Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 5
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
ས་ཀུན་དུ་གང་ཞིང་རྫོགས་པར་བསྡུ་བའི་བདག་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་ཕྱིར་སྣ་ཚོགས་ཅན་ནོ། །དེའི་རང་བཞིན་གྱིས་བརྒྱན་པས་བརྒྱན་པའོ། །ཧཱུཾ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཧཱུཾ་ནི་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་ཡི་གེ་དགོད་མི་བྱ། །ཞེས་པའི་ཚིག་གིས་ སོ། །འདིས་ནི་བྱས་པ་ཐོབ་ནས་གང་གིས་གཉི་ག་ཕུན་སུམ་ཚོགས་པ་དེ་ནི་ཧཱུཾ་ཧཱུཾ་བསྙེམས་པ་བྱས་ནས་སོ། །འདིས་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་ཡིན་པའི་དོན་ཏོ། །ཧཱི་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་སོ། ། ཧཱིའི་རྣམ་པ་ནི་དེ་ཉིད་རྡོ་རྗེ་འཛིན་པ་དང་། བདག་མེད་མའི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་འཇིགས་བྱེད་བདག་སྟེ། གང་བདག་མེད་མ་རང་བཞིན་མེད་པར་གྱུར་པས་ཉན་ཐོས་ལ་སོགས་པ་ཐམས་ཅད་ཉིད་འཇིགས་པར་བྱེད་པའི་ཕྱིར་རོ། །འདིས་ནི། ཧཱུཾ་ཧཱུཾ་བསྙེམས་ པར་བྱས་ནས་ནི། །ཞེས་པ་འདིས་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་བདག་མེད་པའི་རྡོ་རྗེ་འཛིན་པ་ཡིན་ནོ། །ཧཱི་ཧཱི་རྣམ་པར་འཇིགས་བྱེད་བདག །ཅེས་པས་ཀྱང་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མ་དང་གཉི་ག་ཡང་དབྱེར་མེད་པ་ཡིན་ནོ། །ཕྱི་ ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་ཏེ། ཕྱི་ནས་ནི་རྗེས་ཐོགས་སོ། །དེ་ཉིད་ནི་བསྟན་པར་བྱ་བའོ། །ཅིས་ཁྱད་འཕགས་ཤེ་ན། རྣམ་དག་སྟེ་རིམ་པ་གཉིས་རྣམ་པར་དག་པའོ། །དེ་ཉིད་དེ་ཁོ་ན་ཉིད་ཀྱི་གཟུགས་ཅན་ནོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་དང་ནི་མྱ་ངན་ འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །གཉི་ག་རྣམ་པར་དག་པའི་ཕྱིར། །འཁོར་བ་དང་མྱ་ངན་ལས་འདས་པའོ། །ཅུང་ཟད་མེད་ནི་ཆ་ཤས་ཙམ་གྱི་ཁྱད་པར་ཡང་ཡོད་པ་མ་ཡིན་ཏེ་མེད་པ་ཡིན་ནོ། །ཡང་ན་ཕྱི་ནས་ནི་དེ་མ་ཐག་ཏུ་བར་མ་ཆད་པ་ཉིད་ཀྱིས་སོ། །དེ་ཉིད་ཅེས་པ་ནི་ཡང་དག་པའི་ཡེ་ ཤེས་སོ། །ཅིས་ཁྱད་འཕགས་ཤེ་ན། ཡང་དག་པར་བཤད་པའི་མངོན་པར་བརྗོད་པ་གང་ལ་ཡོད་པ་དེ་ནི་ཡང་དག་བཤད་དོ། །ཤིན་ཏུ་རྣམ་དག་ཤེས་པ་ནི་ཀུན་རྫོབ་དང་དོན་དམ་པ་ཕུལ་དུ་བྱུང་བ་ཤིན་ཏུ་ཕུལ་དུ་བྱུང་བ་དབྱེར་མེད་པར་དག་ཅིང་དྲི་མ་མེད་པའོ། །ཡེ་ཤེས་གཟུགས་ཅན་ནི་རྟོག་པ་གཅིག་ གི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་པའི་དོན་ནི་གསལ་བ་ཉིད་དོ། །དེ་ཉིད་བསྟན་པ་ནི། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་དང་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་ བཤང་དང་གཅི་བ་མེད། །སྐྱུག་བྲོ་མེད་ཅིང་རྨོངས་མེད་གཙང་བ་མེད། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་པོ་མེད་བཤེས་དང་དགྲ་མེད་ཅིང་། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །ཅེས་ པ་སྨོས་ཏེ། མཆོག་དགར་ཞེས་པ་ནི། མཆོག་ནི་རྡོ་རྗེ་འཛིན་པའོ། །དགའ་བ་ནི་བདག་མེད་པའོ། །མཆོག་ཀྱང་ཡིན་ལ་དགའ་བ་ཡང་ཡིན་པས་མཆོག་དགའོ། །རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་པའི་ཡེ་ཤེས་སོ། །དེར་དེ་ལ་ཡོད་པ་དེ་ཅི་ཞེ་ན། བསྒོམ་པ་མེད་ཅིང་སྟེ་བསྒོམ་པར་བྱ་ བའི་དམིགས་པར་བྱ་བ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྒོམ་པ་པོ་མེད་ནི། དམིགས་པར་བྱེད་པ་ཡང་མེད་དེ། ཇི་ལྟར་ཞེ་ན་ལུས་ཀྱང་མེད་ཅིང་ངོ་། །ཀྱང་གི་སྒྲ་ནི་གང་གི་ཕྱིར་ཏེ་ལུས་མེད་ནི་ཀུན་དུ་སྣང་བའི་མཚན་ཉིད་ཀྱི་ལུས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུང་བ་མེད་ནི་ལུས་བཀག་པ་ཉིད་ ཀྱིས་གཟུང་བ་ཀུན་དུ་སྣང་བའི་མཚན་ཉིད་དེ་མེད་པའོ། །དེ་མེད་པའི་ཕྱིར་འཛིན་པ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་ལུས་བཀག་པ་ཉིད་ཡིན་ནོ། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བ་མེད་པ་འདིས་ནི་དེ་བཞིན་གཤེགས་པ་བཞི་ཡང་འོད་དཔག་ཏུ་མེད་པ་ཉིད་དུ་ཐིམ་པ་ཡིན་པར་བསྟན་ཏོ། ། དགའ་བ་ཡང་འོད་དཔག་མེད་དང་དབྱེར་མེད་པ་སྟེ་མཆོག་དགའ་ཞེས་བྱ་བའི་ཚིག་གིས་སོ། །སྐྱུག་བྲོ་མེད་ནི་དེ་ཉིད་ཀྱི་ཕྱིར་སྐྱོན་དུ་བགྲང་བ་ཡང་མེད་དོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སངས་རྒྱས་ལ་གང་རྟག་སྐྱོན་བགྲང་། འདིར་ནི་ཁོ་བོ་སྐྲག་པར་བྱེད། །ཅེས་གསུངས་སོ། ། དེ་ཉིད་ཀྱི་ཕྱིར་རྨོངས་མེད་དེ་གཏི་མུག་མ་རིག་པས་འཁྲུལ་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་གཙང་སྦྲ་གཙང་བ་མེད་དེ་གཙང་སྦྲ་ནི་ཤིན་ཏུ་རྣམ་པར་དག་པའོ། །གཙང་བ་ནི་མེ་སྟེ་མི་ཤེས་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར་རོ། །ཆགས་མེད་ནི་ཆགས་པ་འོད་དཔག་མེད་གསུང་རྡོ་རྗེའོ། །སྡང་བ་ མེད་ནི་ཞེ་སྡང་བ་མེད་པ་སྟེ་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །རྨོངས་མེད་ནི་རྨོངས་པ་རྣམ་པར་སྣང་མཛད་དེ་སྐུ་རྡོ་རྗེའོ། །དེ་ཡང་ཕྲག་དོག་མེད་ནི་ཕྲག་དོག་དོན་ཡོད་གྲུབ་པ་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་ཐིམ་པ་ཡིན་ཏེ། དེ་ཡང་མེད་དེ། སེར་སྣ་མེད་པ་ནི་དེ་བཞིན་དུ་ རིན་ཆེན་གཙོ་བོ་འོད་དཔག་མེད་ཐིམ་པས་སོ། །ང་རྒྱལ་མེད་ནི་རྡོ་རྗེ་སེམས་དཔའ་ཡང་མེད་པའོ། །མི་བསྐྱོད་པ་ཡང་དེ་བཞིན་དུ་དབྱེར་མེད་པའི་ཕྱིར་རོ། །འདིས་ནི་ཐབས་དང་ཤེས་རབ་དབྱེར་མེད་པས་རྡོ་རྗེ་གསུམ་གྱི་རང་བཞིན་དེས་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་འཛིན་པའོ། ། མཐོང་བྱ་མེད་ནི་ཐམས་ཅད་སྣང་བ་མེད་པར་གྱུར་པའི་ཕྱིར་རོ། །བསྒོམ་པ་ཞེས་པ་ནི་འབྱུང་བ་སྟེ། སྐྱེ་བའི་བྱ་བ་བཀག་པའོ། །སྒོམ་པ་པོ་ཡང་མེད་ནི་གྱུར་པ་ཡིན་པས་ན་སྒོམ་པ་པོ་སྟེ་དེ་ཡང་མེད་པ་ཡིན་ནོ། །ཆོས་ཐམས་ཅད་དང་པོ་ནས་མ་སྐྱེས་པའི་ཕྱིར་རོ། །སྐྱེས་པ་དང་སྐྱེ་བ་ གཉིས་ཀ་ཡང་བཀག་པ་ཡིན་ནོ། །ཡང་ན་བསྒོམ་དང་སྒོམ་པ་པོ་ནི། བསྒོམ་པ་ནི་ཡུལ་དང་དབང་པོའི་དངོས་པོའོ། །སྒོམ་པ་པོ་ནི་སེམས་སོ། །དེ་གསུམ་ཀ་ཡང་མེད་དེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཤེས་དང་དགྲ་མེད་ནི་བཤེས་ཞེས་པ་ནི་སེམས་ཏེ་དེ་མེད་པའོ། །དགྲ་ཞེས་ པ་ནི་དགྲ་རྣམས་ཏེ་དེ་དང་འདྲ་བས་ན་གང་ཡང་ཡུལ་དང་དབང་པོ་དེ་རྣམས་ཀྱང་མེད་དོ། །ཇི་ལྟར་ཞེ་ན། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བཤེས་ནི་མཛའ་བའོ། །དགྲ་ནི་མི་མཛའ་བའོ། །དགེ་བ་དང་མི་དགེ་བ་ཡང་མེད་པའི་དོན་ཏོ། །གང་གསུངས་པ། ཇི་ལྟར་ཆུ་ལ་ཆུ་བཞག་ན། ། དེ་སྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་རྣམ་ལྡན་སེམས། །རྨོངས་པ་གཉེན་པོ་ཅུང་ཟད་མེད། །ཅེས་གསུངས་སོ། །འདི་ཐམས་ཅད་ཇི་ལྟར་ཡིན་པ་དེ་གསུངས་པ། རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད། །རླབས་དང་འདྲ་བས་རྦ་རླབས་ཏེ་རྣམ་པར་རྟོག་པའོ། །དེ་ལས་ བྱུང་བ་གང་ལ་ལྷན་ཅིག་སྐྱེས་པར་བཤད་དེ་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་དེ་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ནི་གཟུགས་སྣ་ཚོགས་ཏེ་ཐམས་ཅད་ཉིད་དེའི་བདག་ཉིད་ཀྱིས་དེའི་ཁོངས་སུ་འདུས་པ་ཡིན་པར་དགོངས་སོ། །རྡོ་རྗེའི་སྙིང་པོས་འདི་སྐད་གསོལ། །གཟོད་ ནས་རང་བཞིན་མེད་པའོ། །ལུས་ཀྱི་རང་བཞིན་དག་པ་ནི། །ཅི་སླད་འབྱུང་བའི་བདག་ཉིད་ལགས། །རྡོ་རྗེ་སྙིང་པོ་ཞེས་པ་ནི་རྡོ་རྗེའི་སྙིང་པོ་སྟེ་མི་ཕྱེད་པའི་སྐུ་ཡིན་པའི་ཕྱིར་རོ། །གསོལ་བ་ནི་ཞུ་བ་སྟེ། རྡོ་རྗེ་འཛིན་པ་ལ་ཞུས་པའོ། །རྒྱུ་ཅིའི་སླད་དུ་ཞེ་ན། གང་གི་ཕྱིར་མཆོག་དགའ་བསྒོམ་པ་དང་སྒོམ་ པ་པོ་ལ་སོགས་པ་རྣམས་བཀག་པ་དེའི་ཕྱིར་ཐེ་ཚོམ་སྐྱེས་ནས་གསོལ་པའོ། །ལུས་ཀྱི་ནི་ལུས་ལྷན་ཅིག་སྐྱེས་པ་ཡིན་པའི་ཐ་ཚིག་གོ། །རང་བཞིན་ནི་རང་བཞིན་ལས་ཇི་ལྟ་བ་བཞིན་གྱི་ཡང་དག་པ་ཉིད་དོ། །དག་པ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །དེ་ཉིད་ཀྱི་ཕྱིར་གཟོད་ནས་ནི་དང་པོ་ཉིད་ ནས་ས། །རང་བཞིན་མེད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པ་སྟེ། གང་དེ་ལྟར། ཅི་སླད་འབྱུང་བའི་བདག་ཉིད་ལགས་ནི་ཇི་ལྟར་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཡིན་ཞེས་པའོ། །དེ་ལ་བཅོམ་ལྡན་རྡོ་རྗེ་ཅན། མཁའ་འགྲོ་བདེ་བ་སྦྱིན་པས་གསུངས། །རློམ་སེམས་མེད་པའི་རང་ བཞིན་བདག །ཐམས་ཅད་ལུས་ལ་རྣམ་པར་གནས། །དེ་ལ་ཞེས་པ་ནི་རྡོ་རྗེ་སྙིང་པོའི་རྟོག་པའོ། །བཅོམ་ལྡན་རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །གསུངས་པ་ནི་བཀའ་སྩལ་པའོ། །ཅིས་ཁྱད་འཕགས་ཤེ་ན། མཁའ་འགྲོ་ནི་བདག་མེད་མ་ལ་སོགས་པ་རྣམས་སོ། །བདེ་བ་ནི་ཡེ་ཤེས་སོ། ། སྦྱིན་པ་ནི་བདེ་བ་སྦྱིན་པའོ། །རློམ་སེམས་མེད་པའི་རང་བཞིན་བདག་ནི་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །བདག་ནི་ལུས་ཏེ་གང་ལ་དེ་ཡོད་པ་དེ་ནི་རློམ་སེམས་མེད་པའི་རང་བཞིན་བདག་གོ། །དེ་ཉིད་ཀྱི་ཕྱིར། ཐམས་ཅད་ལུས་ལ་རྣམ་པར་གནས་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་ དངོས་པོ་མཐའ་དག་ལ་རྣམ་པར་གནས་པའོ། །ཁྱད་དུ་འཕགས་པའི་ཚུལ་གྱིས་ཨ་བ་སྟེ། ཨ་བདག་མེད་མའོ། །བ་རྡོ་རྗེ་འཛིན་པ་ཡིན་པས་ཨ་བའོ། །རིམ་པ་འདིས་ན་བརྟན་པ་དང་གཡོ་བ་ཡིན་ནོ། །ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས་ཞེས་པ་ཡིན་པ་དེ་གསུངས་པ། བོ་ལ་ཀ་ཀྐོ་ལ་སྦྱོར་ བས། །ས་ནི་དེ་ལས་སྐྱེ་བར་འགྱུར། །དེ་ལ་ནི་ལྷན་ཅིག་སྐྱེས་པ་ལས་སའི་ཁམས་སྐྱེ་བའོ། །བོ་ལ་རྡོ་རྗེའོ། །ཀ་ཀྐོ་ལ་པདྨའོ། །རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པ་ཡིན་པ་ཞེས་དགོངས་སོ། །སླར་དང་པོ་རེག་པར་འདོད་པ་སྟེ། རེག་པས་སྲ་བའི་ཆོས་ཀྱིས་ནི། །ཞེས་པའི་ཚིག་གིས་ཏེ་ ས་ཡང་སྲ་བའི་རང་བཞིན་དུ་རྟོགས་པའི་ཕྱིར། སའི་ཁམས་དེ་ལ་དགའ་བའི་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་ལས་སྐྱེའོ། །བྱང་སེམས་ཁུ་བའི་རྣམ་པ་ལས། །ཆུ་ཡི་ཁམས་སུ་ཡང་ནི་འགྱུར། །ལྷན་ཅིག་སྐྱེས་པ་དེ་ལས་ནི་བྱང་ཆུབ་ཀྱི་སེམས་འབྱུང་སྟེ། ཁུ་བ་སྐྱེ་ཞིང་དེ་ཡང་ཁུ་བའི་ ཚུལ་ཉིད་ཀྱི་ཕྱིར་ཆུའི་ཁམས་སོ། །སྐྱེ་བ་ནི་འབྱུང་བའོ། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། རྡོ་རྗེ་པདྨ་བསྐྱོད་པ་ལས་མེའི་ཁམས་སྐྱེའོ། །འགྲོ་བ་རླུང་དུ་རབ་ཏུ་གྲགས། གཡོ་བའི་རང་བཞིན་ཡིན་པའི་ཕྱིར་རླུང་གི་ཁམས་སུ་བསྟན་ཏོ། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ནམ་མཁའི་ ཁམས་བདེ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་ལྔ་པ་རྣམས་ཀྱི་ས་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་རྣམས་སོ། །ཡོངས་སུ་བསྐོར་ནི་ཐམས་ཅད་ལ་ཁྱབ་པ་དེའི་ལྷན་ཅིག་སྐྱེས་པའོ། །འདིས་ནི་ཕན་པའི་མཚན་ཉིད་ཡིན་པའི་ཕྱིར་འབྱུང་བ་ཆེན་པོའི་བདག་ཉིད་ཀྱི་ ལུས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེའི་ཕྱིར་འདོད་ཆགས་དང་རྣམ་པར་ཆགས་པ་འདྲེས་པར་གྱུར་པ་ཆུ་ལ་ཆུ་བཞག་པ་ལྟ་བུའི་བདག་མེད་མའི་བྱང་ཆུབ་ཀྱི་སེམས་ཐབས་དང་ཤེས་རབ་དབྱེར་མེད་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་ པ་མངོན་པར་བྱང་ཆུབ་པའི་རྒྱུ་ཡིན་ཏེ། རྡོ་རྗེ་སྙིང་པོའི་ཐེ་ཚོམ་བཅོམ་ལྡན་འདས་ཀྱིས་བསལ་བ་ཡིན་ནོ། །ཡང་ན་མཆོག་དགའ་རྡོ་རྗེ་འཛིན་པ་དང་བདག་མེད་མའི་ཡེ་ཤེས་བསྒོམ་པ་དང་སྒོམ་པ་པོ་ལ་སོགས་པ་རྣམས་མི་དམིགས་པའི་ཕྱིར་རོ། །འདི་སྐད་ནི་རྒྱུའོ། །དགྱེས་པའི་རྡོ་རྗེ་ཞེས་པ་ནི་ བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་ཡེ་ཤེས་སུ་བསྟན་ཏོ། །ཡང་དག་པའི་བདག་ཉིད་ནི་ཡང་དག་པ་དེ་ཉིད་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཀྱི་རང་བཞིན་གང་དེ་ནི་འབྱུང་བའི་བདག་ཉིད་ཀྱི་ཡེ་ཤེས་སོ། །ཅིའི་སླད་དུ་ཞེ་ན། རང་བཞིན་གྱིས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་ནོ། །ལུས་དག་ནི་ ལུས་ནི་སྐུ་གསུམ་སྟེ་མ་ནིང་དུ་བསྟན་པའོ། །གང་གཟོད་ནས་ནི་དང་པོ་ཉིད་ནས་སོ། །རང་བཞིན་མེད་པ་ནི་མེད་ནི་བདག་མེད་མའོ། །རང་རྡོ་རྗེ་འཛིན་པའོ། །བཞིན་ནི་གཉིས་ཀའི་གཉིས་ཀྱི་བདག་ཉིད་དོ། །དེ་ལྟ་བུར་གྱུར་པའི་བདེ་བའི་ཡེ་ཤེས་སོ། །དེ་ལ་ཞེས་པ་ནི་དེ་ལྟར་རྣམ་པར་གནས་པའོ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ཡི་གེ་ཨ་དང་ཡི་གེ་ཧའི་རང་བཞིན་ནོ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང་ལྡན་པས་སོ། །རྡོ་རྗེ་ཅན་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་སྐུའོ། །དེ་ཉིད་ཀྱི་ཕྱིར། མཁའ་འགྲོ་མ་ནི་བདག་མེད་མ་ལ་སོགས་པའི་བདེ་བའི་ཡེ་ ཤེས་སོ། །སྦྱིན་པ་ནི་སྤྱན་པའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱང་ཡེ་ཤེས་དེའི་རང་བཞིན་ཉིད་ཀྱིས་དེའི་ནང་དུ་ཐིམ་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། རློམ་སེམས་མེད་པའི་རང་བཞིན་ཅན་ནི་རྟོག་པ་ཐམས་ཅད་དང་རྣམ་པར་རྟོག་པ་སྤངས་པའོ། །ཐམས་ཅད་ལུས་ནི་བརྟན་པ་དང་གཡོ་བའི་ལུས་ལ་རྣམ་ པར་གནས་པ་ཁྱབ་པ་ཡིན་པས་མི་གཡོ་བའོ། །དེ་ལྟ་བུར་གྱུར་པ་ཉིད་རྡོ་རྗེ་འཛིན་པའོ། །དེ་ཉིད་ལའོ། །ས་སྐྱེ་བ་ནི་དེ་ཉིད་བདག་མེད་མའི་རང་བཞིན་དུ་བསྐྱོད་པའོ། །ཇི་ལྟར་ཞེ་ན། རྡོ་རྗེ་པདྨ་མཉམ་སྦྱོར་ལས། གཉི་ག་དབྱེར་མེད་པའི་དོན་ཏོ། །འདིས་ནི་བསྐྱེད་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ཉིད་ བྱང་ཆུབ་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཁུ་བའི་རྣམ་པ་ནི་མེར་མེར་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་ཞེ་ན། ཆུའི་ཁམས་ཏེ་རྡོ་རྗེ་འཛིན་པའོ། །སྐྱེ་བར་འགྱུར་ནི་ཡང་དག་པར་འབྱུང་བས་ན་སྐྱེ་བ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ཏེ། འདིས་ནི་རྫོགས་པའི་རིམ་པ་བསྟན་ཏོ། །བསྐྱོད་པ་ལས་ནི་མེ་ཡིན་ཏེ། །ཞེས་པ་ནི་ཐབས་དང་ཤེས་རབ་དག་ལས་རྟག་ཏུའོ། །མེ་ནི་གཉི་ག་ཡང་རང་བཞིན་པའོ། །འབྱུང་བ་ནི་སྐྱེ་བའོ། །དེ་ནས་ཡང་འགྲོ་བས་ནི་རྟོག་པ་ལས་སོ། །རླུང་ནི་ཡེ་ཤེས་སོ། །གྲགས་ནི་གསལ་ བ་རབ་ཏུ་གསལ་བའོ། །བདེ་བ་ནི་བདེ་བའི་ཡེ་ཤེས་དེའི་དངོས་པོའི་བདེ་བའོ། །ནམ་མཁའི་ཁམས་ནི་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ལྔ་པོ་རྣམས་ཀྱིས་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔས་སོ། །ཡོངས་སུ་ནི་ཀུན་ནས་སོ། །བསྐོར་བ་ནི་ཁྱབ་ པའོ། །བདེ་བ་ཡང་ནི་ནམ་མཁའི་ཁམས། །ཞེས་པ་ནི་བདེ་བ་ནམ་མཁའི་ཁམས་ཡིན་པའི་ཕྱིར་རོ། །དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པར་གསུངས་པ། དེའི་ཕྱིར་བདེ་བ་དེ་ཉིད་མིན། །འབྱུང་བ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་བདེ་བ་དེ་ནི་བདེ་བ་ཡང་དག་པར་རིག་པ་ཡང་དེ་ཁོ་ན་ཉིད་མ་ཡིན་ནོ། ། འོ་ན་ཅིའི་ཕྱིར་དེ་ལྷན་ཅིག་སྐྱེས་པ་ཡིན་ཞེ་ན། གསུངས་པ། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །ལྷན་ཅིག་སྐྱེས་པ་དག་ཅེས་པ་ནི་ཁུ་བ་དང་བདེ་བ་དག་གོ། །བསྐྱེད་གང་ནི་གང་འབྱུང་བའོ། །དེ་ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་དག་པའི་བདེན་པ་མཐོང་བས་ ཡང་དག་པའི་ཡེ་ཤེས་ཞེས་བརྗོད་དོ། །དེ་ཉིད་མངོན་པར་གསལ་བར་བྱས་པ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་བདེ་མཆོག་གཅིག །རང་གི་དངོས་པོ་ནི་རང་བཞིན་ཏེ། བདག་ཉིད་ཡང་དག་པར་རིག་པ་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །དེ་ཡང་། རྣམ་པ་ཐམས་ ཅད་བདེ་མཆོག་གཅིག་ནི་གཉིས་སུ་མེད་པའི་ཚུལ་གྱིས་བསྡུ་བ་ཡིན་ནོ། །ཡང་ན་རང་གི་སེམས་དང་ཡུལ་དང་དབང་པོའི་དངོས་པོ་དག་འདི་གསུམ་གྱི་རང་བཞིན་ནི་མ་ནིང་ལྷན་ཅིག་སྐྱེས་པ་ཞེས་བསྟན་ཏོ། །ཐམས་ཅད་ནི་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །དེ་ ལྟར་ཐམས་ཅད་གཉི་གའི་བྱ་བ་བྱེད་པ་རྣམ་པ་ཐམས་ཅད་དོ། །དེ་ཡང་གཅིག་ནི་གཉིས་སུ་མེད་པའོ། །དེ་ལྟར་ན་རྣམ་པ་ཐམས་ཅད་གཅིག་གོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་བདེ་བ་ནི་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་སྡོམ་པའོ། །འདི་ཉིད་མཆོག་ནི་དམ་པ་སྟེ། རྡོ་རྗེ་འཛིན་པ་དང་བདག་ མེད་མ་གཉི་ག་ཡང་གཉིས་སུ་མེད་པར་བྱེད་པ་འདི་འདྲ་བའི་ཡེ་ཤེས་དམ་པ་དེ་འདི་ཉིད་ལྷན་ཅིག་སྐྱེས་པ་ཡང་དག་པའི་ཡེ་ཤེས་སོ། །བདེ་བར་ཉམས་སུ་མྱོང་བའི་ཡེ་ཤེས་སུ་ནི་ཁ་ཅིག་འདོད་དོ། །དེ་ཡང་ཉེན་ཐོས་དང་མུ་སྟེགས་པ་རྣམས་ཀྱི་ཡིན་ནོ། །དེའི་ཕྱིར། ཕྱག་རྒྱ་རྒྱུ་དང་བྲལ་བ་ ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །རྣལ་འབྱོར་པ་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་བདེན་པ་གཉིས་ཀྱི་བདག་ཉིད་ཅི་འདྲ་བར་གྱུར་པའོ། །སྙིང་རྗེ་ཐབས་ནི་སྙིང་རྗེ་ཉིད་ཀྱི་ཐབས་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཐབས་ཏེ་གཞན་གྱི་དོན་གྱི་སྤྱོད་པ་ལ་འཇུག་པ་ཡིན་ནོ། ། ཕྱག་རྒྱ་ཞེས་པ་ནི་ཤེས་རབ་པོ། །རྒྱུ་དང་བྲལ་བ་ལས་ནི་མཚན་མ་མེད་པའི་སྤྱོད་པར་རྣམ་པར་གནས་པ་ཡིན་པར་དགོངས་སོ། །འདིས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པར་གྱུར་པས་བསྐྱེད་པའི་རིམ་པ་བསྟན་པ་ཡིན་ནོ། །ཡང་ན། རྣལ་འབྱོར་སྙིང་རྗེ་ཐབས་སུ་གྱུར་ནི་ སྙིང་རྗེ་ཞེས་པ་ནི་སྙིང་རྗེས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པས་སོ། །དེ་ཉིད་ཐབས་ཀྱིས་རྒྱུ་ལས་བསྒྲལ་བར་འདོད་པས་སོ། །དེ་ཉིད་ཐབས་ཀྱིས་རྒྱུ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་སྙིང་རྗེ་ཐབས་སོ། །ཕྱག་རྒྱ་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། ། ཇི་ལྟར་ཞེ་ན། རྒྱུ་དང་བྲལ་བ་ལས་མཚན་མ་མེད་པའི་སྤྱོད་པས་རྣམ་པར་གནས་པའོ། །འདིས་ཅི་བསྟན་ན། དེ་ལྟ་བུར་གྱུར་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པ་སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་སེམས་ཅན་ཞེས་བྱ་བར་གྱུར་པ་མེད་པར་བྱེད་པ་འདི་ལྟ་བུ་ཉིད་འདི་ནི་ཐབས་ལ་མཁས་པ་ཡིན་ ཏེ། །ཐབས་ལ་མཁས་པ་འདི་ཡང་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པ་ཁོ་ན་ལས་གཞན་དང་གཞན་ཡོད་པ་མ་ཡིན་ནོ། །རྫོགས་པའི་རིམ་པས་བསྡུ་བ་གསུངས་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བསྟན། །སྟོང་པ་ཉིད་ནི་དེ་བཞིན་ཉིད་དོ། །སྙིང་རྗེ་ནི་སེམས་སོ། ། སྟོང་པ་ཉིད་དང་སྙིང་རྗེ་གཉི་ག་དབྱེར་མེད་པ་གང་སྟོང་པ་ཉིད་དེ་ཉིད་སྙིང་རྗེ་ལ་གང་སྙིང་རྗེ་ཉིད་སྟོང་པ་ཉིད་དོ། །གང་བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་ཉིད་དེ་བཞིན་ཉིད་ལ་དེ་བཞིན་ཉིད་སེམས་ཡིན་པ་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དབྱེར་མེད་ལ་གཅད་དུ་མེད་པའོ། ། དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་བཤད་དོ། །དྲན་པ་བརྗེད་ངས་མེད་པའི་རྣལ་འབྱོར་ལ་གནས་ཤིང་བླ་མ་དམ་པའི་ཞབས་ལ་གནས་པའི་དོན་ཏེ། ལྷན་ཅིག་སྐྱེས་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་དང་སྦྱིན་སྲེག་ མེད། །དཀྱིལ་འཁོར་པ་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་པ་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་ཚུལ་ཅན་ནོ། །དེ་ཁོ་ན་ཉིད་ཤེས་པས་སྔགས་ཀྱི་བཟླས་པ་མི་བྱའོ། །དཀའ་ ཐུབ་མི་བྱའོ། །སྦྱིན་སྲེག་མི་བྱའོ། །དཀྱིལ་འཁོར་པའི་ལྷའི་ཚུལ་གྱིས་བསྒོམ་པར་མི་བྱའོ། །དཀྱིལ་འཁོར་ཡང་མ་ལུས་པ་བསྒོམ་པར་མི་བྱའོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ཉིད་དེ་ནི་སྔགས་ཀྱི་བཟླས་པའོ། །དེ་ཉིད་དཀའ་ཐུབ་པོ། །དེ་ཉིད་དཀྱིལ་འཁོར་པའི་ལྷའི་ཚུལ་ལོ། །དེ་ཉིད་དཀྱིལ་འཁོར་རོ། །མདོར་ བསྡུས་པ་ནི་མདོར་བསྡུས་པ་སྟེ་བསྡུ་བའོ། །དབྱེར་མེད་པའི་སེམས་ནི་འདུས་པའི་ཚུལ་ཅན་ནོ་ཞེས་པ་ནི་འདུས་པ་ནི་ཚོགས་པའོ། །སེམས་ཀྱང་དེ་ལ་འདས་པ་ཡང་ཡིན་པས་སེམས་ནི་འདུས་པའོ། །དེ་ཉིད་ཚུལ་ནི་རང་བཞིན་ནོ། །དེ་འདི་ལ་ཡོད་པས་སེམས་ནི་འདུས་པའི་གཟུགས་ཅན་ནོ། ། ཆོས་རྣམས་ཐམས་ཅད་ནི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དགྱེས་པའི་རྡོ་རྗེ་ཡིན་ནོ། །དེ་སྐད་དུ་ཡང་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། མོས་པ་སྣ་ཚོགས་པ་ཡི་ཕྱིར། །ལྷ་ཡི་དམིགས་པ་སོ་སོ་སྟེ། །ཐུགས་ཀྱི་རྡོ་རྗེ་རྣམ་གྲོལ་ནས། །ལྷ་གཞན་མེད་པར་མངོན་པར་བརྗོད། །ཅེས་བྱ་ བའི་ཚིག་གིས་སོ། །ཡང་ན་སེམས་ནི་འདུས་པའི་གཟུགས་ཅན་ནོ། །སེམས་ཉིད་འདུས་པའི་ཚུལ་འདི་ལ་ཡོད་པས་སོ། །སྔགས་ཀྱི་བཟླས་མེད་ཅེས་པ་འདིས་ནི་གསུང་རྡོ་རྗེ་དབྱེར་མེད་པའོ། །དཀའ་ཐུབ་མེད་ཅེས་པ་འདིས་ནི་སྐུ་རྡོ་རྗེའི་བྱ་བ་དབྱེར་མེད་པའོ། །སྦྱིན་སྲེག་ མེད་ཅེས་པ་ནི་ཐུགས་རྡོ་རྗེ་དབྱེར་མེད་པའོ། །དཀྱིལ་འཁོར་པ་ཡང་མེད་ཅེས་པ་ནི་ཐབས་དབྱེར་མེད་པའོ། །དཀྱིལ་འཁོར་ཡང་ནི་མེད་ཅེས་པ་འདིས་ནི་ཤེས་རབ་དབྱེར་མེད་པའོ། །ཇི་ལྟར་ཞེ་ན། མདོར་བསྡུས་ན་སྟེ། མཐའ་དག་དབྱེར་མེད་པ་ཉིད་དེ་འཕགས་པ་ཡིན་པས་མདོར་བསྡུ་བའོ། ། གང་སེམས་ནི་འདུས་པའི་ཚུལ་ཅན་ནི། སེམས་འདུས་པ་ནི་སེམས་འདུས་པ་སྟེ་སེམས་ཀྱང་དེའི་ནང་དུ་ཐིམ་པ་ཡིན་ནོ། །དེ་ལྟ་བུའི་ཚུལ་འདི་རྡོ་རྗེ་འཛིན་པ་ལ་ཡོད་པས་སེམས་ནི་འདུས་པའི་གཟུགས་ཅན་ནོ། །གང་སེམས་དེ་འདུས་པའི་ཚུལ་ཅན་དེ་ནི་རང་འབྱུང་ཞིང་སེམས་ལས་འདས་པ་དེ་ ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དང་དཀྱིལ་འཁོར་ཉིད་ཀྱིས་དེ་ཉིད་གཉི་ག་སྙོམས་པར་ཞུགས་པས་བཟླས་པ་དང་དཀའ་ཐུབ་དང་སྦྱིན་སྲེག་གི་རང་བཞིན་ཉིད་ཀྱིས་རྡོ་རྗེ་གསུམ་གྱི་རང་བཞིན་ཐམས་ཅད་བསྡུ་བའི་བདག་ཉིད་དེས་ཀྱང་ཡེ་ཤེས་ལྔ་དང་སྐུ་གསུམ་ཐབས་དང་ཤེས་ རབ་ཀྱི་བདག་ཉིད་རང་འབྱུང་བའི་རྡོ་རྗེ་འཛིན་པའི་དབང་བསྐུར་བའི་རིམ་པར་ཕྱེ་བའོ། །མངོན་པར་ཀུན་ནས་དབང་དྲི་མ་མེད་པར་བྱེད་པས་ན་དབང་བསྐུར་བའོ། །གཉི་གའི་རྣམ་པར་དག་པའོ། །དེ་ཡང་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་དབང་བསྐུར་བའི་རིམ་པར་ཕྱེ་ བའོ། །བཅུ་པའོ་ཞེས་པ་ནི་བཅུ་པོ་རྣམས་ནི་རྫོགས་པས་ན་བཅུ་པོ་སྟེ། མཁའ་འགྲོ་མ་བརྒྱད་དང་། བདག་མེད་མ་དང་། རྡོ་རྗེ་འཛིན་པའོ། །ཡང་ན་དཀྱིལ་འཁོར་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །དཀྱིལ་འཁོར་ཡང་ཡིན་ལ་དབང་བསྐུར་བ་ཡང་ཡིན་པས་ན་དཀྱིལ་འཁོར་ དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ། །དཔལ་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་བཅུ་པའོ།། །།ད་ནི་དབང་བསྐུར་བས་དེ་ཁོ་ན་ཉིད་ཤེས་ལ་དེ་ཁོ་ན་ཉིད་ཤེས་པས་ལྟ་སྟངས་བཞི་ཡིས་སེམས་ཅན་གཞུག་ པར་བྱ་བའི་ཕྱིར་མངོན་དུ་གྱུར་པས་ན། རིམ་པར་ཕྱེ་བ་དང་པོར་མདོར་བསྟན་པའི་ལྟ་སྟངས་དགུག་དང་ཞེས་བྱ་བ་ལ་སོགས་པའི་ནུས་པ་རྒྱས་པར་གསུངས་པ། མཉམ་པར་མ་རུངས་དཔྲལ་བ་ཅན། །རྟག་ཏུ་ལྟུང་བར་བྱེད་པར་བརྗོད། །མཉམ་པ་ཞེས་པ་ནི་ཡོན་པོ་མ་ཡིན་པའོ། །མ་ རུངས་པ་ནི་མ་རུངས་པའི་ལས་བྱེད་པ་ཅན་ནོ། །དཔྲལ་བ་ཅན་ནི་དཔྲལ་བའི་གནས་ཀྱི་སྒོས་སོ། །ལྟུང་བར་བྱེད་ནི་འགྱེལ་བར་བྱེད་པའི་སྒོ་ནས་ཏེ་གསད་པའི་ལྟ་སྟངས་བསྟན་ཏོ། །རྟག་ཏུ་ཞེས་པ་ནི་རྟག་པར་རྒྱུན་དུ་བསྒོམ་པར་བྱས་པས་ཏེ། ཐམས་ཅད་ཉིད་དུ་སྦྱར་བར་བྱའོ། །དབང་གི་ལྟ་སྟངས་ གཡོན་ན་གནས། །འབྲས་བུ་གཉིས་ནི་གཡོན་ཉིད་དུའོ། །དབང་དུ་བྱ་བར་རིགས་པ་དབང་དུ་བྱ་བ་སྟེ་དབང་དུ་བྱ་བའི་སྒོ་ནས་སོ། །གཡོན་ན་གནས་ནི་གཡོན་གྱི་གནས་སུ་འབྲས་བུ་གཉིས་གནས་པས་སོ། །དེའི་ལྟ་སྟངས་གཡོན་ཉིད་དུའོ་ནི་གཡོན་ངོས་ཉིད་དུ་བཟློག་ནས་བལྟ་བའོ། །གཡས་པའི་ ཆ་ལ་དགུག་པ་ཉིད། གཉི་ག་སྟོང་དུ་ངེས་པར་སྦྱར། །དགུག་པ་ཉིད་ཅེས་པ་ནི་དགུག་པར་བྱ་བའོ། །གཡས་པའི་ཆ་ལ་ནི་གཡས་ངོས་སུའོ། །གཉི་ག་ཞེས་པ་ནི་འབྲས་བུ་གཉིས་སོ། །སྟེང་དུ་ཞེས་པ་ནི་སྟེང་དུའོ། །ངེས་པར་སྦྱར་ནི་གཞག་པར་བྱའོ། །དབུ་མ་རེངས་པའི་ལྟ་སྟངས་ཉིད། ། སྣའི་རྩེ་མའི་དབུས་སུ་གཉིས། །དབུ་མ་ཞེས་པ་ནི་དབུས་སུ་གནས་པ་སྟེ། སྟེང་དུ་ཡང་མ་ཡིན་འོག་ནས་ཀྱང་མ་ཡིན། གཡོན་དང་གཡས་སུ་ཡང་མི་གཞག་པའོ། །དེ་ལྟ་བུར་གྱུར་པའི་ལྟ་སྟངས་ཀྱི་རེངས་པའི་འོ། །གཉིས་ཞེས་པ་ནི་འབྲས་བུ་གཉིས་སོ། །སྣའི་རྩེ་མོའི་དབུས་ཞེས་པ་ནི་སྣའི་རྩེ་ མོའི་དབུས་དྲུང་པོར་རོ། །ལྷུང་བར་བྱེད་པ་ལ་སོགས་པའི་བྱ་བ་རྣམས་ཀྱི་རླུང་ནི་འཇུག་པའི་རླུང་གིས་དགུག་པ་གོམས་པར་བྱ་བའི་དོན་ཏོ། །ཞི་བ་ཅན་གྱིས་རེངས་པར་བྱེད་ནི་རེངས་པའི་ལྟ་སྟངས་ཞི་བ་ཅན་གྱི་རླུང་གིས་ཏེ། ཞི་བ་ཅན་ནི་སྟོང་པ་ཅན་དང་བུམ་པ་ཅན་དང་གང་བ་ཅན་པས་ཤིན་ཏུ་འདས་ པས་རང་བཞིན་དུ་གནས་པའི་རླུང་གིས་ཞེས་པའི་དོན་ཏོ། །ལྟུང་བར་བྱེད་པའི་ལྟ་སྟངས་སྦྱང་བའི་གནས་གསུངས་པ། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། རློན་པའི་ཤིང་ཞེས་པ་ནི་ཆུ་ཤིང་ལ་སོགས་པ་ཁུ་བ་དང་བཅས་པ་ལའོ། །དབང་ནི་མེ་ཏོག་རབ་ཏུ་གྲགས་ནི་དྲི་དང་ལྡན་པའི་མེ་ཏོག་གོ། །རྡོ་ རྗེའི་ཤིང་ལ་དགུག་པ་ཉིད། ཤྲཱི་ཁཎྜའི་ཤིང་ལ་སོགས་པའི་འོ་མ་ཅན་གྱི་ཤིང་རྣམས་ལའོ། །གཡོ་བཅས་རྩྭ་ལ་རེངས་བྱེད་ཉིད། །འདིར་གདམས་ངག་གིས་ལྟུང་བར་བྱེད་པའི་ལྟ་སྟངས་སྦྱོང་བ་ན། ཡི་གེ་གྷུ་ནག་པོའམ་ཡི་གེ་ཕཊ་ཆུ་ཤིང་ལ་སོགས་པའི་ཤིང་དེ་རྣམས་ ལ་དགོད་པར་བྱའོ། །དབང་དུ་བྱ་བ་སྦྱོང་བ་ནི་མེ་ཏོག་ལ་ཡི་གེ་ཨོཾ་དམར་པོའམ་ཡི་གེ་ཧྲི་དགོད་པར་བྱའོ། །དགུག་པ་སྦྱོང་བ་ན་ཡི་གེ་ཧཱུཾ་ཁ་དོག་དམར་པོའམ་ཡི་གེ་ཛ་ཤྲཱི་ཁཎྜའི་ཤིང་ལ་སོགས་པ་ལ་དགོད་པར་བྱའོ། །རེངས་པ་སྦྱོང་བ་ནི་ཡི་གེ་ཧཱུཾ་སེར་པོའམ་ཡི་གེ་ལཾ་གཡོ་བ་དང་བཅས་པའི་ རྩྭ་ལ་དམིགས་པར་བྱའོ། །ཡང་ན་ལྟུང་བར་བྱེད་པའི་ལྟ་སྟངས་ཞེས་པ་ནི་རང་བཞིན་མེད་པའི་ཡེ་ཤེས་སོ། །དབང་གི་ལྟ་སྟངས་ཞེས་པ་ནི་བརྟན་པ་དང་གཡོ་བ་དབྱེར་མེད་པའི་ཡེ་ཤེས་སོ། །དགུག་པའི་ལྟ་སྟངས་ཞེས་པ་ནི་བསྡུ་བའི་ཡེ་ཤེས་སོ། །རེངས་པའི་ལྟ་སྟངས་ཞེས་པ་ནི་མི་གཡོ་ བའི་ཡེ་ཤེས་ཏེ། རང་བཞིན་མེད་དང་དབྱེར་མེད་པ། །བསྡུ་དང་དེ་བཞིན་མི་གཡོ་བ། །ལྟུང་བར་བྱེད་ལ་སོགས་བཞིའོ། །ཡེ་ཤེས་འདི་བཞི་རབ་ཏུ་བཤད། །མཉམ་པར་ཞེས་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །གཡོན་ན་གནས་ཞེས་པ་ནི་གཡོན་པ་ཟླ་བ་བྱང་ཆུབ་ཀྱི་སེམས་དེ་གནས་པའི་ཕྱིར་ རོ། །གཡས་པའི་ཆ་ལ་ཞེས་པ་ནི་གཡས་པ་ཉི་མའོ། །དེ་ཡང་ཆ་ནི་ཆ་ཤས་དང་བྲལ་བའི་ཕྱིར་རོ། །དབུ་མ་ཞེས་པ་ནི་སྐུ་གསུང་ཐུགས་རྣམས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་རོ། །སྟོང་པ་ཅན་གྱིས་ཞེས་པ་ནི་ཡོངས་སུ་སྤངས་པའི་ཕྱིར་རོ། །བུམ་པ་ཅན་གྱིས་ཞེས་པ་ནི་མི་གཡོ་བས་སོ། ། གང་བ་ཅན་གྱིས་ཞེས་པ་ནི་བསྡུ་བས་སོ། །ཞི་བ་ཅན་གྱིས་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་གྲུབ་པའི་དོན་ཏོ། །དམ་ཚིག་གི་ཕྱག་རྒྱ་ལ་དགོངས་པས་སྒྲ་ཇི་ལྟ་བ་བཞིན་དུའོ། །ལས་ཀྱི་ཕྱག་རྒྱ་ལ་དགོངས་པས་དགའ་བ་ལ་སོགས་པ་བཞིའོ། །ཆོས་ཀྱི་ ཕྱག་རྒྱར་དགོངས་པས་འཁོར་ལོ་བཞིར་རྣམ་པར་གཞག་གོ། །ཕྱག་རྒྱ་ཆེན་པོར་དགོངས་པས་ཡང་གཉིས་སུ་རྟོགས་པ་ལས་ཡིན་པའི་དོན་ཏོ། །རློན་པའི་ཤིང་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྣམས་ལའོ། །ལྟུང་བྱེད་ཉིད་ནི་རང་བཞིན་མེད་པར་རྟོགས་པའོ། །མེ་ཏོག་ཅེས་པ་ནི་ བདག་མེད་མ་བྱང་ཆུབ་ཀྱི་སེམས་རྣམས་ལའོ། །དབང་ནི་ཞེས་པ་ནི་དབྱེར་མེད་པའི་ཡེ་ཤེས་སོ། །རྡོ་རྗེའི་ཤིང་ལ་ཞེས་པ་ནི་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་རྣམས་ལའོ། །དགུག་པ་ཞེས་པ་ནི་བསྡུ་བའི་ཡེ་ཤེས་སོ། །གཡོ་བཅས་རྩ་ནི་བརྟན་པའོ། །ཅིས་ཁྱད་འཕགས་ ཤེ་ན་གཡོ་བ་དང་བཅས་པའོ། །བརྟན་པ་དང་གཡོ་བ་དབྱེར་མེད་པར་ཡོད་པའི་མི་གཡོ་བའི་ཡེ་ཤེས་ནི་རེངས་པའོ། །རྟག་ཏུ་ཞེས་པ་ནི་རྟག་ཏུའོ། །རྟག་ཏུ་གུས་པ་དང་བཅས་པར་སྦྱངས་པས་གོམས་པ་ཉིད་ཀྱིས་འགྲུབ་པར་འགྱུར་བ་ཡིན་པ་དེ་གསུངས་པ། ཟླ་དྲུག་གོམས་པར་སྦྱོར་ བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདི་ལ་འཁྲུལ་པར་མི་བྱ་སྟེ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཟླ་བ་དྲུག་གིས་ལྟ་སྟངས་བཞི་པོ་འདི་གདོན་མི་ཟ་བར་འགྲུབ་པས་ཐེ་ཚོམ་མི་བྱའོ། །ལྟ་སྟངས་འགྲུབ་པ་ཡང་འཁྲུལ་པར་མི་བྱ་སྟེ། གང་གི་ཕྱིར་འདི་ཡང་ བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་སྟེ་མངོན་པར་ཞེན་པ་མེད་པ་ཉིད་དུ་དེ་ཁོ་ན་ཉིད་དང་ལྡན་པའི་ལྟ་སྟངས་འདི་རྣམས་སངས་རྒྱས་ཀྱི་རྫུ་འཕྲུལ་ཏེ། སངས་རྒྱས་ཀྱི་རོལ་པའོ། །ཐ་མ་དང་འབྲིང་དང་རབ་ཀྱི་སེམས་ཅན་གཞུག་པར་བྱ་བའི་ཕྱིར་དེ་ནས་དེ་གསུངས་པ། ལྟ་སྟངས་བཞི་པོ་བསྒྲུབས་ ནས་ནི། །མཁས་པས་སེམས་ཅན་འཇུག་པར་བྱེད། །ལྟ་སྟངས་བཞི་བསྒྲུབས་ནས་ཡང་དག་པའི་ལམ་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར་ཞེས་པའི་དོན་ཏོ། །ཡང་ན་ཟླ་དྲུག་ནི་དྲུག་གི་སྒྲས་དྲུག་པ་རྡོ་རྗེ་འཛིན་པའོ། །དྲུག་པའི་ཚུལ་གྱིས་ཡིད་མ་སྟེ་གྲངས་དྲུག་པའོ། །དེ་འདིར་ འཕེན་པར་བྱེད་པས་ན་ཟླ་བ་དྲུག་སྟེ་དྲུག་པ་རྡོ་རྗེ་འཛིན་པར་རྟོགས་པའོ། །ཇི་ལྟར་ཡོད་པ་གསུངས་པ། གོམས་པར་སྦྱོར་བ་ཡིས་ནི་སྦྱོར་བས་རྣལ་འབྱོར་འདུས་པ་ཐབས་དང་ཤེས་རབ་དབྱེར་མེད་པའོ། །གོམས་པ་ནི་རྟག་ཏུ་གོམས་པས་རྒྱུན་དུ་སྦྱོར་བས་སོ། །དེས་འགྲུབ་ པར་འགྱུར་བ་སྟེ་ཐེ་ཚོམ་མེད་དོ། །དེ་ཉིད་ཀྱི་ཕྱིར། འདི་ལ་འཁྲུལ་པར་མི་བྱ་སྟེ་འདི་ལ་རྣམ་པར་རྟོག་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སངས་རྒྱས་རྫུ་འཕྲུལ་ནི་མངོན་ཤེས་དྲུག་གི་ཡོན་ཏན་ནོ། །དེ་བསམ་གྱིས་མི་ཁྱབ་ནི་བསམ་པ་ལས་འདས་པའི་ཕྱིར་རོ། །དེ་ཉིད་བྱ་བ་སྟེ་བྱ་ བའོ། །འབྲས་བུའི་ཚུལ་རྡོ་རྗེ་འཛིན་པའོ། །དེ་ཡང་ཨ་སྟེ་ཡི་གེ་ཨ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་ཚེག་དྲག་གི་མཐའ་ཅན་ནོ། །ལྟ་སྟངས་བཞི་པོ་བསྒྲུབས་ནས་ནི། །ཞེས་པ་ནི་ཡེ་ཤེས་བཞི་པོ་བསྒྲུབ་ཅེས་པ་སེམས་དཔའ་སྲིད་གསུམ་དབྱེར་མེད་པའི་ ཡེ་ཤེས་སོ། །ཨ་བའི་ཨ་བདག་མེད་མའོ། །བ་རྡོ་རྗེ་འཛིན་པའོ། །གཉི་ག་དབྱེར་མེད་པ་ཨ་པའོ། །འཇུག་པ་ནི་ཁྱབ་པའོ། །གཉི་ག་དབྱེར་མེད་པ་ཉིད་སྤྲོ་བ་ཡིན་ནོ། །མཁས་པ་ནི་ཡེ་ཤེས་གཅིག་གི་རང་བཞིན་ཡིན་པའི་དོན་ཏོ། །ལྟ་སྟངས་བཞི་ལས་གསུམ་ནི་འབྲས་བུ་ཡོད་པ་ཡིན་ཏེ་ སེམས་ཅན་གཞུག་པར་བྱ་བར་གྱུར་ཀྱང་གསད་པའི་ལྟ་སྟངས་ཀྱང་རེ་ཞིག་སེམས་ཅན་འཇུག་པར་བྱེད་པ་ཞོག་གི་སེམས་ཅན་ལ་གནོད་པར་བྱེད་པ་ཉིད་དུ་གྱུར་པ་ཡིན་པ་དེ་གསུངས་པ། གསད་པར་འདི་ལ་བྱ་མ་ཡིན། དམ་ཚིག་ངེས་པར་ཉམས་པར་གྱུར། །གསད་པར་བྱ་བ་ཅི་ཡང་མེད་དེ་ སྐྱོན་གྱི་ཁྱད་པར་དེ་ཁོ་ན་འབྱུང་ངོ་། །དམ་ཚིག་ཉམས་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀའ་ཁྱད་དུ་བསད་པར་གྱུར་པ་ཡིན་ནོ། །ངེས་པར་གཞན་དུ་ཡང་བཀག་པ་བརྫུན་དུ་སྨྲ་བ་ལ་སོགས་པ་ནི་བསྒྲུབ་པར་བྱ་བའོ། །ཡང་གསད་པར་མི་བྱ་བ་དེ་གསུངས་པ། སེམས་ཅན་ སླུ་བ་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་བྱ། །སྲོག་བཅད་པས་མི་དགེ་བ་ཀུན་སྐྱེའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་རྣམས་ལ་མི་དགེ་བ་མེད་དོ། །སེམས་ཅན་ལ་གནོད་པ་བྱས་པའི་མི་དགེ་བའི་སྐྱོན་ཅི་ཡིན་པ་དེ་གསུངས་པ། སེམས་ཅན་གནོད་པ་ཙམ་གྱིས་ནི། ཕྱག་རྒྱའི་དངོས་གྲུབ་རྙེད་ མི་འགྱུར། །ཞེས་པ་ནི། གང་ཕྱིར་སེམས་ཅན་ལ་གནོད་པ་བྱས་པ་གཅིག་བུས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་པ་ཡིན་ནོ་ཞེས་པའི་དོན་ཏོ། །འདི་ནི་འདི་ཉིད་གསད་པར་མི་བྱ་བར་གཅིག་ཀྱང་དེ་ཅིའི་ཕྱིར་གོམས་པར་བྱ་བ་དེ་བསྟན་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་ ཐམས་ཅད་ཉིད་སྦྱང་དགོས་ལ། འོན་ཀྱང་དོར་བྱ་ཉིད་ཀྱིས་རྣམ་པར་གཞག་པ་ཡང་ཡིན་པར་དགོངས་སོ། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྤྱད་པར་འདོད་པས་ཉན་ཐོས་ལ་སོགས་པའི་ས་ལ་ཡང་དེས་བསླབས་པར་གྱུར་ཀྱང་ཅི་ལྟར་ཉན་ཐོས་ཀྱི་ས་ལ་གནས་པ་ ཡིན་སྟེ། །དེའི་སེམས་ནི་དོར་བར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རློན་པའི་ཤིང་ལ་སྦྱང་པར་བྱ་བ་ཡིན་ནོ། །ཡང་ན་གསད་པར་གང་བསྟན་པ་དེ་ཐམས་ཅད་སེམས་ཅན་ལ་གནོད་པའི་བསམ་པས་མི་བྱ་བར་གྱུར་ཀྱང་ཅི་སེམས་ཅན་ལ་ཕན་པའི་བསམ་པ་ཉིད་ཀྱིས་བྱའོ། །འདི་ལྟར་དཀོན་མཆོག་ གསུམ་ལ་གནོད་པ་བྱེད་པའི་བསམ་པས་ཞུགས་པའི་སེམས་ཅན་ནི་དམྱལ་བར་འགྱུར་རོ། །དེ་དེ་ཁོ་ན་ཉིད་དང་ལྡན་པའི་སྙིང་རྗེའི་བསམ་པ་ཅན་གྱིས་དེ་ལ་ཕན་པའི་བློས་བསད་ན་མི་བསྐྱོད་པའི་རིགས་སུ་ཁྲིད་པར་བྱེད་དོ། །ཡང་ཁྲོ་བས་ཟིལ་གྱིས་མནན་པ་ལ་སོགས་པ་རྣམས་ཀྱིས་གནོད་ པར་བྱེད་པའི་བསམ་པས་ནི་མ་ཡིན་པའི་དོན་ཏོ། །ཡང་ན། གསད་པར་འདི་ལ་བྱ་བ་མིན་པར་འགྱུར་བ་ནི་གསད་པ་ཞེས་པ་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་བསད་ནས་ཡང་དག་པའི་ཡེ་ཤེས་སུ་བྱ་བའོ། །འགྱུར་བ་ནི་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར་དམ་ཚིག་ཉམས་པ་ནི་དམ་ ཚིག་ནི་ལྷ་རྣམས་འདུས་ཤིང་ཚོགས་པས་ན་དམ་ཚིག་སྟེ་ལྷའི་འདུས་པའོ། །དེའི་ཉམས་པ་ནི་ལྷ་རྣམས་འདུས་པའི་རྣམ་པར་རྟོག་པ་ཡང་དེ་ལ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངེས་པ་ནི་མཆོག་གོ། །འགྱུར་ནི་རྫོགས་པའོ། །ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ ཀྱི་ཕྱིར། བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་པ་ནི་ཐམས་ཅད་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །དེ་ལྟར་ཐམས་ཅད་དོ། །འདི་གཉི་ག་དབྱེར་མེད་པ་ཉིད་འབྲས་བུ་སྐུའོ། །འང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་སེམས་ཅན་སླུ་བ་ནི་སྲིད་གསུམ་གཅིག་པ་དེས་ཡོངས་ སུ་བསླུས་པ་གང་ངོ་། །དེ་ཉིད་ཇི་ལྟར་ཞེ་ན་དེ་གསུངས་པ། །གཏོགས་པ་བྱ་ཞེས་པ་སྟེ། བྱ་བ་ནི་བྱ་བ་བྱ་བའོ། །དེ་ཡོངས་སུ་སྤངས་པས་བྱ་བ་མེད་པའི་ཕྱིར་ཡིན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་གནོད་པ་ཙམ་གྱིས་ནི། །ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར། །སེམས་ ཅན་གནོད་པའི་སྒྲས་ནི་སྲིད་གསུམ་གཅིག་པར་རྟོགས་པས་སོ། །ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །དེ་ཡང་རྙེད་མི་འགྱུར་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་པའི་ཡུལ་གྱི་ཕྱིར་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། དེ་ལ་དམ་ཚིག་བཟའ་བར་བྱ། །ན་དང་ག་ཧ་དང་ པོ་དང་། །མཐའ་མའི་ཤྭ་དང་དང་པོའི་ཤྭ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་ཕྱིར། །བདུད་རྩི་ལྔ་དང་དེ་བཞིན་བཟའ། །དམ་ཚིག་ལྔ་པོ་གཉིས་པོ་འདི་ལྷ་རྣམས་འདུས་པ་སྟེ། དང་པོའི་ན་ལ་སོགས་ནི་ཡུལ་རྣམས་སོ། །བདུད་རྩི་ནི་དབང་པོ་རྣམས་སོ། །དམ་ཚིག་དེ་གཉི་ ག་ཡང་ངོ་། །བཟའ་བ་ནི་རོ་གཅིག་པར་བྱ་བའོ། །གང་གི་ཕྱིར་བཟའ་བ་འདི་རོ་མཉམ་པའི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་རང་བཞིན་ནོ། །ཅིའི་དོན་དུ་ཞེ་ན་དངོས་གྲུབ་ཀྱི་ཕྱིར་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་རོ། །གང་ལ་ཡོད་ཅེ་ན་དགྱེས་པའི་རྡོ་རྗེའི་སྟེ་གཉི་ག་དབྱེར་ མེད་པའི་ཡེ་ཤེས་ཡོད་པའི་དོན་ཏོ། །ཀུན་རྫོབ་ཀྱི་དོན་དུ་ཡང་དམ་ཚིག་ཡིན་ཏེ་དམ་ཚིག་ནི་བཅུའོ། །ན་དང་ཞེས་པ་ནི་དམ་ཚིག་གང་ལ་ན་དང་པོར་ཡོད་པ་དེ་ནི་ན་དང་པོ་སྟེ་རྒྱལ་པོའི་སཱ་ལིའོ། །ཧ་དང་པོ་ཞེས་པ་ནི་གང་ལ་ཡི་གེ་ཧ་དང་པོར་ཡོད་པ་དེ་ནི་ཧ་དང་པོ་སྟེ་གླང་པོ་ཆེའི་སྟེ་དེའི་ཤའོ། ། དེ་བཞིན་ག་དང་པོ་ཞེས་པ་ནི་བ་ལང་སྟེ་དེའི་འོ། །མཐའ་མའི་ཤྭ་ཞེས་པ་ནི་རྟའིའོ། །དང་པོའི་ཤྭ་ཞེས་པ་ནི་ཁྱིའི་འོ། །བདུད་རྩི་ལྔ་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པའོ། །ཀྱེ་རྡོ་རྗེ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡོད་པའོ། །ཟོས་པ་ཙམ་གྱིས་དངོས་གྲུབ་ཐོབ་པར་ འགྱུར་བའི་ཁྱད་པར་གསུངས་པ། ན་དང་པོ་རྙེད་ནས་སོ། །སྐྱེ་བ་བདུན་པ་དེ་ནས་བརྟག །ཀྱེའི་རྡོ་རྗེས་གསུངས་མཚན་ཉིད། །དགའ་བྲལ་དགའ་བ་ལ་སྨོད་པ། ལན་བདུན་པས་ནི་འགྲུབ་པར་འགྱུར། ལན་བདུན་པའི་སྒྲས་སྐྱེ་བ་བདུན་པའོ། །བརྟག་པ་ནི་མཚན་མས་མཚོན་པའོ། ། ཅིས་ཁྱད་འཕགས་ཤེ་ན། ཀྱེའི་རྡོ་རྗེས་གསུངས་པ་སྟེ་དགྱེས་པའི་རྡོ་རྗེ་རྒྱུད་ཀྱིས་གསུངས་པས་སོ། །སྐྱེ་བ་བདུན་པ་དེ་ཟོས་པ་ཙམ་གྱིས་ནི་དེའི་ཤ་ཟོས་པས་དངོས་གྲུབ་ཏུ་འགྱུར་རོ། །ཅིས་ཁྱད་འཕགས་ཤེ་ན། དགའ་བྲལ་དགའ་བ་ལ་སྨོད་པ་སྟེ། དེ་ཡང་དག་པའི་ཡེ་ཤེས་སྨོད་པ་སྟེ། གང་ ཡང་དག་པའི་ཡེ་ཤེས་ཀྱིས་འགྲུབ་པ་དེ་འདིས་འགྲུབ་པ་ཡིན་ནོ། །སྐྱེ་བ་བདུན་པའི་མཚན་ཉིད་བསྟན་པ། སྐད་སྙན་མིག་དང་ལྡན་པ་དང་། །དྲི་ལུས་གཟི་བརྗིད་ཆེན་པོ་དང་། །དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པའི་ས་མཚོན། དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ལ་ནི་ མཁའ་སྤྱོད་འགྱུར། །མིག་དང་ལྡན་ཞེས་པ་ནི་མིག་ཡངས་པའོ། །དྲིའི་ལུས་ཞེས་པ་ནི་ལུས་ལ་ཙནྡན་གྱི་དྲི་བྲོ་བའོ། །གཟི་བརྗིད་ཆེ་ཞེས་པ་ནི་ལུས་ཆེ་བའོ། །གྲིབ་མ་བདུན་གྱིས་སྐྱེ་བ་བདུན་པ་དེའི་མཚན་ཉིད་དུ་ཡིན་ནོ། །འོ་ན་བསད་པའི་སྐྱོན་དུ་གྱུར་པ་ཡིན་པར་སེམས་ལ་བཞག་ནས་གསུངས་པ་ ཟོས་པ་ཙམ་གྱིས་དེ་ནི་མཁའ་སྤྱོད་དུ་འགྱུར་ཏེ། དེའི་མོད་ལ་མཁའ་སྤྱོད་དུ་འགྱུར་རོ། །འདིས་ནི་དེ་ཡང་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པ་ཡིན་པར་དགོངས་སོ། །ཡང་ན་སྐྱེ་བ་བདུན་པ་དེའི་ཤ་ཟོས་པས་མཁའ་སྤྱོད་དུ་འགྱུར་ཏེ། མཁའ་སྤྱོད་དུ་འགྲོ་ཞེའོ། །སྐད་ཅིག་གིས་ཞེས་པ་ནི་དེའི་ མོད་ལ་སྟེ་དུས་ཐོགས་པ་མེད་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དངོས་གྲུབ་དེས་ནི་དགའ་བྲལ་དགའ་བ་ལ་སྨོད་པ་སྟེ་གང་དགའ་བྲལ་གྱིས་ཐོབ་པའི་དངོས་གྲུབ་དེ་སྨོད་པ་ཡིན་ནོ། །འདི་ནི་དགའ་བྲལ་གྱི་ཡེ་ཤེས་ཀྱིས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བའི་དོན་ཏོ། །ཡང་ན་ལན་བདུན་པ་ ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཀུན་ནས་སྒྱུར་ཞིང་ཡང་དང་ཡང་དུ་གོམས་པ་དེས་ན་དྲུག་པ་ཉིད་བདུན་པ་ཡིན་ནོ། །ལན་བདུན་པ་དེ་རྒྱུ་དེའི་ཕྱིར་ན་མཚོན་པ་སྟེ་ཤེས་པར་བྱ་བའོ། །མཚན་ཉིད་ཀྱི་རྒྱུ་ཅིས་ཁྱད་འཕགས་ཤེ་ན། ལན་བདུན་པ་སྟེ། ལན་བདུན་དུ་སྒྱུར་བར་བསྟན་ པས་སོ། །ཇི་ལྟར་ཞེ་ན། ཀྱེའི་རྡོ་རྗེས་གསུངས་པས་སོ། །ཐབས་དང་ཤེས་རབ་ཀྱིས་གསུངས་པའོ། །དེ་ཉིད་ཀྱི་ཕྱིར། དགའ་བྲལ་དགའ་བ་ལ་སྨོད་པས། །འགྲུབ་པར་འགྱུར་ཞེས་པ་ནི། དགའ་བྲལ་གྱི་དགའ་བ་ལ་སྨོད་པར་བྱེད་པས། དགའ་བྲལ་དགའ་བ་ལ་སྨོད་པ། ཡང་དག་ པར་རྫོགས་པའི་བྱང་ཆུབ་ཐོབ་པའོ། །སྐད་སྙན་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་ནོ། །མིག་དང་ལྡན་ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ནོ། །དྲི་ལུས་ཞེས་པ་ནི་སྤྲུལ་པའི་སྐུའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སྐུ་གསུམ་གྱི་བདག་ཉིད་དེས་ནི་གཟི་བརྗིད་ཆེན་པོ་སྟེ་སྐུ་གསུམ་གྱི་སྐུའོ། ། དེ་ཉིད་ཀྱི་ཕྱིར་ལན་བདུན་པའི་ཕྱིར་རོ། །གྲིབ་མ་བདུན་ནི་གྲིབ་མ་དང་འདྲ་བས་ན་གྲིབ་མ་བདུན་ཏེ། དེའི་ཞེས་པ་ནི་དྲུག་པ་ཉིད་བདུན་པའི་གྲིབ་མ་ལྟར་གཟུགས་བརྙན་ལྟ་བུར་མཚོན་པར་བྱའོ། མཐོང་ནས་ནི་ཤེས་ནས་སོ། །རྣལ་འབྱོར་པ་ནི་དེ་ཁོ་ན་ཉིད་དང་ལྡན་པའོ། །དེའི་ནི་དྲུག་པ་རྡོ་ རྗེ་འཛིན་པ་དེ་ནི་ལྔ་པོ་རྣམས་ཞུགས་པའོ། །དེ་ཟོས་པ་ནི་ཟོས་པའོ། །དེ་ཙམ་གྱིས་ནི་དེར་འཁྲིལ་བས་སོ། །མཁའ་སྤྱོད་ནི་མཁའ་དབང་པོའོ། །དེ་ལ་སྤྱོད་པས་ན་མཁའ་སྤྱོད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །སྐད་ཅིག་གིས་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་གིས་ སོ། །འགྱུར་ནི་གྲུབ་པའི་དོན་ཏོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ཡང་བཤད་པར་བྱ་སྟེ། ཐམས་ཅད་ཀྱི་སྒྲ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །སེམས་ཅན་གྱི་སྒྲ་ནི་སྲིད་གསུམ་གཅིག་པ་ཉིད་དོ། །འདི་ཉིད་གསུམ་ཀ་འདི་རྣམས་ཐ་མི་དད་ པའོ། །འདི་ཉིད་ཀྱིས་ནི་དབང་དུ་བྱ་བ་ནི་དབང་དུ་འདུ་བ་སྟེ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་དེ་ནི་དབང་དུ་བྱ་བའོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ཡེ་ཤེས་ལྔ་དང་སྐུ་གསུམ་དབྱེར་མེད་པར་རྟོགས་པར་གྲུབ་ན་ལྟ་སྟངས་གྲུབ་པ་ཡིན་པའི་ཁྱད་པར་གྱིས་སོ། །ཀུ་རུ་ཀུལླེའི་ སྒྲུབ་ཐབས་ནི་ཀུ་རུ་ཀུ་ལླེ་ཞེས་པ་འདིས་ཐབས་དང་ཤེས་རབ་དབྱེར་མེད་པ་བཞི་བདག་མེད་མས་རྒྱས་བཏབ་པ་གང་ཨའོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་ཐབས་ནི་ཐབས་སུ་གྱུར་པ་ཡིན་ནོ། །དེ་བཤད་པ་ནི་བཤད་པར་བྱ་བའོ། །ཐབས་ཉིད་ཡིན་པའི་ཕྱིར་ཞེས་དགོངས་པའོ། །ཀུན་རྫོབ་དུ་གོ་སླ་ བའི་དོན་ཉིད་དོ། །གོང་དུ་རྟོག་པ་བཅུ་གཉིས་པས་རྒྱས་པར་གསུངས་པ་མདོ་རུ་བསྡུ། སྔར་འབུམ་ཕྲག་ལྔ་པའི་དགྱེས་པའི་རྡོ་རྗེ་རྟོག་པ་བཅུ་གཉིས་པས་རྒྱས་པར་གསུངས་ནས་ད་ནི་མདོར་བསྡུས་ཏེ་བསྟན་པར་བྱ་ཞེས་པའི་དོན་ཏོ། །ཡང་ན་རྟོག་པ་བཅུ་གཉིས་པས་ཞེས་པ་ནི་རྟོག་པ་ནི་ཡང་དག་ པར་རྟོགས་པ་སྟེ་སེམས་སོ། །བཅུ་གཉིས་ཞེས་པ་ནི་གཉིས་ཀྱི་སྒྲས་ཐབས་དང་ཤེས་རབ་དག་གོ། །དེ་དབང་པོ་དང་ཡུལ་གྱི་རང་བཞིན་གྱིས་བཅུའོ། །རྟོག་པ་ཡང་རྟོག་པ་བཅུ་གཉིས་པ་དེས་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་རང་བཞིན་གྱིས་སོ། །རྒྱས་ པར་ནི་སྤྲོ་བའི་ཚུལ་གྱིས་སོ། །གང་གསུངས་པ་ནི་གང་བསྟན་པའོ། །དེ་ཉིད་སྔར་ཏེ་དང་པོར་མདོར་བསྡུ་བ་ནི་གཟོད་མ་ཉིད་ནས་བསྡུ་བའི་རང་བཞིན་ནོ། །ཡང་ན་དེ་ཉིད་མདོར་བསྡུས་པ་ནི་དེ་བསྡུས་པའོ། །སྔར་ནི་དང་པོ་སྟེ་དང་པོ་ནི་གཉིས་སུ་མེད་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཧྲཱིཿལས་བྱུང་ བའི་ལྷ་མོ་ནི། །ཁ་དོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །ཧྲཱིའི་སྒྲས་ཡི་གེ་ཧ་ནི་རྡོ་རྗེ་འཛིན་པའོ། །ཡི་གེར་ནི་བདག་མེད་མ་སྟེ་གཉི་ག་དབྱེར་མེད་པའོ། །ཨི་ནི་ཆུའི་རྣལ་འབྱོར་མ་བྱང་ཆུབ་ཀྱི་སེམས་ཏེ་ཚེག་དྲག་གི་མཐའ་ཅན་ ནོ། །དེའི་ལས་ནི་བྱ་བའོ། །དེའི་ལས་བྱུང་བ་ནི་གང་ལ་དེ་ལས་བྱུང་བ་དེ་ནི་ཡི་གེ་ཧྲཱིཿལས་བྱུང་བའོ། །ལྷ་མོ་ནི་ལྷ་མོའི་བདག་ཉིད་སྤྲོ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཁ་དོག་དམར་ཞིང་ནི་ཆགས་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །ཕྱག་བཞི་མ་ཞེས་པ་ནི་གང་ལ་ལོངས་སྤྱོད་དུ་ཡོད་པ་དེ་ནི་ ཕྱག་བཞི་མའོ། །མདའི་སྒྲས་འབིགས་པའི་ཕྱིར་ཤེས་རབ་པོ། །གཞུ་ནི་འབིགས་པའི་རྣམ་པས་ཐབས་སོ། །དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པས་མདའ་དང་གཞུའོ། །ལག་པ་ནི་ལྔ་པོ་གཉིས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་གང་ལ་ཡོད་པ་དེ་ནི་མདའ་དང་གཞུའི་ལག་པ་མའོ། །དང་ནི་གང་ གི་ཕྱིར་གྱི་དོན་ཏོ། །ཨུཏྤ་ལའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་སོ། །ཨཱཾ་ནི་མཁའ་སྤྱོད་མའོ། །བདག་མེད་མའི་དཀྱིལ་འཁོར་བཅོ་ལྔའི་བདག་ཉིད་དེ་གཉི་ག་འབྱིན་ཅིང་ངེས་པར་གསལ་བར་བྱེད་པས་ཨུཏྤ་ལ་དང་ལྕགས་ཀྱུའོ། །དེ་འཛིན་པའི་ངང་ཚུལ་གྱིས་རང་བཞིན་འདི་ཡིན་པས་ཨུཏྤལ་དང་ ལྕགས་ཀྱུ་འཛིན་པའོ། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འདི་ནི་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་མས་སོ། །བསྒོམས་པ་ཙམ་གྱིས་ནི་སྙོམས་པར་ཞུགས་པ་ཙམ་གྱིས་སོ། །འཇིག་རྟེན་གསུམ་པོ་ལ་གསུམ་གྱི་སྒྲ་སྐུ་གསུང་ཐུགས་སོ། ། འཇིག་རྟེན་གྱི་སྒྲས་ཕུང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱི་དངོས་པོ་ནི་འཇིག་རྟེན་གསུམ་མོ། །དབང་དུ་ནི་ཐོབ་པར་འགྱུར་བ་སྟེ། །སྙོམས་པར་འཇུག་པ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་སྐྱེད་པར་བྱེད་པའི་དོན་ཏོ། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་བསྟན་ཟིན་པའོ། །གཅིག་གིས་ནི་མེད་པའི་ཚུལ་གྱིས་མཚོན་པ་ དེའོ། །རྒྱལ་པོ་རྣམས་ནི་ཐུགས་རྡོ་རྗེའོ། །དབང་དུ་བྱེད་ནི་རབ་ཏུ་གསལ་བར་འབྱུང་བའོ། །འཇིག་རྟེན་ཕལ་པ་ནི་ཕུང་པོ་ལྔ་རྣམས་ཏེ་ཕལ་པ་ཡང་ཡིན་ལ་འཇིག་རྟེན་ཡང་ཡིན་པས་འཇིག་རྟེན་ཕལ་པའོ། །ཁྲི་ཡིས་ནི་བདག་མེད་མས་སོ་སོར་ཕུག་པས་ཞེས་དགོངས་པའོ། ། ཕྱུགས་ཀྱི་སྒྲས་ནི་ཕྱུགས་རྣམས་ཏེ་དབང་པོ་རྣམས་སོ། །གནོད་སྦྱིན་གྱི་སྒྲས་ནི་ཐབས་དང་ཤེས་རབ་དག་གོ། །སོགས་པ་ནི་སེམས་སོ། །དེ་ལྟར་ཕྱུགས་དང་གནོད་སྦྱིན་སོགས་སོ། །དབང་པོ་དང་ཡུལ་གྱི་བདག་ཉིད་ཀྱི་ཐབས་དང་ཤེས་རབ་དབྱེར་མེད་པའི་སེམས་སོ། །བྱེ་བས་ནི་གསལ་བ་ རབ་ཏུ་འགྲོ་བའི་ཕྱིར་ཞེས་པའི་དོན་ཏོ། །ཨ་བདག་མེད་མའོ། །སུ་ཁུ་བ་བྱང་ཆུབ་ཀྱི་སེམས་ཏེ། ཨ་སུའོ། །དེ་གཏོང་ཞིང་སྤྲོ་བས་ན་ལྷ་མ་ཡིན་ནོ། །འབུམ་ཕྲག་བདུན་ནི་དྲུག་པ་རྡོ་རྗེ་འཛིན་པ་ལས་འདས་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། །མཛེས་པས་ ན་ལྷ་རྣམས་ཏེ་ཡེ་ཤེས་ལྔ་ལ་སོགས་པའོ། །འབུམ་ཕྲག་གཉིས་ཀྱིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས་སོ། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད་ནི་འདི་ལ་གསང་སྔགས་ཡོད་པས་ན་སྔགས་པ་སྟེ། སྐུ་གསུང་ཐུགས་རྣམས་སོ། །གཅིག་གིས་ནི་ཨེ་ཆོས་འབྱུང་གི་བདག་ཉིད་ཀྱི་ཡེ་ ཤེས་ཡིན་པས་ཆོས་འབྱུང་གི་ཡེ་ཤེས་སོ། །ཅིས་ཁྱད་འཕགས་ཤེ་ན། བརྒྱ་ཕྲག་སྟེ་སྤྲོ་བའི་ཚུལ་གྱིས་ཞེས་པའི་དོན་ཏོ། །ཀུན་རྫོབ་ཀྱི་བདེན་པར་ཡང་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ཡང་བཤད་པར་བྱ་སྟེ། དེ་ཉིད་གསུངས་པ། ཡི་གེ་ཧྲཱིཿའི་ས་བོན་ཁ་དོག་ དམར་པོ་དེ་ལས་བྱུང་བའི་ལྷ་མོའོ། །དེ་ཡང་ཁ་དོག་དམར་ཞིང་ཕྱག་བཞི་མ། ཕྱག་བཞི་རྣམས་ཀྱི་གཡོན་གྱི་ཕྱག་དང་པོ་ན་གཞུ། གཉིས་པ་ན་ཨུཏྤལ། གཡས་ཀྱི་ཕྱག་དང་པོ་ན་མདའ། །གཉིས་པ་ན་ལྕགས་ཀྱུའོ། །དེ་ལྟ་བུའི་རིམ་པ། འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་ པོ་དབང་དུ་བྱེད། །སྔགས་ཀྱི་བཟླས་པས་སླར་ཡང་འབུམ་ཕྲག་གཅིག་གིས་རྒྱལ་པོ་དབང་དུ་བྱེད་དོ། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བས་ཕྱུགས་དང་གནོད་སྦྱིན་སོགས། །སོགས་པའི་སྒྲས་ཡི་དགས་ལ་སོགས་པ་ཡང་གཟུང་ངོ་། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ ཕྲག་གཉིས་ཀྱིས་ལྷ་རྣམས་ཉིད། བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་པ་སྟེ་ཡེ་ཤེས་དང་ལྡན་པའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་བརྟག་པའི་རྒྱལ་པོ་རིམ་པར་ཕྱེ་བ་བཅུ་གཅིག་པ་རྫོགས་སོ། །རྡོ་རྗེ་སྙིང་པོའི་སྒྲས། མི་ཕྱེད་རྡོ་རྗེ་ཞེས་བྱར་བཤད། །ཀུན་རྫོབ་དང་དོན་དམ་ པ་དབྱེར་མེད་པའོ། །དེ་ཉིད་སྙིང་པོ་སྟེ། གང་ལ་ནང་ཁོང་ཡོད་པ་དེ་ནི་རྡོ་རྗེའི་སྙིང་པོའོ། །དེ་མངོན་པར་ཀུན་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ནི་མངོན་པར་བྱང་ཆུབ་པ་སྟེ། དེ་ལྟར་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་སྒྲ་འདིས་གསུང་རྡོ་རྗེའོ། །རྟོག་པ་ནི་ཡང་ དག་པར་རྟོག་པ་ཐུགས་རྡོ་རྗེའོ། །མཛེས་ཤིང་ཡངས་པ་འདིས་ནི་རྒྱལ་པོ་སྟེ། ཀུན་དུ་སྣང་བའི་མཚན་ཉིད་སྐུ་རྡོ་རྗེའོ། །དེ་ལྟར་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་པ་བརྟག་པའི་རྒྱལ་པོ་རྫོགས་སོ།། །།མཉམ་པར་དབྱེར་མེད་པར་གྱུར་པ་ཐོབ་པ་ནི་བསྡུ་བ་སྟེ། རིམ་པར་ཕྱེ་བ་བཅུ་ གཅིག་པ་ཞེས་པ་ནི། བཅུ་གཅིག་ནི་རྡོ་རྗེ་འཛིན་པའོ། །ཨེ་བདག་མེད་མའོ། །གཉི་ག་དབྱེར་མེད་པས་བཅུ་སྟེ། དབང་པོ་ལྔ་རྣམས་དང་ཡུལ་ལྔའོ། །དེའི་གོས་ནི་འགེབས་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་ན་རིམ་པར་ཕྱེ་བ་བཅུ་པའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ ཞེས་བྱ་བ་བརྟག་པའི་རྒྱལ་པོ་རིམ་པར་ཕྱེ་བ་བཅུ་གཅིག་པ་རྫོགས་སོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ལས་ལེའུ་བཅུ་གཅིག་པའོ།། །།འདིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་དེ་ཁོ་ན་ཉིད་བཞིའི་བདག་ཉིད་ཀྱི་ལྟ་སྟངས་ བཞི་གྲུབ་པས། ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པའི་ནུས་པ་གྲུབ་ནས་རྩིག་པ་ལ་སོགས་པ་རྣམས་ལས་ཀྱང་དེའི་སྟོན་པ་འཇུག་པ་ཡིན་པས་རྡོ་རྗེ་སྙིང་པོས་སེམས་ལ་བཞག་ནས། །ཤིང་དང་རྡོ་བ་དང་། འཛིམ་པ་ལ་སོགས་པའི་ལུགས་མ་རབ་ཏུ་གནས་པ་ཞུས་པའི་སྒོ་ནས་ཀུན་ རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་གསལ་བར་བྱ་བའི་ཕྱིར། །བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། །བཅོམ་ལྡན་རྡོ་རྗེ་སྙིང་པོ་བདག །སངས་རྒྱས་ཀུན་གྱི་སྐུ་གཅིག་པ། །རབ་གནས་མཚན་ཉིད་བཟང་ བ་ཉིད། །ཇི་ལྟར་རིགས་པ་བཤད་དུ་གསོལ། །བཅོམ་ལྡན་འདས་རབ་གནས་ཀྱི་མཚན་ཉིད་བཤད་དུ་གསོལ་བ་ནི་བསྟན་དུ་གསོལ་བའོ། །ཇི་ལྟར་རིགས་པ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུའོ། །རབ་གནས་མཚན་ཉིད་བཟང་བ་ནི་ཇི་ལྟར་ཡང་ཆོས་ཐམས་ཅད་ནི་རབ་ ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཅན་ནོ། །དེ་བཞིན་དུ་ཡང་ཀུན་རྫོབ་ཀྱི་བདེན་པ་རྟོགས་པས་ཐ་མལ་པའི་ང་རྒྱལ་བསལ་ནས་འདུས་བྱས་པའི་ང་རྒྱལ་སྒྲོ་བཏགས་པ་ལས་ལྷ་རབ་ཏུ་གནས་པའི་མཚན་ཉིད་རིགས་པ་ཡིན་པས་རབ་གནས་ཀྱི་མཚན་ཉིད་བཅོམ་ལྡན་འདས་བཤད་དུ་ གསོལ་ཞེས་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཉིད་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་ཁྱད་པར་གཉིས་ཀྱིས་རབ་ཏུ་བསྟན་ཏོ། །རྡོ་རྗེ་སྙིང་པོ་བདག་ཉིད་ནི། །རྡོ་རྗེ་ནི་མི་ཕྱེད་པའོ། །དེ་ཉིད་སྙིང་པོ་སྟེ་གཙོ་བོའོ། །བདག་ཉིད་ནི་ལུས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་ ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱི་བཅོམ་ལྡན་འདས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི། ཐམས་ཅད་ཀུན་ཀྱང་དེ་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ རྣམས་སོ། །དེས་ན་གཅིག་པ་ནི་དབྱེར་མེད་པའི་སྐུ་སྟེ་གང་ལ་སྐུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི་དབྱེར་མེད་པའོ། །དེས་ན་འཛིན་པ་ཆགས་པའི་མཚན་ཉིད་དང་བྲལ་བ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀུན་གྱི་སྐུ་གཅིག་པ་སྟེ། ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱིས་དོན་ དམ་པའི་བདེན་པའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །འདིས་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཉིད་རིག་པ་མཆོག་ཡིན་ནོ། །ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །དགོངས་ཀ་སྐུ་རྣམས་སྦྱང་ བ་དང་། །སྟ་གོན་ལ་སོགས་བྱས་ནས་ནི། །ཉི་མ་ཕྱེད་ན་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་ཇི་སྐད་གསུངས་པའི་སྦྱིན་སྲེག་བྱས་ནས་ཆོ་གས་དཀྱིལ་འཁོར་བཞེངས་སུ་གསོལ་ལོ། །དགོངས་ཀ་ནི་ཕྱི་དྲོའི་དུས་སོ། །སྟ་གོན་ལ་སོགས་བྱས་ནས་ནི། །ཞེས་པ་ནི་སྔགས་དང་ཕྱག་རྒྱ་ལ་སོགས་ པ་དགོད་ཅིང་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དང་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་དེ། སྟ་གོན་དུ་གནས་པ་ལ་སོགས་པ་དེ་བྱས་ནས་རིམ་པ་འདིས་ལུགས་མ་འདུས་བྱའོ། །ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་ གཟུགས་སྙིང་གར་རབ་ཏུ་གཞུག །རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རྟོགས་ལྡན་སྔགས་ཀྱི་ཕ་རོལ་སོན། །ཐོ་རངས་སྔ་བར་ལྷ་རབ་ཏུ་གནས་པ་བྱ་སྟེ། ལྷ་དབང་བསྐུར་བའི་རིམ་པར་ཕྱེ་བ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་སྤྱན་དྲང་བ་དེ་བཞིན་དུ་རིམ་པས་སྤྱན་དྲངས་ནས་མཆོད་དེ་དེ་ ལུགས་མའི་སྙིང་གར་གཞུག་པར་བྱའོ། །སློབ་དཔོན་དེ་ཡང་ཅིས་ཁྱད་པར་དུ་འཕགས་ཤེ་ན། རང་འདོད་ལྷ་མཉམ་རྣལ་འབྱོར་པའོ། །འདིས་ཅི་བསྟན་ན་གང་རང་གི་འདོད་པའི་ལྷ་ཐབས་དང་ཤེས་རབ་ཀྱི་རྒྱུད་ཀྱི་རིམ་པས་གསུངས་པ་དེའི་མཉམ་པའི་རྣལ་འབྱོར་དང་ལྡན་པའོ། །རྟོགས་ལྡན་ ཞེས་པ་ནི་ཆོ་ག་ཤེས་པའོ། །སྔགས་ཀྱི་ཕ་རོལ་སོན་ཞེས་པ་ནི། །སྔགས་ཀྱི་དེ་ཁོ་ན་ཉིད་མ་ལུས་པར་ཤེས་པའོ། །ཡང་ན་ལུགས་མ་ནི་སྐུ་གཟུགས་སོ། །སྦྱངས་པ་ནི་འདུས་བྱས་པའོ། །འཇིམ་པ་ལ་སོགས་པའམ་ལུགས་མ་དེའི་ཐུགས་ཀར་གཞུག་པར་བྱའོ་ནི་གཞུག་པར་བྱའོ། །གང་ཞེ་ན་ སངས་རྒྱས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་དང་སྐུ་གསུམ་དང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྣམས་ཀྱི་ཡེ་ཤེས་རྣམས་སོ། །ཅི་ཁྱད་པར་དུ་འཕགས་ཤེ་ན། ནམ་མཁར་བཞུགས་པ་སྟེ་སྒྲིབ་པ་མེད་པའི་རང་བཞིན་དུ་རྣམ་པར་གནས་སོ། །ངེས་པ་ནི་ངེས་པའི་དོན་ཏེ་འདི་ལ་ཐེ་ ཚོམ་མེད་པ་ཉིད་དོ་ཞེས་པའི་དོན་ཏོ། །རང་འདོད་ལྷ་མཉམ་རྣལ་འབྱོར་པ་ནི། རང་གི་སེམས་འདོད་པའི་ལྷ་སྟེ་དེས་གང་བཙལ་བའི་ལྷ་དེ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །རང་ཡང་ཡིན་ལ་འདོད་པའི་ལྷ་ཡང་ཡིན་པས་ན་རང་གི་འདོད་ལྷ་དག་གོ། །དེ་དག་མཉམ་པ་ ནི་ཀུན་ནས་ཀུན་དུ་རྣལ་འབྱོར་ཡོད་པས་ནི་རང་འདོད་ལྷ་མཉམ་རྣལ་འབྱོར་པའོ། །འདིས་ནི་ཐུགས་རྡོ་རྗེ་གཅིག་པའི་སྐུའོ། །རྟོགས་ལྡན་ཞེས་པ་འདིས་ནི་ཀུན་དུ་སྣང་བའི་མཚན་ཉིད་ཀྱི་ཕྱིར་སྐུའི་རྡོ་རྗེ་གཅིག་པའི་སྐུའོ། །སྔགས་ཀྱི་ཕ་རོལ་སོན་ཞེས་པ་འདིས་ནི་རྡོ་རྗེའི་སྐུའོ། །འདིས་ནི་རྡོ་རྗེ་ གསུམ་གཅིག་པའི་སྐུ་ཉིད་རྡོ་རྗེ་འཛིན་པའི་རང་བཞིན་གྱི་རྣལ་འབྱོར་པ་དེས་ཤིང་དང་རྡོ་བ་ལ་སོགས་པའི་ལུགས་མ་ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་དུ་བྱ་བར་བཟོད་པ་ཡིན་ནོ། །རབ་གནས་ནི་སོ་སོ་སོ་སོའི་ཞིང་གནས་པས་རབ་གནས་ཏེ་ཐམས་ཅད་ཡེ་ཤེས་སུ་བཞུགས་ པར་བྱ་བའི་དོན་ཏོ། །མེ་ཏོག་ལ་སོགས་པའི་མཆོད་པ་བསྟན་པ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། རིམ་པ་འདིས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་དང་ཞལ་ཟས་རྣམས་ཉེ་བར་དབུལ་ བར་བྱའོ། །ཅིས་ཁྱད་འཕགས་ཤེ་ན། སྣ་ཚོགས་ཧཱུཾ་ལས་བསྐྱེད་པའི་ཞེས་པ་སྟེ། ཡི་གེ་ཧཱུཾ་གི་སོ་བོན་རྣམས་ལས་མེ་ཏོག་ལ་སོགས་པ་རྣམས་དངོས་སུ་ཡོད་པའམ། བློས་བསྐྱེད་པར་བྱའོ་ཞེས་དགོངས་སོ། །ཡི་གེ་ཧཱུཾ་སྣ་ཚོགས་ལས་བྱུང་བའི་མེ་ཏོག་ལ་སོགས་པ་ཡང་དབུལ་བར་བྱ་བའོ། ། ཡང་ན་སྣ་ཚོགས་ཧཱུཾ་ལས་བསྐྱེད་པའི་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྣམས་ཀྱི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་། ཞལ་ཟས་རྣམས་དབུལ་བར་བྱའོ། །འདིའི་རང་བཞིན་དུ་ལུགས་མ་ལ་སོགས་པ་བྱ་བའི་དོན་ཏོ། །བཛྲ་པུཥྤེ་ཞེས་པ་ནི་དབྱེར་མེད་པའི་ཡེ་ཤེས་ སོ། །དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པར་གསུངས་སོ། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ལྔ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །དེ་ལྟར་བཛྲ་དྷཱུ་པེ་ལ་སོགས་པ་རྣམས་ཀྱི་ཡང་བཤད་པ་འདི་ཡིན་ནོ། །གོང་མའི་རྒྱུད་ཀྱི་ཆོ་ག་རིམ་པས། །མཆོད་ཡོན་ཞབས་བསིལ་གོང་མ་ བཞིན། །མཆོད་ཡོན་ལ་སོགས་པ་བྱས་ནས་དབུལ་ཞིང་བླུགས་པར་བྱའོ། །སྔ་མ་བཞིན་ནི་སྔ་མ་བཞིན་ནོ། །སྔ་མའི་རྒྱུད་ཀྱི་སྒྲས་ནི་དེ་ཁོ་ན་བསྡུས་པའི་རྒྱུད་ལ་སོགས་པས་གསུངས་པའོ། །ཆོ་ག་རིམ་པས་ནི་རིམ་པས་ཏེ་དུང་ཆོས་ལ་སོགས་པ་རྣམས་ཀྱིས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པའོ། ། ཡང་ན་ཞབས་བསིལ་ནི་ཡེ་ཤེས་སོ། །དེ་ཉིད་དང་པོ་ནི་གཙོ་བོའོ། །མཆོད་ཡོན་ནི་མཆོད་ཡོན་ཆེན་པོ་རྙེད་དཀའ་བའི་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དེ་སྔར་གྱི་རྒྱུད་བཞིན་དུའོ། །ཆོ་གའི་རིམ་པ་ནི་སྔར་བྱེ་བྲག་ཏུ་བཤད་པའི་ཆོ་ག་རྙེད་པའི་ཡེ་ཤེས་ལྔའི་རང་བཞིན་གྱིས་ཞེས་པའི་དོན་ ཏོ། །སྦྱིན་སྲེག་གི་དོན་གྱི་ཐབ་ཁུང་གསུངས་པ། ཞི་བར་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་ཉིད་ཀྱི་གྲུ་བཞི་པ། །གསད་པ་ལ་ནི་གྲུ་གསུམ་བརྗོད། །འདི་ཉིད་ལ་ནི་ལྷག་མ་བསྒྲུབ། །འདི་ཉིད་ལ་ཞེས་པ་ནི་གྲུ་གསུམ་ཉིད་ལའོ། །ལྷག་མ་ཞེས་པ་ནི་མངོན་སྤྱོད་ལ་སོགས་པའོ། །བསྒྲུབ་པར་ བྱ་བ་ནི་རྫོགས་པར་བྱ་བའོ་ཞེས་པའི་དོན་ཏོ། །ཡང་ན་ཟླུམ་པོ་ཞེས་པ་ནི་མཉམ་པའི་ཕྱིར་རོ། །གྲུ་བཞི་ཞེས་པ་ནི་དེ་ཉིད་ཡེ་ཤེས་བཞིའི་བདག་ཉིད་དོ། །གྲུ་གསུམ་ཞེས་པ་ནི་རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །ལྷག་མ་ཞེས་པ་ནི་ཡེ་ཤེས་ལྔ་ལ་སོགས་པ་མ་ལུས་པ་རྣམས་སོ། །བསྒྲུབ་ནི་ཡང་ དག་པར་གྲུབ་པར་བྱ་བའི་དོན་ཏོ། །ཐབ་ཁུང་གི་ཚད་གསུངས་པ། །ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད། །ཞི་བའི་སྟེང་དང་འོག་ཏུ་ཡིན། །ཞི་བའི་ཐབ་ཁུང་ནི་རྒྱར་ཁྲུ་གང་ཟབས་སུ་མཐོ་གང་གི་ཚད་དོ། །ཁྲུ་དོ་དང་ནི་ཁྲུ་གང་ཉིད། །རྒྱས་པའི་རྒྱ་དང་ཟབས་སུ་བརྗོད། །འདི་ནི་རྒྱས་པའི་ཐབ་ཁུང་ གི་ཚད་ཡིན་ནོ། །སོར་མོ་ཉི་ཤུ་འམ་དེ་ཡི་ཕྱེད། གསད་པའི་སྟེང་དང་ཟབས་སུ་འདོད། །འདི་ནི་གསད་པའི་ཐབ་ཁུང་གི་ཚད་དོ། །ཐབ་ཁུང་གི་ཁ་དོག་གསུངས་པ། །ཞི་བར་ཁ་དོག་དཀར་པོར་འགྱུར། །རྒྱས་པར་སེར་པོ་དེ་བཞིན་ནོ། །གསད་པ་ལ་ནི་ཁ་དོག་གནག །དབང་ལ་དམར་ པོར་རབ་ཏུ་གྲགས། །དབང་ལ་ཇི་བཞིན་དེ་ལྟར་དགུག །གསད་ལ་ཇི་ལྟར་སྡང་ལ་སོགས། །གསད་པ་ལ་ཐབ་ཁུང་གྲུ་གསུམ་པ་བྱ་སྟེ། དེ་ཡང་མདོག་ནག་པོའོ། །སྡང་བ་དང་བསྐྲད་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་ཐབ་ཁུང་དང་ཁ་དོག་བྱའོ། །དབང་དང་དགུག་པ་དག་ནི་ཁ་ དོག་དམར་པོ་ཉིད་དོ། །ཞི་བ་ལ་སོགས་པའི་དོན་དུ་བསྲེག་རྫས་བསྟན་པ། ཞི་ལ་ཏིལ་དང་རྒྱས་ལ་ཞོ། །གསད་ལ་ཚེར་མ་དེ་བཞིན་ནོ། །སྡང་ལ་སོགས་པར་ཚེར་མར་བརྗོད། །དབང་དང་དགུག་ལ་ཨུཏྤ་ལ། །དོན་ནི་གོ་སླ་བ་ཉིད་དོ། །ཡང་ན་ཞི་བར་འགྱུར་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་ འདས་པ་ཆེན་པོའི་ཡེ་ཤེས་སུ་འགྱུར་བའོ། །གང་དུ་ཞེ་ན། རྒྱ་དང་ཟབས་ནི་སྲིད་པ་དང་མྱ་ངན་ལས་འདས་པ་དབྱེར་མེད་པས་སོ། །དེ་ཡང་ཅིས་ཁྱད་འཕགས་ཤེ་ན། ཁྲུ་གང་ཞེས་པ་སྟེ། ལྔ་པོ་གཉིས་ཀའི་བདག་ཉིད་གཉིས་སུ་མེད་པར་བསྡུ་བའི་ཚུལ་ལོ། །ཁྲུ་ཕྱེད་ཅེས་པ་ནི་ལག་ པའི་ཕྱེད་ཕྱེད་ཀྱི་ལག་པ་ཡེ་ཤེས་ལྔའི་བདག་ཉིད་སྤྲོ་བའི་རང་བཞིན་ནོ། །དང་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །གཉི་ག་དབྱེར་མེད་པ་འདི་ཉིད་དོ། །ཁྲུ་དོ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉི་གའི་ཡེ་ཤེས་ལྔ་སྟེ། །དེ་ཉིད་ཁྲུ་གང་ཡང་ཡིན་ ལ་དེ་ཉིད་གཉི་གའི་ཡེ་ཤེས་ལྔའི་བདག་ཉིད་ཀྱང་ཡིན་ནོ། །གཅིག་ནི་གཉིས་སུ་མེད་པའོ། །རྒྱ་དང་ཟབས་ནི་བཤད་ཟིན་པའི་དོན་ཏོ། །རྒྱས་པ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པའི་ཡེ་ཤེས་སོ། །འདོད་ཅེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་གྱི་གཞན་མ་ཡིན་པའི་ དོན་ཏོ། །གསད་པའི་རྒྱ་དང་ཟབས་སུ་ཞེས་པ་ནི་ཡེ་ཤེས་གཉི་ག་དབྱེར་མེད་པ་ཉིད་བསྡུ་བའི་གནས་ཡིན་ནོ། །དེ་སོར་མོ་ཉི་ཤུ་ནི་ཕུང་པོ་ལྔ་དང་དབང་པོ་ལྔ་དང་ཡུལ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་གྱིས་སོར་མོ་ཉི་ཤུ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །རྒྱ་དང་ཟབས་སུ་ཞེས་པ་ནི་ལྔ་པོ་གཉི་ག་ཐམས་ དང་ཤེས་རབ་ཀྱི་རང་བཞིན་ཉིད་ཡིན་ནོ། །ཞི་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །ཁ་དོག་དཀར་པོ་ནི་འོད་གསལ་གྱི་ཡེ་ཤེས་སོ། །རྒྱས་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་སོ། །སེར་པོ་ནི་བསྡུ་བའི་རང་བཞིན་དུ་གྱུར་པའོ། །གསད་པ་ནི་རྡོ་རྗེ་གསུམ་དབྱེར་མེད་ པའོ། །ནག་པོ་ནི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དབང་ནི་ཐམས་ཅད་དབྱེར་མེད་པར་རྟོགས་པའོ། །དམར་པོ་ནི་ཆགས་པའི་མཚན་ཉིད་དོ། །དབང་ལ་ཇི་བཞིན་དེ་ལྟར་དགུག །དགུག་པའི་སྒྲས་ཐམས་ཅད་བསྡུ་བའི་བདག་ཉིད་དོ། །སྡང་ལ་སོགས་པ་ནི་མི་བསྐྱོད་པ་ལ་སོགས་པ་ཇི་ལྟར་གསད་ པ་དེ་བཞིན་དུ་བསྡུ་བའི་རང་བཞིན་གྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་སོ། །ཞི་ལ་ཏིལ་དང་རྒྱས་ལ་ཞོ། །ཞེས་པ་ནི་ཞི་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །རྒྱས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་མངོན་པར་བྱང་ཆུབ་པའོ། །སྣུམ་པ་ཉིད་ཀྱི་དངོས་པོ་ཏིལ་དང་ཞོའི་དངོས་པོ་ཉིད་བྱང་ཆུབ་སེམས་ ཀྱི་རང་བཞིན་ནོ། །གསད་པ་དང་སྡང་བ་དང་བསྐྲད་པ་ལ་སོགས་པ་ནི་རྦ་རླབས་མེད་པའི་རང་བཞིན་ཡིན་པས་རྫས་དྲག་པ་ཉིད་ཡིན་ཏེ་ཚེར་མར་གསུངས་སོ། །དབང་དང་དགུག་པ་ལ་ཡང་གཅིག་ཏུ་མཉམ་པའི་མཚན་ཉིད་ཡིན་པས་དེ་ནི་བག་ཆགས་ཀྱིས་སོ། །དྲི་ཞིམ་པོའི་མེ་ཏོག་ཅེས་པ་ནི་ཨུཏྤ་ ལའོ། །གང་དུ་བསྲེག་པར་བྱ་བ་དེ་གསུངས་པ། ཨོཾ་ཨགྣ་ཡ་མ་ཧཱ་ཏེ་ཛ་སརྦ་ཀརྨཱ་པྲ་སཱ་དྷ་ཀཿ། ཀཱ་རུ་ཎྱཱ་ཀྲྀ་ཏ་སཏྭ་རྠ་ཨསྨིནྶ་ནྣི་ཧི་ཏོ་བྷ་བ། མེ་ལྷ་སྤྱན་དྲང་པའོ་ཞེས་པ་ནི་མེ་ཉེ་བར་བྱེད་པའོ། །ཨོཾ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཨགྣ་ཡེ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ ཤེས་ལྔ་དང་སྐུ་གསུམ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེ་འཆང་གི་ཡེ་ཤེས་སོ། །མ་ཧཱ་ཏེ་ཛ་ཞེས་པ་ནི་དེ་ཉིད་ཀྱི་ཕྱིར་ཤིན་ཏུ་འོད་གསལ་བའི་རང་བཞིན་ནོ། །སརྦ་ཀརྨཱ་པྲ་སཱ་དྷ་ཀཿཞེས་པ་ནི་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཀཱ་རུ་ཎྱཱ་ཀྲྀ་ཏ་ས་ཏྭཱརྠ་ཞེས་པ་དེ་ནི་འགྲོ་ བའི་དོན་བྱེད་པ་ལ་རྒྱུན་མི་ཆད་པར་འཇུག་པའོ། །ཨསྨིནྶ་ནྣི་ཧི་ཏོ་བྷ་བ་ཞེས་པ་ནི་ཡང་དག་པར་དམིགས་ཤིང་གནས་པ་མེད་པ་ཉིད་དོ། །མེ་ལྷ་དགུག་པའོ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་བྱིན་གྱིས་བརླབ་པ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྩིག་པ་ལ་སོགས་པ་ལས་ཀྱང་སྟོན་པས་ཤིང་དང་རྡོ་ བ་དང་འཇིམ་པ་ལ་སོགས་པའི་ལུགས་མ་རབ་ཏུ་གནས་པའོ། །ནོར་འཛིན་རྣམ་པར་སྦྱངས་པ་དེར་དཀྱིལ་འཁོར་དགོད་པ་གསུངས་པ། ལྷ་མོ་ཁྱོད་ནི་དབང་དུ་གྱུར། །རིན་ཆེན་སྣ་ཚོགས་འཛིན་པའི་སར། །ཁྲོ་བོ་དགྱེས་རྡོ་རྗེ་མཆོད་པའི། །ཆེ་གེ་བདག་ནི་དཀྱིལ་འཁོར་འདྲི། །ཁྱོད་ཅེས་པ་ ནི་སྐུ་གསུང་ཐུགས་དབྱེར་མེད་པའོ། །ལྷ་མོ་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་ཉིད་དོ། །དབང་དུ་གྱུར་ཞེས་པ་ནི་དབུ་མའི་མཐར་རྣམ་པར་གནས་པའོ། །ཁྲོ་བོ་དགྱེས་རྡོ་རྗེ་མཆོད་པའི། །ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ངེས་པའོ། །རིན་ཆེན་སྣ་ཚོགས་ འཛིན་པའི་སར། །ཞེས་པ་འདིས་ནི་ཡེ་ཤེས་མ་ལུས་པའི་རང་བཞིན་དུ་གྱུར་པ་ཉིད་དོ། །སར་ཞེས་པ་འདིས་ནི་འགྲོ་བ་མ་ལུས་པའི་དོན་བྱེད་པར་འཇུག་པ་ཉིད་ཀྱི་ཡེ་ཤེས་དེ་ཡིན་ནོ། །ཆེ་གེ་བདག་ནི་ཞེས་པ་ནི་ཡི་གེ་ཨ་དང་ཡི་གེ་ཧ་དབྱེར་མེད་པ་ཉིད་ཀྱི་བདག་ཉིད་དེའོ། །དེ་ལྟ་བུར་གྱུར་པའི་ ཡང་དག་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བྲི་བ་ནི་རྒྱུན་མི་འཆད་པ་ཉིད་དུ་རྣམ་པར་གཞག་པར་བྱ་བའི་དོན་ཏོ། །ཡང་ན་ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་པ་ཉིད་དོ། །འོན་ཀྱང་འདི་ཐམས་ཅད་བདག་མེད་མའི་ཁྱད་པར་དུ་བྱས་ཏེ་དེ་ཉིད་ལ་དེའི་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པའི་རྣམ་པར་ གནས་པའི་དོན་ཏོ། །ཆེ་གེ་བདག་ནི་དཀྱིལ་འཁོར་འདྲི། །ཞེས་པ་ནི་བཤད་ཟིན་པའི་དོན་ཏོ། །མེ་ལྷ་སྤྱན་དྲངས་པས་ཚིམ་ཞིང་དགའ་བ་གསུངས་པ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ནས་གཤེགས། །སླར་ཡང་ཇི་བཞིན་དུས་སུ་སྤྱོན། ། བདག་ལ་དངོས་གྲུབ་ཐམས་ཅད་མཛོད། །བྱིན་ཟ་ནི་བསྲེག་བྱ་སྟེ་མར་ལ་སོགས་པ་ཟ་བ་ཡིན་པས་བྱིན་ཟའོ། །གང་དང་གང་གི་དངོས་པོ་དེར་དམིགས་པའི་དངོས་པོ་དེ་དང་དེ་ཉིད་དེའི་བདག་ཉིད་ཀྱིས་བདག་ཉིད་ལ་བཞུགས་པས་ནི་བྱིན་ཟའོ། །དེ་ཉིད་ཀྱི་ཕྱིར། བདག་གི་དོན་དང་གཞན་གྱི་དོན། ། བསྒྲུབས་ནས་ནི་དེའི་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ལོངས་སྤྱོད་པའི་རང་བཞིན་ཉིད་ཀྱིས་རྣམ་པར་གཞག་པ་ལས་ཡིན་ནོ། །གཤེགས་ཞེས་པ་ནི་རྟོགས་ཤིང་ཁོང་དུ་ཆུད་ཀྱི་རྣམ་པར་གཞག་པའོ། །དེ་ཉིད་བསྟན་པའི་ཕྱིར་གསུངས་པ། སྤྱོན་ཞེས་པ་སྟེ་རྣམ་པ་ཐམས་ཅད་ཀྱིས་ཞེས་པའོ། ། གང་ལ་ཡོད་ཅེ་ན། ཇི་བཞིན་དུས་སུ་སྟེ། ཡ་ནི་རླུང་གསུང་རྡོ་རྗེའོ། །ཐ་རྡོ་རྗེ་འཛིན་པ་ཀུན་དུ་སྣང་བའི་མཚན་ཉིད་དོ། །ཨ་བདག་མེད་མ་ཐུགས་རྡོ་རྗེའོ། །དེ་ལྟར་ཇི་བཞིན་ནི་རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཉིད་ཇི་ལྟར་ཞེ་ན། དུས་ནི་དུས་ཏེ། ཀ་ནི་ཀཱ་ལིའོ། །ཨ་ནི་ཨཱ་ལིའོ། །དེ་ལྟར་ ཀའོ། །དེ་གཉི་ག་ཡང་ལེན་ཅིང་འཛིན་པས་ན་དུས་ཏེ་ཐབས་དང་ཤེས་རབ་དབྱེར་མེད་པར་དེར་ཡོད་པའི་རྡོ་རྗེ་གསུམ་མི་ཕྱེད་པ་གང་གི་ཚེའི་ཡེ་ཤེས་དེའི་ཚེའོ། །སྤྱོན་ནི་ཡང་དག་པའི་ཡེ་ཤེས་གཏན་ལ་ཕབ་པའོ། །དེ་ཉིད་ཀྱི་ཕྱིར་དངོས་གྲུབ་ཐམས་ཅད་མཛོད་དེ་རྡོ་རྗེ་འཛིན་པའི་དངོས་གྲུབ་སྐྱེད་ ཅིག་པའོ། །བདག་ལ་ཞེས་པ་ནི་མ་བྱང་ཆུབ་ཀྱི་སེམས་སོ། །ཨེ་བདག་མེད་མ་སྟེ་གཉི་ག་དབྱེར་མེད་པ་ཉིད་ཡིན་གྱི་གཞན་མ་ཡིན་པའི་དོན་ཏོ། །མེ་དགའ་བའི་སྔགས་སོ་ཞེས་པ་ལ་མེ་ཞེས་པ་ནི་རང་བཞིན་མེད་པའི་ཡེ་ཤེས་སོ། །དགའ་བ་ཞེས་པ་ནི་འགྲོ་བའི་དོན་བྱེད་པའི་སྤྲོ་བའི་ཡེ་ ཤེས་སོ། །འདི་གཉི་ག་དབྱེར་མེད་པ་ཉིད་སྔགས་ཏེ་རྡོ་རྗེ་འཛིན་པ་ཡིན་པའི་དོན་ཏོ། །མཆོད་ཡོན་གྱི་སྔགས་གསུངས་པ། ཨོཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་པ་ནི་མཆོད་ཡོན་གྱི་སྔགས་སོ། །ཨོཾ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །ཛཿཞེས་པ་ནི་སྐུ་རྡོ་རྗེ་དོན་ཡོད་གྲུབ་པ་སྟོང་པ་ཉིད་ བཅུ་དྲུག་གི་རང་བཞིན་ཉིད་དོ། །ཧཱུཾ་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཀྱི་ཡེ་ཤེས་སོ། །བཾ་ཞེས་པ་ལ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཨཾ་ནི་མཁའ་སྤྱོད་མའི་རང་བཞིན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །ཧོཿཞེས་པ་ནི་ཐབས་དང་ཤེས་རབ་ཀྱང་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་ ཉིད་དོ། །ཁཾ་ཞེས་པ་ནི་རིན་ཆེན་གཙོ་ཡང་མཁའ་སྤྱོད་མས་རྒྱས་བཏབ་པ་ཉིད་དོ། །རཾ་ཞེས་པ་ནི་བདག་མེད་མ་དང་དབྱེར་མེད་པ་ཉིད་ཀྱི་ཨཾ་མཁའ་སྤྱོད་མ་ཡིན་པས་ཡི་གེ་བདུན་པའི་སྔགས་སོ། །མཆོད་ཡོན་ནི་རིན་ཐང་ཆེ་ལ་དཀོན་ཞིང་སྤྱོད་ཡུལ་མ་ཡིན་པས་མཆོད་ཡོན་གྱི་སྔགས་སོ། ། ཞབས་བསིལ་གྱི་སྔགས་གསུངས་པ། ཨོཾ་ནཱི་རཱི་ཧཱུཾ་ཁ་ཨོཾ་ཞེས་པ་ནི་བསྟན་པའི་དོན་ཉིད་དོ། །ནཱ་ཞེས་པ་ནི་འོད་དཔག་ཏུ་མེད་པའོ། །ཨི་ཞེས་པ་ནི་ཆུ་མ་ཞེས་བྱ་བ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ནོ། །དེ་ལྟར་ནཱ་ད་གཉི་ག་དབྱེར་མེད་པ་ཉིད་འོད་དཔག་ཏུ་མེད་པ་བྱང་ཆུབ་ཀྱི་སེམས་སོ། ། རཱི་ཞེས་པ་ལ་ར་ནི་བདག་མེད་མ་སྟེ་དེ་ཡང་ནཱ་དའི་ཕྲེང་བ་གཉི་ག་དབྱེར་མེད་པ་ཉིད་ཡིན་ནོ། །ཧཱུཾ་ཞེས་པ་ནི་ནཱ་དའི་ཕྲེང་བ་འདི་གཉིས་དབྱེར་མེད་པའི་ཐབས་དང་ཤེས་རབ་ཐ་མི་དད་པ་ཉིད་ཡིན་ནོ། །ཁ་ཞེས་པ་ནི་དབང་པོ་དང་ཡུལ་ཐམས་ཅད་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྣམ་པར་དག་པ་ཡིན་ནོ། ། ཡི་གེ་ལྔའི་སྔགས་སོ། །ཞབས་བསིལ་གྱི་སྔགས་སོ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །ཞལ་ཟས་ཀྱི་སྔགས་གསུངས་པ། ཨོཾ་ངྷྭཾ་ངྷྭཾ། ཨོཾ་ནི་སྔར་བསྟན་པའི་དོན་ཉིད་དོ། །དྷ་ནི་རིན་ཆེན་གཙོ་བོའོ། །བ་ནི་འོད་དཔག་ཏུ་མེད་པའོ། །འདི་གཉི་ག་ཡང་མཁའ་སྤྱོད་མ་ཨཾ་ ལ་ཐུག་པ་ཡན་ཆད་ཡིན་པས་ངྷྭཾ་ངོ་། །སླར་ཡང་ངྷྭཾ་ནི་ཤེས་རབ་ཀྱང་ཇི་ལྟར་སྐྱེས་པ་བཞིན་དུ་ལྷན་ཅིག་སྐྱེས་པ་ཡིན་ནོ། །ཡི་གེ་གསུམ་གྱི་སྔགས་སོ། །ཞལ་ཟས་ཀྱི་སྔགས་སོ་ཞེས་པ་ནི་ཞལ་ཟས་ནི་ངེས་པའི་དོན་ཉིད་ཀྱིས་མྱོང་ཞིང་ངེས་པར་རིག་པ་ལ་ངེས་པར་རིག་པ་ཉིད་ཞལ་ཟས་ཏེ་ངེས་པའི་ ཡེ་ཤེས་ཀྱི་དོན་ཏོ། །དེ་ལྟ་བུར་གྱུར་པའི་སྔགས་ནི་ཞལ་ཟས་ཀྱི་སྔགས་ཏེ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དོ། །གསུམ་ཞེས་པ་ནི་བདག་མེད་མ་དང་དབྱེར་མེད་པའི་གཙོ་བོ་རྡོ་རྗེ་འཛིན་པ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཡི་གེ་བདུན་པ་དང་ཡི་གེ་ལྔ་དང་ཡི་གེ་གསུམ་པ་རྣམས་ནི་ཡི་གེ་བཅོ་ ལྔའི་བདག་ཉིད་མཁའ་འགྲོ་བཅོ་ལྔའི་བདག་ཉིད་རང་བཞིན་ཉིད་ཡང་དག་པའི་ཡེ་ཤེས་སུ་རྟོགས་པའོ། །རིམ་པར་ཕྱེ་བ་དང་པོའོ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དཔལ་དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱུ་ཆེར་འགྲེལ་པ་ལས་ བརྟག་པ་གཉིས་པའི་ལེའུ་དང་པོའོ།། །།དེ་ལྟར་དབྱེར་མེད་པ་འདིས་རྩིག་པ་ལ་སོགས་པ་ལ་ཡང་བྱིན་གྱི་རླབས་འཇུག་པས་རབ་ཏུ་གནས་པར་བྱ་བར་བསྟན་པ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ངེས་པར་མེད་པའི་ཕྱིར། ལམ་འདིར་ཞུགས་པ་བརྒྱ་ལ་ཐེ་ཚོམ་ཟ་ནས་ལས་འདི་ལས་ ལྡོག་པར་ཇི་ལྟར་ཡང་འགྱུར་བ་ཡིན་པའི་དོགས་པ་བསུ་ནས་དངོས་གྲུབ་གཏན་ལ་ཕབ་པའི་རིམ་པར་ཕྱེ་བ་བཅོམ་ལྡན་འདས་ལ་ཞུས་པའི་སྒོ་ནས་བསྟན་པ། རྡོ་རྗེ་སྙིང་པོས་གསོལ་བ་ནི་བཅོམ་ལྡན་འདས་ལ་ཞུས་པའོ། །ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །རྒྱ་མཚོ་ཀུ་བ་ཇི་ལྟ་བར། །རང་འདོད་ལྷ་ཡི་ གཟུགས་ལས་ནི། །སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར། །རིམ་པ་གཉི་ག་རྣམ་པར་དག་པ་བསྒོམས་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་ཡིན་པར་བསྟན་ཏོ། །རྫོགས་པའི་རིམ་པ་ཉིད་བསྒོམ་པར་བྱ་བ་ནི་ནམ་མཁའ་ལྟ་བུའི་ཆོས་ཀུན་ལའོ། །སེམས་ཅན་རྣམས་བསྐྱེད་པའི་ རིམ་པ་བསྒོམ་པ་ཉིད་ནི་རྒྱ་མཚོ་ཀུ་བ་ཇི་ལྟ་བ་སྟེ། རྒྱ་མཚོའི་ནང་དུ་ཀུ་བ་རྡོག་མ་གཅིག་གིས་སོ། །དེ་གཉི་ག་ཡང་རང་འདོད་ལྷའི་གཟུགས་ལས་སོ། །ཇི་ལྟར་ནི་གང་ལས་སོ། །སེམས་ཅན་ནི་སྲིད་གསུམ་དུ་གྱུར་པས་ཇི་ལྟར་འགྲུབ་ཅེས་རྡོ་རྗེ་སྙིང་པོས་གསོལ་བའོ། །འདིས་ཅི་བསྟན་ན་དེ་བཞིན་ ཉིད་ཀྱིས་རྣམ་པར་དག་པས་རང་བཞིན་མེད་པ་ཙམ་ཉིད་ཀྱི་སྒོ་ཡིན་ནོ། །ལྷའི་རྣམ་པར་དག་པས་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཙམ་ཁོ་ན་རྣམ་པར་དག་པ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཡང་དག་པའི་ཡེ་ཤེས་ཡིན་ལ་དེའི་རྣལ་འབྱོར་དང་ལྡན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་ པ་ཡིན་པས་རིམ་པ་གཉིས་ཀྱི་སྒོམ་པ་རྣམས་ཀྱང་གཉི་ག་དབྱེར་མེད་པའི་སྒོམ་པ་ལ་ཐེ་ཚོམ་ཟ་ནས། སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར་ཞེས་ཐེ་ཚོམ་ཟ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་པ་ཞེས་པར་སྦྱར་རོ། །འདི་འདྲ་བའི་ཐེ་ཚོམ་ཟ་བ་ལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པ་འམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་དེས་སྐད་ཅིག་ཙམ་མམ་ཡུད་ཙམ་མམ་ཐང་ཅིག་ཀྱང་གཞན་ པའི་སེམས་ཀྱིས་དེ་མི་གནས་སོ། །ཇི་ལྟར་ཞེ་ན་གང་གི་ཕྱིར། བདག་མེད་རྣལ་འབྱོར་ལྡན་པའམ། ཡང་ན་ཧེ་རུ་ཀ་དཔལ་བརྩོན། །དེའི་ཕྱིར་དབྱེར་མེད་པར་སེམས་གཞག་གོ། །ཡང་ན། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གང་དེ་གཉི་གའོ། །ཡང་ན་ བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པའོ། །ཨ་བདག་མེད་མའོ། །གཉི་ག་ཡང་གཉི་ག་དབྱེར་མེད་པ་ཉིད་ཡིན་ནོ། །ཡང་ན་དེ་ལྟ་བུར་གྱུར་པ་གང་དེ་སྐད་ཅིག་ཀྱང་གཞན་པའི་སེམས་ཀྱིས་མ་ཡིན་པར་གཉིས་སུ་མེད་པར་རྒྱུན་མི་འཆད་པར་མ་ནིང་གི་རང་བཞིན་ནོ། །དེ་ལྟར་དེ་མི་གནས་པ་ནི་གཡོ་བ་ མེད་པའི་རང་བཞིན་དུ་གྱུར་པའོ། །དེ་གང་ཞེ་ན། དངོས་གྲུབ་འདོད་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའོ། །དེ་བ