Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 5

Văn bản gốc(Tây Tạng)

Trang 14 / 21 (50.000 ký tự/trang)
སྒྲའི་རང་བཞིན་ཡིན་པའི་ཕྱིར་རིན་ཆེན་གཙོ་བོའི་རྣམ་པར་དག་པ་འོད་དཔག་ཏུ་མེད་པ་ལ་འོད་དཔག་མེད་ཀྱང་མི་བསྐྱོད་པའི་རྣམ་པར་དག་པའོ། །དེ་བཞིན་རོ་ལངས་མ་ཉིད་དང་། །ཞེས་པ་ནི། དྲིའི་རང་བཞིན་འོད་དཔག་ཏུ་མེད་པ་རྣམ་པར་དག་པ་
ཉིད་མི་བསྐྱོད་པའོ། །དེ་ཡི་རིགས་པས་གྷ་སྨ་རཱི། །ཞེས་པ་ནི་རོའི་རང་བཞིན་དོན་ཡོད་གྲུབ་པའི་རྣམ་པར་དག་པ་ཉིད་མི་བསྐྱོད་པའོ། །དེ་ལས་མ་ལོག་རྒྱས་གདབ་བོ། །ཞེས་པ་ནི། ཕྱིན་ཅི་མ་ལོག་པར་བདག་མེད་མ་ལ་སོགས་པའི་རིམ་པ་ཉིད་ཀྱིས་ཡིན་པར་དགོངས་སོ། །ས་སྤྱོད་མ་དང་
མཁའ་སྤྱོད་མའི་མཁའ་འགྲོ་མ་གཉིས་ནི་ཕྱིས་གསལ་བར་བརྗོད་པར་བྱའོ། །སྐུ་གསུང་ཐུགས་རྣམས་ནི་ཐུགས་ཀྱི་རང་བཞིན་ཡིན་པས་ཁོངས་སུ་འདུས་པའི་ཕྱིར་མཁའ་འགྲོ་མ་གཉིས་ལོགས་ཤིག་ཏུ་མ་སྨྲས་པའོ། །ད་ནི་སེམས་ཙམ་དུ་གཅིག་པར་རྣམ་པར་རྟོག་པའི་ཕྱིར་སངས་
རྒྱས་ཉིད་ཡིན་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ཇི་ལྟར་གཏོར་མ་ཆེན་པོ་དང་མཆོད་པ་ཆེན་པོ་བྱ་བ་ཡིན་ཞིང་དབང་པོ་ཐམས་ཅད་ཚིམ་པ་ཇི་ལྟར་ཡིན་པ་བློ་ལ་བཞག་ནས་གསུངས་པ། དགྱེས་པའི་རྡོ་རྗེ་རྡོ་རྗེ་འཛིན། །སྙོམས་འཇུག་གནས་པའི་ལྷ་ཉིད་ལ། །སེམས་ཅན་
དོན་ཕྱིར་གཏོར་མ་ཆེ། །དེ་ལ་བདག་མེད་མས་ཞུས་པ། སྙོམས་འཇུག་ཅེས་པ་ནི་གཉིས་སུ་མེད་པར་རྟོགས་པའི་ཀུན་རྫོབ་ཀྱི་བདག་ཉིད་དོ། །དགྱེས་པའི་རྡོ་རྗེ་ནི་བསྡུ་བའི་བདག་ཉིད་དོ། །རྡོ་རྗེ་འཛིན་ཞེས་པ་ནི་བདེན་པ་གཉིས་དབྱེར་མེད་པའོ། །དེ་ལ་ནི་རྣམ་པར་གཞག་པ་དེ་ལ་བདག་

མེད་མས་ཞུས་པ། གཏོར་མ་ཆེ་ནི་ཡང་དག་པའི་མཆོད་པའོ། །སེམས་ཅན་དོན་ཕྱིར་ནི་སྲིད་གསུམ་དུ་གྱུར་པ་རྣམས་ཀྱི་ཕྱིར་རོ། །ཨེ་ཝཾ་རྣམ་པར་བཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་
སེམས་དཔས་གཏོར་མ་བསྟན། །ཨེ་ཝཾ་རྣམ་པར་ཞེས་པ་ནི་ཁ་སྦྱོར་གྱི་རྣལ་འབྱོར་རོ། །དེ་ཉིད་ཀྱི་ཕྱིར་བཞུགས་ནས་ནི་སྟེ་དམ་ཚིག་གི་ཚུལ་ལས་མ་འདས་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ། །གཏོར་མ་ནི་མཆོད་པ་སྦྱར་བའོ། །བསྟན་པ་ནི་སྦྱིན་པའོ། །སེམས་ཅན་རྣམས་ཀྱི་ནི་
སྐུ་གསུམ་གྱི་རང་བཞིན་རྣམས་ཀྱིའོ། །སྲོག་བསྲུང་ཕྱིར་ནི་རྣམ་པར་ཤེས་པ་ཙམ་དུ་རྟོགས་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན་བགེགས་དང་སྟེ་དབང་པོ་རྣམས་ལས་སོ། །ལོག་པར་འདྲེན་པ་ལས་ནི་སེམས་ལས་སོ། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ་རཀྑ། ཙནྡ །སུ་ཛྫ
མཱ་ད། པཱ་པྤ། ཏ་ལ་པཱ་ཏཱ་ལེ། ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུ་ལླ། དྷཱུ་པྤ། མཱཾ་ས། པིཾ་གྷ། ཨཾ་བྷ། སཔྤ། ཀཛྫ། སཱ་ད། ཁནྟི། ཁུ་ཎི། ཕེ་ཌ། གཱ་ང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུདྤ་ནྣ་ཏྭཱཏ། ཨོཾ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་སྟོང་པ་ཉིད་རྣམ་
པར་བསྒོམས་ནས། དེའི་ནང་དུ་ཡི་གེ་ཨ་དམར་པོ་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་ཐོད་པ་འདབ་མ་བརྒྱད་པ་རྣམ་པར་བསྒོམས་ལ་དེའི་ནང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དང་། རིན་ཆེན་གཙོ་བོ་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་
པ་དང་། མི་བསྐྱོད་པ་རྣམས་ཏེ། བི་ར་ཤུ་མ་མུའི་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་སམ། གྲོ་ཀུ་ད་ཧ་ན་ལ་སོགས་པ་ཡང་ངོ་། །དེའི་འོག་ཏུ་དུ་བ་ལྟ་བུའི་ཡི་གེ་ཡཾ་དང་། ཁྲག་ལྟ་བུའི་ཡི་གེ་རཾ་བསྒོམས་པ་ལས་རླུང་དང་མེ་གཉིས་འབར་བར་བསྒོམས་ཤིང་མེ་དེས་བསྐོལ་བས་
གཅིག་ཏུ་གྱུར་ནས་ཁུ་བར་ཞུ་བར་བལྟའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ནག་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བལྟས་ལ། དེའི་ནང་དུ་དེ་བཞིན་གཤེགས་པ་ལྔ་རྣམས་དང་། ལྷ་མོ་རྣམས་དམིགས་ལ་རྡོ་རྗེ་དང་ལྷན་ཅིག་ཏུ་ཞུ་བར་བལྟས་ནས། ཐོད་པ་དེའི་སྟེང་དུ་ཡི་གེ་ཨཾ་དཀར་པོ་

དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེ་ཡང་དེར་ཁུ་བར་ཞུ་བར་གྱུར་པར་བལྟས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་གཏོར་མ་བདུད་རྩིའི་རང་བཞིན་རྫོགས་པར་བྱའོ། །དེའི་རྗེས་སུ་རང་གི་སྙིང་གར་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་
མངོན་པར་བལྟས་ཏེ། དབང་པོ་ལ་སོགས་པའི་ཕྱོགས་ཀྱི་འདབ་མ་སོགས་པ་རྣམས་ལ་དབང་པོ་ལ་སོགས་པ་དགོད་པར་བྱའོ། །དེ་ལ་ཤར་དུ་དབང་པོ་མིག་སྟོང་པ་མདོག་སེར་པོ་རིན་པོ་ཆེའི་ཅོད་པན་ཅན་ཕྱག་ན་རྡོ་རྗེ་བསྣམས་པ་གླང་པོ་ཆེ་ལ་ཞོན་པའོ། །ལྷོའི་འདབ་མ་ལ་གཤིན་རྗེ་
དབྱུག་པ་བསྣམས་པ་མདོག་ནག་པོ་རིན་པོ་ཆེའི་ཅོད་པན་ཅན་མ་ཧེ་ལ་ཞོན་པའོ། །ཛ་ལ་ཞེས་པ་ནི་ནུབ་ཏུ་ཆུ་བདག་དཀར་པོ་ལག་ན་ཞགས་པ་ཐོགས་པ་རིན་ཆེའི་ཅོད་པན་ཅན་ཆུ་སྲིན་ལ་ཞོན་པའོ། །བྱང་དུ་གནོད་སྦྱིན་སེར་པོ་རིན་པོ་ཆེའི་ཅོད་པན་ཅན་ལག་ན་རྩེ་གསུམ་པ་ཐོགས་པ་སྟག་གི་པགས་
པའི་ཤམ་ཐབས་ཅན། ལུས་ལ་ཐལ་བས་བྱུགས་པ་སྤྲུལ་གྱི་རྒྱན་གྱིས་བརྒྱན་པ། ཟླ་བའི་འོད་དང་ལྡན་པ་ཁྱུ་མཆོག་ལ་ཞོན་པའོ། །མེ་ནི་ཤིན་ཏུ་སེར་བ་གསུས་པ་འཕྱང་བ། མིའུ་ཐུང་གི་རྣམ་པ་ཅན་ར་སྐྱེས་ལ་ཞོན་པ། བགྲང་འཕྲེང་དང་རིལ་བ་སྤྱི་བླུགས་བསྣམས་པ། རལ་བའི་
ཅོད་པན་ཅན་ཉི་མའི་གདན་དང་ཉི་མའི་འོད་དང་ལྡན་པའོ། །རླུང་ནི་རས་བསྣམས་པ་ཕྱག་ན་རླུང་གི་རྒྱལ་མཚན་ཐོགས་པ་ནག་པོ་རིན་པོ་ཆེའི་ཅོད་པན་ཅན་རི་དགས་ལ་ཞོན་པ་ཟླ་བའི་གདན་ཅན་ཟླ་བའི་འོད་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་བསྣམས་
པའོ། །སྲིན་པོ་དབུ་སྐྲ་སེར་པོ་གྱེན་དུ་འཁྱིལ་པ་གྲི་གུག་དང་ཐོད་པ་བསྣམས་པ་ཁྲོ་བ་སྨིན་མ་ཁྲོ་གཉེར་ཅན་གནག་པའོ། །དེའི་རྗེས་སུ་ལོངས་སྤྱོད་ཀྱི་འཁོར་ལོར་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བཞི་པ་དེའི་གཡོན་པའི་འདབ་མ་ལ་ཟླ་བ་དཀར་པོ་རྟ་དཀར་
པོ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན་ལག་ན་ཀུ་མུ་ད་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་དང་རྒྱབ་ཡོལ་ཅན་ནོ། །ལྷོའི་འདབ་མ་ལ། ཉི་མ་དམར་པོ་ཕྱག་བཞི་པ་པདྨ་བསྣམས་པ་རྟ་སྔོན་པོ་ལ་བཅིབས་པ། རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་

ཉི་མའི་གདན་དང་འོད་ཅན་ནོ། །མཱ་ད་ཞེས་པ་ནི་མ་སའི་ལྷ་སེར་པོ་མཛེས་པའི་རྒྱན་གྱིས་བརྒྱན་པ། ལག་ན་བུམ་པ་ཐོགས་པ་ཟླ་བའི་གདན་དང་འོད་ཅན་ནོ། །ནུབ་ཀྱི་འདབ་མ་ལ་པཔྤ་ཞེས་པ་ནི་ཕ་ཚངས་པ་དེ་ཡང་སེར་པོ་བགྲང་ཕྲེང་དང་སྤྱི་བླུགས་བསྣམས་པ། རལ་པའི་
ཅོད་པན་ཅན་དང་བ་ལ་ཞོན་པ་གསུས་ཁྱིམ་ཆེ་བ་ཟླ་བའི་གདན་དང་འོད་ཅན་ནོ། །དེ་ཡང་ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་ཞེས་པ་ནི་ཤར་ལ་སོགས་པའི་འདབ་མ་ལ་རིགས་ལྡན་དང་། དུང་སྐྱོང་དང་། འཇོག་པོ་རྣམས་སེར་པོའོ། །ནོར་རྒྱས་ཀྱི་བུ་དམར་པོ། པདྨ་དང་པདྨ་ཆེན་པོ་ནི་དཀར་པོ། སྟོབས་
ཀྱི་རྒྱུ་དང་མཐའ་ཡས་དག་ནི་སེར་པོ་དང་སྔོན་པོ་འདི་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན། མིའི་གདོང་པ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལུས་པོ་སྤྲུལ་གྱི་ལུས་འདི་རྣམས་སྤྲུལ་པའི་འཁོར་ལོ་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨ་མདོག་དམར་པོ་འདབ་མ་བརྒྱད་པ་བལྟས་ལ་ཤར་ལ་
སོགས་པའི་འདབ་མ་རྣམས་ལ་རིམ་པར་གནས་པར་གཞག་པར་བྱའོ། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ། པཱ་ཏཱ་ལེ། ཨཊྚ། སཔྤ། སྭཱ་ཧཱ། ཞེས་པས་སྙན་མནན་ནས་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས། མཆོད་ཡོན་དང་ཞབས་བསིལ་ཕུལ་ནས། ཡི་གེ་
ཧཱུཾ་གིས་མི་བསྐྱོད་པ་ལྟ་བུར་རྫོགས་པ་ལས་དབང་པོ་ལ་སོགས་པ་བརྒྱད་པ་ལྟའོ། །ཡི་གེ་ཨོཾ་ལས་རྣམ་པར་སྣང་མཛད་ལྟ་བུ་རྫོགས་པ་ཟླ་བ་ལ་སོགས་པ་རྣམས་བལྟའོ། །ཡི་གེ་ཨཱཿལས་འོད་དཔག་ཏུ་མེད་པ་ལྟ་བུར་རྫོགས་པ་རིགས་ལྡན་ལ་སོགས་པ་རྣམས་བལྟས་ནས་ལྷ་
རྣམས་དང་རྣལ་འབྱོར་བའི་ལྕེ་ལ་ཧཱུཾ་ནག་པོ་ལས་རྡོ་རྗེའི་ལྕེའི་འོད་ཟེར་གྱི་སྦུ་གུས་དྲངས་པའི་བདུད་རྩི་གཏོར་མའི་ཡོ་བྱད་གསོལ་བར་ཆངས་པ་ལ་སོགས་པ་རྣམས་བསམས་ནས་དགོངས་པ་ཡིད་ལ་བྱས་ཏེ། དེ་ནས་ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཱཾ་ས། པིཾ་གྷ། ཨམྦྷ། སཔྤ། ཀཛྫ། སཱ་
ད། ཁནྟི། ཁྱ་ཎི། ཕེ་ཌ། གཱ་ད། ཞེས་པ་དལ་བར་བརྗོད་ཅིང་དྲིལ་བུ་གསིལ་བར་བྱའོ། །དེ་ནས་རང་དང་གཞན་གྱི་མངོན་པར་འདོད་པའི་དོན་གསོལ་བ་བཏབ་ལ་འཐོར་འཐུང་ལ་སོགས་པ་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་

ཨཱཿཧཱུཾ་ཕཊ་སྭཱ་ཧཱ། མུཿཞེས་པས་དྲིལ་བུ་གསིལ་ཞིང་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་གཏོར་མ་བྱིན་པའི་དགོས་པ་ཅི་ཡིན་པར་གསུངས་པ། གལ་ཏེ་གཏོར་མ་འདིས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །དེའི་ཚེ་དེ་
རྣམས་ལ་བདེ་བ་དྲི་མ་མེད་པ་ཉིད་དུ་འགྱུར་བ་དང་ལྷ་རྣམས་མཉེས་པ་དང་འགྲོ་བ་རབ་ཏུ་འབྱོར་པར་འགྱུར་རོ། །གལ་ཏེ་འདིར་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་བྱིན་ན་དབང་དང་མངོན་སྤྱོད་དང་དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། གསད་པ་དང་། དགུག་པ་དང་ཞི་བ་
དང་རྒྱས་པར་ཡང་འགྱུར་རོ། །གཏོར་མ་འདིས་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་འདིས་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་མཆོད་པས་སོ། །གལ་ཏེ་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་ལེགས་པར་འགྱུར་རོ། །གང་ཞེ་ན་རྣལ་འབྱོར་པ་སྟེ། དེ་ཁོ་ན་ཉིད་དང་ལྡན་པ་
རྣམས་སོ། །དེའི་ཚེ་དེ་རྣམས་ལ་ནི་འབྱུང་པོ་ཐམས་ཅད་ལའོ། །བདེ་བ་ནི་ཕུལ་དུ་བྱུང་བ་གཞན་མེད་པའི་བདེ་བའོ། །འགྱུར་ནི་སྐྱེ་བའོ། །ལྷ་ནི་དབང་པོ་ལ་སོགས་པའོ། །ཡང་ན་མཛེས་པས་ན་ལྷ་རྣམས་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་རྣམས་སོ། །དེ་མཉེས་
པས་ནི་མཉེས་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བ་རྣམས་ནི་དེ་རྣམས་ལའོ། །འབྱོར་པར་འགྱུར་རོ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་སྐྱེ་བའོ། །དབང་དང་མངོན་སྤྱོད་ལ་སོགས་པ་ཡང་མཐོང་བའི་ཆོས་ལས་འབྱུང་བར་འགྱུར་རོ། །གལ་ཏེ་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་ནི་
རྒྱུན་དུའོ། །འདིར་གཏོར་མ་སྦྱིན་པར་བྱའོ། །ཡང་ན་དབང་དུ་བྱ་བ་ནི་བསྡུ་བའོ། །མངོན་སྤྱོད་ནི་སྤྲོ་བའོ། །དགྲའི་སྡེ་ནི་གཏི་མུག་ལ་སོགས་པའི་མི་ཤེས་པའི་ཡོན་ཏན་རྣམས་སོ། །དེ་རྣམས་ཀྱི་འཇིགས་པ་དང་བསྐྲད་པ་ནི་སྤྲོ་བ་དང་བསྡུ་བའོ། །དགུག་པ་ཞེས་པ་ནི་གཉི་ག་ཡང་
བསྲེས་པར་བྱས་པ་སྤྲོ་བ་དང་བསྡུ་བ་དབྱེར་མེད་པར་རྣམ་པར་གཞག་པའོ། །ཞི་བ་ཞེས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ངོ་། །བག་ཆགས་ལ་ཐུག་པའི་ཉེས་པ་རྩད་ནས་བཏོན་པའོ། །བདེ་བ་ཞེས་པ་ནི་འདི་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཀྱི་ཡེ་ཤེས་སོ། །དེ་ཉིད་ཅི་འདྲ་བ་ཅིག་ཡིན་ཞེ་ན། རྒྱས་པར་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས་པའོ། །འདི་ཇི་ལྟར་ཡིན་ཞེ་ན་གསུངས་པ། གལ་ཏེ་གཏོར་མ་སྦྱིན་ན་སྟེ། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་ལས་བྱུང་བའི་རྡོ་རྗེ་གསུམ་སྟེ་གལ་ཏེ་བྱིན་
ན་སྟེ། །དེ་ཙམ་གྱིས་རྟོག་པ་ཡང་མི་སྐྱེ་བའོ། །དེ་ཅིའི་ཕྱིར་ཡིན་པ་གསུངས། འབྱུང་པོའི་ཚོགས་ཀྱི་ཕྱིར་ཏེ། བརྩིས་པས་ནི་ཚོགས་རྣམས་ཏེ་ཕུང་པོ་ལྔ་རྣམས་སོ། །འབྱུང་པོ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཏེ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། འབྱུང་པོ་ཡང་དེ་
ཡིན་ལ་ཚོགས་ཀྱང་དེ་ཡིན་པས་འབྱུང་པོའི་ཚོགས་སོ། །དེའི་ཕྱིར་ནི་དེའི་དོན་དུའོ། །དེ་ཡང་རྟག་ཏུ་ནི་རྒྱུན་མ་ཆད་པར་རྟག་ཏུ་ཡིན་པའི་དོན་ཏོ། །རྡོ་རྗེ་གསུམ་ཉིད་མངོན་པར་གསལ་བར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་བ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ། །ཕྱག་རྒྱ་གང་
གིས་ས་སྤྱོད་མ། །གཙོ་བོ་བདག་གིས་སྔར་མ་འཚལ། །བཅོམ་ལྡན་ཇི་ལྟར་ཕྱག་རྒྱ་བགྱི། །དེ་སྐད་དུ་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུ་གསུམ་འཁོར་ལོའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །སྟེང་དང་འོག་དང་དབུས་གནས་ཀྱི། །འཁོར་ལོའི་
དབུས་སུ་རྣམ་པར་གནས། །སྐུ་གསུམ་ཞེས་པ་ནི་འདི་གསུམ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཡང་འཁོར་ལོའི་དབུས་སུ་ནི་འཁོར་ལོའི་དབུས་རྣམས་ལ་སྟེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་མོ། །གསང་བ་གསུམ་ཇི་
ལྟར་ཞེ་ན། འོག་དང་སྟེང་དང་དབུས་གནས་ཀྱི། །འཁོར་ལོའི་དབུས་སུ་རྣམ་པར་གནས། །དེ་ཉིད་ཀྱི་ཕྱིར། ས་སྤྱོད་སྐུ་ཡི་ཕྱག་རྒྱ་ཅན། །འོག་ཞལ་སྐུ་ཡི་རྡོ་རྗེ་མ། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་ཅན། །སྟེང་ཞལ་གསུང་གི་རྡོ་རྗེ་མ། སྐུ་རྡོ་རྗེའི་རང་བཞིན་ས་སྤྱོད་མའོ། །གསུང་
རྡོ་རྗེའི་རང་བཞིན་མཁའ་སྤྱོད་མའོ། །ཐུགས་རྡོ་རྗེ་ཅན་ཡང་བདག་མེད་མ་སྟེ། སེམས་བདག་མེད་མའི་ཚུལ་ཅན་རང་བཞིན་མེད་པའི་རང་བཞིན་གྱིས་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། སེམས་ནི་དབུས་ཀྱི་གནས་སུ་སྟེ། དེས་ན་བདག་མེད་མ་དབུས་སྐྱེས། དབུས་སུ་གནས་པའོ། །

འོན་ཀྱང་གཉིས་སུ་མེད་པའི་རང་བཞིན་གསང་བ་གསུམ་གྱི་རང་བཞིན་ཉིད་རྡོ་རྗེ་གསུམ་སྟེ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་རྡོ་རྗེ་མ་ལ་སོགས་པའོ། །དེ་གསུངས་པ། རྒྱས་པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །རྣམ་གསུམ་རྣམ་པ་ལྔ་ཉིད་
ཀྱང་། །བཤད་ཀྱིས་རྣལ་འབྱོར་མ་རྣམས་ཉོན། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་། །དཔག་མེད་ཕྲག་དོག་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་ཕྲག་དོག་བདེ་བ་དག །རིམ་པ་འདིས་ནི་བསྒོམ་པ་ཉིད། །འདིས་ཅི་བསྟན་ན། བདག་མེད་མ་དང་རྡོ་རྗེ་མ་དང་
ཆུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་མི་བསྐྱོད་པའི་དེ་བཞིན་གཤེགས་པ་ལྔ་རྣམས་སོ། །སྐུ་གསུང་ཐུགས་དབྱེར་མེད་པའི་རྡོ་རྗེ་སེམས་དཔའོ། །མཁའ་འགྲོ་མ་བདུན་ནི། དེ་ལྟར་རིགས་དྲུག་རྣམས་ཏེ་དེ་བཞིན་དུ་ཕྱི་རོལ་དུ་དྲུག་སྟེ། རིམ་པ་ལ་གནས་པའི་མཁའ་འགྲོ་མ་བརྒྱད་
ཡེ་ཤེས་ལྔའི་རང་བཞིན་རྣམ་ལྔའོ། །རྡོ་རྗེ་གསུམ་དབྱེར་མེད་པ་གསུམ་མོ། །འདིས་ནི་ཞེ་སྡང་ལ་སོགས་པ་དྲུག་ནི་རང་བཞིན་རྣམས་དེ་ལྟར་གཉི་ག་དྲུག་སྟེ། མི་བསྐྱོད་པ་ལ་སོགས་པ་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་རྣམས། དེ་ལྟར་གཉི་ག་དབྱེར་མེད་པས་ཡེ་ཤེས་
དྲུག་རྣམས་སོ། །བཅོ་བརྒྱད་ཀྱི་རང་བཞིན་རྣམས་རྡོ་རྗེ་གསུམ་དབྱེར་མེད་པའི་རིགས་དྲུག་ཏུ་འགྱུར་རོ། །རྒྱས་པར་རབ་ཏུ་ཕྱེ་བ་ལས་ནི་བསྟན་པས་སོ། །འདིས་ནི་དག་པས་སོ། །རིམ་པས་བསྒོམ་ནི་སྙོམས་པར་འཇུག་པའི་རང་བཞིན་རྣམས་སོ། །རིགས་དྲུག་པོ་དེ་
རྣམས་ཉིད་རིགས་ལྔ་རྣམ་པ་ལྔ་ཡིན་པར་གསུངས་པ། རྡོ་རྗེ་སེམས་དཔའ་སྤངས་ནས་ནི། །ཞེས་པ་ནི། ས་སྤྱོད་མ་དང་མཁའ་སྤྱོད་མ་གཉིས་དབྱེར་མེད་པ་དེ་བདག་མེད་རྣལ་འབྱོར་མའི་རང་བཞིན་ཏེ་འདིའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྲིད་པ་གསུམ་གཅིག་པར་གྱུར་
པ་རྣལ་འབྱོར་མ་བདག་མེད་མའི་རང་བཞིན་ནོ། །རྡོ་རྗེ་སེམས་དཔའ་སྤངས་ནས་སོ། །ཕྱི་ནས་ནི་རྗེས་ཐོགས་སུའོ། །རྣམ་པ་ལྔ་ནི་དེ་བཞིན་དུ་ཕྱི་རོལ་གྱི་རིམ་པར་གནས་པའི་རྣལ་འབྱོར་མ་གསུམ་རྡོ་རྗེ་གསུམ་དབྱེར་མེད་པས་མཁའ་འགྲོ་མ་ལྔའི་ཁོངས་སུ་འདུས་ཏེ་གཉི་

ག་ལྔའོ། །གཉི་གའི་ཡེ་ཤེས་ལས་སྐྱེས་པ་ཡེ་ཤེས་ལྔ་ཡིན་ཏེ་བཅོ་ལྔའོ། །དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པར་བདེན་པའི་རྣམ་པའི་རིགས་ཡིན་ནོ། །དེ་རྗེས་རྣམ་པ་གསུམ་དུ་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །མཁའ་འགྲོ་མ་ལྔ་པོ་དེ་
ཡང་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྣམས་ཀྱི་རིགས་གསུམ་སྟེ། རིན་ཆེན་གཙོ་དང་། དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་སྐུ་དང་གསུང་གི་རང་བཞིན་དག་གཏི་མུག་དང་འདོད་ཆགས་ཀྱི་བདག་ཉིད་དག་གི་ནང་དུ་ཞུགས་པས་སོ། །
དེ་ལྟར་ཕྱི་རོལ་གྱི་རིམ་པར་གནས་པ་ཡང་གསུམ་པོ་གཉི་ག་དབྱེར་མེད་པས་བསྐྱེད་པའི་ཡེ་ཤེས་གསུམ་ཡིན་པས་དགུའོ། །རྡོ་རྗེ་དབྱེར་མེད་པས་རིགས་གསུམ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཉོན་ཞེས་
སྙན་མནན་ནས་དེ་ཐམས་ཅད་ཉིད་རྣལ་འབྱོར་མ་ཡིན་པའི་དོན་ཏེ། རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་དང་ལྡན་པ་ཉིད་བདག་མེད་མ་སྟེ་སྙན་མནན་པ་དེ་གསལ་བར་བྱས་པ། མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱི། །ཐུགས་ཀྱི་བདག་པོ་རིགས་གཅིག་ཉིད། །སྐུ་དང་གསུང་ཐབས་
དང་ཤེས་རབ་ཀྱི་རང་བཞིན་གྱིས་གཉི་ག་སྦྱོར་བ་གཅིག་པ་ཉིད་རིགས་ཏེ། དེ་ཐུགས་ཀྱི་བདག་པོ་ནི་ཐུགས་ཀྱི་རང་བཞིན་ནོ། །གཙོ་བོ་ནི་སྐྱེས་པ་དང་མ་ནིང་ཉིད་དེ་དེ་ཉིད་མི་བསྐྱོད་པ་ནི་མི་གཡོ་བའི་རང་བཞིན་དེ་བཞིན་ཉིད་ཀྱི་རྣམ་པའོ། །དེ་ཉིད་ཀྱི་ཕྱིར་མི་བསྐྱོད་གཟུགས་ཅན་ཏེ།
རྟོག་པ་ཐམས་ཅད་དང་རྣམ་པར་རྟོག་པ་ལས་འདས་པའི་ཕྱིར་ཡང་དག་པའི་ཡེ་ཤེས་སོ། །འདི་ཞེ་སྡང་རྡོ་རྗེའི་མཐུ་སྟོབས་ཡིན་པར་གསུངས་པ། ཞེ་སྡང་རྡོ་རྗེ་བྱིན་རླབས་འདི། །རིགས་ནི་དྲུག་དང་ལྔ་རུ་འདོད། །ཁྱད་པར་འཕགས་པའི་དངོས་པོ་ནི་མཐུ་སྟོབས་ཏེ། འདི་ཞེ་
སྡང་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཞེ་སྡང་རྡོ་རྗེའོ། །དེ་ཉིད་བྱིན་རླབས་ནི་ཐུགས་ཀྱི་བདག་ཉིད་མི་བསྐྱོད་པའི་གཟུགས་སོ། །ཞེ་སྡང་གི་གསུམ་ལ། གཉིས་སུ་མེད་པས་གཉིས་སོ། །གཅིག་ཉིད་ཀྱི་ཕྱིར་གཅིག་གོ། །གཅིག་ཀྱང་ཡོད་པ་མ་ཡིན་པ་ནི་བཞི་པའོ། །འདི་

ཉིད་རྣམ་པ་གཉིས་དང་རྣམ་པ་གསུམ་དང་འདི་ཉིད་བཞི་པ་སྟེ། གཅིག་དང་དུ་མའི་དོན་གྱིས་གཉིས་སུ་མེད་པའི་རང་བཞིན་དེ་དང་གསུམ་གྱིས་སོ། །དྲུག་ཅེས་པ་ནི་རིགས་དྲུག་གོ། །ལྔ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་སོ། །འདིས་ནི་གཅིག་ཉིད་དྲུག་གི་རང་བཞིན་ལ་དྲུག་ཉིད་གཅིག་
གི་རང་བཞིན་ཡིན་པས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཞིང་བཅད་དུ་མེད་པའོ། །རྡོ་རྗེ་སྦོས་མོ་དཀར་མོ་དང་། །ས་ནི་རྣམ་སྣང་བདག་ཉིད་ཀྱི། །དཀར་མོ་ཆོམ་རྐུན་གདོལ་བ་མོ། །མེ་ནི་རིན་ཆེན་ཕྱག་རྒྱས་གདབ། །རི་ཁྲོད་ཆུ་མ་རོ་ལངས་མ། །ཆུ་ཁམས་འོད་དཔག་
མེད་དབང་ཕྱུག །རྡོ་རྗེ་མཁའ་འགྲོ་མ་གཡུང་མོ། །གྷསྨ་རཱི་ཡང་དེ་བཞིན་འདོད། །དེ་བཞིན་ས་སྤྱོད་མཁའ་སྤྱོད་མ། །རླུང་གི་ཁམས་ནི་རྟ་རུ་བཤད། །མཁའ་འགྲོ་བདག་མེད་མ་ཉིད་ཀྱང་། །ནམ་མཁའི་ཁམས་སུ་ཞེ་སྡང་བརྗོད། །དབང་པོ་དང་ནི་འབྱུང་བ་ཆེ། །ཡུལ་ཞེས་བྱ་བ་དེ་རུ་
འདོད། །རྣམ་པར་ཤེས་པ་གསུམ་ཉིད་གཅིག །སྦྱོར་བ་ལས་ནི་གཉིས་ཀྱང་ངོ་། །ཕུང་པོ་ལྔ་པོ་རེ་རེ་ཞིང་། །ཕུང་པོ་ལྔ་ཡི་རང་བཞིན་ཅན། །འབྱུང་བ་ཆེན་པོ་ས་ལ་སོགས། །རེ་རེའང་འབྱུང་བ་ལྔ་ཡི་བདག །གཟུགས་ལ་སོགས་པའི་ཡུལ་རྣམས་ལྔ། །རེ་རེའང་ལྔ་ཡི་རང་བཞིན་ཅན། །
འདིའི་ཕྱིར་གཟུགས་ལ་སོགས་ཕུང་པོ། །གང་ཡང་འབྱུང་བ་ཆེན་པོ་རྣམས། །གང་ཡང་གཟུགས་ལ་སོགས་པའི་ཡུལ། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཞེ་སྡང་རྡོ་རྗེའི་རང་བཞིན་རྣམས། །ཡེ་ཤེས་ལྔ་ལས་གཞན་མ་ཡིན། །ཞེ་སྡང་རྡོ་རྗེའི་བྱིན་རླབས་འདི། །རིགས་ནི་དྲུག་དང་
ལྔ་རུ་འདོད། །ཅེས་པའོ། །རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །རྒྱུད་ཐམས་ཅད་ཀྱི་སྒྲས་ནི་མ་ལུས་པར་བྱེ་བྲག་ཏུ་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པའོ། །དེའི་ཕྱག་རྒྱ་ནི་མཚན་མའོ། །རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་དེ་ཡང་ཕྱག་
རྒྱ་བསྡུས་པའི་ཚུལ་གྱིས་སྤྲོ་བའི་ངོ་བོའི་དོན་ཏོ་ཞེས་བྱ་བ་ནི་བརྡའོ། །རིམ་པར་ཕྱེ་བ་བཞི་པའོ་ནི་རིམ་པར་ཕྱེ་བ་བཅུ་གཅིག་དང་ལྷན་ཅིག་པའི་མཁའ་འགྲོ་མ་བཅོ་ལྔ་བསྡུ་བའི་རིམ་པར་ཕྱེ་བ་བཞི་པའོ། །དགྱེས་པའི་རྡོ་རྗེའི་རྣམ་པར་བཤད་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་

ཆེར་འགྲེལ་བ་ལས་ལེའུ་བཞི་པའོ།། །།ཞེ་སྡང་རྡོ་རྗེའི་བྱིན་རླབས་འདི་ཞེ་སྡང་རྡོ་རྗེ་ཉིད་གང་ཅི་འདྲ་བ་ཅིག་ཅེས་བདག་མེད་མས་ཞུས་པའི་སྒོ་ནས། ཞེ་སྡང་རྡོ་རྗེའི་རང་བཞིན་གསུངས་པ། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་དང་འཇིགས་པ་པོ། །
དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མས་ནི་སྐུ་ལ་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡི། །བདག་གི་འཁོར་ལོ་ཁྱེད་བཤད་ན། །ཁྱོད་ཀྱི་འཁོར་ལོ་ཇི་ལྟར་ལགས། །བཅོམ་ལྡན་བདག་གིས་སྔར་མ་འཚལ། །ཞབས་
བཞི་པ་དང་འཇིགས་པ་པོ། །ཞེས་པ་ནི། བདུད་བཞི་བཏུལ་བ་ཉིད་ཀྱིས་སོ། །ཐོད་པའི་ཕྲེང་བ་ཅན་ཞེས་པ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་དེས་ན་ཡེ་ཤེས་མཐའ་ཡས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དཔའ་བོ་ཞེས་པ་ནི་ཕས་ཀྱི་རྒོལ་བས་མི་ཚུགས་པའི་ཕྱིར་རོ། །བདག་མེད་
མ་ལ་འོ་མཛད་ནས། །རྡོ་རྗེ་ཐོད་པར་སྩལ་ནས་ནི། །ལྷ་ཡི་ནུ་མ་མཉེ་མཛད་དེ། །དཀྱིལ་འཁོར་ཡང་དག་རབ་ཏུ་དབྱེ། །བདག་མེད་མ་ལ་འོ་མཛད་ནས་ནི་དགའ་བའོ། །རྡོ་རྗེ་ཐོད་པར་སྩལ་ནས་ནི་མཆོག་ཏུ་དགའ་བའོ། །ནུ་མ་མཉེ་མཛད་དེ་ནི་རྣམ་པར་དགའ་བའོ། །མཛེས་པས་ན་ལྷ་སྟེ་
ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟ་བུའི་དགའ་བ་བཞིའི་རང་བཞིན་གྱི་དཀྱིལ་འཁོར་ཡང་དག་པར་རབ་ཏུ་དབྱེ་ནི་དེས་འོད་གསལ་བར་རྣམ་པར་གཞག་གོ། །འཁོར་ལོ་ཇི་ལྟར་སྔར་གསུངས་པ། དྲ་བ་དྲ་བ་ཕྱེད་པས་བརྒྱན། མཚམས་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་སྲང་བུས་ཡང་དག་
བརྒྱན། །འདོད་ཆགས་ཆེན་པོས་རྗེས་ཆགས་པས། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཁྱོད་དང་ལྷན་ཅིག་བཞིན་བཟངས་མ། །དེ་ལ་དབུས་སུ་ད་ཡོད་དེ། །འཁོར་ལོ་ཇི་ལྟར་སྔར་གསུངས་པ། །ཞེས་པ་ནི་རིམ་པར་ཕྱེ་བ་གསུམ་པར་གསུངས་པའི། དང་པོར་བྱམས་པ་བསྒོམ་
པར་བྱ། །ཞེས་བྱ་བ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པའོ། །དེའི་རྗེས་སུ། དང་པོར་སྟོད་པའི་བྱང་ཆུབ་སྟེ། །ཞེས་བྱ་བ་ལ་སོགས་པ། བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པའི་བར་གྱིས་གསུངས་པ་དང་། རཾ་ལས་ཉི་མ་སྔོན་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པ་དང་། །ར་

བ་དང་གུར་བཅིང་པ་ཡང་རྣམ་པར་བསྒོམ་པ་ཉིད་ཅེས་པའི་བར་གྱིས་གང་གསུངས་པ་དང་། དེ་ཐམས་ཅད་སེམས་ལ་བཞག་ནས་དེའི་རྗེས་སུ་རིམ་པར་ཕྱེ་བ་བརྒྱད་པ་ལས་གང་གསུངས་པ། ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་བྱ་བ་ལ་སོགས་པ་ནས། ཇི་ལྟར་འབྱུང་བ་སྒོམ་པ་པོ། །
ཞེས་པའི་བར་གྱིས་གང་གསུངས་པ་དང་། དེ་ཐམས་ཅད་ཀྱི། དེ་ཡི་དབུས་སུ་བསམ་བྱ་རོ། །ཞེས་པ་ནི། པདྨ་འདབ་མ་བརྒྱད་པ་རིམ་པ་གཅིག་པར་བལྟས་ལ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་དེའི་ནང་དུ་ས་བོན་ནོ། །དེ་གཅིག་ཏུ་གྱུར་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་
སྐུ་རྫོགས་པའི་བར་གྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཐམས་ཅད་བསྟན་ཏོ། །དེ་ལ་དབུས་སུ་ཕྱག་རྒྱ་ང་། །ཞེས་པ་ནི། ང་ཉིད་ཕྱག་རྒྱ་སྟེ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །ཁྱོད་དང་ལྷན་ཅིག་ཅེས་པ་ནི་ཁ་སྦྱོར་གྱི་རྣལ་འབྱོར་གྱི་རང་བཞིན་གྱིས་ཞེས་དགོངས་པའོ། །
དེ་ཉིད་གསུངས་པ། འདོད་ཆགས་ཆེན་པོ་རྗེས་ཆགས་པས། །ཞེས་པ་ནི། རྣམ་པར་དགའ་བའི་རང་བཞིན་གྱི་རྒྱུས་སོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཞེས་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ཕྱིར་སྐུ་རྫོགས་པའི་རང་བཞིན་ནོ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་
ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་ཉིད། །འཇིགས་པ་ཡང་ནི་འཇིགས་པར་མཛད། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཁ་དོག་ནག་པོ་འཇིགས་པ་པོ། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །ཡེ་ཤེས་ཀྱི་དཀྱིལ་འཁོར་
དང་དམ་ཚིག་གི་དཀྱིལ་འཁོར་གཅིག་པ་ཉིད་གསུངས་པ། སྔར། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཞེ་སྡང་རྡོ་རྗེ་ཞེས་བྱ་བའི་སྐུའོ། །ད་ནི་ཡང་ཞལ་བརྒྱད་པ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་དཀྱིལ་
འཁོར་དང་དབྱེར་མེད་པ་ཉིད་དཀྱིལ་འཁོར་གཉི་གའི་རང་བཞིན་རྡོ་རྗེ་འཛིན་པ་ཉིད་ཡིན་པར་བསྟན་ཏོ། །ཞལ་བརྒྱད་ཅེས་པ་ནི་བཞི་པོ་གཉིས་ཀྱིས་སོ། །ཞབས་བཞི་པ་ཞེས་པ་ནི་རེ་རེས་སོ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན་ནི་བཞི་པོ་རེ་རེ་ཞིང་ཡང་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །

བདུད་བཞི་མཉམ་པར་མནན་པ་ཉིད་དུ་གཅིག་པས་སོ། །འཇིགས་པ་ཡང་ནི་འཇིགས་པར་མཛད། །ཅེས་པ་འདིས་ནི་ཉེ་བར་དམིགས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཅེས་པ་འདིས་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་དབྱེར་མེད་
པ་ཉིད་དེ་ཡིན་ནོ། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་པ་འདིས་ནི་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་ཡེ་ཤེས་སོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་མཚན། །ཞེས་པ་ནི། སྤྲོ་བ་དང་བསྡུ་བའི་རང་བཞིན་དེ་ཡིན་ནོ། །ཁ་དོག་ནག་པོ་ཞེས་པ་ནི་བསྡུ་བའི་རང་བཞིན་ཉིད་ཡིན་ནོ། །འཇིགས་པ་
པོ་ནི་གཉི་ག་དབྱེར་མེད་པའི་གཉིས་ཀྱི་བདག་ཉིད་ཡིན་པར་དགོངས་སོ། །འདིས་ནི་དམ་ཚིག་གི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་དབྱེར་མེད་པའི་ཕྱིར་ཞེ་སྡང་རྡོ་རྗེའི་རང་བཞིན་ཉིད་ཞལ་བརྒྱད་པར་བསྟན་ཏོ། །དེ་ཉིད་གསལ་བར་བྱས་པ་ཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་ཞིང་། །
ཐལ་བས་ལུས་ལ་བྱུགས་པ་ཉིད། །བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང་། །དགའ་བ་གཉིས་གཉིས་སྙོམས་འཇུག་པས། །རླབས་མེད་པ་ཡི་བདེ་བ་ཐོབ། །རློམ་སེམས་མེད་པའི་རང་བཞིན་ཅན། །ཞེས་པ་ནི། དེའི་ཕྱིར་ཞལ་བརྒྱད་པའི་རང་བཞིན་གྱི་བཅོམ་ལྡན་འདས་ཀྱི་ཞལ་ལས་
ཡི་གེ་ཧཱུཾ་སྤྲོ་བར་བྱ་བའོ། །ཅིས་ཁྱད་འཕགས་ཤེ་ན། ཐལ་བས་ལུས་ལ་བྱུགས་པ་ཉིད། །ཐལ་བ་ནི་རྡུལ་ཕྲ་རབ་བོ། །དེ་དང་འདྲ་བའི་རྡུལ་གྱིས་ལུས་རྣམས་ཏེ་གང་ལུས་རྣམས་དེའོ། །དེ་ཉིད་ཡི་གེ་ཧཱུཾ་ཏིལ་གྱི་གང་བུ་ལྟ་བུ་ནམ་མཁའི་ཁམས་ཡང་སྤྲོས་པས་མི་ཤོང་བའོ། །སླར་ཡང་
ཅི་ཞེ་ན། དགའ་བ་གཉིས་གཉིས་སྙོམས་འཇུག་པས། །དགའ་བ་ཞེས་པ་ནི་ལྷག་པར་ཕུལ་དུ་བྱུང་བའི་བདེ་བ་གཞན་མེད་པའོ། །དེའི་གཉིས་གཉིས་ནི་གཉི་གའི་ཡེ་ཤེས་སོ། །དེས་སྙོམས་པར་འཇུག་པ་ནི་ལྡན་པའོ། །དེ་ཉིད་ཀྱི་ཕྱིར་བདག་མེད་མ་དང་ལྷན་ཅིག་ཁ་སྦྱོར་བ་ནི་ལྷན་
ཅིག་དག་ཏུ་ཡང་དག་པར་སྦྱོར་བ་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པར་དགོངས་སོ། །དེ་ཉིད་བདག་མེད་མ་ནི་བདག་མེད་མ་དེ་ཉིད་ཁ་སྦྱོར་བ་ཡིན་ནོ། །དབའ་རླབས་མེད་པའི་བདེ་བ་ཐོབ། །ཅེས་པ་ནི་དབའ་རླབས་དང་འདྲ་བས་དབའ་རླབས་ཏེ་སྤྲོ་བའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའོ། །དེ་

ལས་བྱུང་ཞིང་སྐྱེས་པ་གང་གི་ཕྱིར་དེ་ནི་དབའ་རླབས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དང་དོན་དམ་པའི་བདེན་པའི་བདག་ཉིད་དོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་བདེ་བ་དེ་ཉིད་ཐོབ་པ་དེའི་རང་བཞིན་ཉིད་ཡིན་པར་དགོངས་སོ། །ཡེ་ཤེས་དེ་ཡང་རློམ་སེམས་མེད་པའི་རང་བཞིན་ཅན་ནོ། །དེ་ལྟ་
བུར་གྱུར་པའི་ཡི་གེ་ཧཱུཾ་རློམ་སེམས་མེད་པའི་རང་བཞིན་ནོ། །ཞལ་བརྒྱད་ཀྱི་ཁ་དོག་གསུངས་པ། རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ལ་ནི་སྐུ་དང་མཚུངས། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །ལྷག་མའི་ཞལ་ནི་བུང་བ་མཚུངས། །སྒྲ་
ཇི་བཞིན་པའི་དོན་ནི་གསལ་བ་ཉིད་དོ། །དོན་གཞན་བཤད་པར་བྱ་སྟེ། དང་པོའི་ཞལ་ནི་དེ་ཉིད་རྩ་བའི་ཞལ་ལོ། །དེ་ཡང་ནག་པོ་ཆེ་ནི་འོད་གསལ་བའི་རང་བཞིན་ཐུགས་ཞེས་བྱ་བའོ། །གཡས་པ་ལ་ནི་སྐུ་དང་མཚུངས། །ཞེས་པ་ནི་ཀཱ་ལིའི་རང་བཞིན་ཐབས་ཀྱི་ངོ་བོ་སྐུ་ཞེས་བྱ་བའོ། །གཡོན་
པ་དམར་ནི་ཨཱ་ལིའི་རང་བཞིན་ཤེས་རབ་ཀྱི་ངོ་བོ་གསུང་ཞེས་བྱའོ། །སྤྱི་བོའི་ཞལ་ཞེས་པ་ནི་སྟེང་གི་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཆེར་འཇིགས་པ་ནི་བཞི་པའོ། །གཙིགས་པ་ཅན་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱན་ནི་ཉི་ཤུ་རྩ་
བཞིས་ཆེ་ནི་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་ཡིན་པའི་ཕྱིར། ཞལ་བརྒྱད་ལ་སྤྱན་ཉི་ཤུ་རྩ་བཞི་རྣམས་སོ། །འཆད་པར་འགྱུར་བ་ཡང་། རྡོ་རྗེ་གསུམ་གྱིས་དག་པའི་སྤྱན། །ཞེས་པའོ། །རྡོ་རྗེ་གསུམ་གྱི་སྐབས་ཉིད་དུ་རིགས་པ་ཡིན་ནོ། །ཞལ་གཞན་པོ་བཞི་ཡང་མངོན་པར་བརྗོད་པར་
སྤྱན་རྣམས་བསྟན་ཏེ། གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིའི་རྣམ་པར་དག་པ་རྣམས་སོ། །ལྷག་མའི་ཞལ་གཞན་བཞི་ནི་ནག་པོ་ཉིད་ཡིན་ནོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། རྡོ་རྗེ་གསུམ་གྱི་རང་བཞིན་དགའ་བ་གསུམ་དང་དེ་དང་དབྱེར་མེད་
པའི་བཞི་པ་ལྷན་ཅིག་སྐྱེས་པའོ། །བཞི་པོ་དེ་ཡང་དབྱེར་མེད་པ་ཉིད་ཡིན་ནོ། །བུང་བ་མཚུངས་ནི་ཞལ་བཞི་པོ་འདིའོ། །འདིས་ནི་ཞལ་ལྔ་རྣམས་ནག་པོས་ཡེ་ཤེས་ལྔ་དབྱེར་མེད་པ་ཉིད་དོ། །དམར་བ་དང་དཀར་བ་དག་ཐབས་དང་ཤེས་རབ་ཀྱི་རང་བཞིན་དག་གོ། །གཙིགས་

པ་ནི་སྐུ་གསུམ་དང་ཡེ་ཤེས་ལྔ་ཉིད་ཡིན་ནོ། །ཞལ་བརྒྱད་ཉིད་ཀྱིས་ཞེ་སྡང་རྡོ་རྗེ་བསྟན་ཏོ། །གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །དགའ་བས་ཤིན་ཏུ་གང་བས་རོལ། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །གཉི་ག་སྙོམས་པར་
ཞུགས་པས་སྤྲོ་བའི་སྒོ་ནས་འབྱིན་པའི་དཀྱིལ་འཁོར་བསྟན་ཏེ། གཉི་ག་དབྱེར་མེད་པར་རོལ་པ་ཉིད་ཤིན་ཏུ་ཕུལ་དུ་བྱུང་བའི་བདེ་བ་གཞན་ལ་མེད་པ་ཡིན་པས་དགའ་བའི་ཡེ་ཤེས་བསྟན་ཏོ། །དཀར་མོ་ཞེས་པ་ནི་སའི་ཁམས་གཏི་མུག་རྣམ་པར་དག་པར་རྫོགས་པ་དགའ་བ་ཉིད་
ཡེ་ཤེས་གསུམ་གྱི་བདག་ཉིད་དོ། །སྲུབ་དང་བསྲུབ་པའི་སྦྱོར་བ་ལས། །ཆོམ་རྐུན་མ་ཡང་ཕྱུང་ནས་ནི། །ཡང་ཞེས་པ་ནི་མཆོག་དགའ་ཡེ་ཤེས་བསྟན་ཏོ། །ཆོམ་རྐུན་མ་ནི་མེའི་ཁམས་ཕྲ་མ་རྣམ་པར་རྫོགས་པ་མཆོག་ཏུ་དགའ་བ་ཉིད་ཡེ་ཤེས་གསུམ་དང་དབྱེར་མེད་པ་ཡིན་ནོ། །
ཕྱུང་ནས་ལྷོ་ཡི་སྒོ་རུ་ནི། །ཆོམ་རྐུན་མ་ནི་སྒོ་སྲུང་མ། །ལྷོའི་སྒོ་ཞེས་པ་ནི་ཉི་མའི་རང་བཞིན་ཉིད་དུ་བསྟན་པའོ། །བོ་ལ་ཀཀྐོ་ལ་སྦྱོར་བས། །རོ་ལངས་མ་ཡང་ཕྱུང་ནས་ནི། །ཞེས་པ་ནི། རྣམ་པར་དགའ་བའི་ཡེ་ཤེས་བསྟན་པ་ཡིན་ནོ། །རོ་ལངས་མ་ཞེས་པ་ནི་ཆུའི་ཁམས་འདོད་ཆགས་
རྣམ་པར་དག་པ་རྫོགས་པ་རྣམ་པར་དགའ་བ་ཉིད་ཡེ་ཤེས་གསུམ་གྱི་བདག་ཉིད་ཡིན་ནོ། །ཕྱུང་ནས་ནུབ་ཀྱི་སྒོ་རུ་ནི། །བདུད་འཇོམས་མ་ནི་རྣམ་པར་གནས། །ནུབ་ཀྱི་སྒོ་རུ་ཞེས་པ་ནི་ཟླ་བའི་རང་བཞིན་དུ་བསྟན་པའོ། །བདུད་འཇོམས་མ་ནི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་རྣམས་
ཞི་བའི་ཕྱིར་རོ། །དགའ་བ་ཆེན་པོའི་སྙོམས་འཇུག་པས། །གྷསྨ་རཱི་ཡང་ཕྱུང་ནས་ནི། །དགའ་བ་ཆེན་པོའི་སྙོམས་འཇུག་པས། །ཞེས་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་བསྟན་ཏོ། །གྷསྨ་རཱི་ཞེས་པ་ནི་རླུང་གི་ཁམས་ཕྲག་དོག་རྣམ་པར་དག་པར་རྫོགས་པའོ། །ཕྱུང་
ནས་བྱང་གི་སྒོ་ལ་ནི། །འཇིགས་པའི་གཟུགས་ཅན་མ་ཉིད་གནས། །བྱང་གི་སྒོ་ཞེས་པ་ནི་ཉི་མ་དང་ཟླ་བ་དག་དབྱེར་མེད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་རྡོ་རྗེ་གསུམ་དབྱེར་མེད་པ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་མཁའ་འགྲོ་མ་བཞི་དགའ་བ་བཞིའི་ཡེ་

ཤེས་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་རྣམ་པར་དག་པའོ། །ཐར་པ་ཆེན་པོའི་གྲོང་དུ་འཇུག་པའི་སྒོ་བཞི་ལ་སྲུང་བ་བཞི་པོ་འདིའོ། །གཉིས་གཉིས་བསྐྱོད་པའི་སྦྱོར་བ་ལས། །པུཀྐ་སཱི་ཡང་ཕྱུང་ནས་ནི། །ཕྱུང་ནས་དབང་ལྡན་མཚམས་སུ་ཡང་། །དྲག་པོའི་གཟུགས་ཅན་མ་ཉིད་གནས། །
གཉིས་གཉིས་བསྐྱོད་པའི་སྦྱོར་བ་ལས། །ཞེས་པས་སྔར་བསྟན་པ་འདིས་ནི་མཁའ་འགྲོ་མ་བཞི་ཐབས་ཀྱི་རང་བཞིན་རྡོ་རྗེ་འཛིན་པ་དགའ་བ་ལ་སོགས་པ་དགའ་བ་བཞིའི་རང་བཞིན་ནོ། །ད་ནི་གཉིས་གཉིས་བསྐྱོད་པའི་སྦྱོར་བ་ལས། །ཞེས་པ་འདིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་
གྱི་བདག་མེད་མ་དགའ་བ་ལ་སོགས་པ་དགའ་བ་བཞིའི་རང་བཞིན། པུཀྐ་སཱི་ལ་སོགས་པའི་མཁའ་འགྲོ་མ་བཞི། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་བསྟན་ཏེ། དབང་ལྡན་མཚམས་སུ་ཞེས་པ་ནི་འབྱུང་པོའི་གནས་སུའོ། །དྲག་པོའི་གཟུགས་ཅན་མ་ཞེས་པ་འདིས་
ནི་བདག་མེད་མའི་ཆ་དགའ་བ་དང་པོ་བསྟན་ཏོ། །ཡང་ནི་བསྲུབ་པའི་སྦྱོར་བ་ལས། །འཚེད་མའི་མཚམས་སུ་རི་ཁྲོད་མ། །བསྲུབ་པའི་སྦྱོར་བ་ལས་ཞེས་པ་ནི་མཆོག་ཏུ་དགའ་བ་སྟེ། བདུད་རྩི་བསྲུབས་པ་ཉིད་ལས་ཆུའི་ཁམས་རྣམ་པར་དག་པ་རི་ཁྲོད་མའོ། །སྲིན་པོའི་མཚམས་སུ་
གདོལ་པ་མོ། །ཞེས་པ་ནི། རྣམ་པར་དག་པའི་རང་བཞིན་མེའི་ཁམས་རྣམ་པར་དགའ་བའི་གདོལ་པ་མོའོ། །སྲིན་པོའི་མཚམས་ཞེས་པ་ནི་ཡུལ་དང་དབང་པོ་འཁྲིགས་པས་ཟླ་བ་དང་ཉི་མའི་རང་བཞིན་ཉིད་ཡིན་ནོ། །རླུང་གི་མཚམས་སུ་གཡུང་མོ་ཉིད། །ཅེས་པ་ནི། གཡུང་མོ་
ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་གཡུད་མོ་རླུང་གི་ཁམས་སོ། །དེ་ཉིད་ཀྱི་ཕྱིར་རླུང་གི་མཚམས་སུའོ། །དེ་ནས་རྡོ་རྗེ་ཆགས་ཆེན་པོས། །རིག་མར་བཅས་པ་ཞུ་བར་གྱུར། །འདིས་ནི་གཉི་གར་དགའ་བ་ལ་སོགས་པ་བཞིའི་རང་བཞིན་གྱི་མཁའ་འགྲོ་མ་བརྒྱད་
རྫོགས་པ་དག་པར་བར་མ་དོ་དང་མཚུངས་པར་ཞུགས་པ་ལས་མི་དམིགས་པའི་རང་བཞིན་གྱིས་སོ། །དེ་རྡོ་རྗེ་ནི་མི་ཕྱེད་པའི་སྐུའོ། །རིག་མར་བཅས་པ་ནི་ཤེས་རབ་དང་ལྷན་ཅིག་པར་རོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས་པ། ཞུ་བར་གྱུར་ནི་ཞུ་བའོ། །དེ་ཉིད་གྱུར་ནི་ཡང་དག་པ་མ་

ནིང་ངོ་། །ཇི་ལྟར་ཞེ་ན་ཆགས་ཆེན་ལས་སོ། །གཉི་གའི་ལྷན་ཅིག་པའི་དགའ་བ་ཡོངས་སུ་གཅོད་པའི་དོན་ཏོ། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ། །དེ་ནས་ཞེས་ནི་ཞུ་བར་གྱུར་པའི་རྗེས་ཐོགས་ལའོ། །ལྷ་མོ་ཞེས་པ་ནི་སྤྲོ་བའི་ཚུལ་
གྱིས་དྲི་ཟའི་སེམས་ཅན་འཇུག་པ་རྣམ་པར་གནས་པའོ། །བསྐུལ་ནི་རྟོག་པའོ། །སྣ་ཚོགས་གླུ་ཡི་མཆོད་པ་ལས་ནི་མཚན་མ་སྣ་ཚོགས་འཕྲུལ་པ་ལས་མཚན་མའི་རང་བཞིན་ཉིད་མཚན་མ་མེད་པ་ཡིན་པར་བསྟན་པ་ཡིན་ནོ། །གླུའི་མཆོད་པ་ཉིད་གསུངས་པ། རྗེ་བཙུན་སྙིང་
རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །བཞེངས་ནི་བཞེངས་ཤིག་པའོ། །རྗེ་བཙུན་ནི་བཅོམ་ལྡན་འདས་སོ། །སྙིང་རྗེའི་ཡིད་ཅན་ནི་ཐུགས་རྗེའི་ཐུགས་ཅན་ནོ། །པུཀྐ་སཱི་ནི་བདག་ལ་
སྐྱོབས་ནི་བདག་པུཀྐ་སཱི་ལ་སྐྱོབས་ཤིག་པ་སྟེ་བདག་ནི་ངའོ། །ཁྱོད་ཀྱིས་ཡོངས་སུ་བསྐྱབ་པ་ཉིད་ཇི་ལྟར་ཡིན་པའི་དོགས་པ་བསུ་བའི་ལན་གསུངས། བདེ་ཆེན་སྦྱོར་བ་སྟེ། །བདེ་བ་ཆེན་པོའི་སྦྱོར་བ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དོན་ཏོ། །བདག་བཞེངས་མཛོད་ནི་བདག་གི་འདོད་པ་
བརྣག་པའོ། །སྤོངས་ནི་སྤོངས་ལའོ། །སྟོང་པའི་ཏིང་ངེ་འཛིན་ནི་སྟོང་པའི་ཏིང་ངེ་འཛིན་ནོ། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །ཁྱོད་མེད་ན་ནི་ཁྱོད་མེད་ནའོ། །བདག་འགུམ་
པ་ནི་བདག་འགུམ་པའོ། །ཀྱེའི་རྡོ་རྗེ་ཁྱོད་བཞེངས་ཤིག་ནི་དགྱེས་པའི་རྡོ་རྗེ་བཞེངས་ཤིག་པའོ། །སྤོངས་ལ་ནི་སྤོངས་ཤིག་པའོ། །སྟོང་པའི་རང་བཞིན་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད་ནི་དགོས་པ་སྒྲུབས་ཤིག་པའོ། །གཙོ་བོ་འཇིག་རྟེན་མགྲོན་
གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བ་བགྱིད། །བདེ་གཙོ་འཇིག་རྟེན་མགྲོན་གཉེར་ནི་ཀྱེ་དགའ་བའི་གཙོ་བོའོ། །སྟོང་པ་ཉིད་ལ་ཞུགས་སམ་ཅི་ནི་སྟོང་པ་ཉིད་ལ་ཞུགས་སམ་ཅིའོ། །གདོལ་པ་མོ་བདག་ནི་

གདོལ་པ་མོའོ། །ཞུ་བ་བགྱིད་ནི་གསོལ་བ་འདེབས་པའོ། །ཁྱོད་མེད་ན་ནི་ཁྱོད་མི་བཞུགས་ནའོ། །ཕྱོགས་ནི་མི་འཚལ་བ་ནི་ཕྱོགས་མི་ཤེས་པའོ། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཡིད་དྲན་ཉམས་པས། །སྙིང་
རྗེ་རྒྱུན་ཆད་མ་མཛད་ཅིག །མིག་འཕྲུལ་མངའ་བ་ནི་མིག་འཕྲུལ་ཅན་ནོ། །བཞེངས་ཤིག་ནི་བཞེངས་ཤིག་པའོ། །ཁྱོད་ཀྱི་ནི་ཁྱོད་ཀྱིའོ། །བདག་གིས་ནི་ང་ཡིས་སོ། །འཚལ་གྱིས་ནི་ཤེས་པའོ། །ཁྱོད་ཀྱི་ཐུགས་ནི་ཁྱོད་ཀྱི་སེམས་ཀྱི་ཚུལ་ལོ། །བདག་ནི་ཁོ་བོ་སྟེ་བུད་མེད་དུ་གྱུར་བའི་ང་
རྒྱལ་གྱིས་མང་པོའི་ཚིག་གོ། །ཡིད་དྲན་ཉམས་པ་ནི་དྲན་པ་ཉམས་པའོ། །སྙིང་རྗེ་རྒྱུན་ཆད་ནི་ཐུགས་རྗེ་རྒྱུན་ཆད་མ་མཛད་པའོ། །འདིས་ནི་ས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་གྱི་མཁའ་འགྲོ་མ་བཞི་པོ་བདག་མེད་མའི་ཆར་གྱུར་པའི་དགའ་བ་བཞིའི་རང་བཞིན་ཆ་མེད་པ་ཉིད་
མྱ་ངན་ལས་འདས་པ་དང་དབྱེར་མེད་པའི་ཀུན་རྫོབ་ཀྱི་བདེན་པའི་ངོ་བོའོ། །བཅོམ་ལྡན་འདས་བསྐུལ་བས་ཡེ་ཤེས་གསུམ་གྱི་བདག་ཉིད་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གང་དེ་ཉིད་ཆོས་ཀྱི་སྐུའོ། །དེ་ཉིད་བདག་མེད་མ་ཅན་སྒྱུ་མ་ལྟ་བུ་དང་དབང་པོའི་གཞུ་དང་མཚུངས་
པ་སྟེ། པུཀྐ་སཱིས་གླུས་བསྐུལ་ནས་སྙིང་རྗེའི་ཡིད་ཅན་སྟོང་པའི་ཏིང་ངེ་འཛིན་ཉིད་སྤོངས་ལ་ཞེས་པ་དང་། དེ་ལྟར་རི་ཁྲོད་མས་ཀྱང་། །སྟོང་པའི་རང་བཞིན་ཉིད་སྤོངས་ལ། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །ཅེས་གསུངས་པ་དང་། དེ་ལྟར་གདོལ་བ་མོས་ཀྱང་། སྟོང་པ་ཉིད་ལ་
བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །ཞེས་གསུངས་པ་དང་། དེ་ལྟར་གཡུང་མོས་ཀྱང་། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་གསུངས་པའོ། །ཡང་ན་སྙིང་རྗེའི་ཡིད་ཅན་ཞེས་པ་འདིས་ནི་ཀུན་དུ་སྣང་བའི་
མཚན་ཉིད་སྐུ་རྡོ་རྗེའི་རང་བཞིན་སྤྲུལ་པའི་སྐུ་ཅན་ནོ། །ཀྱེའི་རྡོ་རྗེ་ཁྱོད་བཞེངས་པ་འདིས་ནི་བརྗོད་པའི་མཚན་ཉིད་གསུང་རྡོ་རྗེའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་ཅན་ནོ། །བདེ་གཙོ་བཞུགས་སམ་ཅི་ཞེས་པ་འདིས་ནི་མཚན་ཉིད་དང་བྲལ་བ་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་སྐུའོ། །

བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །ཅེས་པ་འདིས་ནི་ཀུན་དུ་སྣང་བ་མངོན་པར་བརྗོད་པའི་ཡང་དག་པའི་རྣམ་པའི་མཚན་ཉིད་སྐུ་གསུང་ཐུགས་ཀྱི་རང་བཞིན་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་
དང་དབྱེར་མེད་པའི་སྐུ་ཡིན་པར་གསུངས་སོ། །ཞུ་བར་གྱུར་ནས་རིག་མ་དང་བཅས་པ་རྡོ་རྗེ་ཅན་འདི་ཡིན་པའི་དོན་ཏོ། །དཀར་མོ་ལ་སོགས་པའི་མཁའ་འགྲོ་མ་བཞི་ཡང་རྡོ་རྗེ་འཛིན་པའི་ཡན་ལག་ཏུ་གྱུར་པ་ཉིད་དགའ་བ་བཞི་དེས་དགྱེས་པའི་རྡོ་རྗེའི་རང་བཞིན་དང་འདྲ་བས་དེ་ལ་བསྐུལ་བས་
སྙོམས་པར་འཇུག་པར་བསྟན་པ་མི་རིགས་པ་ཡིན་ཞེས་དེ་རྣམས་ཀྱིས་བསྐུལ་བ་མ་བསྟན་ཏོ། །དེ་ལ་རྡོ་རྗེ་འཛིན་པ་དང་སྙོམས་པར་ཞུགས་པའི་ཕྱིར་ཡིན་པར་དགོངས་སོ། །འདིས་ནི་རྡོ་རྗེ་འཛིན་པ་ཉིད་ཐབས་སུ་གྱུར་པས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་དོན་དམ་པའི་བདེན་པའི་རང་བཞིན་
དཀར་མོ་ལ་སོགས་པ་མཁའ་འགྲོ་མ་བཞིའི་བདག་ཉིད་ཡིན་པར་བསྟན་ཏོ། །བདག་མེད་མ་ཉིད་ཤེས་རབ་ཀྱི་རང་བཞིན་དོན་དམ་པའི་བདག་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་པས་པུཀྐ་སཱི་ལ་སོགས་པའི་མཁའ་འགྲོ་མ་བཞིའི་བདག་ཉིད་ཡིན་པར་བསྟན་ཏོ། །གཉི་ག་ཡང་གཉི་
ག་དབྱེར་མེད་པར་ཏེ་བྱང་ཆུབ་ཀྱི་སེམས་ཐ་དད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་རྣམས་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་
ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྒེག་ཅིང་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་རུང་བ། །སྙིང་རྗེ་རྔམ་དང་ཞི་བ་ཡིས། །གར་དགུའི་རོ་དང་ལྡན་པ་ཉིད། །ཨོཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི་བསྐུལ་བའི་རྗེས་ཐོགས་སུ་བཞེངས་པའོ། །
རྡོ་རྗེ་ཆེ་ནི་ཡང་དག་པར་ཁ་སྦྱོར་བའི་རང་བཞིན་ནོ། །གང་དག་ཅེ་ན། ཨ་དང་ཧཱུཾ་དག་སྟེ་ཐབས་དང་ཤེས་རབ་དག་གོ། །དེ་ཉིད་ཇི་ལྟར་ཞེ་ན། ཁུ་བའི་གཟུགས་ལས་ཏེ། རང་བཞིན་མེད་པའི་རང་བཞིན་ནོ། །གཉིས་འཐུང་ལ་སོགས་ནི་བཅོམ་ལྡན་འདས་དེའི་ཕྱག་གཡས་ན་གནས་པའི་

ཐོད་པ་བརྒྱད་རྣམས་ནའོ། །རིགས་ནི་གོ་རིམས་ཀྱིས་སོ། །ཤེས་བྱ་ནི་ཤེས་པར་བྱ་བ་སྟེ། །དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་བརྒྱད་རྣམ་པར་དག་པའོ། །ས་ལ་སོགས་པ་གཟའ་བརྒྱད་རྣམ་པར་དག་པས་གཡོན་པའི་ཐོད་པ་བརྒྱད་རྣམས་སུ་ཤེས་པར་བྱའོ། །སྒེག་པ་
ལ་སོགས་ཉམས་དང་ལྡན། །ཞེས་པ་འདིས་ནི། ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཞེས་པ་གང་དེ་བསྟན་ཏོ། །སྒེག་པ་ལ་སོགས་པ་ལྔ་རྣམས་ཀྱིས་ཡེ་ཤེས་ལྔ་རྣམས་སོ། །འཇིགས་སུ་རུང་ལ་སོགས་པ་གསུམ་གྱིས་སྐུ་གསུམ་མོ། །ཞི་བའི་རང་བཞིན་དེས་ཐབས་དང་
ཤེས་རབ་དབྱེར་མེད་པའི་རང་བཞིན་ཉིད་དོ། །དེ་ཉིད་ཀྱི་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །དེས་ལྡན་པ་ནི་ལྡན་པར་འདུས་ལ་སྦྱོར་བ་ཡིན་པའི་དོན་ཏོ། །གར་དགུའི་རོ་དང་ལྡན་པ་ཉིད་དེ་དགུ་པོ་ཉིད་དབྱེར་མེད་པ་ཡིན་པའི་དོན་ཏོ། །ཞབས་རྣམས་ས་ལ་རྡེབ་པ་དང་། །ལྷ་དང་ལྷ་མིན་
སྡིགས་པར་མཛད། །གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ། འདི་ཡི་ས་བོན་ཕྱུང་བ་དང་། །བདག་པོའི་ས་བོན་དག་གིས་ནི། །ཨཾ་ཧཱུཾ་སྔོན་པོ་འབར་འཇིགས་པས། །ཞབས་རྣམས་ཞེས་པ་ནི་ཞབས་བཞི་རྣམས་སོ། །ས་ལ་རྡེབ་པ་ནི་ས་ལ་བརྡབས་པས་ལྷ་དང་ལྷ་མིན་སྡིགས་པར་མཛད་དོ། །ཡང་ན་འདིས་
སྤྱོད་པར་བྱེད་པས་ན་ཞབས་རྣམས་ཏེ་དགའ་བ་བཞི་རྣམས་སོ། །དེ་རྣམས་རྡེབ་པ་ནི་སྤྲོ་བའོ། །ས་ནི་ཆོས་འབྱུང་ལྷ་མོའི་པདྨའི་ནང་དུའོ། །འདི་ཇི་ལྟར་ཡིན་པ་གསུངས་པ། འང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཧཱུཾ་དང་ཨཾ་གི་ས་བོན་དག་ལས་གདོན་པར་བྱའོ། །སྡིགས་
པ་ནི་མཚན་གཞིའི་རང་བཞིན་གྱི་རྣམ་པར་གཞག་པའོ། །གང་རྣམས་ཤེ་ན། ལྷ་དང་ལྷ་མིན་རྣམས་ཏེ་ཡེ་ཤེས་ལྔ་དང་སྐུ་རྣམས་སོ། །དེ་ཉིད་ཀྱི་ཕྱིར། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་གི་ས་བོན་དང་ལྷན་ཅིག་པས་སོ། །འདིས་ནི་དཀར་མོ་ལ་སོགས་པ་ཁུ་བར་གྱུར་པའི་ས་བོན་ལྀཾ་ཨེཾ་ཨཻཾ་ཨོཾ་ཨཽཾ་
རྀཾ་རཱྀཾ་ལྀཾ་ཞེས་པ་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེའི་དབྱེ་བ་སོ་སོ་གཞན། །ཅེས་པས་སོ། །འདིས་དཀར་མོ་ལ་སོགས་པའི་ས་བོན་གཉིས་རྫོགས་པ་ཡིན་པར་བསྟན་ཏོ། །ཅིས་ཁྱད་འཕགས་དག་ཅེ་ན། བདག་པོའི་ས་བོན་དག་གིས་ནི་ཧཱུཾ་ཨཾ་དག་གོ། །བདག་པོ་ནི་

རྡོ་རྗེ་འཛིན་པའོ། །དགའ་བ་ནི་བདག་མེད་མའོ། །དེ་དག་ནི་ས་བོན་དག་གོ། །སླར་ཅིས་ཁྱད་འཕགས་ཤེ་ན། སྔོན་པོ་འབར་འཇིགས་པས་ཏེ། འབར་འཇིགས་པ་ཉིད་ཀྱིས་སྤྲོ་བའི་ཚུལ་ལོ། །སྔོན་པོ་ཉིད་ཀྱིས་བསྡུ་བའི་ཚུལ་ལོ། །སྔར། ཨཾ་དང་ཧཱུཾ་དག་གིས་
རྡོ་རྗེ་ཆེ་ཞེས་ཤེས་རབ་ཀྱི་ཆ་ཉིད་ཐབས་ཀྱི་ནང་དུ་འདུས་པར་བསྟན་ཏོ། །ད་ནི་ཧཱུཾ་ཨཾ་དག་ཅེས་པ་འདིས་ནི་ཐབས་ཀྱི་ཆ་ཉིད་ཤེས་རབ་ཀྱི་ཆར་འདུས་པ་ཡིན་པའི་དོན་ཏོ། །ཡི་གེ་ཧོ་དམར་པོ་གཉིས་ཀྱིས་སྤེལ་བའི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་ཁའི་ནང་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་
ཕྱུང་སྟེ་ལྷ་མོའི་པདྨའི་ནང་དུ་སྤྲོས་པས་འབྱིན་པའི་དཀྱིལ་འཁོར་བསྟན་ཏོ། །མ་མོའི་འཁོར་ལོའི་གྲོང་ཉམས་དགའ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །བདག་མེད་བདེ་བ་སྦྱིན་པ་པོ། །གཙོ་བོ་འདི་ལྟར་བསྒོམ་པ་ཉིད། །མདོག་ནག་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྔར་
བསྟན་པའི་ཕྱག་བཅུ་དྲུག་པ་ལ་སོགས་པའི་རང་བཞིན་ནོ། །གཙོ་བོ་འདི་ལྟར་ཞེས་པ་ནི་རང་ཉིད་འཕྲོག་པ་པོ་ལ་རང་ཉིད་བྱེད་པ་པོའོ། །གྲོང་ནི་ཆོས་འབྱུང་གི་གཞལ་ཡས་ཁང་ངོ་། །བསྒོམ་པ་ཉིད་ནི་སྙོམས་པར་འཇུག་པར་བྱ་བའོ། །གྲོང་དེ་ཅིས་ཁྱད་འཕགས་ཤེ་ན། མ་མོའི་
འཁོར་ལོ་ནི་ལྷ་མོ་དཀར་མོ་ལ་སོགས་པ་འདུ་བའི་གྲོང་ཁྱེར་རོ། །དེ་ཉིད་ཀྱི་ཕྱིར་ཉམས་དགའ་བའོ། །ཡང་ན་ཁ་དོག་ནག་པོ་ཞེས་པ་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཚར་གཉིས་ཀྱིས་བསྲབས་པས་ཆ་མེད་པའོ། །དེ་ཉིད་ཀྱི་ཕྱིར་འཇིགས་ཆེན་པོ་ནི་གཏིང་དཔག་དཀའ་བའོ། །བདག་མེད་བདེ་
བ་ནི་བདག་མེད་མའི་ཡེ་ཤེས་སོ། །དེ་སྦྱིན་པ་ནི་གཏོང་བ་ཡིན་པས་བདག་མེད་མ་བདེ་བ་སྦྱིན་པའོ། །དཀར་མོ་ལ་སོགས་པའི་མཚན་མ་གསུངས་པ། དཀར་མོ་གཡས་ནི་གྲི་གུག་སྟེ། །དེ་བཞིན་གཡོན་ན་རོ་ཧི་ཏ། །ཆོམ་རྐུན་མ་གཡས་རྔེའུ་ཆུང་སྟེ། །གཡོན་པའི་ཕྱག་ན་ཕག་པ་
ཉིད། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷ་སྨ་རཱི་ཡི་གཡས་ན་སྦྲུལ། །གཡོན་པས་རྣལ་འབྱོར་ལྷུང་བཟེད་ཉིད། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པས་དགྲ་སྟ་དེ་བཞིན་ནོ། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་གསིལ་བྱེད་དེ་

བཞིན་ནོ། །གདོལ་པ་མོ་གཡས་འཁོར་ལོ་སྟེ། །གཡོན་པས་ཐོད་པ་དེ་བཞིན་ནོ། །གཡུང་མོ་གཡས་ན་རྡོ་རྗེ་ཉིད། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །གྲི་གུག་དང་རྔེའུ་ཆུང་དང་པདྨའི་སྣོད་དང་རྣལ་འབྱོར་ལྷུང་བཟེད་དང་། དགྲ་སྟ་དང་། གསིལ་བྱེད་དང་། འཁོར་ལོ་དང་། རྡོ་རྗེ་
རྣམས་ནི་ཤེས་རབ་རྣམ་པར་དག་པའི་ཕྱག་མཚན་ནོ། །རོ་ཧི་ཏ་ལ་སོགས་པ་བརྒྱད་ནི་ཐབས་ཀྱི་རྣམ་པར་དག་པའོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྐྱིལ་ཀྲུང་
ཕྱེད་པའི་གར་གྱིས་གནས། །ཞེས་པ་ནི། སྐྱིལ་ཀྲུང་ཕྱེད་པར་གང་དུ་བཞུགས་པ་མི་གཡོ་བའི་རང་བཞིན་ནོ། །ཕྱག་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །སྤྱན་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་རྣམས་སོ། །སྐྲ་ནི་གྱེན་དུ་སྟེ་ཞེས་པ་ནི་ཀ་ཡེ་ཤེས་སོ། །གྱེན་ནི་ཤིན་ཏུ་གསལ་
བའོ། །སྟེང་དུ་དེ་ཅུང་ཟད་གྱེན་དུ་ཡིན་པ་དེ་ཉིད་གཙོ་བོའི་མངའ་བདག་སྟེ། ཐམས་ཅད་ཀྱི་བདག་པོའི་རྣལ་འབྱོར་གྱི་ཕྱིར་ཡིན་པས་སྐྲ་གྱེན་དུ་ཕྱོགས་པ་སྟེ་འདི་རྣམ་པ་ལ་ཡོད་པ་ཡིན་པ་དབུ་སྐྲ་གྱེན་དུ་འཁྱིལ་བའོ། །བཞི་པའི་རང་བཞིན་གྱི་དོན་ཏོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །
ཞེས་པ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །འདིས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པས་གཉིས་སུ་མེད་པའི་རང་བཞིན་ནོ། །ཕྱག་གཉིས་པ་ཉིད་ཀྱིས་ནི་གཉིས་སུ་མེད་པའི་རང་བཞིན་ཉིད་གཉིས་ཀྱི་རང་བཞིན་ཉིད་དོ། །སྤྱན་གསུམ་
པ་ཉིད་ཀྱིས་ནི་གཉིས་ཀྱི་རང་བཞིན་མེད་པ་ཉིད་དོ། །སྐྲ་ནི་གྱེན་དུ་སྟེ་ཉིད་ཀྱིས་ནི་གསུམ་གྱི་རང་བཞིན་ཉིད་བཞི་པའི་རང་བཞིན་ཉིད་དོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ་ཉིད་ཀྱིས་ནི་བཞི་པའི་རང་བཞིན་ཉིད་ལྔའི་རང་བཞིན་ཡིན་པས་མཁའ་འགྲོ་མ་བཅོ་ལྔའི་དངོས་པོའི་
དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱིས་མཁའ་འགྲོ་མ་རྣམས་བསྟན་ཏོ། །ཁ་དོག་དབྱེ་བ་སོ་སོ་ཡིན། །ཞེས་གསུངས་པའི་དོན་ཉིད་གསུངས་པ། །གཽ་རཱི་ཁ་དོག་ནག་པོར་འགྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བསྲེགས་བཞིན། །གྷ་སྨ་རཱི་ནི་

མརྒད་མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །སྦྱོར་བ་ཡན་ལག་དྲུག་རྣམ་པར་དག་པས་དཀར་མོ་ལ་སོགས་པ་མཁའ་འགྲོ་མ་དྲུག་གི་ཁ་དོག་ཐ་དད་
པར་སྔར་བསྟན་པའི་དོན་གསུངས་པ། དང་པོ་ནག་པོ་རབ་ཏུ་བསྒོམ། །གཉིས་པ་དམར་པོར་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་
འབྱོར་པ། །རྣམ་དགའ་མཐར་ཡང་དེ་བཞིན་ནོ། །ཞེས་པ་ནི། རྣམ་དགའ་མཐའ་ནི་ལྷན་ཅིག་སྐྱེས་པའོ། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །ཞེས་པ་ནི། ཡང་དེ་བཞིན་ནོ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །ཞེས་པ་ནི། དགའ་བ་ལ་སོགས་པ་ཡང་ལྷན་ཅིག་སྐྱེས་པའི་རང་
བཞིན་ཉིད་ནི་སྣ་ཚོགས་པ་ཉིད་ཀྱི་གཡུང་མོའོ། །དཀར་མོ་ལ་སོགས་པའི་གདན་གྱི་རྣམ་པར་དག་པས་གསུངས་པ། ཚངས་དང་དབང་པོ་ཉེ་དབང་དག །གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐགས་བཟངས་རིས། །གཽ་རཱི་ལ་སོགས་པ་ཡི་གདན། །ཞེས་པའོ། དཀྱིལ་འཁོར་
རྫོགས་ནས་ལྷའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར། བདག་མེད་མས་ཞུས་པ། བོ་ལ་གཞིབ་པར་མཛད་ནས་ནི། །དམ་དུ་འཁྱུད་ཅིང་འོ་མཛད་ནས། །བཅོམ་ལྡན་གུས་པས་མཆོད་ནས་ནི། །བདག་མེད་མ་ཡི་སྔགས་ཞུས་སོ། །བོ་ལ་གཞིབ་པར་མཛད་ནས་ནི། །ཞེས་པ་ནི།
རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བར་བྱས་ནས་སོ། །བཅོམ་ལྡན་མཆོད་ཅེས་པ་ནི་རིམ་པ་འདི་གཉིས་ཀྱིས་མཆོད་ནས་སོ། །གུས་པས་ནི་འདོད་ཆགས་ཆེན་པོས་སོ། །དམ་དུ་འཁྱུད་ཅིང་འོ་མཛད་ནས། །ཞེས་པ་ནི། ཁ་སྦྱོར་གྱི་རྣལ་འབྱོར་ཡིན་པའི་དོན་ཏོ། །བུད་མེད་རྣམས་ཀྱི་དབང་
བྱེད་སྔགས། །དེ་བཞིན་གདུག་པ་བསྡིགས་པ་དང་། ཀླུ་རྣམས་སྡིགས་པར་བྱེད་པ་ཉིད། །ལྷ་དང་ལྷ་མིན་རྣམ་ཉེད་པ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ལྷ་མོ་བདེ་བ་སྦྱིན་པ་ཉོན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གཞན་དུ་མ་བསྟན་ཏོ། །འདི་ཡི་སྔགས་

ཀྱིས་གང་འབྱུང་ཞིང་། །རྡོ་རྗེ་སེམས་དཔས་གང་མཛད་པ། །ལྷ་མོ་ཤིན་ཏུ་འཇིགས་པ་སྟེ། །ངོ་མི་ཆོགས་པས་ཁྱོད་ལ་བཤད། །འབར་བའི་ཕྲེང་བ་འཁྲུགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་མ་དགུག་པ་ཉིད། །བཟླས་
པ་ཁྲི་ནི་གསལ་པོ་རུ། །ང་རོ་རིང་པར་མཛེས་པ་ཡིས། །སྒྲ་ཇི་བཞིན་པ་ནི་གོ་སླ་བ་ཉིད་དོ། །དོན་གཞན་བསྟན་པར་བྱ་སྟེ། །བཟླས་པ་ཁྲི་ཡིས་ཞེས་པ་ནི་ཨ་བདག་མེད་མའོ། །འདི་ཁྲི་ཡང་ཡིན་ལ་བཟླས་པའི་སྔགས་ཀྱང་ཡིན་པས་བཟླས་པ་ཁྲིའོ། །དེས་གསལ་བ་རུ་ཞེས་པ་ནི་
འོད་གསལ་བས་སོ། །ང་རོ་རིང་པ་ནི་མཐའ་རིང་བ་ནཱ་ད་ང་རོའི་བདག་ཉིད་ཀྱིས་སོ། །མཛེས་པ་ཡིས་ཞེས་པ་ནི་ཡིད་ཕྲོག་པས་སོ། །དེ་ཉིད་ཀྱི་ཕྱིར། དགྱེས་པ་རྡོ་རྗེའི་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་དགུག་པ་བྱ། །ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཀྱིས་སོ། །
དགུག་པ་ནི་དགུག་པ་དེའི་བདག་ཉིད་ཀྱིས་རྣམ་པར་གཞག་པའོ། །བཙུན་མོ་ཐམས་ཅད་ནི་ལྷ་མོ་སྤྱན་མ་ལ་སོགས་པའོ། །བཟླས་པ་འབུམ་གྱིས་རྣལ་འབྱོར་བདག །ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་ནི། །འདི་ཡི་ལས་རྣམས་ཐམས་ཅད་བྱེད། །
བཟླས་པ་འབུམ་གྱིས་ཞེས་པ་ནི་མཚན་ཉིད་མཚན་གཞིའི་མཚོན་པ་ཡང་འདི་ཡིན་ལ་བཟླས་པའི་སྔགས་ཀྱང་ཡིན་པས་དེས་ན་བཟླས་པ་འབུམ་མོ། །འདི་ཇི་ལྟར་ཡིན་པ་གསུངས་པ། རྣལ་འབྱོར་བདག་ཏེ་རྣལ་འབྱོར་དང་ལྡན་པའོ། །འདིའི་ལས་རྣམས་ནི་གདུག་པ་སྡིགས་པ་ལ་
སོགས་པ་བྱེད་པའོ། །རྣལ་འབྱོར་བདག་ཉིད་ཇི་ལྟར་ཡིན་པ་གསུངས་པ། ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་ནི་ཐབས་དང་ཤེས་རབ་དབྱེར་མེད་པས་སོ། །འདི་ཉིད་ཇི་ལྟར་ཡིན་པ་གསུངས། །དོགས་པ་མེད་པའི་སེམས་ཀྱིས་ནི། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡིན་པའི་དོན་
ཏོ། །སྔགས་ཉིད་གསུངས་པ། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན། །ཡི་གེ་ཨོཾ་ཡིན་པའི་དོན་ཏོ། །ཕྱིས་ནས་ཨཥྚཱ་ན་ནཱ་ཡ། པིཾ་ག་ལོ་ཛྷྭ་ཀེ་ཤ་བརྟྨ་ནེ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། དེའི་རྗེས་སུ་ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་

དྷཱ་རི་ཎེ། ཨཱ་དྷྨཱ་མཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷ་ནྡུ་དཾཥྚཱི་ཎེ། །མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་གཱཥྚ་ཀཱཾ། གྲྀཧྞཱ་གྲྀཧྞཱ། ཤ་ཏྲཱུཾ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཡང་ན།
རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཞེས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་ཉེ་བར་ལེན་པར་གྱུར་པ། དེ་ཉིད་ཟླ་ཕྱེད་ནི་རླུང་གི་རང་བཞིན་ཡིན་པའི་དོན་ཏོ། །ཟླ་བ་ནི་ཟླ་ཕྱེད་ཀུན་དུ་རྫོགས་པའི་ཐིག་ལེ་ཡིན་པའི་དོན་ཏོ། །ནཱ་ད་དང་ཐིག་ལེའི་རང་བཞིན་དེ་ཡིན་པའི་དོན་ཏོ། །
ཕྱི་ནས་ཞེས་པ་ནི་ལྷག་མའོ། །ཨཥྚཱ་ན་ནཱ་ཡ། ཨཥྚཱ་ན་ནཱ་ནི་བརྗོད་པ་སྟེ་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །ཨཥྚཱ་ནི་ཁྱབ་པའོ། །དེ་ཨཥྚཱ་ན་ནཱ་ཡིན་པས་ཨ་ཤུ་ན་ན་སྟེ། ནཱ་དའི་རང་བཞིན་ཆ་དང་བཅས་པ་ཉིད་ནཱ་ད་མེད་ཅིང་ཆ་མེད་པའི་ཐ་ཚིག་གོ། །དེ་ལྟ་བུར་གྱུར་པའི་རང་བཞིན་གྱི་
ཡེ་ཤེས་འདི་གང་དེ་ནི། ཨཥྚཱ་ན་ནཱ་ཡ་སྟེ་དེ་ནི་བོད་པའི་ཚིག་གིས། ཨཥྚཱ་ན་ནཱ་ཡའོ། །དེ་ཉིད་ཀྱི་ཕྱིར་པིཾ་ག་ལོརྡྷྭཾ་ཀེ་ཤ་བརྟྨ་ནེ་དག་གོ། །པིཾ་ག་ལོརྡྷ་ནི་ཉི་མའོ། །ཀེ་ཤ་ཞེས་པ་ནི་ཀེ་ཤ་ཟླ་བའོ། །པིཾ་ག་ལོརྡྷྭ་ཀེ་ཤ་བརྟྨ་ནེ་ལམ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཡང་
བཀའ་སྩལ་པ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ་ནི་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་བརྒྱད་དོ། །དེ་རྣམས་ཀྱང་རེ་རེ་ཞིང་ཡང་ཡེ་ཤེས་གསུམ་གྱི་རང་བཞིན་གྱིས་སྤྱན་ཉི་ཤུ་རྩ་བཞིའི་རང་བཞིན་རྣམས་ཏེ། དེ་ཉིད་གང་ལ་ཡོད་པའི་ཡེ་ཤེས་དེ་འདི་ཡིན་
ནོ། །དེ་ནི་བོད་པའི་ཚིག་གོ། །དེའི་རྗེས་སུ། ཤོ་ཌ་ཤ་བྷུ་ཛཱ་ཡ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་མཁའ་འགྲོ་མ་བརྒྱད་རྣམས་ནི་བཅུ་དྲུག་ཏུ་འགྱུར་བ་ཉིད་སྟོང་པ་ཉིད་བཅུ་དྲུག་གི་རྣམ་པར་དག་པས་ཕྱག་བཅུ་དྲུག་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཡེ་ཤེས་འདི་གང་དེ་ནི་བོད་པའོ། །
ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ་ཞེས་པ་ནི་འོད་གསལ་གྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་བདག་ཉིད་དོ། །ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷཱ་རི་ཎེ་ཞེས་པ་ནི་ཡེ་ཤེས་མཐའ་ཡས་པའི་རང་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པ་བསྟན་པ་ཡིན་ནོ། །ཨ་དྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ་ཞེས་པ་ལ་ཨ་དྷྨཱ་

ཞེས་པ་འདིས་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །ཀྲཱུ་ར་ཉིད་ཀྱིས་ནི་དོན་དམ་པའི་བདེན་པའི་ལུས་ཅན་ནོ། །བདེན་པ་གཉིས་ཀྱི་བདག་ཉིད་གང་དེ་སེམས་ཡིན་པས། །ཨ་དྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ལའོ། །དེ་ལྟ་བུར་གྱུར་པའི་ཨ་ཡང་གང་དེ་ཡིན་པ་དེ་ནི་བོད་པའོ། །ཨརྡྷེནྡུ་དཾཥྚྲཱི་ཎེ་ཞེས་པ་ནི་
ཨརྡྷནྡུ་ནི་ཐབས་ཀྱི་ཆ་ཉིད་ཀྱི་ཀཱ་ལིའི་ནཱ་དའི་ཕྲེང་བའོ། །ཅུང་ཟད་ང་རོ་ཞན་པ་ཌ་ཌྷ་ད་དྷ་ཡ་ལ་དང་ལྷན་ཅིག་ལས་ནཱ་ད་བཞི་བཅུའོ། །དེ་ཉིད་དཾཥྚྲཱི་གང་ལ་ཡོད་པ་དེ་ནི། ཨརྡྷེནྡུ་དཾཥྚྲཱི་ཅན་ནོ། །དེའི་ཕྱིར་ཨརྡྷེནྡུ་དཾཥྚྲཱི་ཎཱེའོ། །ཚེམས་བཞི་བཅུ་ཉིད་བསྟན་པ་ཡིན་ནོ། །མཱ་ར་ཡ་མཱ་
ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། །བནྡྷ་བནྡྷ་ནཱ་གཱཥྚ་ཀཱཾ། གྲྀཧྣ་གྲྀཧྣ་ཤ་ཏྲཱུཾ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཞེས་པ་ནི་བཅོམ་ལྡན་འདས་ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་སྔགས་ཀྱི་རང་བཞིན་ཡང་ཡིན་པར་བསྟན་
ཏོ། །རྀ་རཱྀ་ལྀ་ལཱྀ་སྦྱོར་བ་བཞི་ནི་མ་བསྟན་ཏེ། ཁ་སྦྱོར་བས་མི་གསལ་བས་མ་ནིང་ཡིན་པའི་ཕྱིར་རོ། །འབར་བའི་ཕྲེང་བས་འཁྲིགས་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་པར་བྱ། །ཞེས་གསུངས་པ། དེའི་དཀྱིལ་འཁོར་གྱི་དོན་ཉིད་ལྷ་མོས་ཞུས་པའི་སྒོ་ནས་གསུངས་
པ། དེ་ནས་ལྷ་མོ་དེ་དགྱེས་ནས། །སྲུབ་དང་བསྲུབ་པའི་སྦྱོར་བ་ལས། །དམ་དུ་འཁྱུད་དང་འོ་བྱེད་པས། །དཀྱིལ་འཁོར་ཡིད་དུ་འོང་བ་ཞུས། །དེ་ནས་སྟོན་པ་ཡེ་ཤེས་ཆེ། །ཉིད་ཀྱིས་དཀྱིལ་འཁོར་བྲི་བར་མཛད། །སྟོན་པ་ཞེས་པ་ནི་འགྲོ་བའི་བླ་མའོ། །དེ་ལ་ཞེས་པ་ནི་
དབང་བསྐུར་ལེན་པའི་ཚེའོ། །ཡེ་ཤེས་ཆེ་ཞེས་པ་ནི་ཐམས་ཅད་མཁྱེན་པའོ། །དེ་ནི་མ་གཟིགས་པ་དང་། མ་གསན་པ་དང་། མི་གསུང་བ་ཅི་ཡང་མེད་པའི་དོན་ཏོ། །ཉིད་ཀྱིས་དཀྱིལ་འཁོར་ནི་རྡུལ་ཚོན་གྱི་རང་བཞིན་བྲི་བའོ། །རྡོ་རྗེ་པདྨ་མཉམ་སྦྱོར་ལས། །དགྱེས་
པའི་ཐུགས་ཀྱིས་མཉམ་གཞག་པས། །འཕར་མ་གཅིག་དང་སྒོ་བཞི་པ། །སྣ་ཚོགས་འོད་ཀྱིས་ཡང་དག་འཁྲིགས། །རྟ་བབས་བཞི་དང་ཡང་དག་ལྡན། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན། །རེ་ཁཱ་ལྔ་དང་ཡང་དག་ལྡན། །དེ་ནས་བུམ་པ་བརྒྱད་པོ་བྲི། །རིན་ཆེན་

སྣ་ལྔའི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པའི་ས། །དུར་ཁྲོད་ཀྱི་ནི་སོ་ཕག་གམ། །དེ་བཞིན་དུར་ཁྲོད་སོལ་བའི་ས། །དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་ཟེ་བར་བཅས་པ་བྲི། །སྙིང་པོར་སྐྱེས་པའི་ཐོད་པ་ཉིད། །མདོག་དཀར་ཆ་ནི་གསུམ་པ་བྲི། །
དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རིགས་ཀྱི་བདག་པོ་བྲི། །ཤར་སྒོར་དེ་བཞིན་གྲི་གུག་ཉིད། །ལྷོར་ནི་ཅང་ཏེའུ་བྲི་བ་ཉིད། །ནུབ་ཏུ་རུས་སྦལ་བྲི་བྱ་ཞིང་། །ལྟོ་འཕྱེ་བྱང་དུ་དེ་བཞིན་ནོ། །ལྷ་མོའི་ཁ་དོག་
དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །དབུས་སུ་ཐོད་པ་དཀར་པོ་ཡང་། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །དེ་ནས་རྣམ་རྒྱལ་བུམ་པ་ཉིད། །ཡལ་གའི་རྩེ་མོ་གོས་བཟང་ཅན། །ལྟོ་བ་རིན་ཆེན་ལྔ་བཟང་པོ། །སཱ་ལུ་སྐྱེས་པས་ཡོངས་བཀང་གཞག །མང་དུ་བརྗོད་
པས་ཅི་ཞིག་བྱ། །ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །སྒྲ་ཇི་བཞིན་པ་ནི་གོ་སླ་བ་ཉིད་དོ། །ཡང་ན་འཕར་མ་གཅིག་ཅེས་པ་གཅིག་ནི་གཉིས་སུ་མེད་པའོ། །རིམ་པ་ནི་ཡང་དག་པར་སྦྱོར་བའོ། །སྒོ་བཞི་པ་ཞེས་བྱ་བ་ནི་དགའ་བ་བཞིའི་རང་བཞིན་
ནོ། །སྣ་ཚོགས་འོད་ཀྱིས་ཡང་དག་འཁྲུགས། །ཞེས་པ་ནི། མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པའོ། །རྟ་བབས་བཞི་དང་ཡང་དག་ལྡན། །ཞེས་པ་ནི། དགའ་བ་གཞན་བཞིའི་རང་བཞིན་ནོ། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན། །ཞེས་པ་ནི། རྡོ་རྗེ་ནི་རྡོ་རྗེའོ། །སྲད་བུ་ནི་
ཨ་ཝ་དྷཱུ་ཏཱིའོ། །བཞི་པོ་གཉིས་ཀྱི་རང་བཞིན་ཡིན་པའི་ཕྱིར་གཉི་ག་མང་པོའི་ཚིག་གོ། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན་ནི་བརྒྱན་པའོ། །རེ་ཁཱ་ལྔ་དང་ཡང་དག་ལྡན་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་ནས་བུམ་པ་བརྒྱད་པོ་བྲི། །ཞེས་པ་ནི། དེ་ཉིད་ཀྱི་
ཕྱིར་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན་སྐུ་གསུམ་དང་ལྷན་ཅིག་པས་གླེང་གཞི་བརྒྱད་ཕྱེད་པའི་ཆོས་ཉིད་ཀྱི་རང་བཞིན་ནོ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་དོན་ཉིད་དོ། །དེ་ཡི་དབུས་སུ་པདྨ་བྲི། །ཞེས་པ་ནི། དེའི་དབུས་སུ་ཞེས་པ་ནི་

དཀྱིལ་འཁོར་གྱི་དབུས་སུ་པདྨ་ཞེས་པ་ནི་ཡེ་ཤེས་སོ། །འདབ་མ་བརྒྱད་པ་ཞེས་པ་ནི་ཡེ་ཤེས་མཐའ་ཡས་པར་ཁྱབ་པའོ། །ཀེ་ཤ་ནི་ཟླ་བའོ། །ར་ནི་ཉི་མའོ། །གདངས་པས་ཟེ་བར་བཅས་པར་གྱུར་པ་ཡིན་པས་ཟེ་བར་བཅས་སོ། །སྙིང་པོར་སྐྱེས་པའི་ཐོད་པ་ཉིད། །སྙིང་པོའི་
སྒྲས་ནི་ཟེ་བའི་དཀྱིལ་དུའོ། །འདིས་ནི་ཟླ་བ་དང་ཉི་མའི་ནང་དུའོ། །སྐྱེས་པའི་ཐོད་པ་ནི་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །མདོག་དཀར་ཞེས་པ་ནི་འོད་གསལ་གྱི་རང་བཞིན་ཏེ། །ཟླ་བ་དང་ཉི་མ་དང་ས་བོན་དང་གསུམ་དུ་ལྡན་པའོ། །ལྷ་མོའི་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་
བརྒྱད་དུ་རབ་ཏུ་གྲགས། །ཞེས་པ་ནི། ཟླ་བ་དང་ཉི་མ་དང་ས་བོན་ལ་སོགས་པའི་རིམ་པས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དེས་ན་གསུང་ཐུགས་དང་ལྷན་ཅིག་པས་མཚན་མ་བརྒྱད་དོ། །དབུས་སུ་ཐོད་པ་དཀར་པོ་ཡང་། །ཞེས་པ་ནི། བརྒྱད་པོ་རྣམས་ཀྱི་ནང་ནས་
ཆོས་འབྱུང་ངོ་། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི་ནི་སྣ་ཚོགས་རྡོ་རྗེའི་མཚན་མ་རྡོ་རྗེ་འཛིན་པ་དང་བདག་མེད་མ་ཡང་དག་པར་སྦྱོར་བ་ཡིན་པའི་དོན་ཏོ། །རྣམ་རྒྱལ་བུམ་པ་ཉིད་ཅེས་པ་ནི་ཉོན་མོངས་པའི་བག་ཆགས་མ་ལུས་པའི་དགྲ་ལས་རྒྱལ་བས་ན་རྣམ་རྒྱལ་ལོ། །དེ་ལྟར་
བུར་གྱུར་པའི་བུམ་པ་ནི་ཡེ་ཤེས་སོ། །ལྟོ་བ་རིན་ཆེན་ལྔས་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུའོ། །དེ་ཉིད་ཀྱི་ཕྱིར། བཟང་ནི་ལྷའི་བདག་ཉིད་དོ། །སཱ་ལུ་སྐྱེས་པས་ཡོངས་བཀང་གཞག །ཅེས་པ་ལ་སཱ་ལུ་སྐྱེས་པའི་སྒྲས་ནི་ཡུལ་ཤིན་ཏུ་རྣམ་
པར་དག་པ་རྣམས་ཏེ་དེས་ཡོངས་སུ་བཀང་བའོ། །མང་དུ་བརྗོད་པས་ཅི་ཞིག་བྱ་བརྗོད་པ་མང་པོས་ཆོག་གོ། །ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །དེ་ཉིད་བསྡུས་པ་ཞེས་པ་ནི་དེ་ཉིད་ནི་ཡང་དག་པའི་ཡེ་ཤེས་ཀྱིའོ། །བསྡུས་པ་ནི་རྟོགས་པའོ། །
དེ་དེ་ལ་ཡོད་པས་དཀྱིལ་འཁོར་ཆོ་ག་ནི་ཇི་ལྟ་བ་བཞིན་བྱ་བའོ། །འདིས་ནི། རྐང་པའི་རྗེས་ན་དཀྱིལ་འཁོར་ཡིན། །ཞེས་པའི་དོན་ནི་ལེགས་པར་འཐད་དོ། །བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ནི། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་ནས། །

དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །མ་དང་སྲིང་མོ་ཉིད་དང་ཡང་། །བུ་མོ་སྲིང་མོའི་བུ་མོ་དང་། །དེ་བཞིན་ཞང་པོའི་ཆུང་མ་དང་། མེ་ཡི་སྤུན་དང་སྒྱུག་མོ་དང་། །དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་བརྒྱད་དུ་རབ་ཏུ་གྲགས། །སྒྲ་ཇི་བཞིན་པའི་དོན་ནི་གསལ་
བ་ཉིད་དོ། །རིག་མ་བརྒྱད་ཅེས་པ་ནི་གཉིས་པོ་བཞིས་དགའ་བ་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་བདེ་ཆེན་ནོ། །དཀྱིལ་འཁོར་དུ་ནི་ཡང་དག་པའི་ཡེ་ཤེས་སུའོ། །རབ་ཏུ་གཞུག་ནི་དེའི་བདག་ཉིད་ཀྱིས་རྣམ་པར་གཞག་པར་བྱའོ། །བཅུ་གཉིས་སམ་ཞེས་པ་
ནི་མ་ནིང་གི་རང་བཞིན་བཞི་སྤངས་ནས་སོ། །བརྒྱད་གཉིས་ལོན་པ་ཞེས་པ་ནི་བཞི་པོ་དེ་ཉིད་ཁོངས་སུ་བསྡུས་པའོ། །འདིས་ནི་དཀྱིལ་འཁོར་གཉིས་ཁ་སྦྱོར་བ་ཉིད་བསྟན་ཏོ། །དམ་དུ་འཁྱུད་དང་འོ་བྱེད་པས། །འདི་རྣམས་རྣལ་འབྱོར་པ་ཡིས་མཆོད། །དེ་ལས་ག་བུར་
བཏུང་བ་ཉིད། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །དེ་རྣམས་རྣལ་འབྱོར་པས་བཏུང་བྱ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདི་རྣམས་མཆོད་ཅེས་བྱ་བ་ལ་སོགས་པས་ནི་ཁ་སྦྱོར་གྱི་རྣལ་འབྱོར་བསྟན་ཏོ། །དེ་ལས་ནི་དམ་ཚིག་དེ་ལས་སོ། །ག་བུར་ནི་བྱང་ཆུབ་ཀྱི་
སེམས་སོ། །བཏུང་བ་ཉིད་ནི་རྡོ་རྗེའི་ལྕེས་ཞེས་པ་ནི་མན་ངག་གོ། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །ཞེས་པ་ནི། དེས་འདུས་པ་རྣམ་པར་དག་པ་ཡིན་པའི་དོན་ཏོ། །དེ་རྣམས་བཏུང་བྱ་ཞེས་པ་ནི་རྡོ་རྗེའི་ལྕེས་ཞེས་པ་ནི་མན་ངག་གོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་
པའོ། །མྱུར་དུ་ནི་དེའི་མོད་ལ་མྱུར་བ་རུའོ། །དངོས་གྲུབ་ཐོབ་པར་འགྱུར་ནི་དངོས་གྲུབ་ཐོབ་པར་འགྱུར་བའི་དོན་ཏོ། །ཆང་ཡང་བཏུང་བ་དང་ཞེས་པ་ནི་དེ་ལ་སེམས་ཀྱི་མངོན་པར་ཞེན་པ་ནུབ་པའོ། །ཤ་དང་སཱ་ལུ་སྐྱེས་པ་བཟའ། །ཞེས་པ་ནི། དེ་ལ་ལུས་ཀྱི་མངོན་པར་ཞེན་
པར་གྱུར་པ་ཡང་མེད་པའི་དོན་ཏོ། །གཉི་གའི་མངོན་པར་ཞེན་པ་ནུབ་པས་མཚན་མའི་མངོན་པར་ཞེན་པ་ཡང་ནུབ་པ་ཡིན་པས་ལོགས་ཤིག་ཏུ་མ་སྨོས་སོ། །དེ་ཡང་གོས་དང་ཕྲལ་བྱས་ནས། །བྷ་གར་འོ་ནི་ཡང་ཡང་བྱེད། །དེ་ཡང་གོས་དང་ཕྲལ་ནས་ཞེས་པ་ནི་སྒྲིབ་པ་

མེད་པའི་རང་བཞིན་བདག་མེད་མར་བྱས་པའོ། །བྷ་ག་ནི་ཡེ་ཤེས་སོ། །འོ་ནི་ཡང་ཡང་བྱེད་ཅེས་པ་ནི་དུས་ཀུན་དུ་རྒྱུན་མ་ཆད་པར་བསྟེན་པའོ། །ཡང་ན་འོ་ནི་བྱེད་ཅེས་པ་འདིས་ནི་ངག་གི་མངོན་པར་ཞེན་པ་ཡང་དེ་ལ་མེད་པར་གསལ་བ་ཉིད་དུ་གསུངས་སོ། །དེ་ཡིས་བོ་ལ་གཞིབ་
པར་བྱ། །གར་བྱ་གླུ་ཡང་བླང་བར་བྱ། །དེ་ཡིས་བོ་ལ་ནི་རྡོ་རྗེའི་ཡེ་ཤེས་སོ། །གཞིབ་པར་བྱ་ནི་ཡེ་ཤེས་ཀྱི་མངོན་པར་ཞེན་པ་བཅོམ་པའོ། །གར་བྱ་གླུ་ཡང་བླང་བར་བྱ་ནི་གླུ་དང་གར་གྱི་དོན་དག་བསྟན་ཟིན་པ་ཉིད་དོ། །བོ་ལ་ཀཀྐོ་ལ་སྦྱར་ནས། །དེ་ལ་རྩེད་མོ་རྩེ་བར་བྱ། །ཁ་སྦྱོར་
གྱི་སྦྱོར་བ་ཉིད་ཀྱིས་ཐམས་ཅད་བསྐྱེད་པར་བྱ་བ་ཡིན་པའི་དོན་ཏོ། །དེ་ནས་ཐུན་ཚོད་གཉིས་པ་ལ། །གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་པ་ཉིད། །ཕྱི་ནས་དཀྱིལ་འཁོར་རབ་ཏུ་བསྟན། །གོས་ཀྱིས་ཞེས་པ་ནི་རས་སེར་པོས་སོ། །མཚན་མོ་སྐྱེ་བོ་མེད་ཁྱིམ་དུ། །
སློབ་དཔོན་ལ་སོགས་རབ་ཕྱེ་ནས། །དབང་ནི་ཇི་ལྟར་གསུངས་པ་ཉིད། །དེ་ལ་དབང་བསྐུར་སྦྱིན་པར་བྱ། །སློབ་མའི་སྒྲས་ནི་དབང་པོ་ལ་སོགས་པའོ། །དེ་ནི་གཞུག་པར་བྱ་བའོ། །དེ་ནས་དཀྱིལ་འཁོར་རབ་ཏུ་བསྟན་ནི་འདུས་པའི་ཡེ་ཤེས་གསལ་བར་བསྟན་ཏོ། །དེ་ཉིད་དབང་དྲི་མ་
མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བོ་མེད་ཁྱིམ་དུ་ནི། །དབེན་པའི་ལུས་ཀྱི་མངོན་པར་ཞེན་པས་སོ། །ཇི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོས་སྔར་ཤེས་བྱ། །དེ་ཉིད་དེ་ལ་བསྟན་པར་བྱ། །རྣམ་དགའ་དང་པོ་མཆོག་མཐའ་ཅན། །རྒྱུད་རྣམས་ཀུན་དུ་སྦས་
པ་སྟེ། །མཐའ་ཡི་མཐའ་མར་རབ་ཏུ་བསྟན། །འདི་རྣམ་པར་དགའ་བ་ཡང་ཡིན་ལ་དང་པོ་ཡང་ཡིན་པས་རྣམ་པར་དགའ་བ་དང་པོའོ། །འདི་མཆོག་ཀྱང་ཡིན་ལ་མཐའ་མ་ཡང་ཡིན་པས་མཆོག་མཐའ་ཅན་ནོ། །དེ་ལྟ་བུར་གྱུར་པའི་རྣམ་དགའ་དང་པོ་མཆོག་མཐའ་ཅན་ནོ། །ཡང་
ན་གང་ལ་རྣམ་པར་དགའ་བ་དང་པོར་ཡོད་པ་དེ་ནི་རྣམ་དགའ་དང་པོའོ། །དེ་ལྟ་བུར་གྱུར་པའི་མཆོག་ནི་ཁྱད་འཕགས་པའོ། །མཐའ་ནི་མཐའ་སྟེ་སྲིད་པའི་མཐའོ། །འདི་ལྟ་བུ་ཅན་ནི་ཡེ་ཤེས་སོ། །ཡང་ན་རྣམ་དགའ་ཡང་འདི་ཡིན་ལ་དང་པོ་མཆོག་ཀྱང་ཡིན་པས་རྣམ་དགའ་དང་

པོ་མཆོག་གོ། །དེ་མཐར་བྱེད་པས་རྣམ་དགའ་དང་པོ་མཆོག་མཐའ་ཅན་ནོ། །རྒྱུད་རྣམས་ཀུན་དུ་སྦས་པ་སྟེ། །ཞེས་པ་ནི། རྒོད་པ་ལ་སོགས་པ་རྣམས་སུའོ། །ཡང་ན་བྱེ་བྲག་ཏུ་བཤད་པ་ཀུན་དུ་སྦས་པའོ། །དེ་ཅིས་ཁྱད་འཕགས་ཤེ་ན། མཐའ་སྟེ་དེ་ལས་
གཞན་ཅི་ཡང་མེད་པའོ། །དེ་ཉིད་མཐའ་ནི་མུར་ཐུག་པ་སྟེ་ཡང་དག་པའི་མཐའ་དེ་བཞིན་དུ་ཡིན་པའི་ཐ་ཚིག་གོ། །དེ་རབ་ཏུ་བསྟན་ནི་འོད་གསལ་བའི་རང་བཞིན་ནོ། །རྡོ་རྗེ་མཆོད་པ་རབ་སྦྱར་ནས། །དེ་ལ་ལྷ་མོ་དེས་ཞུས་པ། །ལྷ་དེའི་སྐད་ཅིག་ཅི་ཞིག་ལགས། །གཙོ་བོ་ཆེན་
པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །བདག་མེད་གཞན་ཡང་མེད་པ་ཉིད། །ཐོག་མ་མེད་ནི་དང་པོ་སྐྱེ་བ་མེད་པའོ། །དེ་མེད་པའི་ཕྱིར་
མཐའ་མ་འཇིག་པ་ཡང་མེད་དོ། །སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་དབུས་མ་དབུས་སུ་གནས་པ་ཡང་མེད་པའོ། །དེ་ནི་སྐད་ཅིག་རེ་རེའོ། །དེ་ཉིད་གསལ་བར་བྱས་པ་སྲིད་མེད་འཁོར་མེད་པའོ། །གདོད་ནས་མ་སྐྱེས་པའི་ཕྱིར་ཀུན་རྫོབ་ཡོད་པ་མ་ཡིན་ནོ། །དེ་མེད་པའི་
ཕྱིར་མྱ་ངན་ལས་འདས་པ་མེད་པ་སྟེ། མྱ་ངན་ལས་འདས་པ་ནི་འཇིག་པ་གཟོད་མ་ནས་མ་སྐྱེས་པ་མེད་པ་ཡིན་པའི་ཕྱིར་ཡིན་པར་དགོངས་སོ། །ཡང་ན། སྲིད་དང་མྱ་ངན་འདས་མེད་ཅེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་སྟེ་བདེན་པ་གཉིས་མེད་པའོ། །དེ་
སྐད་དུ་འཕགས་པའི་ཞལ་སྔ་ནས། །གང་ཞིག་དངོས་ཉིད་མ་སྐྱེས་པ། །ཇི་ལྟར་གཞན་གྱིས་སྐྱེས་པ་ཡིན། །མོ་གཤམ་གྱི་ནི་བུ་ཡང་ནི། །དེ་ནི་སྐྱེ་བར་འགྱུར་རམ་ཅི། །ཞེས་པའོ། །འདི་ནི་མཆོག་ཏུ་བདེ་ཆེན་ཡིན། །ཞེས་པ་ནི། འདི་ཉིད་མཆོག་ཏུ་བདེ་བ་ཆེན་པོ་ཕུལ་དུ་བྱུང་
བ་མེད་པའི་བདེ་བ་ཡང་དག་པའི་ཡེ་ཤེས་བདེ་བར་ཉམས་སུ་མྱོང་བ་ཡང་གང་དུ་ཡོད་པ་མ་ཡིན་ཏེ་ཉོན་མོངས་པའི་བག་ཆགས་ཡོངས་སུ་སྤངས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། བདག་མེད་གཞན་ཡོད་མ་ཡིན་ནི་བདག་དང་གཞན་རྟོག་པ་ཡང་དེ་ལ་ཡོད་པ་

མ་ཡིན་ཏེ། དབྱེར་མེད་རང་བཞིན་ཡིན་པར་དགོངས་སོ། །འདི་ཉིད་ཀྱི་སྐད་ཅིག་ཇི་ལྟར་རྟོགས་པ་ཡིན་པར་གསུངས་པ། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོ་དང་ནི་སྲིན་ལག་གང་། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །ཞེས་པ་ནི།
གཡས་དང་གཡོན་ནོ། །གཡོན་ནི་རང་གི་གཡས་དང་ཅིག་ཤོས་ནི་རང་གི་གཡས་དང་གཞན་ཏེ། རང་གི་གཡས་དང་གཡོན་ཡང་ཡིན་ལ་ལག་པ་ཡིན་པས་རང་གི་གཡས་དང་ལག་གཞན་གྱིའོ། །དེའི་མཐེ་བོ་དང་ནི་སྲིན་ལག་གིས་ནི་དེ་དག་གིས་སོ། །ལོངས་སྤྱོད་ནི་ལོངས་སྤྱོད་
ཀྱི་འཁོར་ལོ་སྟེ། རླབས་གཉིས་བཙིར་བར་བྱའོ། །རྣལ་འབྱོར་པ་ཡིས་ཞེས་པ་ནི་རྣལ་འབྱོར་ཤེས་པ་སྟེ། འདིར་བླ་མའི་གདམས་ངག་ཡོད་པ་ཡིན་ནོ། །ཡང་ན་རང་ནི་སེམས་ཏེ་གཡས་ནི་གཡོན་གྱི་ཟླ་བ་ཡིན་པའི་དོན་ཏོ། །གཞན་ནི་ཉི་མའོ། །འདིས་ནི་ཟླ་བ་དང་ཉི་མ་དང་ས་
བོན་གཅིག་པ་ཉིད་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ཕྱིར་རོ། །ལག་ཅེས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྔ་རྣམས་སོ། །དེ་ནི་ཡེ་ཤེས་ལྔ་གཅིག་པའི་རང་བཞིན་ཡིན་པས་མཐེ་བོ་སྙིང་རྗེའི་རང་བཞིན་ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་ཀྱི་
བདེན་པའོ། །སྲིན་ལག་གང་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པའོ། །དེ་དག་གིས་རླབས་གཉིས་ནི་ཤུགས་གཉིས་ཀྱིས་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པའོ། །དེ་བཙིར་བར་བྱ་བ་ནི་གཅིག་ཏུ་བྱ་བའོ། །རྣལ་འབྱོར་པ་ཞེས་པ་ནི་
ཟུང་འཇུག་ཤེས་པའོ། །ཟུང་འཇུག་ཤེས་པའི་སྐད་ཅིག་ཉིད་གསུངས་པ། ལོངས་སྤྱོད་ཀྱི་སྟེ། ཡང་དག་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་དེ་ལྷན་ཅིག་སྐྱེས་པའི་སྐད་ཅིག་ཡིན་པའི་དོན་ཏེ་དུས་དེར་ཡིན་པའི་དོན་ཏོ། །འདིས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དེའོ། །གང་བྱང་ཆུབ་ཀྱི་སེམས་
དེ་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཉིད་ཡིན་པར་བསྟན་ཟིན་པའི་དོན་ཏོ། །ཡང་ན། རང་གི་གཡས་དང་ལག་གཞན་གྱི། །ཞེས་པ་ནི། གཡོན་པ་དང་གཡས་པའི་ལག་པ་མཐེ་བོ་དང་སྲིན་ལག་གང་དེ་དག་གིས་སོ། །ལོངས་སྤྱོད་དུ་ནི་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་བྱང་

ཆུབ་ཀྱི་སེམས་ཀྱི་སྐད་ཅིག་ལའོ། །རླབས་གཉིས་ནི་རྣལ་འབྱོར་པས་ལྟེ་འོག་བཙིར་བར་བྱའོ། །དེ་ནས་བརྟན་པར་གྱུར་ནས་ལྷན་ཅིག་སྐྱེས་པ་འཆར་བ་གསལ་བར་འགྱུར་བ་ཡིན་པར་དགོངས་སོ། །དེ་བྱས་པས་ཅིར་འགྱུར་བ་ཡིན་པར་གསུངས་པ། དེ་ནས་
ཡེ་ཤེས་སྐྱེ་བར་འགྱུར། །གཞོན་ནུའི་དགའ་བ་ཇི་ལྟ་བུའོ། །ཕྱི་ནས་ནི་རྗེས་ཐོགས་སུའོ། །སྐྱེ་བར་འགྱུར་ནི་རབ་ཏུ་གསལ་བར་རྟོགས་པའོ། །ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དཔེ་གསུངས་པ། གཞོན་ནུའི་དགའ་བ་ཇི་ལྟ་བུའོ། །སྔར་ཉམས་སུ་མ་མྱོང་བའི་དོན་
སྤྱོད་ཡུལ་མ་ཡིན་པའོ། །དགའ་བ་ནི་མཛེས་པར་དགའ་བས་ཕུལ་དུ་བྱུང་བའི་བདེ་བ་གཞན་མེད་པའི་གཞོན་ནུ་མ་དེས་དེ་ཉམས་སུ་མྱོང་བ་ལྟ་བུར་ཡེ་ཤེས་དེ་ཡིན་པས་གཞོན་ནུ་དགའ་བ་ཉིད་ཇི་ལྟ་བའོ། །དཔེའི་དཔེ་གསུངས་པ། གཞོན་ནུ་མའི་བདེ་བ་དེ་ཡང་དེ་ལ་ཅི་ཞིག་
སྐྱེ་ཞེ་ན། ལྐུག