Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 5
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ར་གྱུར་ན་དེའི་ཚེ་ཅིར་འགྱུར་ཞེ་ན། གསུངས་པ། མ་གསང་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་པ་སྟེ། གལ་ཏེ་གསལ་པོར་བསྟེན་ན་དེའི་ཚེ་སྡུག་བསྔལ་དུ་འགྱུར་ཏེ། གང་གིས་ ཤེ་ན། སྦྲུལ་དང་ཆོམ་རྐུན་དང་ས་སྤྱོད་མེ་ཡིན་ཏེ་ས་སྤྱོད་སྟག་ལ་སོགས་པའོ། །དེ་ཡང་བ་མ་སྤངས་པར་འཆི་བའི་དུས་བྱེད་པར་འགྱུར་རོ། །དེ་ནས་དམྱལ་བར་ལྷུང་ནས་སྡུག་བསྔལ་གཞན་དང་གཞན་དུ་འགྱུར་རོ། །ཡང་ན་མ་གསང་ན་དབྱེར་མེད་དེ་གཟུང་བ་དང་འཛིན་པའི་མངོན་པར་ ཞེན་པས་སྡུག་བསྔལ་བར་བྱས་ཏེ་འཁོར་བ་ཅན་གྱི་སྡུག་བསྔལ་གྱི་བྱ་བ་ལ་ཞུགས་ནས་སྦྲུལ་དང་ཆོམ་རྐུན་དང་མེ་དང་ས་ལ་སྤྱོད་པས་སྡུག་བསྔལ་བསྐྱེད་པའི་ཕྱིར། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཀུན་དུ་རྟོག་པ་དེ་རྣམས་ཀྱི་ཞེས་པའི་དོན་ཏོ། །གལ་ཏེ་འདི་བསྟེན་པས་ཕྱེད་ན་སྐྱོན་དུ་ འགྱུར་ན་འདི་བསྟེན་པས་དགོས་པ་ཅི་ཞིག་ཡོད་ཅེས་པའི་དོགས་པ་བསུ་ནས་གསུངས་པ། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་པས་ཐར་པའི་རྒྱུའི་ཕྱིར་རོ། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་བ་དེ་བཞིན་བྲམ་ཟེ་མ། རིགས་ ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཡང་ན་རིགས་ལྔ་ནི་དེ་བཞིན་གཤེགས་པ་ལྔ་ཉིད་ཕྱག་རྒྱ་ཡིན་པས་ཐར་པའི་དོན་དུ་བསྟན་ཏོ། །ཡང་ན་མི་ཕྱེད་ན་འདི་ཉིད་ཡིན་ཏེ། ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ཕྱག་མཚན་ཡིན་པར་བཤད་དེ། དེ་བཞིན་ གཤེགས་པ་ལྔ་དབྱེར་མེད་པའི་རང་བཞིན་ཡུལ་ལྔའི་རང་བཞིན་གྱི་ཕྱག་རྒྱ་ལྔ་པོ་འདི་ཉིད་ཐར་པ་ཐོབ་པར་འགྱུར་བ་ཡིན་ནོ། །ཕྱག་རྒྱ་ཞེས་པ་ནི་སྒྲ་འདི་ཇི་ལྟར་ཡིན་པ་གསུངས་པ། རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱ་བརྗོད་པར་བྱ། །ཞེས་པ་སྟེ་གང་རྡོ་རྗེ་ཞེས་པ་བསྟན་པའི་རྡོ་ རྗེ་མི་བསྐྱོད་པ་ཐུགས་རྡོ་རྗེས་རེག་པའི་ཡུལ་ཡིན་པའི་ཕྱིར་ཡིན་ནོ། །དམ་པའི་བདེ་བ་ཉིད་ཡིན་ཏེ། །ཞེས་པའི་ཚིག་གིས་སོ། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་པ་དེ་བཞིན་བྲམ་ཟེ་མ། །ཞེས་གང་གསུངས་པ་དེ་རྣམས་ཀྱི་ནང་ནས་དང་པོ་རྡོ་རྗེའི་རིགས་བསྟན་པ་ནི། ཐུགས་ནི་ཐམས་ཅད་ ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་རིན་ཆེན་ཉིད། །སླར་དང་པོར་གནས་པའི་ཕྱག་རྒྱ་གཉིས་སོ། །གར་མ་པདྨའི་རིགས་ཏེ་འོད་དཔག་ཏུ་མེད་པའི་རིགས་གསུང་རྡོ་རྗེ་མའོ། །ཚོས་མ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་རིགས་སྐུ་རྡོ་རྗེ་མའོ། ། སླར་ལུགས་ལས་བཟློག་པ་མཐའ་ཡས་པ་ནས་བཟུང་སྟེ། །བྲམ་ཟེ་མོ་དེ་བཞིན་གཤེགས་པའི་རིགས་སྐུ་རྡོ་རྗེ་མ་དོན་ཡོད་གྲུབ་པ་ནི་འདི་ཉིད་དུ་ཞུགས་པས་སོ། །འདིའི་དོན་དང་པོ་ཉིད་དུ་བསྟན་པ་ཡིན་ནོ། །གདོལ་བ་མོ་ནི་རིན་པོ་ཆེའི་རིགས་ཏེ་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེར་ཞུགས་ སོ། །འོད་དཔག་ཏུ་མེད་པ་རིན་ཆེན་འབྱུང་ལྡན་ཉི་མ་སྟེ་ཟླ་བ་དང་ཉི་མའི་བདག་ཉིད་ཀྱི་ཕྱིར། གཉི་ག་ཡང་བདག་མེད་མ་དང་ཐ་མི་དད་པས། བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་གདབ་པར་རིགས་པ་ཡིན་ནོ། །དེ་ཉིད་རིན་ཆེན་འབྱུང་ལྡན་གྱི་རིགས་སུ་བསྟན་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་ དམ་པ་ཡི། །རིགས་ནི་རྣམ་པ་ལྔ་རུ་བརྗོད། །རིམ་པ་འདིས་ན་རིགས་རྣམ་པ་ལྔ་ཡིན་ཏེ། ཀྱེ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་པ་བོད་པའོ། །གཟུགས་ལ་སོགས་གཉི་ག་ཐ་མི་དད་པ་ཡིན་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་། ། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་རྣམས་ལུགས་སུ་འབྱུང་བ་དང་། ལུགས་ལས་བཟློག་པའི་རིམ་པས་བྲམ་ཟེ་མོ་དང་། གདོལ་བ་མོ་དང་། གར་མ་དང་ཚོས་མ་དང་། གཡུང་མོ་རྣམས་བསྟན་པ་ཡིན་ནོ། །རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ ཕྱག་རྒྱར་བརྗོད་པར་བྱ། །ཞེས་པ་ནི་རྒྱས་གདབ་པར་བྱ་བ་མཚོན་པའི་ཕྱིར་ཕྱག་རྒྱ་སྟེ། རྒྱུ་འདིས་ན་མངོན་པར་བརྗོད་དོ། །དེ་གང་ཞེ་ན། རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་རིན་ཆེན་ཉིད། །འདི་དག་ཐམས་ཅད་ཕྱག་རྒྱ་ཞེས་མངོན་པར་བརྗོད་དོ། །རྒྱུ་དེས་ན་རྡོ་རྗེ་མི་ ཕྱེད་པས་ནའོ། །འདི་ཉིད་རིགས་རྣམ་པ་ལྔའོ། །དམ་པ་བསྟན་པ་ནི་ཡེ་ཤེས་ཀྱིས་ངེས་པར་ལྡན་པའོ། །དེ་བས་ན་སྙིང་རྗེ་ཆེན་པོ་ཞེས་བོས་ནས། ཐབས་དང་ཤེས་རབ་དབྱེར་མེད་པ་འདི་ཉིད་ཡེ་ཤེས་ཡིན་ཏེ། བལྟ་བར་བྱ་བ་འམ་ལྟ་བར་བྱེད་པ་ལ་སོགས་པ་དབྱེར་མེད་པའི་ ཕྱིར་རོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །ཅེས་པའོ། །ཡང་ན་ཀུའི་སྒྲས་ནི་ཆོས་འབྱུང་བདག་མེད་མའོ། །དེ་ལེན་ཅིང་འཛིན་ལ་དེ་དང་ལྷན་ཅིག་ཏུ་དབྱེར་མེད་པའི་རང་བཞིན་གྱི་དངོས་པོར་གྱུར་པས། རིགས་ལྔ་པོ་དེ་རྣམས་རྒྱས་པའི་ རྣམ་པས་རིགས་མཐའ་ཡས་པའོ། །ཇི་ལྟར་རིགས་མཐའ་ཡས་པ་ཉིད་ནི་སྔགས་ཀྱི་རིམ་པར་ཕྱེ་བ་ཉིད་དུ་བསྟན་ཟིན་པ་དང་། རིམ་པར་ཕྱེ་བ་གཞན་དུ་ཡང་སོ་སོར་བསྟན་པར་བྱའོ། །འདི་ཉིད་དམ་པར་བཤད་དོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཉིད་དོ། ། འདི་ཉིད་མི་ཕྱེད་པའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པས་སོ་སོ་བ་དང་བསྡུས་པས་གསུངས་པ། རྡོ་རྗེ་ཕྱག་རྒྱ་གཡུང་མོ་ཉིད། །དེ་བཞིན་པདྨ་གར་མ་ཉིད། །ལས་ནི་ཚོས་མར་རབ་ཏུ་བཤད། །དེ་བཞིན་གཤེགས་པ་བྲམ་ཟེ་མོ། ། རིན་ཆེན་གདོལ་མར་ཤེས་པར་བྱ། །ཞེས་བྱ་བའོ། ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་བྱ་བ་ལ། མདོར་བསྡུས་པ་ནི། ཡུལ་དང་རྣམ་པར་ཤེས་པ་དག་དེ་བཞིན་ གཤེགས་པ་རྣམས་ལ་དེའི་བདག་ཉིད་ཀྱིས་ཞུགས་པས་ན་རྡོ་རྗེ་མ་ལ་སོགས་པ་དང་། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཡིན་ནོ། །ངོ་བོས་གཟུགས་མེད་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ཉིད་བསྟན་ཏོ། །ཡང་ ན་གང་གི་ཕྱིར་གཡུང་མོ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱའི་རང་བཞིན་ཉིད་དེ་འདི་རྣམས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་ཉིད་ནི་མི་ཕྱེད་པའི་རང་བཞིན་ཡིན་ནོ། །དེ་ནས་རྣམ་པར་ངེས་པ་དང་བྲལ་བའི་རང་བཞིན་ཏེ། རྣམ་པ་སྣ་ཚོགས་པར་ངེས་པ་རྣམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་ པའི་རང་བཞིན་དེ་ཞེས་པའི་དོན་ཏོ། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པ་ནི། འདི་ཉིད་རིགས་ཀྱི་ཡེ་ཤེས་སོ། །ཇི་ལྟར་ཞེ་ན། མདོར་བསྡུས་པ་ཞེས་པ་སྟེ། ཡུལ་དང་རྣམ་པར་ཤེས་པ་དག་འདི་ལ་ དེའི་བདག་ཉིད་ཀྱིས་འཇུག་པ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་ཞེས་པ་ནི། དེ་བཞིན་གཤེགས་པའི་སྒྲ་ཉིད་ཀྱི་དོན་ཅི་ཡིན་པ་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །འདིས་ནི་ཤེས་རབ་རིགས་པ་ཡིས། ། དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་པ་ནི་དེ་བཞིན་ཉིད་ནི་མཁའ་འགྲོ་མ་དང་གཡུང་མོ་ལ་སོགས་པའོ། །དེ་རྣམས་ལ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱའི་ཚུལ་གྱིས་སོན་ཞིང་ཞུགས་པ་ན་དེ་བཞིན་གཤེགས་སོ། །གཤེགས་པ་ནི་དེ་ཉིད་མཁའ་འགྲོ་མ་རྣམས་ ལ་རྡོ་རྗེ་མ་ལ་སོགས་པའི་རྒྱས་གདབ་པའི་ཚུལ་གྱིས་བདག་ཉིད་རྟོག་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་སླར་ཡང་གཤེགས་པ་ཉིད་ནི་དེ་ཉིད་དཔལ་ལྡན་ཏེ། ཡི་གེ་ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ཡོད་པས་དེ་དང་ལྡན་པའོ། །ཡང་ན་དེ་བཞིན་ཉིད་ནི་རྣམ་པར་ མི་རྟོག་པའོ། །དེར་སོང་བ་དེའི་ནང་དུ་ཐིམ་པ་དེའི་རང་བཞིན་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པ་ནི་དེ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པའི་ཚུལ་གྱིས་ཀྱང་རྣམ་པར་གནས་པ་ཡིན་ནོ། །དཔལ་ལྡན་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། ། འདིས་ནི་ཤེས་རབ་ཅེས་པ་ནི་བསྟན་པའི་རིམ་པའི་དོན་དམ་པའི་བདེན་པ་དེས་སོ། །རིགས་པ་ཞེས་པ་ནི། བསྟན་པའི་རིམ་པའི་ཀུན་རྫོབ་ཀྱི་བདེན་པ་དེས་སོ། །དེ་བཞིན་གཤེགས་ཞེས་བརྗོད་པར་བྱ། །ཞེས་པས་ནི་རྡོ་རྗེ་འཛིན་པར་གསལ་པོར་བྱེད་དོ། །ད་ནི་ངོ་བོས་མེད་ཅེས་བྱ་བ་ལ་སོགས་ པའི་བསྡུ་བ་གསུངས་པ། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །ཅེས་པ་སྟེ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །རིགས་ནི་འདི་རྣམས་དྲུག་ཡིན་ནོ། །མདོར་བསྡུས་ པས་ནི་རྣམ་པ་ལྔ། །ཞེས་པ་ནི་དེ་རྣམས་མདོར་བསྡུས་པ་ལས་རྣམ་པ་ལྔ་སྟེ་ཡིད་དེ་རྣམས་ལ་བཤད་དོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་པ་ནི་སྐུས་ནི་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དག །ཐབས་དང་ཤེས་རབ་ཀྱི་རང་བཞིན་ གྱིས་རྣམ་པར་གཞག་པའི་ཕྱིར། རྣམ་པར་སྣང་མཛད་དུ་དོན་ཡོད་གྲུབ་པ་བསྡུས་སོ། །གསུང་ནི་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་དག་དེ་བཞིན་དུ་རྣམ་པར་གཞག་པས་སོ། །འོད་དཔག་མེད་དུ་རིན་ཆེན་འབྱུང་ལྡན་བསྡུས་སོ། །ཐུགས་ཀྱིས་ནི་སྐུ་དང་གསུང་དེ་བཞིན་དུ་རྣམ་ པར་གཞག་པས་རྣམ་པར་སྣང་མཛད་དང་འོད་དཔག་མེད་བསྡུས་པས་སོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་པ་ནི་འགྱུར་བར་གྲགས་པའོ། །ཡང་ན། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །མདོར་བསྡུས་པས་ནི་རྣམ་པ་ལྔ། །ཞེས་པ་ལ་རྣམ་ པ་དྲུག་གི་རྣམ་པ་སྟེ། མིག་ལ་སོགས་པའི་རང་བཞིན་གང་དེ་རྣམས་དྲུག་པོ་དེ་བཤད་པའི་རིགས་ཡིན་ནོ། །སྐུ་བདག་མེད་མ་དེ་ལེན་ཅིང་འཛིན་པར་བྱེད་པ་དེའི་བདག་ཉིད་ཀྱིས་བདག་ཉིད་དུ་འཇུག་པས་ནི་རིགས་སོ། །བཤད་པ་ནི་ཤེས་པའོ། །ཇི་ལྟར་ཞེ་ན། མདོར་བསྡུས་པ་སྟེ་བསྡུ་བའོ། །དེ་རྣམས་ སླར་རྣམ་པ་ལྔ་སྟེ་རྣམ་པ་ལྔ་ནི་སྤྲོ་བའི་ཚུལ་གྱིས་སོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་པ་ལ་གང་རྣམ་པ་གསུམ་གྱི་རྣམ་པ་དེ་རྣམས་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དབྱེར་མེད་ པའོ། །དེ་ཉིད་གཅིག་གི་ཚིག་གོ། །ཇི་ལྟར་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དུ་འགྱུར་རོ། །དབྱེ་བ་ཡིས་ཞེས་པ་ནི་སྤྲོ་བའི་ཚུལ་གྱིས་སོ་སོར་རྣམ་པར་གཞག་པའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་ཏེ་སྐུ་དང་གསུང་ དང་ཐུགས་རྣམས་ཀྱི་དབྱེ་བས་ཏེ། ཤིན་ཏུ་འདས་པའི་ཕྱིར་རང་བཞིན་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱི། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་པ་ནི་ གང་མི་བསྐྱོད་པ་ལ་སོགས་པས་དེ་རྣམས་ནི་རྣམ་པ་ལྔར་འགྱུར་རོ། །སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་གསུམ་དུ་འགྱུར་རོ། །རིགས་དེ་རྣམས་ཉིད་ནི། ཇི་ལྟར་ཡིན་པ་གསུངས་པ། རིགས་བགྲང་བར་བྱ་བའི་གྲངས་ཀྱིས་ཡོངས་སུ་གཅོད་པས་ན་རིགས་ཏེ་རྒྱུ་དེས་ན་མངོན་པར་བརྗོད་ དོ། །འབྱུང་བ་ལྔ་རྣམས་དང་ཞེས་བྱ་བ་ནི་ས་ལ་སོགས་པའི་འབྱུང་བ་ལྔ་རྣམས་སོ། །དེ་ཉིད་ཕུང་པོ་ལྔའི་རང་བཞིན་རྣམས་ཏེ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །གང་ལ་དེ་ནི་ཕུང་པོ་ལྔའི་རང་བཞིན་ནོ། །དེ་རྣམས་ཀྱི་རིགས་ ཉིད་གང་ཞེ་ན། གསུངས་པ། རིགས་བགྲང་བར་བྱ་བའི་གྲངས་ཀྱིས་ཡོངས་སུ་གཅོད་པས་ན་རིགས་ཏེ་རྒྱུ་དེས་ན་བཤད་དོ། །ཡང་ན་རིགས་དང་ཞེས་པ་ནི་རྣལ་འབྱོར་མ་བདག་མེད་མའི་རང་བཞིན་རྣམས་སོ། །འབྱུང་བ་ལྔ་རྣམས་ནི་རྒྱས་པར་རང་བཞིན་གྱིས་ཡང་དག་པ་ཇི་ལྟ་བ་ བཞིན་དུ་དེས་རྣམ་པར་གཞག་པ་རྣམས་སོ། །ཕུང་པོ་ལྔ་ཡི་རང་བཞིན་གྱི། །ཞེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ཡང་ལྔ་པོ་ནི་རྒྱས་པར་ཏེ། རྒྱུ་འདིས་ན་རང་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་ཡོད་པ་ཡིན་པས་ན་རང་བཞིན་ནོ། །དེ་རྣམས་ཀྱི་རིགས་བགྲང་ བར་བྱ་བ་ལྔ་པོ་ཉིད་སོ་སོ་ལྔའི་རང་བཞིན་རྣམས་ཏེ། དེ་ཡང་རེ་རེ་ཞིང་ལྔའི་རང་བཞིན་ཡིན་པས་མཐའ་ཡས་པ་གྲངས་མེད་པ་ཡིན་ནོ། །རྒྱུ་འདིས་ན་རིགས་ཏེ་དེས་ན་དེའི་རང་བཞིན་གྱིས་མངོན་པར་བརྗོད་དོ། །ཀུན་ནས་རྣམ་པར་གཞག་སྟེ། འདིས་ནི་ཀུན་རྫོབ་དང་དོན་དམ་པ་ཐ་མི་ དད་པ་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཡིན་ནོ། །དེ་ཉིད་བསྒོམ་མེད་སྒོམ་པ་མེད། །ཅེས་པ་སྟེ། རྡོ་རྗེ་གསུམ་ཐ་མི་དད་པས་ཕུང་པོ་ལྔའི་རང་བཞིན་ཉིད་མེད་པ་སྟེ། གཟུགས་མེད་མཐོང་བ་པོ་ཡང་མེད། །ཅེས་བྱ་བ་ལ་སོགས་པ་བསྟན་ཟིན་པའོ། །དེ་བསྡུ་བ་གསུངས་པ། སྒོམ་པ་པོ་ནི་ ལྟ་བ་པོ་མེད་པའོ། །བསྒོམ་བྱ་བ་ནི་གཟུགས་མེད་དོ། །སྔགས་མེད་ཅེས་པ་ནི། སྔགས་ཀྱི་སྒྲས་རྣ་བ་ཡང་མེད་པའོ། །ལྷ་མེད་ཅེས་པ་ནི་དྲི་ཡང་མེད་ལ་རྣ་བ་ཡང་མེད་པའོ། །འདིས་ནི་སྐུ་དང་གསུང་དང་ཐུགས་གསུམ་ཀ་ཡང་མེད་པ་ཡིན་ནོ། །འོ་ན་ཐམས་ཅད་སྟོང་པ་ཉིད་ ཡིན་ན་ཆད་ལྟར་འགྱུར་རོ་ཞེ་ན། དེ་གསུངས་པ། ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པའོ། །ཇི་ལྟར་ཞེ་ན། སྤྲོས་པ་མེད་པའི་བཞིན་ལས་ཞེས་པ་སྟེ་སྔགས་དང་ལྷ་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་དག་སྤྲོས་པའི་སྐུ་དེ་ཡང་མ་ལུས་པར་དེ་ལ་ལྟོས་པའི་ཕྱིར་ཐམས་ཅད་ཉིད་རང་ རང་གི་ངོ་བོ་ལ་གནས་པ་ཡིན་པའི་དོན་ཏོ། །ཡང་ན་སྒོམ་པ་པོ་མེད་ཅེས་པ་ནི་འཛིན་པ་ཉིད་ཀྱིས་གང་བ་རྟགས་པ་དེ་བཀག་པ་ཡིན་ནོ། །བསྒོམ་བྱ་མེད་ཅེས་པ་ནི་གཟུང་བར་བྱ་བ་ཉིད་དུ་གང་བརྟགས་པ་དེ་བཀག་པ་ཡིན་ནོ། །དེ་ལྟ་བས་ན་སྔགས་མེད་པ་ནི་མཚན་མ་མེད་པ་ཡིན་ ཏེ། །མཚན་མ་མེད་པའི་རང་བཞིན་གྱི་ཕྱིར་རོ། །རྣམ་པར་ཤེས་པའི་རང་བཞིན་གྱི་ལྷ་ཡང་མེད་སྟེ། འདིས་ནི་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དག་བཀག་པའོ། །ཆོ་ག་ཡང་བསྟན་པའི་ཕྱིར་ཏེ། སྔགས་དང་ལྷ་ནི་གནས་པ་ལས་སོ། །ཇི་ལྟར་ཞེ་ན། སྤྲོས་པའི་རང་བཞིན་ལས་ཞེས་ པ་སྟེ་སྤྲོས་པ་ནི་རྒྱས་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །སྤྲོས་པ་མེད་པ་དེ་ཉིད་ལས་འདི་རྣམས་ཐམས་ཅད་བྱུང་བ་ཡིན་ཏེ། འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིའི་རང་བཞིན་ཡང་དངོས་པོ་མེད་པས་འདི་རྣམས་བཀག་པ་ནི་མེད་དོ། །ཡང་ན། སྤྲོས་པ་མེད་པའི་ རང་བཞིན་ལས། །ཞེས་པ་ནི་སྤྲོས་པ་ལས་འདས་པའི་ཕྱིར་སྔགས་དང་ལྷ་མཚན་མ་དང་མཚན་མེད་པ་དག་ཏུ་གནས་པའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་ཉིད་དེ་ཁོ་ན་ཉིད་དུ་བསྟན་པ་ཡིན་ནོ། །སྒོམ་པ་པོ་མེད་བསྒོམ་པ་མེད། །ཅེས་པ་ནི་བདག་གི་དེ་ཁོ་ན་ ཉིད་རྡོ་རྗེ་རིམ་པར་ཕྱེ་བའོ། །སྔགས་མེད་ཅེས་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་རིམ་པར་ཕྱེ་བའོ། །ལྷ་ཞེས་བྱ་བ་ནི་ལྷའི་དེ་ཁོ་ན་ཉིད་དེ་ལྷའི་རིམ་པར་ཕྱེ་བའོ། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ དབང་བསྐུར་བའི་རིམ་པར་ཕྱེ་བའོ། །དེ་ལྟར་བསྒོམ་པ་ཉིད་ཀྱིས་མིག་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔར་གྱུར་པ་ཡིན་པས་གསུངས་པ། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་ཅན། །ཞེས་པ་སྨོས་ཏེ་གཟུགས་ལ་སོགས་ པའི་ཡུལ་དྲུག་རྣམས་ནི་བསྒོམ་པར་བྱ་བ་ཉིད་ཀྱིས་སྒོམ་པར་བྱེད་པར་རྣམ་པར་གཞག་པ་རྣམ་པར་ཤེས་པའི་ནང་དུ་ཐིམ་པའི་ཕྱིར། སེམས་དཔའ་ཅན་ཏེ་ཐམས་ཅད་ཉིད་ལ་ཡོད་པ་ཡིན་ནོ། །ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཕུང་པོ་ལྔའི་གཟུགས་ཉིད་དེ་ཁོ་ན་ཉིད་ དུ་བརྗོད་དོ། །སེམས་དཔའ་ཅན་ཡང་། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་བྱ་བའི་ཚིག་གིས་སོ། །བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་གཉི་ག་དབྱེར་མེད་པར་བདེ་བ་ལ་སོགས་པ་རྣམ་པར་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་སྲིད་གསུམ་མོ། །དེ་ཡི་གཅིག་པ་ནི་དབྱེར་མེད་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་བརྗོད་དོ། །ཡང་ན་ཚངས་པ་རྣམ་པར་སྣང་མཛད་དོ། །ཁྱབ་འཇུག་ནི་མི་བསྐྱོད་པའོ། །ཞི་བ་ནི་དོན་ཡོད་པའོ། །ཐམས་ཅད་ནི་རིན་ཆེན་འབྱུང་ལྡན་ནོ། །སངས་རྒྱས་ནི་འོད་དཔག་མེད་དོ། །དེ་ཉིད་ནི་སེམས་དཔའ་ཅན་ནོ། །ཡང་ན་རྣམ་པར་སྣང་མཛད་ ལ་སོགས་པའི་རིགས་དྲུག་པོ་རྣམས་དེའི་རང་བཞིན་དེས་ལྔ་ཉིད་མཐའ་ཡས་པའི་རིགས་སུ་འགྱུར་བར་གསུངས་པ། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་ཅན། །ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་ པའོ། །རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཉིད་ཡིན་པས་དེ་ཁོ་ན་ཉིད་དུ་འཐད་ན་ཚངས་པ་ལ་སོགས་པ་ཡང་ཇི་ལྟར་ཡིན་ཞེ་ན། གསུངས་པ། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་པ་སྟེ། ཚངས་པ་ཡང་མྱ་ངན་ལས་འདས་པ་རྟོགས་པས་སོ། །སངས་རྒྱས་ ཞེས་པ་ནི་བརྗོད་ཅེས་པ་སྟེ། ཉི་ཚེ་བའི་རྟོགས་པའི་ཕྱིར་རོ། །འཇུག་ཕྱིར་ཁྱབ་འཇུག་ཉིད་དུ་བརྗོད། །ཅེས་པ་ནི་གནས་ཉམས་ནས་འཇིག་པ་སྟེ། འཇིག་པའི་རང་བཞིན་གྱི་ཕྱིར་ཁྱབ་འཇུག་ཉི་ཚེ་བའི་རྟོགས་པས་གནས་སོ། །ཡང་ན་འཇུག་པ་ཞེས་པ་ནི། འཇུག་པ་འཇུག་པ་ སྟེ། །ཐམས་ཅད་ལ་ཞུགས་ནས་འཇུག་པའི་ཕྱིར་རོ། །སྤྲོ་བ་ཙམ་གྱིས་རྣམ་པར་གནས་པ་ཡིན་ཏེ། ཁྱབ་འཇུག་སངས་རྒྱས་ཞེས་བརྗོད་དོ། །རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་པ་ནི། ཞི་བ་ནི་དབང་ཕྱུག་ཆེན་པོའོ། །དེ་ཡང་སངས་རྒྱས་སོ། །ཇི་ལྟར་ཞེ་ན། རྟག་པར་ཀུན་དུ་དགེ་བསྐྱེད་ པའི་ཕྱིར་ཏེ་འདི་ཡང་ཉི་ཚེ་བ་ཉིད་ཡིན་ནོ། །ཐམས་ཅད་ཀུན་གྱི་བདག་ཉིད་གནས། །ཞེས་པ་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་བདག་ཉིད་ནི་འདི་ཐམས་ཅད་ཀྱི་བདག་ཉིད་དོ། །གནས་ནི་གནས་པའི་ཕྱིར་ཏེ། མུ་སྟེགས་ཀྱིས་བརྟགས་པའི་བདག་གི་རང་བཞིན་གྱི་ཕྱིར་རོ། །དམ་པའི་བདེ་བས་ དེ་ཉིད་དེ། །བདེ་བ་རྟོགས་ཕྱིར་རྣམ་སངས་རྒྱས། །ཞེས་པ་ལ་སངས་རྒྱས་ཞེས་པ་ནི་རྣམ་པར་སངས་རྒྱས་པའོ། །བདེ་བར་རྟོགས་ཕྱིར་ཞེས་པ་ནི། སྟོང་པ་ཉིད་བདག་མེད་པའི་རྣལ་འབྱོར་མ་རྟོགས་པའི་ཕྱིར་ཏེ། མི་ཤེས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དམ་པའི་བདེ་བ་ནི་ཡང་དག་ པས་ཏེ། རྒྱུ་འདིས་ནི་དེ་ཁོ་ན་ཉིད་ཡིན་ནོ། །ཡང་ན། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་ཅན། །ཞེས་པ་ནི་འདིས་ནི་མིག་ལ་སོགས་པའི་དབང་པོ་དྲུག་རྣམས་དང་། གཟུགས་ལ་སོགས་པའི་ཡུལ་དྲུག་རྣམས་ཐབས་དང་ཤེས་རབ་དབྱེར་མེད་པས་ཕུང་ པོ་ལྔའི་རང་བཞིན་དེས་ཚངས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་རང་བཞིན་ནོ། །ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་པས་ཚངས་པ་ཉིད་ཁྱབ་འཇུག་སྟེ། ཚངས་པ་ཇི་ལྟ་བུ་ཞེ་ན། གསུངས་པ། ཚངས་པ་མྱ་ངན་འདས་སངས་རྒྱས། ། ཞེས་པ་སྟེ། མྱ་ངན་འདས་པའི་རང་བཞིན་ཚངས་པ་དོན་དམ་པའི་བདེན་པ་དེས་རྣམ་པར་གནས་སོ། །འཇུག་ཕྱིར་ཁྱབ་འཇུག་ཉིད་དུ་བརྗོད། །ཅེས་པ་ནི། ཐམས་ཅད་ལ་འཇུག་པའི་ཕྱིར་སྤྲོ་བའི་ཚུལ་གྱིས་བདག་ཉིད་དེས་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་གནས་ པས་ཀུན་རྫོབ་དང་དོན་དམ་པ་ཐ་མི་དད་པ་ནི་དེ་ཁོ་ན་ཉིད་ཡིན་ནོ། །ཚངས་པ་ཉིད་ཁྱབ་འཇུག་སྟེ། གཉིས་སུ་མེད་པའི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་བརྗོད་ཅེས་པ་ནི། ཞི་བ་ཉིད་ཐམས་ཅད་ལ་དེ་ཡང་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །ཇི་ལྟར་ཞེ་ན། རྟག་ཏུ་དགེ་བའི་ཕྱིར་ཏེ། ཐམས་ཅད་ཉིད་རང་ བཞིན་མེད་པ་དེས་དགེ་བ་བསྐྱེད་པའི་ཕྱིར་བསྡུ་བའི་ཚུལ་ལོ། །ཐམས་ཅད་ཀུན་གྱི་བདག་ཉིད་གནས་ནི་འདི་རྣམས་ཐམས་ཅད་ཀྱི་ལུས་ལ་གནས་པ་ཡིན་ཏེ། སྤྲོ་བའི་ཚུལ་གྱིས་གནས་པའོ། །སྤྲོ་བ་དང་བསྡུ་བའི་བདག་ཉིད་དེས་གཉི་ག་དབྱེར་མེད་པའི་ཕྱིར་དེ་ཁོ་ན་ཉིད་དུ་བརྗོད་དོ། །དེ་ཉིད་ རྣམ་སངས་རྒྱས་ཏེ་ཁྱད་པར་དུ་འཕགས་པའི་རྟོགས་པས་གནས་པའོ། །ཇི་ལྟར་ཞེ་ན། བདེ་བ་རྟོགས་པ་སྟེ། ཁམས་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྣང་བས་སོ། །དམ་པའི་བདེ་བ་ཡང་དག་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཡིན་ནོ། །ཡང་ན་རྣམ་པར་སྣང་མཛད་ལ་སོགས་པ་སེམས་ དཔའ་ཅན་གྱི་བར་དུ་དྲུག་དང་། ཚངས་པ་ལ་སོགས་པ་དེ་ཉིད་བརྗོད་ཀྱི་བར་དུ་དྲུག་སྟེ། དྲུག་པོ་འདི་གཉི་ག་སེམས་དཔའ་ཅན་དང་ཐ་མི་དད་པ་ཡིན་ཏེ། སྐུ་གསུང་ཐུགས་དབྱེར་མེད་པ་རྟོགས་པའི་ཕྱིར་རོ། །ལྔ་པོ་གཉི་གའི་དེ་ཁོ་ན་ཉིད་རྣམས་ཡེ་ཤེས་ཀྱི་བདག་ཉིད་དེ་ནམ་མཁའ་འགྲོ་མ་བཅོ་ ལྔའི་རང་བཞིན་གྱི་དཀྱིལ་འཁོར་རོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅོ་བརྒྱད་ཀྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་རོ། །གཉི་ག་དབྱེར་མེད་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དག་དབྱེར་མེད་པ་དེས་རྡོ་རྗེ་འཛིན་ པ་རྫོགས་པ་ཏེ། མི་བསྐྱོད་པ་ཉིད་རྡོ་རྗེ་འཛིན་པར་རྫོགས་པ་ཡིན་ནོ། །ལྷའི་རང་བཞིན་ཉིད་རྟོགས་པར་བྱ་བའི་ཕྱིར་བྱེ་བྲག་ཏུ་བཤད་པ་གསུངས་པ། གང་ཕྱིར་ལུས་སུ་འབྱུང་བ་ཉིད། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་པ་ལ། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་བྱ་བའི་ཚིག་ གིས་སོ། །ཡང་ན་ལུས་ཕུང་པོ་ལྔའི་བདག་ཉིད་བསགས་པའི་རང་བཞིན་དུ་བྱུང་ནས། དེའི་བདག་ཉིད་དུ་གནས་པར་གྱུར་པས་ལྷ་ཡིན་ནོ། །བརྗོད་པར་བྱ་ཞེས་པ་ནི་གསལ་བར་བྱེད་པ་སྟེ། དེ་ཉིད་བཅོམ་ལྡན་ལྷ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལ་བཅོམ་པ་ཡོད་པས་སངས་རྒྱས་བཅོམ་ ལྡན་འདས་ཞེས་བརྗོད་དོ། །བཅོམ་པའི་སྒྲ་ཉིད་ཀྱིས་ཅི་བརྗོད་པ་དེ་གསུངས་པ། བཅོམ་པ་རྣམ་པ་དྲུག་ཏུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད། །ཅེས་བྱ་བ་སྨོས་ཏེ། དབང་ཕྱུག་ལ་ སོགས་ཡོན་ཏན་ཀུན། །ཞེས་པ་ནི། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ་བ་ལ། དབང་ཕྱུག་བཟང་ཞེས་པ་ནི་བག་ཆགས་མཐའ་དག་སྤངས་པའི་བདག་ཉིད་ཀུན་རྫོབ་ དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་ཕུན་སུམ་ཚོགས་པ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་རབ་ཏུ་གོམས་པར་བྱ་བའི་ཕྱིར་རོ། །གཟུགས་བཟང་ཞེས་བྱ་བ་ནི་གཟུགས་བརྙན་ལྟ་བུར་དངོས་པོ་ཐམས་ཅད་ཡང་དག་པའི་ལྟ་བའི་ཡེ་ ཤེས་འབྱུང་བའི་རྒྱུ་མེ་ལོང་ལྟ་བུ་སྟེ། གཟུགས་བཟང་བའོ། །གྲགས་པ་བཟང་ཞེས་པ་ནི། ཐུགས་རྗེ་ལ་སོགས་པ་ཡོན་ཏན་རིན་པོ་ཆེའི་མཐུས་འགྲོ་བ་དག་ལ་སྨན་པའི་ནུས་པ་དེས་གྲགས་པ་བཟང་བ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ལ་བརྟེན་ནས་བདག་པོར་སྦྱར་བ་མཉམ་པ་ ཉིད་ཀྱི་ཡེ་ཤེས་སོ། །དཔལ་བཟང་པོ་ནི་དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་སོ་སོར་རྟོག་པ་དེས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བརྩོན་འགྲུས་བཟང་པོ་ཞེས་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་རབ་ཏུ་གོམས་པར་བྱས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། ། ཡེ་ཤེས་བཟང་པོ་ནི། རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པའི་སྟོང་པ་ཉིད་རང་བཞིན་གྱི་ཡེ་ཤེས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའོ། །འདི་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དབང་ཕྱུག་གོ། །བཅོམ་པ་དྲུག་དེ་ལ་ཡོད་པ་ཡིན་པས་བཅོམ་ལྡན་འདས་སོ། །ཡང་ཞེས་པ་ནི་ ཕྱོགས་གཞན་ནོ། །ཉོན་མོངས་ལ་སོགས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་རྣམས་དང་། ཕུང་པོ་ལྔའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་རྣམས་སོ། །འཇོམས་ཕྱིར་ནི། སྒྲིབ་པ་མེད་པའི་ཕྱིར་ བཅོམ་ལྡན་འདས་སོ། །ཡང་ན་འདི་ལ་བཅོམ་པ་ཡོད་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྣམ་པ་ནི་བཅོམ་ལྡན་འདས་ཞེས་བཤད་དོ། །བཅོམ་པ་རྣམ་པ་དྲུག་ནི་རྣམ་པ་དྲུག་སྟེ། ཇི་ལྟར་ཞེ་ན། མིག་ལ་སོགས་པ་དྲུག་དང་། གཟུགས་ལ་སོགས་པ་དྲུག་དང་། གཉི་ག་དབྱེར་མེད་ པའི་རྣམ་པར་ཤེས་པ་དྲུག་སྟེ། དེ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་བཅོ་བརྒྱད་རྣམས་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་གྱི་རང་བཞིན་ནོ། །བརྗོད་པ་ནི་ཡེ་ཤེས་ཀྱི་རྣམ་པའོ། །རྒྱུ་དེའི་ཕྱིར་ན་དབང་ཕྱུག་ལ་སོགས་པ་བསྟན་པའི་ཡོན་ཏན་མ་ལུས་པར་འབྱུང་སྟེ། འདི་ ནི་བཅོམ་ལྡན་འདས་མཆོག་ཉིད་ལ་ཡོན་ཏན་འདི་རྣམས་མངའི་གཞན་རྣམས་ལ་ནི་ཡོད་པ་མ་ཡིན་ནོ། །ཡང་ན་ཉོན་མོངས་ལ་སོགས་བདུད་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཉོན་མོངས་པར་བྱེད་དོ། །གཟུང་བ་དང་འཛིན་པ་ལ་སོགས་ པ་མངོན་པར་ཞེན་པས་རབ་ཏུ་འཇུག་པ་ཡིན་ནོ། །ཉོན་མོངས་པ་ནི་དབང་པོ་དྲུག་རྣམས་སོ། །ཉེ་བའི་ཉོན་མོངས་པ་ནི་གཟུང་བའི་མངོན་པར་ཞེན་པས་དེ་རྣམས་ལ་དབང་པོ་རྣམས་འཇུག་པ་སྟེ་ཡུལ་ལའོ། །ཀུན་ནས་ཉོན་མོངས་པ་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་ལ་ འཇུག་པས་བདེན་པ་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་འཇུག་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའོ། །དེ་ཉིད་བདུད་དེ། ཡེ་ཤེས་ལ་སེམས་འདོད་པ་མི་སྐྱེ་བས་ན་བདུད་དོ། །དེ་རྣམས་བཅོམ་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ རང་བཞིན་གྱིས་རྣམ་པར་གནས་ཏེ་དེའི་ཕྱིར་བཅོམ་ལྡན་འདས་སོ། །ད་ནི་སྐྱེད་བྱེད་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་དོན་གཞན་གསུངས་པ། ཤེས་རབ་མ་ཞེས་བརྗོད་པར་བྱ། །ཞེས་པ་སྨོས་ཏེ། འདིར་སྐྱེ་འགྲོ་རྣམས་སྐྱེད་པའོ། །ཤེས་ རབ་སྲིང་མོ་ཞེས་བྱ་ཉིད། །གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །དོན་ནི་ཤིན་ཏུ་གསལ་བ་ཉིད་དོ། །ཡང་ན། ཤེས་རབ་མ་ཞེས་བརྗོད་པར་བྱ། །ཞེས་པ་ནི། ཤེས་རབ་ཀྱི་སྒྲས་མཆོག་ཏུ་བྱུང་བའི་ཡེ་ཤེས་ཤེས་རབ་དེ་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་ཤེས་པའོ། །དེ་ནི་མ་ཞེས་བརྗོད་པར་ བྱ་ནི། གང་གི་ཕྱིར་སྐྱེ་འགྲོ་སྐྱེད་པས་སོ། །སྐྱེ་འགྲོ་ཞེས་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེ་ཉིད་ཤེས་རབ་སྲིང་མོ་བརྗོད་པར་བྱ། ཇི་ལྟར་ཞེ་ན། གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །ཤེས་རབ་སྲིང་མོར་བརྗོད་པར་བྱ། ། ཞེས་པ་སྟེ་སྐལ་བ་ནི་ཡུལ་ལ་སོགས་པའི་རང་བཞིན་འབྱེད་པའོ། །སྟོན་པ་ནི་རྟོགས་པའོ། །ཡང་ན་ཆ་དང་བྲལ་བ་ནི་སྐལ་བ་དེ་དབྱེར་མེད་པ་ཞེས་པའི་དོན་ཏོ། །དེ་འདི་ལྟར་སྟོན་པ་སྟེ། ཆོས་ཐམས་ཅད་ནི་སེམས་ཀྱི་ལུས་ཉིད་ཡིན་པས་ཞེས་པའི་དོན་ཏོ། །བཙོ་བླག་མ་དང་བུ་མོ་དང་། ། གར་མཁན་མ་ཡང་བརྗོད་པར་བྱ། །ཞེས་པ་ནི། ཚོས་མ་དང་གར་མ་ལ་སོགས་པ་དང་། བུ་མོ་འདི་རྣམས་ཀྱང་བཤད་པར་བྱའོ། །སེམས་ཅན་ཐམས་ཅད་འཚོད་པའི་ཕྱིར། །བཙོ་བླག་མ་ཞེས་དེ་བཞིན་བརྗོད། །གར་མ་དང་བུ་མོ་དག་གང་ལས་ཡིན་པ་དེ་གསུངས་པ། ཡོན་ཏན་འཇོ་ ཕྱིར་ཤེས་རབ་ནི། །བུ་མོ་ཞེས་ནི་བརྗོད་པར་བྱ། །ཤེས་རབ་གར་མར་བརྗོད་པར་བྱ། །ཇི་ལྟར་ཞེ་ན་གཡོ་བའི་ཕྱིར་རོ། །དེ་ཡང་དོན་དེ་ཉིད་ཀྱིས་བུ་མོའོ། །དེ་བས་ན་སྙིང་རྗེ་ཆེན་པོ་ཞེས་བོད་པའོ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། འདི་ཡང་བུ་མོ་ ཉིད་དོ། །ཨཱ་ལི་ཀཱ་ལི་རབ་བརྗོད་ཕྱིར། །བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་པ་འདིས་གདོལ་བ་མོ་དང་། བྲམ་ཟེ་མོ་དག་ཨཱ་ལི་ཀཱ་ལིའི་རང་བཞིན་གྱིས་རྣམ་པར་གནས་པའོ། །ཡང་ན་བཙོ་བླག་མ་དང་བུ་མོ་བཤད་པར་བྱ་ཞེས་པ་ནི། སེམས་ཅན་ཐམས་ཅད་འཚོད་པའི་ ཕྱིར་བཙོ་བླག་མ་ཞེས་པ་ལས། སེམས་ཅན་ཐམས་ཅད་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་དོ། །དེ་རྣམས་འདོད་ཆགས་ཆགས་པའི་མཚན་ཉིད་ཀྱིས། ཀུན་རྫོབ་ཀྱི་བདེན་པ་དེས་རྣམ་པར་གཞག་པ་སྐུ་རྡོ་རྗེ་མ་བཙོ་བླག་མའོ། །དོན་དམ་པའི་བདེན་པ་ཡང་དེ་ཉིད་ཀྱིས་རྣམ་ པར་བཞག་པ་ཡིན་པས་ཡོན་ཏན་འཇོ་ཕྱིར་བུ་མོ་ཡིན་ནོ། །ཤེས་རབ་གར་མར་བརྗོད་པར་བྱ་ནི་གཡོ་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ཞེས་པ་ནི་གཡོ་བ་ཡིན་ཏེ་རླུང་གཡོ་བ་ཡིན་པའི་ཕྱིར་རོ། །ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་རླུང་གར་མཁན་མ་གསུང་རྡོ་རྗེ་མ་སྟེ་དེ་ཡང་བུ་ མོའོ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །ཞེས་པ་ནི། ཡིད་ནི་དམ་པའི་བདེ་བ་འཛག །ཅེས་པའི་ཐ་ཚིག་གིས་སོ། །ཐུགས་རྡོ་རྗེ་མ་གཡུང་མོ་དེ་ཡང་བུ་མོའོ། །འདི་རྣམས་ཀྱང་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་སྤྲུལ་པའི་སྐུ་ཉིད་ཀྱིས་རྡོ་རྗེའི་ རིགས་ཏེ། རིམ་པར་ཕྱེ་བ་དང་པོ་བདག་གི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་བསྟན་པའི་ཕྱིར་གསུངས་པ། བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་པ་ནི། ཨཱ་ལི་གདོལ་པ་མོ་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་དག་པའི་ཕྱིར་རྣལ་འབྱོར་མ་བདག་མེད་མའོ། ། ཀཱ་ལི་བྲམ་ཟེ་མོ་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པའི་ཕྱིར་ཐབས་སོ། །གཉི་ག་ཡང་བརྗོད་པ་སྟེ། གཉིས་སུ་མེད་པར་རྣམ་པར་གཞག་པའོ། །བཟླས་པར་ཡང་དག་བཤད་ཅེས་པ་ནི། ངེས་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །འདི་ནི་སྔགས་ཀྱི་རིམ་པར་ཕྱེ་བ་སྔགས་ཀྱི་དེ་ཁོ་ན་ཉིད་ ལོངས་སྤྱོད་རྫོགས་པའི་སྐུའོ། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་པ་ནི། རྐང་པའི་ཆ་དེས་རི་མོ་སྣ་ཚོགས་པའི་ཚུལ་གྱིས་སྤྲོ་བ་ཡིན་ཏེ། དམ་ཚིག་གི་དཀྱིལ་འཁོར་རོ། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ཞེས་པ་ནི། །ཉེད་ཅིང་འཛིན་པ་མི་གཡོ་བར་བྱ་ཞིང་བསྡུ་བའི་ཐ་ ཚིག་གོ། །འདི་ཡང་དཀྱིལ་འཁོར་ཞེས་བརྗོད་དོ། །འདི་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་གཉིས་སོ། །ཡང་ན་དཀྱིལ་འཁོར་ཡིན་ཞེས་པ་ནི་རྐང་པའི་རྗེས་ནི་རྐང་པ་ཡེ་ཤེས་ཏེ་རྒྱུ་དེའི་ཕྱིར་ནའོ། །རྗེས་ནི་སྤྲོ་བ་སྟེ། འདི་ནི་ལྷའི་དེ་ཁོ་ན་ཉིད་ལྷའི་རིམ་པར་ཕྱེ་བ་ཆོས་ཀྱི་ སྐུའོ། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ཞེས་པ་ནི་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པ་ཡིན་ནོ། །དབང་གི་རིམ་པར་ཕྱེ་བ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་སྐུ་གསུམ་དབྱེར་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །ཡང་ན། ཉེད་ཕྱིར་ དཀྱིལ་འཁོར་བརྗོད་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་དུ་གྱུར་པའོ། །ཅི་ཞེ་ན། རྐང་པའི་རྗེས་ཏེ། རྐང་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །ཚུལ་འདིས་ན་རི་མོ་སྟེ། དམིགས་པའོ། །དེ་ཉིད་དཀྱིལ་འཁོར་ཞེས་བརྗོད་དེ། མཉེས་ནས་བཟུང་བས་གཡོ་བ་མེད་པའི་རང་བཞིན་ཉིད་ དོ་ཞེས་པའི་དོན་ཏོ། །རིམ་པར་ཕྱེ་བ་འདི་ཉིད་དུ་རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་བྱ་བ་མདོར་བསྟན་ནས་དེ་ཁོ་ན་ཉིད་རྒྱས་པར་གསུངས་པ། ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །ཞེས་པ་སྟེ། ལག་པ་དག་ཕན་ཚུན་བརྡབས་པའི་སྒྲ་འདི་ཉིད་ཕྱག་ རྒྱའོ། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་ནི་སོར་མོ་རྣམས་ཕན་ཚུན་དུ་ཉེད་པ་འདི་ཉིད་ཕྱག་རྒྱའོ། །ཡང་ན། ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །ཞེས་པ་ནི་ཀ་རྡོ་རྗེ་འཛིན་པའོ། །ར་བདག་མེད་མའོ། །གཉི་གའི་བདག་ཉིད་ནི་བསྒྱུར་བ་སྒྲའོ། །ཕྱག་རྒྱ་ཡི་ནི་མཚན་མར་ འགྱུར་བའོ། །རིགས་ལྔའི་རིམ་པས་རིགས་བརྒྱ་ལ་སོགས་པའི་རབ་ཏུ་དབྱེ་བ་ཐ་དད་པ་དབྱེར་མེད་པར་འགྱུར་རོ། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་ནི། སོར་མོའི་སྒྲས་ཡུལ་དང་དབང་པོའི་རང་བཞིན་གཉི་ག་ལྔའི་བདག་ཉིད་ཀྱི་རིགས་ལྔའོ། །དེའི་ཉེད་པ་ནི་བསྡུ་བ་ལ་ ཐུག་པའི་དེ་ཉིད་དེ་ཁོ་ན་ཉིད་ཡིན་ཏེ། དཀྱིལ་འཁོར་གཉིས་ཐ་མི་དད་པར་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཡིན་ནོ། །ལྷ་ནི་རྣམ་པ་གཉིས་ཏེ། སྐུ་ཅན་དང་སྔགས་ཀྱི་རང་བཞིན་ཅན་ནོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་དེ་ཇི་ལྟར་བསྒོམ་པར་བྱ་བ་ཡིན་པ་དེ་གསུངས་པ། དེ་ནི་བསམ་བྱ་ ཞེས་པ་སྟེ། དེ་ནི་བསྒོམ་པར་བྱ་བའོ། །གང་བསམས་ནི་གང་དང་གང་བསམས་པའི་ཡུལ་དུ་བྱས་པའོ། །གང་ལས་ཤེ་ན་གང་ཕྱིར་རྣམ་བསམས་ཏེ་སྣ་ཚོགས་པའི་ཚུལ་གྱིས་གསལ་བར་བྱེད་པ་གང་དེ་ནི་བསམ་བྱར་འགྱུར་རོ། །ཡང་ན་དེ་ནི་བསམ་བྱ་ནི་དེ་ནི་གཟུང་བར་བྱ་བའི་ཡུལ་གྱི་ རང་བཞིན་ནོ། །གང་ལས་ཤེ་ན། གང་ཕྱིར་རྣམ་བསམས་ཏེ། དབང་པོས་འཛིན་པའི་ཚུལ་གྱིས་ཡུལ་དུ་བྱས་པའོ། །གང་བསམས་དབང་པོའི་རང་བཞིན་གང་། །དེའི་ཕྱིར་བསྒོམ་བྱ་གཟུང་བར་བྱ་བའི་ཡུལ་གྱི་རང་བཞིན་དེ་ལ་མཚན་ཉིད་ཡོད་པ་མ་ཡིན་ནོ། །གང་ཕྱིར་རྣམ་བསམས་ ཞེས་བྱ་བ་ནི། ཡུལ་དང་དབང་པོ་ཐ་མི་དད་པའི་ཕྱིར་ཡེ་ཤེས་དང་སྐུ་ཅན་དང་སྔགས་ཀྱི་རང་བཞིན་ཅན་གྱི་ལྷའི་དེ་ཁོ་ན་ཉིད་རྣལ་འབྱོར་པས་ཐམས་ཅད་ཉིད་བསྒོམ་པར་བྱ་བ་ཡིན་ཏེ། རིམ་པར་ཕྱེ་བ་དང་པོ་དང་གཉིས་པ་དང་ལྷའི་རིམ་པར་ཕྱེ་བ་དང་། དབང་བསྐུར་ བའི་རིམ་པར་ཕྱ་བའོ། །ལྷ་གང་བསྟན་པ་དེ་རྣམས་ཇི་ལྟར་བསྒོམ་པར་བྱ་བ་གསུངས་པ། ཕ་ལས་ཐོབ་པའི་བདེ་བ་གང་། །དེ་ཡི་བདེ་བ་རང་གིས་བཟའ། །བདེ་བ་གང་གིས་འཆི་བ་འདི། །དེ་ཡི་བདེ་བ་བསམ་གཏན་བརྗོད། །ཅེས་པ་སྨོས་ཏེ། ཕ་ཞེས་པ་ནི་སྐྱེད་པར་བྱེད་པའི་ ཡིད་དེ་ལས་གང་ཐོབ་པའི་བདེ་བ་གང་ཡང་ཡུལ་དང་དབང་པོས་བསྐྱེད་པའི་ཡེ་ཤེས་བདེ་བ་ལ་སོགས་པའི་རྣམ་པའོ། །དེ་བཟའ་བ་ནི་ཉམས་སུ་མྱོང་བའོ། །རང་གིས་ཞེས་པ་ནི་བདག་ཉིད་ཀྱིས་ཏེ་འདིས་ནི་སེམས་ལས་ལོགས་ཤིག་པ་ཡང་མེད་པ་ཡིན་ནོ། །དེ་སྐད་དུ་ཡང་འཕགས་པ་ ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། མོས་པ་སྣ་ཚོགས་པ་ཡི་ཕྱིར། །ལྷ་ཡི་དམིགས་པ་སོ་སོར་ཡིན། །ཐུགས་ཀྱི་རྡོ་རྗེ་མ་གཏོགས་པ། །གཞན་པའི་ལྷ་ནི་མེད་པར་བརྗོད། །ཅེས་གསུངས་སོ། །དེའི་བདེ་བ་ནི་དེ་ཉིད་ཡེ་ཤེས་སོ། །བསམ་གཏན་བརྗོད་ཅེས་པ་ནི་བསམ་གཏན་ཞེས་བརྗོད་པའོ། ། འདིར་ནི་དགྱེས་པའི་རྡོ་རྗེའི་རྒྱུད་འདིར་རོ། །གང་ལས་ཤེ་ན། བདེ་བ་གང་གིས་ཏེ་ཡེ་ཤེས་གང་གིས་སོ། །འཆི་བ་ནི་འཆི་བ་ལྟ་བུ་སྟེ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འགགས་པ་སྟེ་གང་ཡེ་ཤེས་ལས་ཐ་དད་པའི་ཡེ་ཤེས་གཞན་རྟོགས་པ་མ་ཡིན་པ་དེའི་དོན་ཏོ། །ཡང་ན་ཕ་ཞེས་པ་ ནི། སྐྱེད་པར་བྱེད་པ་ཐབས་དང་ཤེས་རབ་དབྱེར་མེད་པའི་རང་བཞིན་དུ་རྟོགས་པ་དག་གོ། །ཐོབ་པའི་བདེ་བ་གང་ནི་ཡེ་ཤེས་གང་བསྐྱེད་པའོ། །ཡེ་ཤེས་དེ་ཉིད་བཟའ་བའོ། །རང་གིས་ཞེས་པ་ནི་རང་ལ་རང་དམིགས་པའོ། །བདེ་བ་དེ་ཉིད་ལ་འཆི་བ། །ཞེས་ཀྱང་བརྗོད་དོ། །བདེ་བ་ གང་གིས་ནི་ཡེ་ཤེས་གང་གིས་སོ། །འདིར་བསམ་གཏན་བརྗོད་ནི་འདིར་བསྟན་པ་སྟེ། གནས་པ་ཡིན་པར་རྣམ་པར་གཞག་གོ། །དེ་བས་ན་སྐྱེ་བ་དང་གནས་པ་དང་། འཇིག་པ་རྣམས་ཡེ་ཤེས་གཅིག་ལ་རག་ལས་པ་ཡིན་པས་རྡོ་རྗེ་གསུམ་ཐ་མི་དད་པའི་ཡེ་ཤེས་ཉིད་ནི་ངེས་པ་ཡིན་ ནོ། །ཡང་ན། ཕ་ལས་ཐོབ་པའི་བདེ་བ་གང་། །ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་བསྐྱེད་པ་པོས་བསྐྱེད་པ་ནི་ཡེ་ཤེས་གང་དེ་ཉིད་དོ། །བདག་ཉིད་བཟའ་སྟེ། བདག་ཉིད་ཀྱིས་ཞེས་ཡོངས་སུ་བརྟག་གོ། །དེ་ཡང་བདག་མེད་པ་ཉིད་ཡིན་པར་གསུངས་པ། འཆི་བདེ་ཉིད་ བདེ་བ་ཡིན་པར་བརྗོད་དེ། ཡེ་ཤེས་དེ་ཉིད་འཆི་བ་ཡིན་པར་བརྟག་པ་རྒྱུ་གང་གིས། དེ་བས་ན་ཡེ་ཤེས་དེ་ཉིད་ཀྱིས་བསམ་གཏན་ཡང་བརྗོད་དོ། །བརྗོད་ཅེས་པ་ནི་བསྟན་པའོ། །དེས་ན་འདི་ཐམས་ཅད་བདག་མེད་པ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བའི་དོན་ ཏོ། །ཡང་ན་ཕ་ཞེས་པ་ནི་སྐྱེད་པ་པོ་སྟེ་བསམ་གཏན་དང་བསམ་པར་བྱ་བ་དག་མི་ཕྱེད་པར་རྟོགས་པའོ། །བདེ་བ་གང་ནི་ཡེ་ཤེས་གང་ངོ་། །དེ་ནི་བསམ་གཏན་ཞེས་བརྗོད་དོ། །དེ་ཡང་རང་གིས་བཟའ་ཞེས་པ་ནི་འདི་རང་རིག་པ་ཡིན་ནོ། །དེ་ཡང་བསམ་གཏན་ནི་འཆི་བ་སྟེ་འཆི་བ་ལྟ་བུར་ དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འགགས་པའི་ཕྱིར་རོ། །བདེ་བ་གང་གིས་ནི་ཡེ་ཤེས་གང་གིས་སོ། །འདིར་ནི་འདིར་རྟོགས་པ་སྟེ། དེ་ནི་དེ་ཁོ་ན་ཉིད་དང་ལྡན་པའི་བསམ་གཏན་གྱི་ཡེ་ཤེས་ཞེས་བརྗོད་དོ། །རིམ་པར་ཕྱེ་བ་བཞི་གང་བསྟན་པ་དེ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རིམ་ པར་ཕྱེ་བ་བསྡུས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་དགྱེས་པའི་རྡོ་རྗེ་ལས་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ ཀྱི་ཡེ་ཤེས་ལྔ་ཐ་མི་དད་པ་མིག་ལ་སོགས་པ་བྱིན་གྱིས་བརླབས་པའི་ཡེ་ཤེས་སོ། །སྐུ་གསུང་ཐུགས་ཞེས་པ་ནི་སྐུ་གསུམ་བྱིན་གྱིས་བརླབས་པའི་ཡེ་ཤེས་སོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །དེ་ཁོ་ན་ཉིད་ཅེས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ འཛིན་པའི་རང་བཞིན་འདི་ཐམས་ཅད་ཉིད་ཡིན་ནོ། །ལྔ་པ་ནི་ལྔ་པོ་རྣམས་ནི་རྫོགས་པ་སྟེ་རྒྱས་པའོ། །དེ་བས་ན་རྫོགས་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་རིགས་ ཀྱི་རིམ་པར་ཕྱེ་བའོ། །སྐུ་གསུང་ཐུགས་ཀྱིས་སྔགས་ཀྱི་རིམ་པར་ཕྱེ་བའོ། །དགྱེས་པའི་རྡོ་རྗེས་ལྷའི་རིམ་པར་ཕྱེ་བའོ། །དེ་ཁོ་ན་ཉིད་ཀྱིས་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །ལྔ་པ་ཞེས་པ་དེ་ཁོ་ན་ཉིད་བཞིའི་བདག་ཉིད་ཀྱི་རིམ་པར་ཕྱེ་བའོ། །དཔལ་དགྱེས་པའི་རྡོ་རྗེའི་ རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས། དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་སྟེ་ལེའུ་ལྔ་པའོ།། །།ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་བཞི་རིམ་པར་ཕྱེ་བ་བཞི་དང་། དེ་ཁོ་ན་ཉིད་བཞིའི་བདག་ཉིད་ཡང་དག་པའི་ ཡེ་ཤེས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་བསྟན་ནས། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཇི་ལྟར་འཁྱམ་ཞིང་འཁྱམས་པའི་དེ་ཁོ་ན་ཉིད་ཀྱི་འབྲས་བུ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་གཞན་ཡང་རབ་བཤད་བྱ། །སྤྱོད་པ་ཕ་རོལ་ཕྱིན་མཆོག་རྣམས། །གང་ གིས་དངོས་གྲུབ་མཐར་འགྲོ་བ། །ཀྱེ་ཡི་རྡོ་རྗེ་དངོས་གྲུབ་རྒྱུས། །འདི་ཡི་དོན་ནི་འདི་ཡིན་ཏེ། །སྤྱོད་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་འཁྱམ་པའོ། །དེ་བཤད་བྱ་ནི། གསུང་རབ་ཀྱིས་བསྟན་པར་བྱ་བའོ། །གསུང་རབ་ཅེས་བྱ་བ་ནི། གང་འདི་ཉིད་བྱ་བ་མེད་པས་བྱ་བ་བསྟན་ པའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། ཕ་རོལ་ཕྱིན་ཞེས་པ་སྟེ་རབ་ཏུ་གསལ་བའི་མཐར་ཐུག་པ་ཐོབ་པའོ། །དེ་ཉིད་མཆོག་སྟེ་དམ་པའོ། །དམན་པ་ལ་མོས་པའི་ཉོན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཅིའི་དོན་དུ་སྤྱད་པ་ཉིད་བྱ་བ་ཡིན་པར་གསུངས་པ། གང་ གི་དངོས་གྲུབ་མཐར་འགྲོ་བ། །ཞེས་པ་སྟེ་སྤྱོད་པ་གང་བྱས་པས་དངོས་གྲུབ་མཐར་འགྲོ་བ་ནི་རྟོགས་པ་སྟེ་དངོས་གྲུབ་ཀྱི་མཐར་ཐུག་པའི་རང་བཞིན་རྟོགས་པའོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། དེ་ནས་གཞན་ཡང་ཞེས་པ་སྟེ། དེ་ནས་གཞན་ཡང་ནི་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་ བ་བསྟན་པ་འདི་ལས་འདི་རྒྱུར་གྱུར་པས། མཐུར་ཐུག་གི་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བའི་ཕྱིར། མཆོག་ཁྱད་པར་དུ་འཕགས་པར་འགྱུར་རོ། །གང་དུ་ཞེ་ན། ཀྱེའི་རྡོ་རྗེ་ཞེས་པ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུ་འདིར་རོ། །རྒྱུ་གང་གིས་ཤེ་ན། དངོས་གྲུབ་རྒྱུས་ཏེ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཀྱི་རྒྱུས་སོ། །ཡང་ན་སྤྱོད་པ་བཤད་པར་བྱ། །ཞེས་པ་ནི་བསྟན་པའི་དོན་ཉིད་དོ། །དངོས་གྲུབ་མཐར་འགྲོ་བ་ཞེས་པ་ནི། དངོས་གྲུབ་ནི་རྡོ་རྗེ་འཛིན་པའོ། །དེའི་མཐར་ནི་རང་བཞིན་ནོ། །ཅེས་ཁྱད་པར་དུ་འཕགས་ཤེ་ན། མཆོག་སྟེ་གཙོ་བོའོ། །གང་ལས་ཤེ་ན། མཐའ་བདག་ མེད་མ་སྟེ། རྡོ་རྗེ་འཛིན་པ་དང་བདག་མེད་མ་དག་ཐ་མི་དད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དགྱེས་པའི་རྡོ་རྗེ་ཞེས་པ་སྟེ། གཉིས་སུ་མེད་པར་རྟོགས་པ་ལས་སོ། །དེ་ཉིད་ཅིའི་དོན་དུ་རྟོགས་པ་ཡིན་པར་གསུངས་པ་དངོས་གྲུབ་རྒྱུས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་ཡིན་གྱི་གཞན་ དུ་ནི་མ་ཡིན་པ་ཉིད་དོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་མཚན་ཉིད་བསྟན་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཀྱི་རང་བཞིན་གྱི་རྒྱན་འཆང་བའི་ཕྱིར་གསུངས་པ། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་པ་སྨོས་ཏེ། རྣལ་ འབྱོར་པས་རྒྱན་བྱ་བའོ། །དེ་ཅི་ཞེ་ན། རྣ་ཆ་བཟང་ཞེས་པ་སྟེ། ལྷའི་བདག་ཉིད་ཀྱི་ལྷའི་རྣ་རྒྱན་ལ་སོགས་པའི་ལྷའི་རྣམ་པར་དག་པའི་ཕྱིར་རོ། །འདིས་ནི་རྣ་རྒྱན་ཕྱག་རྒྱ་རྣམ་པར་དག་པས་ལྷ་གང་ཡིན་པའི་ལྷ་དེ་ཉིད་ཀྱི་མཚན་མ་ཉིད་དུ་དེ་ལ་དམིགས་ནས་རབ་ཏུ་གནས་པ་ལ་སོགས་ པ་བྱས་ནས་རྣ་བ་དག་ལ་ཡོངས་སུ་གདགས་པར་བྱའོ། །མཛེས་པའི་སྒྲ་ནི་ཀུན་ལ་གཞུག་པར་བྱའོ། །འཁོར་ལོ་ལག་གདུབ་ལ་སོགས་པ་རྣམས་ལ་འདིར་ཡང་སྔ་མ་བཞིན་དུ་བྱའོ། །ཡང་རྐང་གདུབ་རྡོ་རྗེ་ཐོད་པའི་ཕྱག་རྒྱ་བྱའོ། །དཔུང་རྒྱན་སླར་རྡོ་རྗེ་འཛིན་པ་ཉིད་ཀྱི་ཕྱག་རྒྱའོ། ། སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིས། །ལག་སྐོར་གཉིས་སོ། །རྐེད་པ་ལ་ཡང་སྐ་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་པོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་པ་ལ་མགྲིན་པར་ནི་རཾ་ཤུའི་ མགུལ་རྒྱན་བྱའོ། །འདིས་ཅི་བསྟན་ན། རྣ་ཆ་ལ་སོགས་པ་གང་ཅི་བསྟན་པ་དེ། ཐམས་ཅད་རུས་པ་ཁོ་ནས་བྱ་སྟེ། རུས་པ་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་མེད་པའི་རང་བཞིན་ཉིད་ཡིན་ནོ། །རྒྱན་རྣམས་ཐམས་ཅད་ཉིད་ ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་བཅང་བར་བྱའོ། །ཡང་ན་སྒོམ་པ་པོ་ཡིས་ནི། དེ་ཁོ་ན་ཉིད་དང་ལྡན་པས་མཛེས་པའི་རྣ་རྒྱན་ཏེ། རྣ་ཆ་འོད་དཔག་མེད་ཀྱི་བདག །ཅེས་པའི་ཚིག་གིས་སོ། །དེ་ཡང་རྣ་རྒྱན་མཛེས་པ་ སྟེ། །དེ་ཡང་འོད་དཔག་མེད་ལྷ་ཐམས་ཅད་ཀྱི་རང་བཞིན་ནོ། །ཇི་ལྟར་ཞེ་ན། རྣ་བ་དག་ལ་ཨཱ་ལི་ཀཱ་ལི་གཉིས་ཀྱི་ནཱ་ད་གཉིས་རྫོགས་པའི་ཕྱིར་རོ། །དེ་ཉིད་རྣམ་པར་སྣ་ཚོགས་པའི་ཚུལ་གྱིས་དེ་འཆང་བ་སྟེ་དབྱེར་མེད་པ་བྱས་ནས། རྣམ་པར་འཆང་བ་གསུང་རྡོ་རྗེའི་རང་བཞིན་ལོངས་ སྤྱོད་རྫོགས་པའི་སྐུས་སོ། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་པ་ནི་དཀྱིལ་འཁོར་བའི་བདག་པོ་ཡིས་ན་འཁོར་ལོ་མི་བསྐྱོད་པའོ། །དེ་ཡང་སྤྱི་བོར་ནི། གང་ཞིག་བདེ་བ་ཆེན་པོའི་གནས། །ཞེས་པའི་ཚིག་གིས་སོ། །རྣམ་པར་འཛིན་ཅེས་པ་ནི། དེ་ཉིད་འཁོར་ལོ་མི་བསྐྱོད་པ་ གཟུགས་སྣ་ཚོགས་པ་བཏགས་ནས་འཆང་ཞིང་དབྱེར་མེད་པར་འཛིན་པ་དེ་བྱ་བའི་ཚུལ་དེས་བཅང་བར་བྱའོ། །ཨ་བདག་མེད་མ་ཡིན་ལ་བདག་མེད་མ་དང་ཐ་མི་དད་པ་ཉིད་མི་བསྐྱོད་པ་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུའོ། །ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ་ནི། ལྔ་ པོ་གཉིས་ཀྱི་བདག་ཉིད་དེ་ཡུལ་དང་དབང་པོའི་རང་བཞིན་གཉིས་དག་གོ། །ལག་གདུབ་ཀྱི་སྒྲ་ནི། རྣམ་པར་སྣང་མཛད་ཀུན་དུ་སྣང་བའི་མཚན་ཉིད་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྟེ། ལག་གདུབ་རྣམ་པར་སྣང་མཛད་ཡིན། །ཞེས་པའི་ཚིག་གིས་སོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་བདག་ ཉིད་དུ་བརྗོད་པས་ཡང་དག་པར་རིག་པ་ཀུན་དུ་སྣང་བ་རབ་ཏུ་གསལ་བའི་བདག་ཉིད་སྐུ་གསུམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་བྱའོ། །རྒྱན་ནི་རྒྱན་ཏེ་དེ་ལྟར་ཡང་དག་པར་བརྒྱན་པ་ཡིན་ནོ། །འདི་རྣམས་ཉིད་ཐབས་དང་དབྱེར་མི་ཕྱེད་པར་བསྟན་པའི་ཕྱིར་གསུངས་པ། རྐེད་པ་ལ་ ཡང་སྐ་རགས་ཉིད། །ཅེས་པ་སྟེ། ཀ་ནི་བདེ་བ་ཆགས་པའི་མཚན་ཉིད་དོ། །དེར་འགྲོ་ཞིང་ཤིན་ཏུ་འདའ་བར་བྱེད་པས་རྐེད་པ་སྟེ། བདག་མེད་མའོ། །དེ་ཡང་རྟེན་དང་བརྟེན་པ་དེ་ཡིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་རང་བཞིན་གྱི་ཕྱིར། སྐ་རགས་དོན་ཡོད་གྲུབ་པ་སྟེ་སྐུ་རྡོ་ རྗེའོ། །འོད་དཔག་ལ་ནི་དོན་ཡོད་བཞུགས། །ཞེས་བྱ་བའི་ཚིག་གིས་སོ། །ཀུན་རྫོབ་དང་དོན་དམ་པ་དབྱེར་མི་ཕྱེད་པའི་སྐུ་རྡོ་རྗེ་ཡིན་ནོ། །རྐང་པར་དེ་བཞིན་རྐང་གདུབ་བོ། །ཞེས་པ་ནི་གཉི་གའི་ཡེ་ཤེས་ཉིད་དབྱེར་མེད་པ་རྐང་གདུབ་སྟེ་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །དེ་ བཞིན་ཞེས་པ་ནི་གཉི་ག་དབྱེར་མེད་པ་ཉིད་གསུང་རྡོ་རྗེ་ཡིན་ནོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །ཅེས་པ་ནི་བྱང་ཆུབ་སེམས་སོ། །ཨ་བདག་མེད་མའོ། །དེའི་རང་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཡིན་པས་པའོ། །ཧ་ནི་རྡོ་རྗེ་འཛིན་པའོ། །དེ་ཡང་ཨུ་རྡོ་རྗེ་མཁའ་འགྲོ་མས་བརྒྱན་ པའོ། །དེ་ལྟར་ཧཱུཾ་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ཏེ་གཉི་ག་དབྱེར་མེད་པའི་གཉི་གའི་བདག་ཉིད་གང་དེ་ནི་ཕུང་པོའི་སྒྲའོ། །དེ་ཉིད་རྩ་བ་ཡིན་ཏེ་དང་པོ་གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཨུ་སྦོས་མོ་སའོ། །སྦོས་ མོ་ས་ཡི་ཁམས་སུ་བཤད། །ཅེས་བྱ་བའི་ཚིག་གིས་སོ། །ཀ་ཆུའི་ཁམས་སོ། །ཡ་རླུང་གི་ཁམས་སོ། །ར་མེའི་ཁམས་སོ། །ཨེ་ཆོས་འབྱུང་ནམ་མཁའི་ཁམས་ཡིན་ཏེ། དཔུང་རྒྱན་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་བྱེད་པའོ། །གཉི་ག་དབྱེར་མེད་པ་ཉིད་ཐུགས་ རྡོ་རྗེ་ཡིན་ནོ། །མགྲིན་པར་རུས་པའི་ཕྲེང་བ་ཉིད། །ཅེས་པ་ནི་མགྲིན་པའི་སྒྲས་མགྲིན་པ་སྟེ། དེ་ཡང་ལོངས་སྤྱོད་ཀྱི་འཁོར་ལོ་དེ་འདྲ་མ་བཅུ་དྲུག་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་པའོ། །དེ་ལ་རྟེན་དང་བརྟེན་པའི་དངོས་པོས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དེས་རུས་པ་ནི་རཾ་ཤུ་ ཆོས་ཀྱི་དབྱིངས་རང་བཞིན་ཡིན་པའི་ཕྱིར་མཁའ་འགྲོ་མ་རྣམས་ཏེ་དེ་ཉིད་རྒྱན་ནོ། །མེ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་སྤྲོ་བའི་ཚུལ་ཉིད་ཀྱིས་ཡིན་ནོ། །དང་པོ་ཐ་མའི་རྣ་རྒྱན་དང་མགུལ་རྒྱན་དག་འོད་དཔག་མེད་དང་རིན་ཆེན་འབྱུང་ལྡན་ཁུ་བ་དང་ཁྲག་གི་ཚུལ་རྡོ་རྗེ་འཛིན་པ་ དང་། །བདག་མེད་མ་གཉིས་སྐྱེ་བ་དང་འཇིག་པའི་རང་བཞིན་ཟླ་བ་དང་ཉི་མའི་ངོ་བོ་དག་གོ། །རིན་ཆེན་འབྱུང་ལྡན་གྱི་རང་བཞིན་འདི། མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཞེས་པའི་ཚིག་གིས་སོ། །ཀཱ་ལིའི་ནཱ་ད་དང་ཨཱ་ལིའི་ནཱ་ད་དབྱེར་མེད་པ་དག་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔའི་ བདག་ཉིད་བཞི་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དང་ལྡན་པའི་རྒྱན་བསྟན་ཟིན་པའི་དོན་ཏོ། །གཞན་ཡང་གསུངས་པ། དེའི། བགོ་བ་སྟག་གི་པགས་པ་ཉིད། །བཟའ་བ་མི་འཆི་བཅུ་ཕྱེད་དེ། །ཞེས་པ་ནི། བདུད་ རྩི་ལྔའོ་མ་ལ་སོགས་པའོ། །བདུད་རྩི་ཡང་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་དེ། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡང་ངོ་། །ཡང་ན་བགོ་ཞེས་པ་ཡོངས་སུ་ནི་ཐམས་ཅད་ལས་སོ། །བགོ་བ་ནི་དམིགས་པ་སྟེ་ཡོངས་སུ་བགོ་བའོ། །དེ་གང་ཞེ་ན། སྟག་གི་པགས་པ་ཞེས་པ་སྟེ་སྣ་ ཚོགས་པའི་གཟུགས་ཀྱིས་སྤྲོ་བའི་ང་དག་ཉིད་ཀྱི་དེས་སོ། །དེ་ཉིད་བཟའ་བ་སྟེ་འཁྲིལ་བའོ། །བདུད་རྩི་བཅུ་ཕྱེད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་ཡེ་ཤེས་བསྡུ་བའི་རང་བཞིན་ཡིན་ནོ། །དེ་ལྟར་རྡོ་རྗེ་གསུམ་དབྱེར་མེད་པའི་སྐུ་རྡོ་རྗེའི་རིགས་ཀྱི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་ བསྟན་ཏོ། །འདིར་ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་རིགས་ལྔ་རྣམས་སུ་འཁྱམ་པར་བྱ་སྟེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དང་མཐར་སྐྱེས་དང་ལྔ་པོ་རྣམས་སུའོ། །ཡང་ན། རྡོ་རྗེའི་རིགས་དང་། པདྨའི་ རིགས་དང་། ལས་ཀྱི་རིགས་དང་། རིན་པོ་ཆེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་རྣམས་སུའོ། །དེ་ཇི་ལྟར་ཡིན་པ་གསུངས་པ། རིགས་ལྔ་དག་དང་ཡང་དག་ལྡན། །རིགས་གཅིག་ཏུ་ནི་རྣམ་པར་བརྟགས། །ཞེས་པ་ལ། རིགས་ལྔ་འདྲེས་པར་གྱུར་པ་གང་དེ་ཉིད་ རིགས་གཅིག་སྟེ་རིགས་གཅིག་པ་ཉིད་དོ། །དེ་ཡང་སླར་བརྟགས་པ་སྟེ་གཅིག་ཏུ་གྱུར་པ་ཡང་བག་ཆགས་ཀྱིས་བརྟགས་པ་ཡིན་ནོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། དུ་མའི་རིགས་ནི་གཅིག་པས་ན། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་པ་ལ། གཅིག་ཀྱང་ནི་ རྒྱུ་གང་གི་ཕྱིར་དབྱེ་བ་ཐ་མི་དད་པའོ། །མཚོན་མི་བྱ་ཞེས་པ་ནི་མ་གཏོགས་པའོ། །ཡང་ན། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཅེས་པ་ནི་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་སྐྱེས་བུའོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་འཁྱམས་པ་སྤྲོ་བའོ། །གང་དུ་ཞེ་ན། རིགས་ལྔ་ལས་ཏེ། མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་ལའོ། །གང་ལས་ཤེ་ན། རིགས་ལྔ་དག་དང་མཉམ་ལྡན་པ་སྟེ། ཡེ་ཤེས་ལྔ་ལ་མཉམ་པའི་ཚུལ་གྱིས་དེ་འཇུག་གོ། །རིགས་ནི་གཅིག་ཏུ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཡང་རྣམ་པར་བརྟགས་པ་ནི་ངེས་པའོ། །ཇི་ལྟར་ ཞེ་ན། གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱིས་དུ་མར་སྤྲོས་ལ། དོན་དམ་པའི་བདེན་པའི་བདག་ཉིད་ཀྱིས་རིགས་གཅིག་ཏུ་བསྡུས་པས་སོ། །དབྱེ་བ་ནི་སོ་སོར་རོ། །མཚོན་མི་བྱ་བ་ནི་མ་གཏོགས་པའོ། །ཡང་ན་རིགས་ལྔ་ཞེས་པ་ནི་ཡི་གེ་ལྔ་རྣམས་ཏེ། ཀ་ཁ་ག་གྷ་ང་། རྣམས་སུ་འཁྱམས་པའོ། །རྣམ་པ་སྣ་ཚོགས་པའི་རང་བཞིན་སྤྲོས་པར་གྱུར་པའོ། །ཇི་ལྟར་ཞེ་ན། རིགས་ལྔ་དག་ཀྱང་མཉམ་ལྡན་པ། །ཞེས་པའི་ཀྱང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། ཕན་ཚུན་དུ་རིགས་ལྔ་རྣམས་ཀྱིས་དེ་ཡང་དག་པར་བསྡུས་སོ། །རིགས་གཅིག་ཏུ་ནི་གང་ བརྟགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་གང་ངེས་པ་དེ་ཉིད་ཡེ་ཤེས་ལྔའོ། །གང་ཧེ་རུ་ཀའི་རྣལ་འབྱོར་ནི་ཧེ་རུ་ཀས་སྦྱོར་བ་སྟེ། ཧེ་རུ་ཀའི་རྣལ་འབྱོར་རོ། །དེའི་སྐྱེས་བུའི་རྣལ་འབྱོར་པའོ། །དེ་ཉིད་ཇི་ལྟར་གྱུར་པ་དེ་གསུངས་པ། རིགས་ ནི་དུ་མ་གཅིག་གིས་ཀྱང་གང་གི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་དབྱེ་བ་སྣ་ཚོགས་སུ་རྟོགས་པ་མ་ཡིན་ནོ། །རིགས་དུ་མས་ཀྱང་གང་གི་ཕྱིར་དབྱེ་བ་མཚོན་མི་བྱ་སྟེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་གང་གི་ཕྱིར་ཁྱད་པར་ཉིད་མེད་དོ། ། དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པས་གང་དུ་འཁྱམ་པར་བྱ་བ་ཡིན་པ་དེ་གསུངས་པ། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའམ་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་བྱ་བ་ལ། ཤིང་གཅིག་ཅེས་བྱ་བ་ནི་ཤིང་ གཞན་གྱི་གྲིབ་མས་གང་ལ་མ་ཕོག་པ་དེ་ནི་ཤིང་གཅིག་ལ་གདོན་མི་ཟ་བར་གནོད་སྦྱིན་ཆགས་པ་ཡིན་ཏེ། དེའི་བྱིན་རླབས་ཀྱིས་ཏེ་དོགས་པ་མེད་པ་དེའི་ཚེ་དེ་ཁོ་ན་ཉིད་སྤྱོད་ལ་དེ་འབྲས་བུར་འགྱུར་རོ། །དུར་ཁྲོད་དང་ཞེས་པ་ནི། དུར་ཁྲོད་ཀྱི་ས་གཞིར་ཡང་ཡི་དགས་ལ་སོགས་པས་བྱིན་ གྱིས་རློབ་སྟེ། དེར་ཡང་འདི་དོགས་པ་དང་བྲལ་ནའོ། །མ་མོའི་ཁྱིམ་ཞེས་པ་ནི། བསེ་མོ་ལ་སོགས་པ་རབ་ཏུ་གཏུམ་པའི་ལྷས་བྱིན་གྱིས་བརླབས་པ་འདིར་འཇིགས་པ་མེད་ནའོ། །བཞི་མདོར་ཞེས་པ་ནི་གང་དུ་ལམ་བཞི་གཅིག་པ་དེར་ལྷ་ཚོགས་པ་ཡིན་ཏེ། འདིར་ ཡང་བརྩོན་འགྲུས་དམན་པས་གནས་པར་མི་ནུས་སོ། །དེ་བཞིན་དུ་མཚན་ཕྱེད་དང་ཞེས་པ་ནི་སྐྱེས་བུ་ཀུན་གཉིད་ལོག་པའི་དུས་ནི་མཚན་མོ་སྟེ་ལྷ་མ་ཡིན་ལ་སོགས་པ་རྒྱུའོ། །དེར་ཡང་དེ་ནི་དོགས་པ་མེད་པ་ཡིན་ནོ། །ཡང་ན་དབེན་པ་ནི། རི་བོ་ཚང་ཚིང་ལ་སོགས་པ་རྒྱུ་བའི་གནས་ ཡིན་པའི་ཕྱིར་རོ། །དེ་ཡང་འཇིགས་པ་མེད་པར་གནས་པར་བྱའོ། །བས་མཐའ་ཞེས་པ་ནི། བར་ཐག་ཤིན་ཏུ་རིང་བས་ཆོད་པའི་ཕྱོགས་རྒྱ་མཚོའི་ནང་གི་གླིང་མ་ལ་སོགས་པའོ། །དེར་ཡང་ཀླུ་ལ་སོགས་པས་བྱིན་གྱིས་བརླབས་པས་འཇིགས་པ་མེད་པར་དེར་ཡང་རྟོག་པ་མེད་པར་ བྱའོ། །འདི་ལྟ་བུའི་གལ་ཏེ་སྤྱོད་པ་བྱེད་པར་འདོད་པས་བྱ་བའི་སྒོ་ནས་སོ། །ཅུང་ཟད་དྲོད་ནི་ཐོབ་ན་བྱ། །ཞེས་པ་ལ། ཅུང་ཟད་ཀྱི་དྲོད་ཀྱི་སྒྲས་ལྟ་སྟངས་བཞིའི་དེ་ཁོ་ན་ཉིད་གྲུབ་པ་ནའོ། །འདི་མེད་ན་དོགས་པ་མེད་པར་མི་འགྱུར་རོ། །གལ་ཏེ་འདི་ལྟ་བུའི་སྤྱོད་པ་དཀའ་བས་དེས་ཅིའི་ ཕྱིར་འདི་བྱེད་པ་ཡིན་ཞེ་ན་གསུངས་པ། གལ་ཏེ་འདོད་ཡོན་དངོས་གྲུབ་བའང་འགྱུར། །འདིས་ནི་སྤྱོད་པ་སྤྱད་པ་ཉིད། །ཅེས་པ་ལ་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །འགྱུར་བ་ནི་ཐོབ་པའོ། །གལ་ཏེ་ནི། གང་གི་ཕྱིར་གྱི་དོན་ཏོ། །འདོད་ཡོན་ནི་ཡོད་པའོ། །འང་གི་སྒྲ་ནི་ དེའི་ཕྱིར་གྱི་དོན་ཏོ། །འདིས་ནི་སྤྱོད་པ་ཞེས་པ་ནི་འདིས་གནས་པའོ། །སྤྱོད་པ་ནི་རྒྱུ་བའོ། །ཡང་ན་ཤིང་གཅིག་ཅེས་བྱ་བ་ནི་ཤིང་དང་འདྲ་བས་ན་ཤིང་སྟེ། སྤྲོ་བའི་ཚུལ་གྱིས་ཡལ་ག་དང་ཟར་བུ་བའི་བདག་ཉིད་ཅན་ནོ། །གཅིག་ནི་ཟླ་མེད་པ་སྟེ་སྐུ་རྡོ་རྗེའོ། །དུར་ཁྲོད་དང་ཞེས་པ་ནི། ཆོས་ཀྱི་ དབྱིངས་ཀྱི་གནས་དེ་ནཱ་ད་ཕྲེང་གཉིས་ཀྱི་རང་བཞིན་གསུང་རྡོ་རྗེའོ། །མ་མོའི་ཁྱིམ་ཞེས་པ་ནི་མ་མོ་མཁའ་འགྲོ་མ་སྟེ་ཉེ་བར་མཚོན་པའི་ཕྱིར། དེ་དག་ཐ་མི་དད་པའི་དེ་བཞིན་གཤེགས་པ་དང་དེ་རྣམས་ཀྱིའོ། །ཁྱིམ་ནི་གནས་ཏེ་ཐུགས་རྡོ་རྗེ་སྟེ་དེ་རུའོ། །བཞི་མདོ་ཞེས་པ་ནི། རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་ འཛིན་པའོ། །མཚན་ཕྱེད་ཅེས་པ་ནི་མཚན་མོ་ཕྱེད་དེ་གང་གིས་མཚན་མོ་སོ་སོར་བྱས་པ་དེ་ནི་ཉིན་མོ་སྟེ་ཉིན་མཚན་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་བདག་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་མཚན་ཕྱེད་པ་ཞེས་པ་འདིའི་དོན་ཏོ། །མངོན་པར་ གསལ་བར་བྱས་པའོ། །ཡང་ན་དབེན་པའམ་བས་མཐའ་རུ། །ཞེས་པ་ནི་སྐྱེ་བོ་སྣ་ཚོགས་པ་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དུའོ། །བས་མཐའ་ཞེས་པ་ནི་མི་སྣང་བས་ཏེ་སྤྱོད་ཡུལ་དུ་མ་གྱུར་པ་དེར་རོ། །གཉི་ག་ལ་ཡང་གཉི་ག་ཡོད་པ་མ་ཡིན་ནོ། །ཤིང་གཅིག་ གིས་སྐུ་རྡོ་རྗེ་བསྟན་པའི་ཕྱིར་རོ། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བའོ། །དུར་ཁྲོད་ཀྱིས་ཀྱང་གསུང་རྡོ་རྗེ་བསྟན་པའི་ཕྱིར་སྔགས་ཀྱི་རིམ་པར་ཕྱེ་བའོ། །མ་མོའི་ཁྱིམ་གྱིས་ཐུགས་རྡོ་རྗེ་བསྟན་པའི་ཕྱིར་ལྷའི་རིམ་པར་ཕྱེ་བའོ། །བཞི་མདོ་ཞེས་པས་རྡོ་རྗེ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་སྟེ་ སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བའི་རིམ་པ་ཕྱེ་བའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པས་མཚན་ཕྱེད་ཡིན་ཏེ། དེ་ཉིད་གཉི་གའི་བདག་ཉིད་ཀྱི་དཀྱིལ་འཁོར་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་ དཀྱིལ་འཁོར་གཉིས་ཀྱི་རང་བཞིན་ཡིན་པས་དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བའོ། །དེ་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་སྤྱོད་པ་བྱེད་པར་ནུས་པ་ཡིན་ནོ། །དེ་བས་ན་རྣལ་འབྱོར་པ་འདིས་སྤྱོད་པ་བྱེད་འདོད་པ་སྟེ་བྱ་བའི་སྒོ་ནས་སོ། །དེ་བས་ན་ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་པ་ནི། ལྟ་ སྟངས་བཞི་ལ་སོགས་པའི་ནུས་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ན་གང་སྤྱོད་པ་བྱེད་པར་འདོད་པ་དེ་སྦྱར་བར་བྱ་བ་ཉིད་ཡིན་ནོ། །སྤྱོད་པ་ཉིད་ཅིའི་དོན་དུ་ཡིན་པ་གསུངས་པ། དངོས་གྲུབ་འགྱུར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རོ། ། གང་འདི་འདོད་པར་གྱུར་པ་དེས་སྤྱོད་པ་འདི་སྤྱད་དེ་འཁྱམ་མོ། །འདི་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བརྗོད་དོ། །འདི་མེད་པར་ཡང་དག་པའི་དངོས་གྲུབ་ཐོབ་པ་མ་ཡིན་ནོ། །རྡོ་རྗེ་གསུམ་དབྱེར་མེད་པའི་གསུང་རྡོ་རྗེ་སྔགས་ཀྱི་རིམ་པར་ཕྱེ་བས་མདོར་བསྟན་ནས་རྒྱས་པར་བསྟན་པ་ ཡིན་ནོ། །འདིས་ནི་སྤྱོད་པ་ཞེས་བསྟན་པ་དེའི་དོན་ནི་འདི་ཡིན་ཏེ། འདིས་ནི་ཞེས་བསྟན་ཟིན་པས་སམ། འཆད་པར་འགྱུར་བས་རིགས་ལྔ་ལ་སོགས་པ་དབྱེར་མེད་དུ་རྟོགས་པས་ཤིང་གཅིག་ལ་སོགས་པ་རྣམས་སུ་རྒྱུ་བར་ནུས་པ་ཡིན་ནོ། །དེ་ནས་ཡང་དྲོད་ཐོབ་པར་ འགྱུར་ཏེ། དེ་ནས་ཡང་ཀུན་དུ་བཟང་པོའི་སྤྱོད་པ་ནུས་སོ། །དེས་ན་དངོས་གྲུབ་དོགས་པ་མེད་པར་འབྱུང་བའོ། །དངོས་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་སྔོན་དུ་འགྲོ་བ་ཉིད་ཀྱིས་བདེན་པ་གཉིས་ཁྱད་པར་འཕགས་པའི་ཕྱག་རྒྱ་རྙེད་པ་དེ་ཁྱེར་ནས་སྤྱོད་པ་སྤྱད་པར་བྱའོ། །ཤིན་ཏུ་བཞིན་བཟངས་ མིག་ཡངས་མ། །རང་གིས་དབང་བསྐུར་རྡོ་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་རྟོགས་པར་བྱ། །རང་གིས་དབང་བསྐུར་ཞེས་པ་ནི་བདག་ཉིད་ཀྱིས་དཀྱིལ་འཁོར་ལ་སོགས་པའི་བྱ་བ་གང་ཆུ་ལ་སོགས་པའི་ཆོ་གས་དབང་བསྐུར་ནས་ཤིན་ཏུ་རྣམ་པར་དག་པར་བྱས་ པའོ། །ཡང་ན། རང་གི་ཆུང་མ་སྙིང་རྗེ་ཅན། །ཞེས་པ་ནི་གཞན་གྱི་དོན་ལ་འཇུག་པའོ། །སྙིང་རྗེ་མནན་འགྲུབ་མི་འགྱུར་ཞེས་པའི་ཚིག་གིས་སོ། །རྡོ་རྗེ་བུ་མོ་ཞེས་པ་ནི་རྡོ་རྗེའི་རིགས་དང་ལྡན་པ་ལོ་བཅུ་དྲུག་མའོ། །འདི་ཞེས་པ་ནི་འདི་ལྟ་བུའོ། །ཁྱེར་ནས་ནི་བླངས་ནས་སྤྱོད་པ་བྱ་བའོ། ། འང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ་སྤྱོད་པ་དམ་པ་བྱེད་དོ་ཞེས་རྟོགས་པར་བྱའོ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་གཟུགས་ཀྱིས་བྱ། །ཞེས་པ་ལ། །རང་འདོད་ལྷ་ཞེས་པ་ནི་བདག་གི་འདོད་པའི་ལྷ་གང་ཡིན་པ་དེའི་རིགས་ཀྱིས་སོ། །རྣལ་འབྱོར་པ་གང་དཀར་པོ་ཆེ། །དེའི་ལྷ་ནི་ རྣམ་སྣང་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །རིགས་དེས་ཀྱང་ཡིན་ནོ། །དེ་ཡང་གལ་ཏེ་མ་རྙེད་ན་དེའི་ཚེ་ཡང་ན་ཞེས་པ་སྟེ་ཕྱོགས་གཞན་ནོ། །གཞན་གྱི་རིགས་ལས་བྱུང་བ་ཞེས་པ་ནི་རིགས་ཐ་དད་པ་ལས་སོ། །བྱང་ཆུབ་ས་བོན་བཅུག་པས་སྦྱངས་ཏེ་ཞེས་པ་ལ། བྱང་ཆུབ་ ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་ས་བོན་ཏེ་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཅུག་པ་ནི་དམིགས་པར་བྱས་པས་སོ། །སྦྱངས་ཏེ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཁྱེར་ནས་ནི་བླངས་ནས། སྤྱོད་པ་བྱ་བར་ རྟོགས་པར་བྱ། །ཞེས་ཡང་སླར་བརྗོད་དོ། །ཡང་ན་བཞིན་བཟངས་ནི་བརྗོད་པ་ཡིན་པས་ཁའོ། །དེ་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །བཞིན་བཟངས་ནི་ཡིད་འཕྲོག་པའོ། །གང་ལ་དེ་ཡོད་པ་དེ་ནི་བཞིན་བཟངས་མ་སྟེ་གསུང་རྡོ་རྗེ་མའོ། །མིག་ཡངས་མ་ཞེས་པ་ནི་ཡངས་པ་ནི་རྒྱ་ ཆེ་བ་སྟེ་ཁམས་གསུམ་ལ་ཁྱབ་པའོ། །མིག་ནི་ལྟ་བའོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གང་དེ་ནི་མིག་ཡངས་མ་ཐུགས་རྡོ་རྗེ་མ་སྟེ་དེའོ། །རང་གིས་དབང་བསྐུར་ནི་དབང་བསྐུར་བ་ལ་ཐུག་པས་སྐུ་རྫོགས་པའི་སྐུ་རྡོ་རྗེ་མ་སྟེ་དེའོ། །སྙིང་རྗེ་ཅན་ཞེས་པ་ནི་འགྲོ་བའི་དོན་གྱི་བྱ་བ་ལ་འཇུག་ པའི་ཕྱིར་བདེན་པ་གཉིས་ཀྱི་རང་བཞིན་ཏེ་དེ་ཡང་ངོ་། །དེ་བས་ན་རྡོ་རྗེ་བུ་མོ་ནི་རྡོ་རྗེ་མི་ཕྱེད་པའི་ཕྱིར་རོ། །བུ་མོ་ནི་འོད་གསལ་གྱི་ཕྱིར་སྤྲོ་བའི་རང་བཞིན་ཉིད་རབ་ཏུ་གསལ་བའི་བདག་ཉིད་ཡིན་པས་རྡོ་རྗེའི་བུ་མོ་སྟེ་དེའོ། །འདི་ཞེས་པ་ནི་འདི་ལྟ་བུ་ཁྱེར་ནས་དངོས་སུ་འཁྱམ་པར་བྱ་བར་རིགས་ པ་ཡིན་ནོ། །རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷའི་རིགས་ཀྱིས་བྱའོ། །ཞེས་པ་ལ་རྡོ་རྗེ་ནི་མི་ཕྱེད་པའོ། །འདིའི་རང་བཞིན་གྱིས་ན་རིགས་ནི་བགྲངས་ནས་ཡོངས་སུ་གཅོད་པས་ན་རྡོ་རྗེའི་རིགས་སོ། །ཚུལ་འདིས་མེད་པ་ནི་དངོས་མེད་པའོ། །དེའི་ཕྱིར་རྡོ་རྗེ་རིགས་ཀྱི་དངོས་མེད་པ་ བདག་མེད་པ་རྟོགས་པའོ། །རང་འདོད་ལྷའི་རིགས་ཀྱིས་བྱའོ། །ཞེས་པ་ནི། རང་གི་སྒྲ་ནི་རྣམ་པར་ཤེས་པའོ། །འདོད་ལྷ་ཞེས་པ་ནི་རྣམ་པར་ཤེས་པ་དེས་འདོད་པ་བཙལ་བས་ཁྱབ་པ་གང་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཡོངས་སུ་བཅད་པས་ཀྱང་ངོ་། །རྣམ་པ་གཉིས་ཀ་ ཡང་དབྱེར་མེད་པར་བྱས་པ་ཀུན་དུ་བཟང་པོའི་སྤྱོད་པ་ལ་འཇུག་པ་ཡིན་པར་དགོངས་སོ། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །གཞན་གྱི་རིགས་ལས་བྱུང་ཞེས་པ་ལ། གཞན་ནི་ཟླ་མེད་པ་གཅིག་གོ། །དེས་གང་གི་རིགས་ཡོངས་སུ་གཅད་པ་དེ་ནི་གཞན་རྡོ་རྗེ་འཛིན་ནའོ། །དེ་ལས་བྱུང་ བ་ནི་དེར་གྱུར་པར་བྱུང་བ་རབ་ཏུ་གསལ་ཏེ། འཁོར་བ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་གང་བདག་མེད་པ་དེ་ནི་དོན་དམ་པའི་བདེན་པའི་རང་བཞིན་ནོ། །ཅིས་ཁྱད་པར་དུ་འཕགས་ཤེ་ན། བྱང་ཆུབ་ཀྱི་ས་བོན་བཅུག་པ་ནི་བྱང་ཆུབ་ཀྱི་ས་བོན་བཅུག་པ་སྟེ་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་ ཤེས་སོ། །དེ་ཉིད་ས་བོན་ནོ། །དེར་གཞུག་པ་ནི་དམིགས་པའོ། །དེས་སྦྱངས་པ་ནི་འདུས་བྱས་པའི་ཚུལ་ཅན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འདིས་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱིས་དོན་དམ་པའི་བདེན་པའི་རང་བཞིན་ཉིད་དེ། དོན་དམ་པའི་བདེན་པའི་ ཚུལ་གྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཉིད་ཡིན་ནོ། །གཉི་ག་དབྱེར་མེད་པ་བདག་མེད་རྣལ་འབྱོར་མ་རྡོ་རྗེ་གསུམ་དབྱེར་མེད་པ་ཐུགས་རྡོ་རྗེ་ལྷའི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་བསྟན་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་དང་ལྡན་པའི་རྣལ་འབྱོར་པས་སྤྱོད་པ་བྱ་བར་རིགས་ པ་ཡིན་ཏེ། དེ་གལ་ཏེ་དགའ་བའི་དབང་གིས་གླུ་ལེན་པར་བྱེད་ན། དེའི་ཚེ་དེ་ཇི་ལྟ་བུ་ཡིན་པ་གསུངས་པ། གལ་ཏེ་དགའ་བས་གླུ་བླངས་ཏེ། །འོན་ཀྱང་དགའ་བ་རྡོ་རྗེ་མཆོག་དང་ལྡན་པའི་རྡོ་རྗེའི་གླུ་དེས་བླངས་ཏེ་འདི་ཉིད་ཐར་པའི་རྒྱུ་ཡིན་ནོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་ པའི་རྒྱུས་ནི་གར་བྱས་ཏེ། །འོ་ན་རྡོ་རྗེའི་རྐང་པས་གར། །ཡོ་གིའི་མཉམ་པར་བཞག་པས་བྱེད། །ཅེས་བྱ་བ་ནི་གལ་ཏེ་དགའ་བ་སྐྱེས་ནས་རྣལ་འབྱོར་པ་གར་རྩོམ་པ་ལ་འཇུག་པར་འགྱུར་བ་དེའི་ཚེ་གར་དང་བྲོའོ། །གང་གིས་ཤེ་ན། རྡོ་རྗེ་རྐང་པས་ཏེ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ ཀྱི་རོ་མནན་པ་ཇི་ལྟ་བ་བཞིན་གྱི་རྐང་པས་དཔལ་ཧེ་རུ་ཀ་གནས་པ་དེ་བཞིན་དུ་རྡོ་རྗེའི་རྐང་པས་ཏེ། གཡས་བརྐྱང་བ་ལ་སོགས་པ་རྐང་སྟབས་བརྒྱད་ཀྱིས་མཉམ་པར་བཞག་པས་དེ་ཁོ་ན་ཉིད་ལ་སེམས་ཞེན་པས་སོ། །ཡང་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་གླུ་ནི། ཨཱ་ལི་ཀཱ་ལིའི་བདག་ ཉིད་ཀྱི་སྒྲ་བླངས་ནས་སྒྲ་ཡུལ་དུ་བྱེད་པ་སྟེ་སྒྲ་ལ་སྒྲ་ཐིམ་པས་ཆ་མེད་པ་ཉིད་ཀྱིས་དགའ་བའོ། །རྒྱུ་དེའི་ཕྱིར་འོན་ཀྱང་རྡོ་རྗེ་རྐང་པ་དང་ལྡན་པ་གཉིས་སུ་མེད་པའི་ཡེ་ཤེས་རྙེད་པ་ཉིད་དོ། །མཆོག་ནི་ཁྱད་པར་དུ་འཕགས་པ་རྣམ་པར་དགའ་བ་ལ་ཐུག་པའི་ཐ་ཚིག་གོ། །རྡོ་རྗེ་གསུམ་ དབྱེར་མེད་པས་དབང་བསྐུར་བའི་རིམ་པར་ཕྱེ་བ་མདོ་དང་རྒྱས་པར་བསྟན་པའི་དོན་ཏོ། །གལ་ཏེ་ནི་དེའི་ཕྱིར་རོ། །དགའ་བ་ནི་རྣམ་པར་དགའ་བའོ། །སྐྱེས་པ་ནི་གར་སྒྱུར་བའོ། །ཇི་ལྟར་ཞེ་ན། ཐར་བའི་རྒྱུས་ཏེ་ཐར་པའི་དོན་དུའོ། །འོ་ན་ནི་དེའི་ཚེའོ། །རྡོ་རྗེ་རྐང་པས་ཏེ། དབྱེར་ མེད་པའི་ཡེ་ཤེས་ཀྱི་དགའ་བ་ལ་སོགས་པས་སོ། །གར་བྱེད་པ་ནི་གར་ངེས་པར་གནས་པར་འབྱུང་ངོ་། །དེ་བས་ན་རྣལ་འབྱོར་པ་གཉི་ག་དབྱེར་མེད་པའོ། །དེ་ཉིད་མཉམ་གཞག་སྟེ་མི་མཐུན་པ་མེད་པར་གནས་པའི་དོན་ཏོ། །འདིས་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དེས་ དེ་ཁོ་ན་ཉིད་ཀྱི་རིམ་པར་ཕྱེ་བ་མདོར་བསྟན་པའི་རྒྱས་པར་བསྟན་པ་ཡིན་ནོ། །ད་ནི་རུས་པའི་རྒྱན་ལ་སོགས་པ་གང་རྣལ་འབྱོར་པས་བརྒྱན་པ་དེ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ་ན། སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ཞེས་མདོར་བསྟན་པའི་ རྒྱས་པར་བཤད་པའོ། །རྣ་ཆའི་བདག་ཉིད་འོད་དཔག་མེད་ནི། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་མདོར་བསྟན་པའི་རྒྱས་པར་བཤད་པའོ། །མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཞེས་པ་སྟེ། མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་བསྟན་པའིའོ། །ལག་པར་རྣམ་པར་སྣང་མཛད་བརྗོད་ པ་ནི། ལག་པ་དག་ལ་ལག་གདུབ་གཉིས། །ཞེས་པ་གང་ངོ་། །སྐ་རགས་ལ་ནི་དོན་ཡོད་གནས། །ཞེས་པ་ནི། །རྐེད་པ་ལ་ཡང་སྐ་རགས་ཉིད། །ཅེས་པ་གང་གིའོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔའི་རྣམ་པར་དག་པ་ཕྱག་རྒྱ་ལྔའི་རིམ་པར་ཕྱེ་བ་བསྟན་པ་ཡིན་ཏེ། འཁོར་ ལོ་རྣ་ཆ་མགུལ་གདུབ་དང་། །ལག་གདུབ་དང་ནི་སྐེ་རགས་ཉིད། །སངས་རྒྱས་ལྔ་ཡི་རྣམ་དག་པ། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པས་སོ། །འདི་ནི་མཁའ་འགྲོ་མའི་རྣམ་པར་དག་པ་དེ་རྣམས་ཀྱང་རུས་པའི་ཕྲེང་བའི་རྒྱན་དུ་འདོད་པ་ཡིན་ནོ། །རྐང་པར་དེ་བཞིན་རྐང་ གདུབ་པོ་ནི་རྐང་པ་དག་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཨཱ་ལི་ཀཱ་ལིའི་ནཱ་དའི་བདག་ཉིད་རྐང་གདུབ་རྣམ་པར་དག་པའོ། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །ཅེས་པ་ནི་གཉི་ག་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་རྣམ་པར་དག་པའི་རྒྱན་རྣམས་ཉིད་སྤྲོ་བ་དང་བསྡུ་བའི་བདག་ཉིད་དོ། ། བགོ་བ་སྟག་གི་པགས་པ་ཉིད། །ཅེས་པ་ནི་དེ་རྣམས་སྤྲོ་བའི་རང་བཞིན་ཉིད་ཀྱིས་སོ། །བཟའ་བ་མི་འཆི་བཅུ་ཕྱེད་བཅས། །ཞེས་པ་ནི་འདི་རྣམས་བསྡུ་བའི་བདག་ཉིད་ཡིན་ནོ། །ཡང་ན་མི་བསྐྱོད་པ་ནི་མི་འཁྲུགས་ཤིང་མི་གཡོ་བས་ན་མི་བསྐྱོད་པ་སྟེ། མི་རྒྱུ་བའི་རང་བཞིན་ འཁོར་ལོའི་གཟུགས་ཀྱིས་མི་ཤེས་པ་གཅོད་པར་བྱེད་པའི་རྣམ་པ་དེས་སོ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །ཅེས་པ་ནི་དཔག་མེད་ནི་དཔག་ཏུ་མེད་པའོ། །འོད་ནི་འོད་ཟེར་རོ། །སྤྲོ་བའི་རང་བཞིན་རྣམས་ཀྱི་བྱ་བ་གང་ལ་ཡོད་པ་ནི་འོད་དཔག་མེད་དོ། །ཇི་ལྟར་ ཞེ་ན། རྣ་ཆའི་བསྐོར་བའི་རང་བཞིན་ཁྱབ་པའི་རང་བཞིན་ཞེས་པའི་དོན་ཏོ། །དགའ་བ་བསྐྱེད་པས་ན་རིན་ཆེན་ཏེ་ཐུགས་སོ། །དེའི་གཙོ་བོ་ནི་མངའ་བདག་གོ། །དེ་ནི་མགྲིན་པའི་ཕྲེང་བ་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ནོ། །ལག་པར་རྣམ་པར་སྣང་མཛད་བརྗོད། །ཅེས་པ་ནི། དབང་པོ་ ལྔ་པོ་གཉི་གའི་བདག་ཉིད་ཀྱི་ཡུལ་ཏེ་རྣམ་པར་ནི་ངེས་པར་རོ། །སྣང་མཛད་ནི་རབ་ཏུ་གསལ་བའི་རྣམ་པར་གནས་པས་རྣམ་པར་སྣང་མཛད་དོ། །སྐ་རགས་ནི་ཆོས་འབྱུང་དུ་གནས་པ་དབྱེར་མེད་པའོ། །དོན་ཡོད་ནི་འབྲས་བུ་མེད་པ་མ་ཡིན་པས་འགྲོ་བའི་དོན་བྱེད་པར་ནུས་པའི་དོན་ ཏོ། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པས་རྡོ་རྗེའི་བུ་མོ་རང་འདོད་ལྷའི་གཟུགས་ཀྱིས་བྱ། ཡང་ན་གཞན་གྱི་རིགས་ལས་བྱུང་བ་ཁྱེར་ལ། སྤྱོད་པ་བྱ་བར་རྟོགས་པར་བྱ། །ཞེས་གང་གསུངས་པ་དེའི་རྣམ་པར་དག་པ་བསྟན་ཏོ། །ཤེས་རབ་ཁ་ཊྭཱཾ་ག་ཡི་སྐུ། །ཞེས་པ་ནི། གཡོན་པ་ནས་ཀྱང་ཁ་ཊྭཱཾ་ག །ཞེས་ཀྱང་གསུངས་པ་དེ་ཡང་ཤེས་རབ་ཀྱི་རང་བཞིན་ནོ། །འདིས་ནི་རྣལ་འབྱོར་པས་ཁ་ཊྭཱཾ་ག་ཡང་བཅང་བར་བྱ་བ་ཡིན་ནོ། །ཡང་ན་ཁ་ཊྭཱཾ་ག་གཟུགས་ཤེས་རབ་ཅན་ཏེ་ཞེས་པ་ནི་ནམ་མཁའ་ལ་འགྲོ་བས་ན་ཁ་ཊྭཱཾ་ག་སྟེ་མཁའ་སྤྱོད་དོ། །དེ་ཉིད་ཨཾ་ག་གཟུགས་ ཅན་ཏེ། འོངས་ནས་རྟོགས་པས་ན་ཨཾ་ག་ལ་འདིའི་རང་བཞིན་གང་ལ་ཡོད་པ་དེ་ལའོ། །ཤེས་རབ་ནི་ཤེས་རབ་ཀྱི་སྒྲས་ཡི་གེ་ཨ་ལ་སོགས་པ་དབྱངས་བཅུ་བཞིའི་རྗེས་སུ་སོང་བའོ། །འདིས་ནི་མཁའ་འགྲོ་མ་བཅོ་ལྔ་ཨཱ་ལིའི་ནཱ་ད་ཡིན་པར་བསྟན་ཏོ། །ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ ཉིད། །ཅེས་པ་ནི། ཅང་ཏེའུ་དེ་ཡང་བཅང་བར་བྱའོ། །དེ་ཡང་ཐབས་ཀྱི་གཟུགས་ཀྱིས་ཐབས་རྣམ་པར་དག་པས་སོ། །ཡང་ན། ཐབས་ཀྱི་གཟུགས་ཀྱིས་ཅང་ཏེའུ་ཉིད། །ཅེས་པ་ནི། །རིགས་ལྔ་རྣམས་སུ་འཁྱམ་པར་བྱ། །ཞེས་གང་གསུངས་པ་དེའི་རྒྱས་པར་བཤད་པའོ། །ཅང་ ཏེའུ་ནི་སྒྲའི་རང་བཞིན་ཡིན་པའི་ཕྱིར་ནཱ་དའི་བདག་ཉིད་དོ། །དེ་ཡང་ཐབས་ཀྱི་རང་བཞིན་ཨཱ་ལིའི་ནཱ་ད་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་གཉིས་ཀྱི་བདག་ཉིད་དེས་རྣལ་འབྱོར་པར་འགྱུར་རོ། །ཇི་ལྟར་ཞེ་ན། ཞེ་སྡང་རྣམ་པར་དག་པས་ཏེ་མི་བསྐྱོད་པའི་རྣམ་པར་དག་ པའོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ་ནི། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད། །ཅེས་གང་གསུངས་པ་དེའི་རྒྱས་པར་བཤད་པའོ། །ཡང་ན། ཞེ་སྡང་རྣམ་དག་རྣལ་འབྱོར་པ། །ཞེས་པ་ནི་གཉི་ག་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྣལ་འབྱོར་པའོ། །དེ་ཉིད་ཞེ་སྡང་ངོ་། ། དེ་ཡང་རྣམ་པ་སྣ་ཚོགས་པ་འོད་དཔག་ཏུ་མེད་པ་ལ་སོགས་པའི་རང་བཞིན་ཉིད་དོ། །དེ་ནི། དུ་མ་རིགས་ནི་གཅིག་པས་ན། །གང་ཕྱིར་དབྱེ་བ་མཚོན་མི་བྱ། །ཞེས་ཏེ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱའི་རྣམ་པར་དག་པ་མི་བསྐྱོད་པ་ལ་སོགས་པའོ། །ནཱ་ད་གཉིས་ཀྱི་བདག་ཉིད་ ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམས་རྣམ་པར་དག་པར་གྱུར་པ་ཡིན་པས་ཞེ་སྡང་རྣམ་དག་རྣལ་འབྱོར་པ་རྡོ་རྗེ་འཛིན་པའི་རང་བཞིན་དུ་གྱུར་པ་ཡིན་ནོ། །འདིས་ནི་རྣལ་འབྱོར་པའི་ཕྱག་རྒྱ་ལྔ་རྣམས་བསྟན་པ་དེ་རྣམ་པར་དག་པ་མི་བསྐྱོད་པ་ལ་སོགས་པའོ། །རྐང་གདུབ་ནི་ཐབས་ དང་ཤེས་རབ་རྣམ་པར་དག་པའི་རྣམ་པའོ། །དཔུང་རྒྱན་ཐབས་དང་ཤེས་རབ་རྣམ་པར་དག་པའོ། །སྟག་གི་པགས་པ་ཐབས་ཀྱི་རྣམ་པར་དག་པའོ། །བཟའ་བ་མི་འཆི་བཅུ་ཕྱེད་ནི་ཤེས་རབ་རྣམ་པར་དག་པའོ། །ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད་ནི་དེས་རྣལ་འབྱོར་བ་རྣམ་པར་དག་པའོ། ། རིགས་ལྔ་རྣམས་སུ་འཁྱམ་པར་བྱ་བ་ལ་སོགས་པ་གང་ཕྱིར་ཕྱེ་བ་མཚོན་མི་བྱའི་མཐར་ཞེ་སྡང་རྣམ་པར་དག་པས་རྣམ་པར་དག་པའོ། །ཤིང་གཅིག་ལ་སོགས་པ་ནི་མེ་ལོང་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་དོ། །དབེན་པའམ་བས་མཐའ་ནི་ཐབས་དང་ཤེས་རབ་ཀྱི་ རྣམ་པར་དག་པའོ། །སྤྱོད་པའི་དངོས་གྲུབ་ཀྱང་རྒྱུ་དང་འབྲས་བུར་གྱུར་པ་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པའོ། །རྡོ་རྗེའི་བུ་མོ་ལ་སོགས་པ་ཡང་གཉིས་སུ་མེད་པར་རྣམ་པར་དག་པའོ། །གླུ་དང་གར་གྱི་རྣམ་པར་དག་པ་ཡང་ད་ནི་བསྟན་པར་བྱ་སྟེ། གླུ་ནི་རྣམ་དག་སྔགས་ སུ་གནས། །ཞེས་པ་ནི་སྒྲ་ཉིད་སྔགས་ཀྱི་རང་བཞིན་ནོ། །ཡང་ན་ཡེ་ཤེས་ཀྱི་རང་བཞིན་ཉིད་ནཱ་ད་ཡིན་ཏེ། འདིས་ནི་གལ་ཏེ་གླུ་ལེན་པར་བྱེད་ན་དེ་ཚེ་རྡོ་རྗེ་མཆོག་དང་ལྡན་ནོ་ཞེས་པ་དེའི་རྣམ་པར་དག་པ་བསྟན་ཏོ། །གར་ནི་བསྒོམ་པར་བྱ་བ་ཉིད། །ཅེས་པ་ནི་ གར་ནི་གཡོ་བ་སྟེ་སྣ་ཚོགས་པའི་གཟུགས་སུ་སྤྲོ་བ་གང་དེ་བསྒོམ་པ་བསམ་གཏན་དང་ལྷའི་རྣམ་པར་དཀྱིལ་འཁོར་བསྐྱོད་པའོ། །ཡང་ན་གར་ནི་སྤྲོ་བའོ། །དེའི་བསྒོམ་པ་ནི་སྙོམས་པར་འཇུག་པར་བསྡུ་བ་སྟེ་སྤྲོ་བ་དང་བསྡུ་བར་དབྱེར་མེད་པ་འདི་ཉིད་ཡིན་ནོ། །འདིས་ནི་གལ་ཏེ་དགའ་ བ་སྐྱེས་པ་ན་ཐར་པའི་རྒྱུས་ནི་གར་བྱའོ། །དེ་ཚེ་རྡོ་རྗེ་རྐང་པས་གར་བྱ་ཞེས་བྱ་བ་འདིའི་རྣམ་པར་དག་པའོ། །དེའི་ཕྱིར་ན་གླུ་དང་གར། ཡོ་གི་རྟག་ཏུ་བྱེད་ཅེས་པ་ནི་རྒྱུ་དེའི་ཕྱིར་ན་གླུ་ནི་སྔགས་སོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་གར་རོ། །བསྒོམ་པ་དམ་ཚིག་གི་དཀྱིལ་འཁོར་རོ། ། གཉི་ག་ཡང་གཉི་གའི་བདག་ཉིད་དོ། །བྱེད་པ་ནི་རྫོགས་པའོ། །དེ་བས་ན། ཡོ་གི་རྟག་པར་རྒྱུན་དུ་བྱེད། །ཅེས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱིས་ཡིན་ནོ། །ཡང་ན་གླུ་ནི་གསུང་རྡོ་རྗེའོ། །གར་སྐུ་རྡོ་རྗེའོ། །གཉི་ག་ཡང་རྣལ་འབྱོར་པ་རྣལ་འབྱོར་གྱི་བདག་ཉིད་དབྱེར་མེད་པར་རྟོགས་ པས་རྣམ་པར་གནས་སོ། །ག