོའོ། །དེའི་ཕྱིར་རྩེ་གསུམ་ནི་རྡོ་རྗེ་གསུམ་ཏེ་སྐུ་གསུང་ཐུགས་སོ། །ཕྱག་གཡས་ཀྱི་དང་པོ་ན་ཞེས་པ་ལ་གཡས་ནི་ཉི་མའོ། །

ཕྱག་ནི་བཤད་ཟིན་པའི་དོན་ཏོ། །དང་པོར་རྣམ་པར་སྣང་མཛད་སྐུ་རྡོ་རྗེ་ཀུན་དུ་སྣང་བའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་རྡོ་རྗེ་འཆང་ལ། ཉི་མ་ཡང་བདག་མེད་མ་ཡིན་པས་གཡས་ཀྱི་ཕྱག་དང་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པའོ། །རྡོ་རྗེ་ནི་སྐུ་
རྡོ་རྗེ་སྟེ་དབྱེར་མེད་པའི་ཡེ་ཤེས་སོ། །ཕྱག་གཡོན་གྱི་གཉིས་པ་ན་དྲིལ་བུ་ཞེས་པ་ནི་གཡོན་པ་ཟླ་བའོ། །གཉིས་པ་རིན་ཆེན་འབྱུང་ལྡན་ནོ། །དེ་ཡང་བསྡུ་བའི་རྣམ་པས་ཕྱག་གོ། །དེ་ལ་དྲིལ་བུ་ཞེས་པ་ནི། དེ་ལ་ཨཱ་ལི་ཀཱ་ལི་གཉི་གའི་བདག་ཉིད་ཀྱི་གསུང་རྡོ་རྗེ་མི་ཕྱེད་པའོ། །ཕྱག་
གཡས་ཀྱི་གཉིས་པ་ན་གྲི་གུག་ཅེས་པ་ལ་གཡས་ནི་ཉི་མའོ། །དེའི་གཉིས་པ་ནི་ཟླ་བའོ། །དེ་ལྟར་གཡས་གཉིས་པའི་ཕྱག་དེ་དག་འདྲེས་པའི་དངོས་པོ་གྲི་གུག་སྟེ་མི་ཤེས་པ་ཐམས་ཅད་གཅོད་པས་ཐུགས་རྡོ་རྗེ་དང་དབྱེར་མེད་པའི་ཡེ་ཤེས་སོ། །ཕྱག་ལྷག་མ་དག་གིས་རྡོ་རྗེ་ལུ་གུ་རྒྱུད་
མ་ལ་སྙོམས་པར་འཇུག་པ་ཞེས་པ་ལ་ལྷག་མ་ནི་མ་ལུས་པར་རྡོ་རྗེ་གསུམ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པ་སྟེ་ལྷག་མ་ཉིད་དོ། །དེ་དག་གིས་ནི་ཐབས་དང་ཤེས་རབ་ཐ་མི་དད་པ་གང་ཡིན་པས་ལྷག་མ་ཕྱག་གཉིས་པའོ། །དེ་ལ་རྡོ་རྗེ་ལུ་གུ་རྒྱུད་མ་ལ་སྙོམས་པར་འཇུག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་
མའི་སྒྲའི་རྡོ་རྗེ་འཆང་སྟེ། དེ་ལ་ལུ་གུ་རྒྱུད་ཀྱི་རང་བཞིན་གྱིས་ཕན་ཚུན་ཐ་མི་དད་པར་འཆིང་བས་རྡོ་རྗེའོ། །ལུ་གུ་རྒྱུད་དེ་བདག་མེད་མ་དེ་དང་ལྷན་ཅིག་སྙོམས་པར་འཇུག་པ་ནི། མཚུངས་པར་ཐ་མི་དད་པའི་རང་བཞིན་དུ་འཇུག་པ་ཡང་དག་པའི་ཡེ་ཤེས་ཏེ་རྒྱུ་དེའི་ཕྱིར་ནའོ། །དེ་ཉིད་
བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་ཤེས་རབ་སྟེ། ཐབས་དང་ཤེས་རབ་དག་ཅུང་ཟད་དབྱེར་མེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །གཡས་དང་གཡོན་པ་ན་གྲི་གུག་དང་ཐོད་པ་ཞེས་པ་ནི། གཡས་པ་ནི་ཉི་མ་ཆ་མེད་པའོ། །གཡོན་ནི་ཟླ་བ་ཆ་དང་བཅས་པའོ། །ཆ་མེད་པ་དེ་ཉིད་ཆ་དང་བཅས་ཏེ་
རྒྱུ་དེའི་ཕྱིར་ནའོ། །གྲི་གུག་དང་ཐོད་པ་ནི་གྲི་གུག་བདག་མེད་མའོ། །ཐོད་པ་ནི་རྡོ་རྗེ་འཆང་ངོ་། །གཉི་ག་ཐ་མི་དད་པས་ན་གཅིག་གི་ཚིག་གོ། །དེ་ཉིད་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པའོ། །ཞེས་པ་ནི་ཁམས་གསུམ་གྱི་སྒྲས་ནི་རྡོ་རྗེ་གསུམ་མོ། །དེའི་བདག་ཉིད་ཅན་དེ་ནི་

དེའི་རང་བཞིན་ནོ། །རོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །མནན་པ་ནི་ཁྱབ་པར་བྱེད་པ་གཅིག་པའི་ཚུལ་གྱིས་རྣམ་པར་གནས་པའི་དོན་ཏོ། །ལྷའི་ལེའུ་གསུམ་པའོ་ཞེས་བྱ་བ་ནི། གང་ཕྱིར་ལུས་སུ་བྱུང་བས་ན། །ལྷ་ཞེས་བྱ་བར་མངོན་པར་བརྗོད། །ཅེས་པའི་ཚིག་གིས་སོ། །ལྷ་ནི་ནཱ་
ད་ཞོན་པའི་ཐུགས་རྡོ་རྗེའོ། །དེ་ཡང་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་ལྷའི་ལེའུའོ། །དེ་ཡང་གསུམ་པ་ནི་གསུམ་པོ་རྣམས་རྫོགས་པའི་སྐུ་དང་གསུང་དང་ཐུགས་རྣམས་མདོག་དང་ཕྱག་དང་དབྱིབས་ཀྱི་རྣམ་པ་སྐུ་རྡོ་རྗེའོ། །དེ་ཡང་ས་བོན་ལས་བྱུང་བ་
ཡིན་པས་སྔགས་ཀྱི་རྣམ་པ་སྟེ། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་བྱ་བའི་ཚིག་གིས་སོ། །ཡེ་ཤེས་ཀྱི་རྣམ་པ་ཉིད་དུ་གྱུར་པ་ཡིན་པས་རིམ་པར་ཕྱེ་བ་གསུམ་གྱི་བདག་ཉིད་ཅན་ཉིད་འདི་རིམ་པར་ཕྱེ་བ་གསུམ་པའོ། །རྣམ་པར་ཤེས་ལས་ནཱ་ད་འབྱུང་། །ནཱ་ད་ལས་ནི་སྐུ་འབྱུང་སྟེ། །
དེ་ལྟར་སྐུ་དང་ནཱ་ད་དག །རྣམ་པར་ཤེས་དང་གཉིས་མེད་གསུམ། །རྣམ་པར་ཤེས་པས་ནཱ་ད་བསྐྱེད། །དེས་ཀྱང་སྐུ་ནི་རྣམ་པར་སྤྲུལ། །གཉི་ག་སྤྲུལ་པར་འགྲུབ་པ་ནའོ། །རྣམ་པར་ཤེས་པ་སུ་ཡིས་སྤྲུལ། །རྣམ་པར་ཤེས་པ་འོད་གསལ་ཕྱིར། །དེ་ནི་རང་བཞིན་གྱིས་མ་སྐྱེས། །
དེ་ཡིས་ཀྱང་ནི་བསྐྱེད་པ་གང་། །དེ་ལ་སྐྱེས་ཞེས་ཇི་ལྟར་བརྗོད། །དེ་ཕྱིར་ནཱ་ད་དང་ནི་སྐུ། །གཉིས་པོ་འདི་ནི་བསྐྱེད་པ་མེད། །གཉི་ག་མ་སྐྱེས་པར་གྲུབ་པས། །མ་སྐྱེས་པ་ནི་བདེན་པར་བརྗོད། །དེ་ལྟར་འགྲོ་ཀུན་མ་སྐྱེས་པ། །རང་བཞིན་ཉིད་ཀྱིས་འོད་གསལ་ལོ། །མ་རིག་གདུང་བའི་
སེམས་ཀྱིས་ནི། །བསྐྱེད་པ་རུ་ནི་ཡོངས་སུ་བཏགས། །དེ་ཉིད་རྣམ་པར་དག་ཕྱིར་འདི། །གཙོ་བོ་ཆེན་པོ་ཐུགས་རྗེས་བཞུགས། །དགྱེས་རྡོར་གཉིས་སུ་དབྱེར་མེད་པ། །དག་པ་ལ་ནི་བསྟན་པ་ཡིན། །དེ་ལྟ་བས་ན་ཐུགས་ཀྱི་རྣམ་པར་དག་པ་ནག་པོ་ཆེན་པོ། ཕྱག་གཉིས་པ་ཡེ་ཤེས་
ལྔའི་བདག་ཉིད་ཅན་ཤེས་རབ་མ་དང་བྲལ་བའོ། །ཕྱག་བཞི་པ་ནི། སྔོན་པོ་དང་། དཀར་པོ་དང་། གནག་པའི་ཕྱིར་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་དོ། །ཕྱག་དྲུག་པ་ནི་སྔོ་དང་སྐྱ་རེངས་ཏེ། སྔོན་པོ་ནི་དཀར་ཞིང་གནག་པའོ། །སྐྱ་རེངས་ནི་དམར་བའི་ཕྱིར་རྡོ་རྗེ་གསུམ་ཐ་

མི་དད་པའི་ཐབས་དང་ཤེས་རབ་ཀྱིས་ཕྱག་དྲུག་པའོ། །ཕྱག་བཅུ་དྲུག་པ་ནི། གནག་པ་དང་། དམར་བ་དང་། དཀར་བའི་ཞལ་གསུམ་གྱིས་རྡོ་རྗེ་གསུམ་མོ། །འདྲེས་པ་རྡོ་རྗེ་གསུམ་ཐ་མི་དད་པའོ། །ལྷག་མའི་ཞལ་ནི་བུང་བ་མཚུངས། །ཞེས་པ་
ན་དགའ་བ་བཞིའི་དབྱེ་བས་ཞལ་བརྒྱད་དོ། །ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པས་ཕྱག་བཅུ་དྲུག་པ་ཡིན་ཏེ། ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པ་ཧེ་རུ་ཀ་བཞི་པོ་འདི་བླ་མ་ལས་ཀྱང་བླ་མར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་
ཚིག་གི་དཀྱིལ་འཁོར་དབྱེར་མེད་པར་བལྟ་བར་བྱའོ། །རིམ་པར་ཕྱེ་བ་གསུམ་པའོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ། རབ་ཏུ་གསལ་བའི་ཁ་སྦྱོར་ལས་ལྷའི་རིམ་པར་ཕྱེ་བ་སྟེ་ལེའུ་གསུམ་པའོ།། །།དེ་ལྟར་རྡོ་རྗེའི་རིགས་ལ་སོགས་པའི་རིམ་པར་ཕྱེ་བ་
གསུམ་གྱི་རྡོ་རྗེ་གསུམ་བསྟན་ནས། ད་ནི་དེ་རྣམས་དབྱེར་མེད་པ་བཞི་པ་དབང་བསྐུར་བའི་རིམ་པར་ཕྱེ་བའི་བཤད་པ་གསུངས་པ། ཀུན་ནས་དབང་བས་དབང་བསྐུར་བ་སྟེ། དྲི་མ་མེད་པར་བྱེད་ཅིང་སྒྲིབ་པ་མེད་པར་རྣམ་པར་དག་པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ལྷ་ཞེས་བྱ་བས་
དབང་བསྐུར་བས་ན་ལྷ་དབང་བསྐུར་བ་སྟེ། དེ་ཡང་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་ལྷ་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །དེ་བཤད་པར་བྱའོ་ཞེས་པ་ནི་བསྟན་པར་བྱ་བའོ། །རང་གི་སྙིང་གར་རང་གི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་
པའི་གཟུགས་ཀྱིས་ཕྱུང་ནས་དེས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་རྗེས་སུ་གསོལ་བ་གདབ་པར་བྱའོ་ཞེས་པ་ལ་རང་གི་སྙིང་གར་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་
དཀྱིལ་འཁོར་ཐ་མི་དད་པའི་ལྷའི་ཐུགས་ཀར་རོ། །རང་གི་ས་བོན་ནི་ཡི་གེ་ཧཱུཾ་གི་ས་བོན་ནོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དེའི་ལྟེ་བའི་ནང་ལས་སོ། །འོད་ཟེར་ནག་པོའི་ལྕགས་ཀྱུ་ཕྱུང་ནས་ཞེས་པ་ནི་སྤྲོས་ནས་སོ། །ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཞེས་པ་ནི། མཚོན་

པར་བྱ་བ་རྣམས་མཛུབ་མོ་ལྟ་བུས་མཚོན་པར་བྱེད་པའི་ཚུལ་གྱིས་སོ། །ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་ཞེས་པ་ནི་སྤྱན་དྲངས་ནས་སོ། །མ་མོ་བརྒྱད་ཀྱིས་ཞེས་པ་ནི་རྣལ་འབྱོར་མ་བརྒྱད་ཀྱིས་སོ། །ཡང་དག་པར་མཆོད་ནས་ནི། པི་ཝཾ་དང་གླིང་བུ་
ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པ་བྱས་ནས། ཕྱིས་རྗེས་སུ་གསོལ་བ་གདབ་པར་བྱ་བ་ནི་གསོལ་བ་གདབ་པའོ། །ཡང་ན་རང་གི་སྙིང་ག་ཞེས་པ་ནི་བསྡུས་ནས་སྙིང་གར་འགུགས་པ་ནི། ཡོ་གི་ཞེ་སྡང་བདག་ཉིད་འགྱུར། །ཞེས་བྱ་བ་འདིས་ནི་མི་བསྐྱོད་པའི་རང་བཞིན་དུ་
བསྐྱེད་པའི་ལྷའི་ཐུགས་ཀར་རོ། །རང་གི་ས་བོན་ལས་ཞེས་བྱ་བ་ནི། ཡི་གེ་ཧཱུཾ་གི་རང་བཞིན་རྡོ་རྗེ་འཛིན་ལས་སོ། །འོད་ཟེར་ནག་པོ་ཕྱུང་ནས་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གྱི་འོད་གསལ་གྱི་ཡེ་ཤེས་སྤྲོས་ནས་སོ། །དེས་ལྕགས་ཀྱུའི་རྣམ་པའི་གཟུགས་ཀྱིས་ཞེས་པ་ལ། ཨ་ནི་ཡི་
གེ་ཨ་ལ་སོགས་པའི་ཡི་གེ་ཨཾ་གི་བར་གྱི་བཅོ་ལྔ་ནི་མཁའ་འགྲོ་མའོ། །དེ་རྣམས་ཁོང་དུ་ཆུད་ཅིང་རྟོགས་པར་བྱེད་པས་ན་ལྕགས་ཀྱུའོ། །དེ་ཡང་ཡི་གེ་ཨ་བདག་མེད་མའི་རང་བཞིན་དུའོ། །དེས་ཞེས་པ་ནི་རྡོ་རྗེ་འཛིན་པ་དང་བདག་མེད་མ་ཐ་མི་དད་པས་སོ། །ཁམས་གསུམ་དུ་བཞུགས་པ་
ནི་སྐུ་གསུང་ཐུགས་ཐ་མི་དད་པས་སོ། །དེ་བཞུགས་པ་ནི་དེའི་བདག་ཉིད་ཀྱིས་རྣམ་པར་གནས་པའོ། །སངས་རྒྱས་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔའོ། །སྤྱན་དྲངས་པ་ནི་བསྡུ་བའོ། །མ་མོ་བརྒྱད་ཀྱིས་ནི་དཀར་མོ་ལ་སོགས་པ་ལྔ་ནི་ཡུལ་ལྔ་རྣམས་སོ། །རི་
ཁྲོད་མ་ལ་སོགས་པ་གསུམ་ནི་རྡོ་རྗེ་གསུམ་མོ། །འདི་རྣམས་ཀྱང་སྐྱེད་པར་བྱེད་པ་ཡིན་པས་མ་ལྟ་བུའོ། །གཟུང་བར་བྱ་བ་ལ་མངོན་པར་ཞེན་པས་འཛིན་པར་བྱེད་པ་དམིགས་པ་ལས་སོ། །གཉི་ག་ཡང་ལྷའི་རྣམ་པར་དག་པར་གྱུར་ནས་སྒྲིབ་པ་མེད་པ་ཉིད་དུ་གྱུར་པ་ཡིན་ནོ། །དེ་རྣམས་
ཀྱིས་ཡང་དག་པར་མཆོད་ནས་ནི་ཡང་དག་པར་མཆོད་པ་བྱས་པ་སྟེ། དབང་པོ་དང་ཡུལ་དག་མངོན་པར་ཞེན་པ་ལས་བཟློག་པ་ཞེས་བྱ་བ་འདི་ཡང་དག་པའི་མཆོད་པ་ཡིན་ནོ། །རྗེས་སུ་གསོལ་བ་གདབ་པར་བྱའོ་ཞེས་པ་ལ། རྗེས་ནི་འདྲ་བའོ། །འདྲ་བ་ཉིད་ཀྱིས་ན་གསོལ་བ་གདབ་པ་

སྟེ་མགོན་པོའི་རང་བཞིན་རྣམས་སུ་བྱེད་དོ། །འདིས་ནི་དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་དབྱེར་མེད་པ་ཡིན་ནོ། །གསོལ་བ་གདབ་པ་དེ་གང་ཡིན་གསུངས་པ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཆོས་
ཀྱི་སྐུར་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཛད་དུ་གསོལ་ཅིག་པའོ། །ཡང་ན་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའོ། །སརྦ་ཏ་ཐཱ་ག་ཏཱ་མཱཾ་ཀུ་རུ་པཾ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཐ་མི་དད་པའི་རྡོ་རྗེ་འཛིན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དེ་
རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་ལྔས་དབང་བསྐུར་བར་བྱའོ་ཞེས་པ་ལ་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་ཞེས་པ་ནི་མཚོན་པ་ཙམ་ཏེ། ལྷ་གང་བསྒོམ་པར་བྱ་བའི་ལྷ་དེ་ཉིད་ཀྱི་
གཟུགས་ཀྱིས་བལྟ་བར་བྱའོ་ཞེས་དགོངས་སོ། །དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར་བར་བྱའོ་ཞེས་པ་ནི་ཁྲུས་གསོལ་བའོ། །ཡང་ན་སངས་རྒྱས་དེ་རྣམས་ཀྱིས་ཞེས་པ་ནི། མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་
སོ། །ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་ཞེས་པ་ནི་གཉིས་སུ་མེད་པའི་རང་བཞིན་ཡིན་ནོ། །དེ་ཉིད་བདུད་རྩི་ལྔས་གང་བ་སྟེ་ཡེ་ཤེས་ལྔའི་བདག་ཉིད་དེས་སོ། །དེ་ཉིད་དེ་བཞིན་གཤེགས་པ་ལྔ་ཡིན་ནོ། །བུམ་པ་དེས་ཞེས་པ་ལ་བདེ་བའི་ཡེ་ཤེས་ལ་དགྱེས་པར་རོལ་པ་ལྔའི་བདག་ཉིད་
དེ་འདིས་ན་བུམ་པའོ། །ཡེ་ཤེས་གཅིག་གི་རང་བཞིན་རྣམས་ཕུང་པོ་ལྔའོ། །དེས་དབང་བསྐུར་བ་སྟེ་རྣམ་པ་ཐམས་ཅད་དུ་སྒྲིབ་པ་མེད་པ་ཉིད་དུ་སྐྱེས་པས་ན་འདི་ལྟ་བུའི་དུས་ན་དབང་བསྐུར་བ་སྟེ། ཁྲུས་གསོལ་བར་གྱུར་པའོ། །སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །
འདིས་ནི་ཧེ་རུ་ཀ་རྫོགས་པ་ཡིན་ནོ། །ཡང་ན་དབང་བསྐུར་བ་ན་ཞེས་པ་ནི་སྒྲིབ་པ་མེད་པར་སྐྱེད་པར་གྱུར་པ་ནའོ། །མེ་ཏོག་གི་ཆར་འབབ་པར་འགྱུར་རོ་ཞེས་པ་ལ་མེ་ཏོག་ནི་ཁྲག་གོ། །ཆར་འབབ་པ་ནི་ཁུ་བས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གཉིས་སུ་མེད་པའི་རྟོག་པས་

སྤྲུལ་པའི་སྐུ་འབྱུང་ངོ་། །རྔའི་སྒྲ་གྲག་པར་འགྱུར་རོ་ཞེས་པ་ནི་རྔའི་སྒྲ་སྨོས་པས་ནཱ་ད་གཉིས་ཀྱི་བདག་ཉིད་ཅན་ཨཱ་ལི་ཀཱ་ལིའི་རང་བཞིན་གྱི་ནཱ་ད་སྟེང་དུ་འཇུག་སྟེ་ནཱ་ད་གཉི་ག་དབྱེར་མེད་པའི་ཡེ་ཤེས་སྤྲོ་བར་གྱུར་པས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་ངོ་། །གུར་ཀུམ་གྱི་ཆར་འབབ་པར་
འགྱུར་རོ་ཞེས་པ་ནི། གུར་ཀུམ་བདག་མེད་མ་སྟེ་བྱང་ཆུབ་ཀྱི་སེམས་སོ། །ལྷན་ཅིག་སྐྱེས་པའི་ཆར་འབབ་སྟེ་ཐབས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཁུ་བའོ། །གཉི་ག་དབྱེར་མེད་པར་གྱུར་པར་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུ་འབྱུང་ངོ་། །གཟུགས་རྡོ་རྗེ་མ་ལ་སོགས་པ་
རྣམས་ཀྱིས་མཆོད་པར་བྱའོ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་དང་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་དྲུག་དབྱེར་མེད་པར་
རྫོགས་པ་ཡིན་ནོ། །མཆོད་པར་བྱ་བ་རྡོ་རྗེ་གླུ་སྟེ་མི་ཕྱེད་པའི་སྒྲས་སོ། །སྤྱན་མ་ལ་སོགས་པ་རྣམས་ཀྱིས་ཞེས་པ་ནི། འབྱུང་བ་ཆེན་པོ་བཞིའི་རང་བཞིན་རྣམས་ཀྱིས་སོ། །བླང་བར་བྱའོ་ཞེས་པ་ནི་གསལ་བར་བྱེད་པའོ། །མཚན་མ་མེད་པའི་རང་བཞིན་ཉིད་དཀྱིལ་འཁོར་
གཉི་གའི་བདག་ཉིད་ཀྱི་རྡོ་རྗེ་འཆང་གི་ཡེ་ཤེས་བསྐྱེད་པར་བྱ་བ་ཡིན་ནོ། །དབང་བསྐུར་བ་ན་ཞེས་པ་ནི་སྒྲིབ་པ་མེད་པའི་རང་བཞིན་དེས་འོད་གསལ་བ་བསྐྱེད་པ་ནའོ། །སྤྱི་བོར་ནི་མགོ་བོར་བྱང་ཆུབ་ཀྱི་སེམས་ཁུ་བའི་རང་བཞིན་ནོ། །རང་གི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་ལྷན་
ཅིག་སྐྱེས་པའི་རང་བཞིན་འབྱུང་ངོ་། །འདིས་ནི་ཞེས་པ་ནི་རྒྱུ་འདིས་ནའོ། །ཧེ་རུ་ཀ་རྫོགས་པ་ཉིད་དོ་ཞེས་པ་ནི་རྫོགས་པ་ཉིད་དོ། །ཧེ་རུ་ཀ་ཞེས་པ་ནི་ཧེ་རུ་ཀའི་སྒྲའི་དོན་ཡང་རྒྱུ་ལ་སོགས་པ་དང་བྲལ་བ་ཞེས་བྱ་བ་འདིས་བཅོམ་ལྡན་འདས་ཉིད་ཀྱི་བྱེ་བྲག་ཏུ་གསུངས་པ་ཡིན་ནོ། །
ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་བསྒོམ་པ་རྣམ་པར་བསྒོམས་ནས་ལངས་ཏེ་ལྷའི་གཟུགས་སུ་གཞག་གོ་ཞེས་པ་ནི་ཐོ་རངས་དང་ཉི་མ་ཕྱེད་དང་དགོངས་ཀའི་དུས་རྣམས་སོ། །བྱིན་གྱིས་བརླབས་པའི་བསྒོམ་པ་ནི་དམིགས་པ་ལ་སྙོམས་པར་འཇུག་པའོ། །བསྒོམས་

ནས་ཞེས་པ་ནི་གཉིས་སུ་མེད་པའི་ཚུལ་དུ་བཞག་ནས་སོ། །ལངས་ཏེ་ཞེས་པ་ནི་སྤྲོ་བས་གནས་པར་འགྱུར་བའོ། །ཡང་ན་ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་བསྒོམ་པ་ཞེས་པ་ནི་ཐུན་མཚམས་གསུམ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་
དཀྱིལ་འཁོར་དང་། གཉི་གའི་དཀྱིལ་འཁོར་དབྱེར་མེད་པའི་ཡེ་ཤེས་སོ། །བྱིན་གྱིས་བརླབས་པའི་བསྒོམ་པ་ཞེས་པ་ནི་དབང་བསྐུར་བ་ལ་ཐུག་པས་སྒྲིབ་པ་མེད་པའི་གོ་འཕང་ཐོབ་པའོ། །བསྒོམས་ནས་ལངས་ཏེ་ཞེས་པ་ནི་བཤད་ཟིན་པའི་དོན་ཏོ། །ལྷའི་གཟུགས་སུ་གཞག་
གོ་ཞེས་པ་ནི་ལྷ་ནི་ཡེ་ཤེས་ཏེ་དོན་དམ་པའི་བདེན་པའོ། །གཟུགས་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །བདེན་པ་གཉིས་ཀའི་བདག་ཉིད་དེས་ལྷའི་གཟུགས་སུ་བཞག་པ་ཡིན་ཏེ། རྡོ་རྗེ་འཆང་གི་གོ་འཕང་བསྐྱེད་པར་བྱ་ཞེས་པའི་དོན་ཏོ། །དབང་གི་ལེའུ་སྟེ་བཞི་པའོ་ཞེས་པ་ནི་ཀུན་ནས་སྒྲིབ་
པ་མེད་པར་བྱེད་པས་དབང་ངོ་། །དེ་ཡང་གོས་ནི་སྒྲིབ་པའོ། །དེ་ལེན་ཅིང་འཛིན་པས་ན་རིམ་པར་ཕྱེ་བ་སྟེ། དབང་གི་རིམ་པར་ཕྱེ་བ་བཞི་པའོ། །བཞི་པ་རྫོགས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བས་སྐུ་རྡོ་རྗེ་སྔགས་ཀྱི་རིམ་པར་ཕྱེ་བས་གསུང་
རྡོ་རྗེ། ལྷའི་རིམ་པར་ཕྱེ་བས་ཐུགས་རྡོ་རྗེ། དབང་བསྐུར་བའི་རིམ་པར་ཕྱེ་བས་རྡོ་རྗེ་གསུམ་དབྱེར་མེད་པ་བཞི་པའོ། །ལས་ཀྱི་ཕྱག་རྒྱ་ལ་དགའ་བ་ལ་སོགས་པ་རིམ་པས་སོ། །ཆོས་ཀྱི་ཕྱག་རྒྱ་ནི་འཁོར་ལོ་བཞིའི་རིམ་པས་གཏུམ་མོའི་རྣལ་འབྱོར་རོ། །ཕྱག་རྒྱ་ཆེན་པོ་ནི་ཕྱག་རྒྱ་བཞི་
ཐ་མི་དད་པས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པ་ཡིན་ནོ། །རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་ལེའུ་བཞི་པའོ།། །།ད་ནི་དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ་ཞེས་པ་ནི།
དེ་ལ་དེ་ཁོ་ན་ཉིད་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་བདག་གི་དེ་ཁོ་ན་ཉིད་དོ། །སྔགས་ཀྱི་རིམ་པར་ཕྱེ་བ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ལྷའི་རིམ་པར་ཕྱེ་བ་ནི་ལྷའི་དེ་ཁོ་ན་ཉིད་དོ། །

དབང་བསྐུར་བའི་རིམ་པར་ཕྱེ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལྟར་དེ་ཁོ་ན་ཉིད་བཞི་བསྟན་ནས་བཞི་པོ་ཐ་མི་དད་པའི་ཕྱིར། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཀྱི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་འཛིན་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ནི་རྗེས་ཐོགས་
སུ་བར་མ་ཆད་པའོ། །དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་བཤད་པར་བྱའོ་ཞེས་པ་ནི། དེ་ཉིད་གསུངས་པ། ངོ་བོ་གཟུགས་མེད་ཅེས་བྱ་བ་སྨོས་ཏེ་རང་གི་ངོ་བོ་ནི་རང་གི་ངོ་བོ་སྟེ། གང་དང་གང་གི་ངོ་བོ་དེ་དང་དེའི་ངོ་བོ་དེའི་རང་བཞིན་ནོ། །དེས་ན་དེ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གང་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་གང་རྣམ་པར་ཤེས་པའི་རང་གི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ། །མཐོང་བ་ཡང་མཐོང་བ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ།
བདག་གི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་དང་པོའོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ཅེས་པ་ནི། དེ་བཞིན་དུ་ཐམས་ཅད་དུ་རང་གི་ངོ་བོ་ཉིད་ཀྱིས་ཡིན་པར་སྦྱར་རོ། །སྒྲ་ནི་སྒྲའི་ངོ་བོ་ཉིད་ཀྱིས་མེད་ལ། ཐོས་པ་ནི་ཐོས་པ་པོ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པ་སྔགས་ཀྱི་དེ་ཁོ་ན་ཉིད་དེ། སྔགས་
ཀྱི་རིམ་པར་ཕྱེ་བའོ། །དྲི་མེད་སྣོམ་པ་པོ་ཡང་མེད། །ཅེས་པ་ནི་དེ་བཞིན་དུ་སྦྱར་བར་བྱ་སྟེ། དྲི་སྣའི་རྣམ་པར་ཤེས་པའི་གཟུང་བྱ་ཡིན་པའི་ཕྱིར་སྣའི་རྣམ་པར་ཤེས་པ་ཡང་ནཱ་ད་ལ་ཐིམ་པར་གྱུར་པ། ནཱ་ད་ལ་ཞོན་པ་ནི་སེམས་ཏེ། དེ་ཁོ་ན་ཉིད་གསུམ་པོ་དེས་ལྷའི་དེ་ཁོ་ན་ཉིད་དེ་ལྷའི་
རིམ་པར་ཕྱེ་བའོ། །རོ་མེད་མྱོང་བ་པོ་ཡང་མེད། །ཅེས་པ་ནི་རོ་ཉམས་སུ་མྱོང་བའི་མཚན་ཉིད་ཡིན་ལ་དེ་ཡང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །རེག་མེད་རེག་པ་པོ་ཡང་མེད། །ཅེས་པ་ནི། དེ་ཁོ་ན་ཉིད་བཞི་བསྡུས་པའི་བདག་ཉིད་ཡིན་པའི་ཕྱིར། རེག་པ་དགའ་
བ་ལ་སོགས་པ་རྣམ་པར་དགའ་བ་ལ་ཐུག་པར་རོ། །སེམས་མེད་སེམས་ལས་བྱུང་བ་མེད། །ཅེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སེམས་ལས་འདས་པའི་ཕྱིར་དྲུག་པ་རྡོ་རྗེ་འཛིན་པའོ། །ཡང་ན། ངོ་བོ་གཟུགས་མེད་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་བཞིས་དེ་ཁོ་ན་

ཉིད་བཞིའོ། །ཐབས་དང་ཤེས་རབ་དབྱེར་མེད་པའི་ཕྱིར། རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །ཅེས་པའོ། །དེ་ཁོ་ན་ཉིད་བཞི་བསྡུས་པའོ། །དེ་ལྟ་བུའི་རིམ་པའི་དངོས་པོས་ཡུལ་དྲུག་གཟུགས་དང་། སྒྲ་དང་། དྲི་དང་།
རོ་དང་། རེག་བྱ་དང་། ཆོས་ཀྱི་དབྱིངས་རྣམས་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ་དབང་པོ་དྲུག་རྣམས་སོ། །འདིའི་རང་བཞིན་ཡང་ཁམས་གསུམ་ཡིན་ནོ། །རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར། སྐྱེད་བྱེད་མ་དང་སྲིང་མོ་ཉིད། །རྣལ་
འབྱོར་རིག་པས་རྟག་ཏུ་མཆོད། །བར་མ་ཚོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་འདོད་པས་རྟག་ཏུ་མཆོད། །ཅེས་པའི་དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་སྐྱེད་བྱེད་མའི་སྒྲས་གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་ཏེ། གང་
ཕྱིར་འགྲོ་བ་བསྐྱེད་པའི་ཕྱིར། །བསྐྱེད་མ་ཞེས་པའི་ཚིག་གིས་སོ། །ཕལ་ཆེར་གཟུང་བར་བྱ་བ་ལ་མངོན་པར་ཞེན་པས་དམིགས་པའི་དབང་པོ་རྣམས་བསྐྱེད་པའོ། །སྲིང་མོའི་སྒྲས་མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ཏེ། །གང་ཕྱིར་སྐལ་པ་སྟོན་པ་ཡི། །ཤེས་རབ་སྲིང་མོར་བརྗོད་
པར་བྱ། །ཞེས་བྱ་བའི་ཚིག་གིས་སོ། །དེ་ལྟར་མིག་ལ་སོགས་པ་དབང་པོ་ལྔའི་གཟུགས་ལ་སོགས་པ་ཡུལ་ལྔ་གཟུང་བར་བྱ་བ་ཡིན་པའི་ཕྱིར། གཉི་ག་སྦྱོར་བ་རིག་བས་རྣལ་འབྱོར་རིག་གོ། །རྟག་ཏུ་ནི་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་དབྱེར་མེད་པའི་རྣམ་པས་སོ། །མཆོད་
ཅེས་པ་ནི་ཉེ་བར་ལོངས་སྤྱོད་པ་སྟེ་འདིས་ནི་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པའོ། །འདིས་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ཡང་བསྟན་ཏོ། ཡུལ་དང་དབང་པོ་སྦྱོར་བ་ལས་སྐྱེས་པའི་ཡེ་ཤེས་ཡིན་པས་ལུས་བྱིན་གྱིས་བརླབ་པ་ཡང་བསྟན་ཏོ། །གར་མ་ཚོས་མ་རྡོ་རྗེ་མ། །
གདོལ་མ་དེ་བཞིན་བྲམ་ཟེ་མ། །རིགས་ནི་རྣམ་པ་ལྔར་གནས་པའོ། །མཆོད་པ་ནི་གོམས་པར་བྱ་བའོ། །ཇི་ལྟར་ཞེ་ན། །ཐབས་དང་ཤེས་རབ་ཆོ་ག་ཡིས། །ཞེས་པ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་ཡུལ་དང་དབང་པོའི་བྱེ་བྲག་རྟོགས་པས་སོ། །དེ་ཉིད་རིགས་པས་ཞེས་པ་

ནི་ཁོ་ན་ཉིད་ལ་ཆགས་པའོ། །རྒྱུ་འདིའི་རང་བཞིན་གྱིས་ཡང་དག་པ་ཇི་ལྟ་བར་ཡོངས་སུ་ཤེས་པས། ངོ་བོས་གཟུགས་མེད་མཐོང་བ་མེད། །ཅེས་པ་ལ་སོགས་པ། །སེམས་མེད་སེམས་ལས་བྱུང་བ་མེད། །ཅེས་པའི་མཐར་རྡོ་རྗེ་གསུམ་ཐ་མི་དད་པ་དེས་དེ་ཁོ་ན་ཉིད་ཡིན་ཏེ། ཡུལ་
ལྔ་དང་དབང་པོ་ལྔ་དང་ཤེས་པ་ལྔ་དབྱེར་མེད་པས་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རོ། །རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པས་ཡང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་གི་རང་བཞིན་དེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅོ་བརྒྱད་རྣམས་ཀྱང་ངོ་། །ཇི་ལྟར་ཕྱེ་
བར་མི་ཤེས་པ། །དེ་ལྟར་འབད་པས་བསྟན་པར་བྱ། །ཞེས་པའོ། །འདི་རྣམས་འཇིག་རྟེན་པ་དང་འགལ་བ་ཇི་ལྟར་བསྟེན་ཞེ་ན། གསུངས་པ། ཇི་ལྟར་ཕྱེད་པར་མི་ཤེས་པ། །ཞེས་པ་སྟེ་ཇི་ལྟར་སུས་ཀྱང་མི་ཤེས་པ་དེ་ལྟར་བསྟེན་པར་བྱའོ། །རབ་ཏུ་འབད་པས་ནི། འབད་རྩོལ་
ཕུལ་དུ་བྱུང་བ་སྟེ། །རྡོ་རྗེ་འདི་ནི་ཁུ་བར་འགྱུར། །ཞེས་བྱ་བའི་ཚིག་གིས་སོ། །ཡང་ན་བསྟེན་པར་བྱ་ནི་གོམས་པར་བྱ་བ་སྟེ། འབད་པས་དེ་ཉིད་ཇི་ལྟར་བྱེད་པ་མི་རིག་པར་བྱའོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། མི་ཕྱེད་མཚན་ཉིད་དངོས་གྲུབ་ནི། །རྣལ་འབྱོར་
པ་ཡི་ཕྱག་རྒྱས་འགྲུབ། །ཅེས་གསུངས་སོ། །གལ་ཏེ་ཕྱེད་པ