Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 5

Văn bản gốc(Tây Tạng)

Trang 13 / 21 (50.000 ký tự/trang)
ོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི་དཀར་མོ་ཞེ་སྡང་ལས། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷ་སྨ་རཱི། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་
མ། །འདོད་པས་ཕྱག་རྒྱ་ཤེས་པར་བྱ། །ཞེས་པའི་འདིའི་དོན་ནི་འདི་ཡིན་ཏེ། ནང་གི་རིམ་པར་གནས་པ་ལྔ་ནི་བདག་མེད་མ་ལ་སོགས་པའི་མཁའ་འགྲོ་མ་ལྔ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པས་དེའི་བདག་ཉིད་དུ་ཤེས་པར་བྱའོ། །ཞེ་སྡང་ནི་མི་བསྐྱོད་པ་རྣམ་པར་
ཤེས་པའི་ཕུང་པོ་བདག་མེད་མ་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མ་དང་འདི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཕྲ་མ་ནི་རིན་ཆེན་གཙོ་བོ་ཚོར་
བའི་ཕུང་པོ་གཽ་རཱི་མ་དང་འདི་དབྱེར་མེད་པའོ། །འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ་ཡང་ཆུའི་རྣལ་འབྱོར་མ་དང་འདི་གཉིས་སུ་མེད་པའོ། །ཕྲག་དོག་ཅེས་པ་ནི་དོན་ཡོད་གྲུབ་པ་འདུ་བྱེད་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་ཡང་རྡོ་རྗེ་མཁའ་འགྲོ་མ་དང་འདི་
གཉིས་སུ་མེད་པའོ། །འདིས་ནི་ཕུང་པོ་ལྔའི་རང་བཞིན་རྣམས་དང་དེ་བཞིན་ཉིད་རྣམ་པར་དག་པ་འདི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་ལ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་པའོ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཞེས་པ་ནི། ཞེ་སྡང་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ་དེ་ཡང་པུཀྐ་སཱི་དང་
འདི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཞེས་པའི་གཏི་མུག་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རི་ཁྲོད་མ་དང་འདི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །ཞེས་པ་ནི་ཕྲ་མ་ནི་རིན་ཆེན་དབང་པོ་གཙོ་བོ་ཚོར་བའི་ཕུང་པོ་དེ་ཡང་གདོལ་པ་མོ་དང་
འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི་འདོད་ཆགས་འོད་དཔག་ཏུ་མེད་པ། འདུ་ཤེས་ཀྱི་ཕུང་པོ་དེ་ཡང་གཡུང་མོ་དང་འདི་གཉིས་སུ་མེད་པའོ། །ཡང་ནི་དཀར་མོ་ཞེ་སྡང་ལས། །ཞེས་པ་ནི། ཞེ་སྡང་ནི་མི་བསྐྱོད་པ་རྣམ་པར་ཤེས་པའི་ཕུང་པོ།

དེ་ཡང་འདི་དཀར་མོ་དང་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །ཞེས་པ་ནི། གཏི་མུག་རྣམ་པར་སྣང་མཛད་གཟུགས་ཀྱི་ཕུང་པོ་དེ་ཡང་ཆོམ་རྐུན་མ་དང་འདི་གཉིས་སུ་མེད་པའོ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །ཞེས་པ་ནི། ཕྲ་མ་རིན་ཆེན་
གཙོ་བོ་ཚོར་བའི་ཕུང་པོ་དེ་ཡང་རོ་ལངས་མ་དང་འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་ནི་འདོད་ཆགས་ནི་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་དེ་ཡང་གྷསྨ་རཱི་འདི་གཉིས་སུ་མེད་པའོ། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །ཞེས་པ་ནི། གཏི་མུག་རྣམ་པར་
སྣང་མཛད་གཟུགས་ཀྱི་ཕུང་པོ་དེ་ཡང་ས་སྤྱོད་མ་དང་འདི་གཉིས་སུ་མེད་པའོ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །ཞེས་པ་ནི། འདོད་ཆགས་འོད་དཔག་ཏུ་མེད་པ་འདུ་ཤེས་ཀྱི་ཕུང་པོ་དེ་ཡང་མཁའ་སྤྱོད་མ་དང་འདི་གཉིས་སུ་བྱར་མེད་དེ་སོ་སོ་མ་ཡིན་ཞིང་གཅད་དུ་མེད་དོ། །རྡོ་རྗེ་
གསུམ་དབྱེར་མེད་པ་ཉིད་མཁའ་འགྲོ་མ་རྣམས་ཀྱི་ཡེ་ཤེས་གསུམ་གྱི་བྱིན་རླབས་བསྟན་པ་ཡིན་པས་ཆོས་སྐུ་ཉིད་སྐུ་གསུམ་ཡིན་ནོ། །ཞེ་སྡང་ཕྱག་རྒྱས་བདག་མེད་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །ཡང་ནི་དཀར་མོ་ཞེ་སྡང་ལས། །ཞེས་པ་ནི། རྣམ་པར་ཤེས་པ་དང་དབང་པོ་དང་ཡུལ་རྣམ་
པར་ཤེས་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དབང་པོ་གང་དང་གང་ལམ་ཉིད། །དེ་ཡི་རང་བཞིན་ཉིད་དུ་གྱུར། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་ཉིད་དུ་མཉམ་པར་གཞག །ཅེས་པའོ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བའི་
ཕུང་པོ་དཀར་མོའོ། །འདུ་ཤེས་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་དོན་ཡོད་གྲུབ་པས་བྱིན་གྱིས་བརླབས་པ་ལས་ཨཱ་ལི་ཀཱ་ལིའི་ནཱ་དའི་ཕྲེང་བ་གཉིས་དབྱེར་མེད་པའི་ཁ་སྦྱོར་
བ་ཉིད་དེ་དགྱེས་པའི་རྡོ་རྗེའོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཕྲ་མའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི། སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །ཕྲ་མའི་ཕྱག་རྒྱས་གདོལ་པ་མོ། །འདོད་

ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཅེས་པ་ནི། སྐུ་གསུམ་གྱི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཞེས་པ་མཁའ་འགྲོ་མ་གསུམ་པོ་འདི་ཡང་སྐུ་གསུམ་གྱི་རང་བཞིན་ནོ། །
བདག་མེད་སྤོས་མོ་དཀར་མོ་དང་། །རྣམ་ཤེས་མཁའ་འགྲོ་མ་གསུམ་ནི། །ཐབས་དང་ཤེས་རབ་ཡང་དག་ལྡན། །རྡོ་རྗེ་མཁའ་འགྲོ་མ་ཞེས་ངེས། །རི་ཁྲོད་གདོལ་པ་གཡུང་མོ་ནི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ། །དེ་བཞིན་གཽ་རཱི་ལ་སོགས་གསུམ། །སྐུ་གསུང་ཐུགས་ཀྱི་ཕྱག་
རྒྱས་གདབ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །གསུམ་པོ་རིགས་དྲུག་ཏུ་བརྗོད་དེ། །ཐབས་དང་ཤེས་རབ་རང་བཞིན་ཕྱིར། །གསུམ་པོ་རིགས་ནི་དྲུག་ཏུ་འགྱུར། །གཉིས་གྱི་ཚུལ་གྱིས་གསུམ་པོ་ཉིད། །གཉིས་མེད་གཅིག་པའི་རང་བཞིན་ཅན། །དེ་ཡང་རྣམ་པ་ལྔ་ཞེས་བརྗོད། །
ངེས་པར་མདོར་བསྡུས་པ་ལས། གཉིས་དང་གཉིས་སུ་མེད་ཚུལ་ཏེ། །དབྱེ་བ་ལས་ནི་གསུམ་དུ་འགྱུར། །བཞི་པ་བསྒྲུབ་པར་བྱ་བའི་ཚུལ། །དེ་ནི་བརྗོད་པར་མི་ནུས་སོ། །གང་ཕྱིར་ཞེ་སྡང་རྒྱས་གདབ་པས། །མཁའ་འགྲོ་འཁོར་ལོ་བླ་ན་མེད། །འདི་ཕྱིར་རིགས་ནི་འཆོལ་བ་ལས། །དངོས་
གྲུབ་མེད་ཅིང་སྒྲུབ་པ་མེད། །ཅེས་བྱ་བ་ལ་སོགས་པ་ནི་རིགས་འཆོལ་བའི་རྣལ་འབྱོར་བསྒོམ་པ་ཉིད་དེ་རིགས་འཆོལ་བའི་རྣལ་འབྱོར་བསྒོམ་པ་ཡིན་པར་དགོངས་སོ། །ཁྱད་པར་འཆོལ་བས་རིགས་དེ་རྣམས་གང་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་དེ་ནི་རིགས་འཆོལ་བ་བསྒོམ་པའི་རྣལ་
འབྱོར་རོ། །དེའི་ཕྱིར་དངོས་གྲུབ་མེད་ནི་འབྲས་བུ་མེད་པའོ། །སྒྲུབ་པོ་མེད་པ་ནི་རྒྱུ་མེད་པའོ། །རྒྱུ་དང་འབྲས་བུ་དག་གི་རང་བཞིན་དངོས་པོ་མེད་པ་དབྱེར་མེད་པ་ལས་སོ། །ཡང་ན་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་དོར་ནས་བཏང་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་རྣམས་
དེ་བཞིན་གཤེགས་པ་མངོན་པར་གང་ལ་བསྒོམ་པའི་རྣལ་འབྱོར་ཡོད་པ་དེ་ནི་རིགས་འཆོལ་བའི་བསྒོམ་པའི་རྣལ་འབྱོར་རོ། །དེའི་ཕྱིར། དངོས་གྲུབ་མེད་ཅིང་སྒྲུབ་པོ་མེད། །ཅེས་པ་ནི་རིགས་མ་འཆོལ་བའི་བསྒོམ་པའི་རྣལ་འབྱོར་གང་ཟུང་དུ་འཇུག་པ་འབྱུང་བའི་རིམ་པ་སངས་རྒྱས་ཀྱི་སྤྱོད་

ཡུལ་ལོ། །དེ་ཉིད་ཀྱི་ཕྱིར། འདོད་པས་རྣལ་འབྱོར་མས་ཤེས་བྱ། །འདོད་པས་ཞེས་པ་ནི་ལྷུན་གྱིས་གྲུབ་པས་སོ། །རྣལ་འབྱོར་མ་ཞེས་པ་ནི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་ལྡན་པའི་དོན་ཏོ། །གླུ་དང་གར་དང་རྒྱས་བཏབ་པའི་ཐེ་ཚོམ་བསལ་བ་ཡིན་ནོ། །
ད་ནི་སྔགས་ཀྱི་རིམ་པར་ཕྱེ་བར་གསུངས་པའི་སྔགས་བཏུ་བ་གསུངས་པ། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཨ་ཨཱ་ཨི་ཨཱི་དེ་ཟླ་ཕྱེད་ཐིག་ལེས་བརྒྱན་པ། ཨཾ་ཨཾ་ཨིཾ་ཨིཾ་སྟེ་མཁའ་འགྲོ་མ་བཞིའི་ས་བོན་
ནོ། །ཡང་ན་ཨཱ་ལི་དང་པོ་བདག་མེད་མ་ནི་ཐུགས་རྡོ་རྗེའོ། །ཨཱ་ལི་གཉིས་པ་རྡོ་རྗེ་མ་ནི་སྐུ་རྡོ་རྗེའོ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །ཅེས་པ་ནི། གསུང་རྡོ་རྗེའོ། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཞེས་པ་ནི། རྡོ་རྗེ་གསུམ་དབྱེར་མེད་པའི་ལྷན་ཅིག་སྐྱེས་པའོ། །ཡང་ན་དགའ་བ་དང་མཆོག་དགའ་
དང་རྣམ་པར་དགའ་བའི་རང་བཞིན་གྱི་མཁའ་འགྲོ་མ་གསུམ་མོ། །བཞི་པ་ཆུའི་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་རྣལ་འབྱོར་འདི་ལ་ཡོད་པས་ཆུའི་རྣལ་འབྱོར་མ་སྟེ་བདེ་བ་སྤངས་ནས་དེ་མ་ཡིན་ཞེས་བྱ་བའི་ཚིག་གིས་བཞི་པ་ལྷན་ཅིག་སྐྱེས་པའོ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་
སཱི་ཞེས་བརྗོད། །བདུན་པ་ཉིད་ནི་རི་ཁྲོད་མ། །བརྒྱད་པ་སྨེ་ཤ་ཅན་དུ་བརྗོད། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་ལྔ་གཉིས་དཀར་མོ་ཉིད། །ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་དེ་རྣམས་རིམ་པས་སོ། །ས་བོན་དྲུག་པོ་རྣམས་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པར་གྱུར་པ། ཨུཾ་ཨཱུཾ་རྀཾ་རཱྀཾ་ལྀཾ་ལཱྀཾ་མཁའ་འགྲོ་
མ་དྲུག་གི་ས་བོན་ནོ། །ཡང་ན། ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནི། དེ་ཉིད་བཞི་པ་ནི་ལྔ་པ་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་མཁའ་འགྲོ་མ་ཞེས་བརྗོད་དོ། །དེ་ཉིད་དྲུག་པ་སྟེ་དྲུག་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །པུཀྐ་སཱི་ཞེས་པ་ནི། །ཞེ་སྡང་ཕྱག་རྒྱས་
པུཀྐ་སཱི། །ཞེས་པའི་ཚིག་གིས་སོ། །དེ་ཉིད་བདུན་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ནོ། །ལྔ་པ་ནི་ཡེ་ཤེས་ལྔ་སྤྲོ་བ་དང་བསྡུ་བའི་རང་བཞིན་གྱིས་ཐབས་སོ། །དྲུག་པ་ནི་དྲུག་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་ཤེས་རབ་དེ་གཉི་ག་དབྱེར་མེད་པའོ། །བདུན་པ་ཉིད་ནི་རི་ཁྲོད་

མ། །ཞེས་པ་ནི། བྱང་ཆུབ་ཀྱི་སེམས་སོ། །བརྒྱད་པ་ཞེས་པ་ནི་དེ་ཉིད་ཐབས་དང་ཤེས་རབ་དབྱེར་མེད་པའི་རྡོ་རྗེ་གསུམ་གྱི་རང་བཞིན་སྨེ་ཤ་ཅན་ཞེས་བརྗོད་དོ། །ཨཱ་ལི་ཀཱ་ལི་སྙོམས་པར་ཞུགས་པ་བདག་མེད་མས་བྱིན་གྱིས་བརླབས་པའི་རང་བཞིན་གྱི་ཕྱི་གཏུམ་མོ་རྣམས་ནི་བརྒྱད་པ་སྨེ་ཤ་
ཅན་དུ་བརྗོད་དོ། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་སླར་ཡང་བཞི་པ་སྟེ། །གཡུང་མོ་ཉིད་ནི་རེག་ཏུ་མི་རུང་བ་དྷཱུ་ཏཱི་བདག་མེད་མ་རྡོ་རྗེ་མཁའ་འགྲོ་མའོ། །དེ་ཉིད་ཡང་ཞེས་པ་ནི། བཞི་པ་ཡང་བསྡུ་བའི་རང་བཞིན་གྱི་བཞི་པར་དང་པོར་གསུངས་སོ། །ད་ནི། ལྔ་པ་རྡོ་རྗེ་མཁའ་འགྲོ་
མ། །ཞེས་བྱ་བ་ལ་སོགས་པས་སྤྲོ་བའི་རང་བཞིན་གྱི་བཞི་པ་བསྟན་ནས་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་བཞི་པ་ཡིན་པ་དེ་གསུངས་པ། ལྔ་གཉིས་དཀར་མོ་ཉིད་ཅེས་པ་ནི་རྣམ་པ་གཉི་ག་ཡང་ལྔ་ཚན་གཉིས་ཏེ་ཡེ་ཤེས་ལྔ་ལྔའི་རང་བཞིན་ཉིད་ཡིན་པའི་དོན་ཏོ། །བཅུ་གཅིག་ཆོམ་རྐུན་མ་
རུ་བཤད། །བཅུ་གཉིས་རོ་ལངས་མ་ཞེས་བརྗོད། །བཅུ་གསུམ་པ་ནི་གྷསྨ་རཱི། །བཅུ་བཞི་པ་ནི་ས་སྤྱོད་མ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་ཡི་ས་བོན་ཉིད། །ཨེ་ཨཻ་ཨོ་ཨཽ་ཨཾ། དེ་ཟླ་ཕྱེད་ཐིག་ལེས་བརྒྱན་པ་ནི། ཨེཾ་ཨཻཾ་ཨོཾ་ཨཽཾ་ཨཾ། ཡང་ཨཾ་ངོ་། །ཡང་ན་ལྔ་པོ་དེ་ཉིད་
ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་བཅུའོ། །དེ་ཉིད་བཅུ་གཅིག་སྟེ་གཉིས་སུ་མེད་པའོ། །བཤད་པ་ནི་གྲགས་པ་སྟེ། འོད་གསལ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ཡིན་པའི་ཐ་ཚིག་གོ། །བཅུ་གཉིས་ཞེས་པ་ནི་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འདོད་པའི་ཡང་
དག་པའི་ཡེ་ཤེས་སོ། །བཅུ་གསུམ་ཞེས་པ་ནི་སྐུ་གསུམ་གྱི་བདག་ཉིད་དོ། །ཨཾ་ནི་ཡང་དག་པའི་ཡེ་ཤེས་སོ། །བཅུ་བཞི་ཞེས་པ་ནི་དེ་ཉིད་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ལྔ་པོ་ཉིད་དོ། །ས་སྤྱོད་མ་ཞེས་པ་ནི་ས་སྤྱོད་ཀྱི་སྒྲས་ནི་ས་བརྟན་པའི་ཡེ་ཤེས་སོ། །སྤྱོད་མ་ནི་སྤྲོས་པའི་
ཡེ་ཤེས་ཏེ་སྤྲོ་བ་དང་བསྡུ་བའི་ཡེ་ཤེས་ཉིད་བཞི་པ་ཡིན་པར་དགོངས་སོ། །བཅོ་ལྔ་པ་ཞེས་པ་ནི་ལྔ་ཉིད་བཅུ་ནི་བཅོ་ལྔ་པ་སྟེ། མཁའ་སྤྱོད་མ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམས་ཏེ་ཆོས་ཀྱི་དབྱིངས་ཉིད་བཞི་པའོ། །དེ་ཉིད་ལྔ་ཡང་ཡིན་ལ་བཅུ་ཡང་ཡིན་པས་བཅོ་ལྔའོ། །

འདིས་ཅི་བསྟན་ན། བཞི་པ་ཆུ་ཡི་རྣལ་འབྱོར་མ། །ཞེས་པས། ཨཱ་ལི་དང་པོ་བདག་མེད་མ། །ཞེས་བྱ་བ་ལ་སོགས་པས་བསྡུ་བའོ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །ཞེས་བྱ་བ་ལ་སོགས་པས་ནི་སྤྲོ་བའོ། །བཅུ་གཅིག་ཆོམ་རྐུན་མ་རུ་བཤད། །ཅེས་བྱ་བ་ལ་སོགས་
པས་སྤྲོ་བ་དང་བསྡུ་བ་དབྱེར་མེད་པའི་ཡང་དག་པའི་ཡེ་ཤེས་སུ་ངེས་པ་ཡིན་ནོ། །མཁའ་འགྲོ་བཞི་ནི་འབྱུང་བ་ཆེན་པོ་བཞི་རྣམས་སོ། །ལྔས་ནི་ཡེ་ཤེས་ལྔའོ། །དྲུག་པས་ནི་སྐྱེ་མཆེད་དྲུག་གོ། །ཁམས་གསུམ་པོ་འདི་ཐམས་ཅད་ཉིད་རེ་རེ་ཞིང་ཡང་ལྔའི་བདག་ཉིད་དོ་མཁའ་འགྲོ་མ་བཅོ་ལྔའི་
རང་བཞིན་ནོ། །རྣལ་འབྱོར་མའི་ས་བོན་ཉིད་ནི་རྣལ་འབྱོར་མའི་སྒྲས་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་སྤྲུལ་པའི་སྐུའོ། །ས་བོན་གྱི་སྒྲ་ནི་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཉིད་ནི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའོ། །རྣལ་འབྱོར་མ་རྣམས་ཀྱི་ས་བོན་ཡིན་ཏེ། སྐུ་གསུམ་
དང་དབྱེར་མེད་པའི་ཨཱ་ལི་ཀཱ་ལིའི་ནཱ་དའི་རང་བཞིན་ཀུན་རྫོབ་དང་དོན་དམ་པ་གཉིས་དབྱེར་མེད་པ་ཟུང་དུ་འཇུག་པའི་རྒྱས་བཏབ་པ་བླ་མ་དམ་པའི་ཞབས་ཀྱི་བཀའ་དྲིན་ལས་རྟོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་ཆུབ་པའི་ལམ་ཡིན་ནོ། །སྔགས་ཀྱི་རིམ་པར་ཕྱེ་བ་བསྟན་ནས་
རིགས་ཀྱི་རིམ་པར་ཕྱེ་བ་གསུངས་པ། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེར་རིམ་པ་བཞིན་དུ་སྦྱར། །རིགས་ཀྱི་ལེའུ་ཞེས་པ་ནི། །རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བའོ། །རྩ་རྣམས་གང་ནི་སུམ་ཅུ་རྩ་
གཉིས་ནས་བྱང་ཆུབ་ཀྱི་སེམས་འབབ་པ་ཞེས་བསྟན་ཏོ། །རྩ་དེ་རྣམས་གཉིས་གཉིས་ཀྱིས་རྣལ་འབྱོར་མ་རེ་རེར་བསྟན་ཏོ། །རིམ་པ་བཞིན་ནི་བརྒྱད་པའོ། །མི་ཕྱེད་མ་དང་ཚན་མ་ཞེས་པ་གཉིས་ནི་རྡོ་རྗེ་མའོ། །ཕྲ་གཟུགས་མ་དང་ནག་མོ་དང་། །ཞེས་པ་གཉིས་ནི་གསང་བའི་དཀར་མོའོ། །
མཛེས་མ་དང་སྤྱི་མ་ཞེས་པ་གཉིས་ནི་ཆུ་མའོ། །གཡོན་པ་མ་དང་རྒྱུ་སྦྱིན་མ། །ཞེས་པ་གཉིས་ནི་རྡོ་རྗེ་མཁའ་འགྲོ་མའོ། །གཡོན་པ་མ་དང་སྦྱོར་བྲལ་མ། །ཞེས་པ་གཉིས་ནི་པུཀྐ་སཱིའོ། །རུས་སྦལ་སྐྱེས་མ་སྡུ་གུ་མ། །ཞེས་པ་གཉིས་ནི་རི་ཁྲོད་མའོ། །བསྒོམ་པ་མ་དང་གྲུབ་མ་ཞེས་པ་

གཉིས་ནི་གཏུམ་མོའོ། །དབང་མ་དང་འཚེད་མ་ཞེས་པ་གཉིས་ནི་གཡུང་མོའོ། །སྐྱོན་མ་དང་ཡིད་བཟངས་མ་ཞེས་པ་གཉིས་ནི་དཀར་མོའོ། །འཇུག་མ་དང་སུམ་སྐོར་མ་ཞེས་པ་གཉིས་ནི་ཆོམ་རྐུན་མའོ། །མ་མོ་དང་འདོད་མ་ཞེས་པ་གཉིས་ནི་རོ་ལངས་མའོ། །མཚན་མོ་དང་ཁྱིམ་མ་ཞེས་
པ་གཉིས་ནི་ཟ་ཕོད་མའོ། །བསིལ་སྦྱིན་མ་དང་གཏུམ་མོ་ཞེས་པ་གཉིས་ནི་ས་སྤྱོད་མའོ། །ཚ་བ་མ་དང་བདུད་འདྲལ་མ་ཞེས་པ་གཉིས་ནི་མཁའ་སྤྱོད་མའོ། །འདིས་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་མཁའ་འགྲོ་མ་བཅུ་བཞིའོ། །བརྐྱང་མ་དང་རོ་མ་དང་ཀུན་འདར་མ་ཞེས་པ་གསུམ་ནི་བདག་མེད་
མའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། །བརྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་རུ་བཞེད། །ཅེས་པའོ། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང་། །ཀུན་གྱི་ལྷག་མ་ཞེས་པ་ནི་དཱ་རི་ཀའོ། །སྤང་བ་ནི་སྤངས་པའོ། །ཚེག་དྲག་ཡིན་པའི་ཕྱིར་ཞེས་
དགོངས་པའོ། །འདི་ཇི་ལྟར་ཞེ་ན། གང་ཕྱིར་བཅུ་དྲུག་ཆ་མེད་པས། །ནུབ་པ་དང་འཆར་བ་དག་གི་ཚེས་གྲངས་བཅོ་ལྔ་རྣམས་ལ་ཆའི་རིམ་པས་ཚེས་གཅིག་ལ་སོགས་པ་ལ་ནུབ་པ་དང་འཆར་བས་གནམ་སྟོང་ལ་ནུབ་པར་འགྱུར་རོ། །དེ་ཉིད་ཚེས་གཅིག་ལ་སོགས་པ་འཆར་བར་ཡང་དམིགས་
པས་འཆར་བར་ཡང་འགྱུར་རོ། །དེའི་ཕྱིར་བཅོ་ལྔའི་ཆའི་བདག་ཉིད་ཅན་ཉིད་ཟླ་བ་སྟེ། དེའི་བཅུ་དྲུག་པའི་ཆ་ནི་མེད་པ་ཉིད་དོ། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཞེས་པ་ནི། ཆ་མེད་པའི་ཕྱིར་དོན་གྱི་བྱ་བ་ཡང་མེད་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་
གསུངས་པ། བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཟླ་བ་ནི་བདེ་བ་སྐྱེད་པར་གྱུར་པའོ། །གང་ཞེ་ན་བྱང་ཆུབ་ཀྱི་སེམས་ཏེ་བདུད་རྩིའི་ཁུ་བའོ། །དེ་ཡང་བཅོ་ལྔའི་བདག་ཉིད་ཅན་ནི་ནཱ་ད་
བཅོ་ལྔའི་སྐུའོ། །དེ་ཉིད་ཀྱི་ཕྱིར་ཨཱ་ལིའི་གཟུགས་སོ། །དེ་ཉིད་བདེ་བ་ཆེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པར་དགའ་བའོ། །དེ་ཉིད་རྣལ་འབྱོར་མའི་ཆ་ནི་ཡན་ལག་ཏུ་གྱུར་པའོ། །དེའི་ཞེས་པ་ནི་བདུད་རྩིའི་ཁུ་བ་བྱང་ཆུབ་སེམས་ཀྱིའོ། །འདིས་ནི་ཆ་རྣམས་རྡུལ་ཕྲ་རབ་ཀྱི་རང་བཞིན་

པས་ཆ་མེད་པའི་ཕྱིར་རང་བཞིན་གྱིས་དབྱེར་མེད་པའི་རྣལ་འབྱོར་དང་ལྡན་པ་ཉིད་རྣལ་འབྱོར་མའི་ཆའོ། །དེའི་ཞེས་པ་ནི་བདེ་བ་ཆེན་པོ་དང་དབྱེར་མེད་པའི་བདུད་རྩིའི་ཁུ་བའོ། །ཕྱི་རོལ་གྱི་ཟླ་བ་ཡང་དབྱུ་གུ་གཉིས་ཀྱི་བདག་ཉིད་བཅོ་ལྔའི་ཆའི་བདག་ཉིད་ཅན་ནོ། །དེ་ཉིད་
ཀྱི་ཕྱིར། བཅུ་དྲུག་པ་ཤིན་ཏུ་གཟུགས་ཅན་མ་ཆ་མེད་པ་སྟེ་ནཱ་དའི་རང་བཞིན་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཀུན་གྱི་ལྷག་མ་ནི་བཞི་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར། འབད་པས་ནི་རབ་ཏུ་འབད་པས་སོ། །སྤང་བ་ནི་སྤངས་པ་སྟེ་ཚེག་དྲག་ཉིད་དུ་རྣམ་པར་
གཞག་པར་བྱའོ། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །ཉེ་བར་དམིགས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་དོན་ཏོ། །བྱང་ཆུབ་ཀྱི་སེམས་ནི་ཡང་དོན་བྱེད་དེ་བདེ་བ་ཆེན་པོའི་རང་བཞིན་སྐྱེད་པར་བྱེད་དོ། །བཅོ་ལྔའི་ཆའི་བདག་ཉིད་ཅན། །ཞེས་པ་ནི། ཤེས་པས་སོ། །རྡོ་རྗེ་སྙིང་
པོས་གསོལ་པ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཡང་། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་པུར་ངེས་པར་སྤང་ངམ་ཅི། །ངེས་པར་ནི་ངེས་པའི་དོན་ཏོ། །ག་པུར་ནི་བདུད་རྩི་ཁུ་བའོ། །དེ་ཡང་སྤང་ངམ་ཅི་སྟེ་མི་སྤང་བའོ། །ངེས་
པར་ནི་གང་གི་ཕྱིར་རོ། །དེ་ཡང་རྣལ་འབྱོར་མ་ལས་བྱུང་ནི་གང་མཁའ་འགྲོ་མ་ཀུན་ལས་བྱུང་བའམ། །དེ་ལས་མཁའ་འགྲོ་མ་ཀུན་རྣམས་ནི་འབྱུང་བ་གང་གི་ཕྱིར་རོ། །འདིས་ནི་རྣལ་འབྱོར་མ་ཐམས་ཅད་ལས་ཡང་དག་པར་བྱུང་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དེའམ་བྱང་ཆུབ་
ཀྱི་སེམས་ལས་རྣལ་འབྱོར་མ་ཐམས་ཅད་བྱུང་བའོ། །ཡང་གི་སྒྲས་ནི་ཚིག་གི་ཕྲང་དེ་ཚིག་གི་ཕྲང་རྣམས་ནི་དོན་དུ་མ་ཡིན་པའི་ཕྱིར་ཡང་གི་དོན་ཏོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཡང་ངོ་། །འགྲིབ་པའི་ཚུལ་ཅན་སྤང་བའི་རང་བཞིན་གྱིས་ཏེ་ཡེ་ཤེས་ཅན་དེ་ཉིད་འགྲིབ་པ་མེད་དེ་
འཇིག་པའི་རང་བཞིན་ཉིད་ཀྱི་ཕྱིར་འཇིག་པ་མེད་པས་མི་ཟད་པ་ཡིན་པའི་དོན་ཏོ། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ཅེས་པ་ནི་དོན་བརྗོད་པར་བྱ་སྟེ། །གཟུགས་མེད་པས་འགྲིབ་པ་བདག་མེད་མའི་རང་བཞིན་པས་རང་བཞིན་མེད་པའོ། །བཏུང་མཆོག་ཅེས་པ་ནི་ཆེན་པོ་སྟེ། །

ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་རྡོ་རྗེ་འཛིན་པའི་རང་བཞིན་ནོ། །ནམ་མཁའ་ཞེས་པ་ནི་གཉི་ག་དབྱེར་མེད་པའོ། །ཁ་ནི་རིན་ཆེན་གཙོ་ཉི་མ་དང་། ག་འོད་དཔག་ཏུ་མེད་པ་ཟླ་བ་དང་། །གཉི་ག་དབྱེར་མེད་པ་ཡིན་པའི་དོན་ཏོ། །ཡང་ན་མཁའ་ཞེས་པ་ནི་ཁ་ཆོས་འབྱུང་ངོ་། །དེར་འགྲོ་ཞིང་ཤེས་ལ་དེ་
དང་དབྱེར་མེད་པའི་རང་བཞིན་ཡིན་པས་ནམ་མཁའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཇི་སྐད་སྨྲས་པ་འདི་བཞིན་ནོ། །ཇི་སྐད་དུ་སྨྲས་པ་ནི་ཁོ་བོའི་ཡང་བཞེད་པའོ། །ཡང་ན་འདི་ནི་དེ་ལྟ་བུའི་རང་བཞིན་ཏེ། འགྲིབ་མེད་འགྲིབ་པའི་རང་བཞིན་ཅན་ནམ་འགྲིབ་མེད་བཏུང་མཆོག་ནམ་མཁའ་
གང་ཡིན་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཟླ་བ་མི་སྤང་བ་ལྷན་ཅིག་སྐྱེས་པའི་རང་བཞིན་མི་འགྲིབ་པ་འགྲིབ་པའི་ཚུལ་ནི་སྤང་བའོ། །དེ་གཉི་ག་ཡང་ཐབས་གང་གིས་བསྐྱེད། ཆགས་ཞེས་པ་ནི་སྐྱེ་བའི་
རང་བཞིན་གྱིས་སྤང་བའོ། །ཀུན་རྫོབ་བོ། །དེ་ཉིད་མྱ་ངན་ལས་འདས་པའི་ཚུལ་གྱིས་དོན་དམ་པའི་བདེན་པའོ། །བསྐྱེད་པ་ནི་ཡང་དག་པར་ཤེས་པར་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། རང་བྱིན་བརླབ་པའི་རིམ་པས་ཀྱང་། ཀུན་
རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །དཀྱིལ་འཁོར་ཞེས་པ་ནི་ལྷ་རྣམས་འབྱུང་བའོ། །འཁོར་ལོ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེ་བ་དང་གནས་པའི་དཀྱིལ་འཁོར་དང་དབྱེར་མེད་པའི་འཁོར་ལོ། འཁོར་ལོ་དང་དབྱེར་མེད་པའི་དཀྱིལ་འཁོར་ནི་དཀྱིལ་
འཁོར་གྱི་འཁོར་ལོའོ། །གང་གི་ཕྱིར་དཀྱིལ་འཁོར་ཉིད་འཁོར་ལོ་སྟེ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་བཞིན་གཤེགས་པ་ཉིད་མཁའ་འགྲོ་མ་ལ་འཁའ་འགྲོ་མ་ཉིད་དེ་བཞིན་གཤེགས་པའོ། །འདི་ཉིད་དང་པོ་ནི་གཙོ་བོའོ། །ཐབས་ནི་རྒྱུའོ། །དེས་ན་རྒྱུ་དང་འབྲས་བུ་གཉིས་ཀྱིས་སོ། །རང་གི་བྱིན་གྱིས་བརླབ་པ་
ནི་རང་བྱིན་གྱིས་བརླབ་པ་སྟེ། དེས་རིམ་པར་རྟོགས་པས་ན་རང་བྱིན་གྱིས་བརླབ་པའི་རིམ་པའོ། །དེས་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་ཐམས་ཅད་མི་དམིགས་པ་ཡིན་པར་དགོངས་སོ། །འདི་ནི། དཀྱིལ་འཁོར་འཁོར་ལོ་དང་པོའི་ཐབས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དང་པདྨ་

མཉམ་པར་སྦྱར་བས་ལྟེ་བའི་ནང་དུ་སོན་པ་མི་སྤང་པའོ། །རང་བྱིན་བརླབ་པའི་རིམ་པས་ཀྱང་ནི་སྤང་བ་སྟེ། ཁྱབ་པར་བྱ་བའི་ཚུལ་ཡེ་ཤེས་ཀྱི་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་དོན་དམ་གཟུགས་ཅན་གྱི་ནི་སྒྲིབ་པ་དང་བྲལ་བས་མྱ་
ངན་ལས་འདས་པ་སྟེ་དོན་དམ་པའི་བདེན་པའོ། །དེ་ཉིད་ཀུན་རྫོབ་སྟེ་སྒྲིབ་པ་དང་ལྡན་པས་ཀུན་རྫོབ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལྟ་བུའི་གཟུགས་ཅན་གྱི་རང་བཞིན་གྱི་ཡེ་ཤེས་བདེན་པ་གཉིས་དབྱེར་མེད་པ་འདི་འགྲིབ་པའི་ཚུལ་ཉིད་མི་འགྲིབ་པ་ཡང་དག་པའི་ཡེ་ཤེས་བཞི་པ་ལྷན་ཅིག་
སྐྱེས་པ་ཡིན་པའི་དོན་ཏོ། །གཉི་གའི་ཚུལ་ཉིད་གསུངས་པ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེན་པའི་གཟུགས་ཅན་ནོ། །བུད་མེད་ཀཀྐོ་ལ་བདེ་ཅན། །ཨེ་ཝཾ་རྣམ་པའི་རང་བཞིན་དུ། །ཀུནྡ་ལྟ་བུ་སྟེ་ཞེས་པ་ནི་བདུད་རྩི་ཁུ་བའི་རང་བཞིན་མི་སྤང་བ་ཀུན་རྫོབ་ཀྱི་བདེན་པའོ། །བདེ་
བའི་གཟུགས་ཅན་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་སྤང་བ་མྱ་ངན་ལས་འདས་པའོ། །འདི་ཡང་བུད་མེད་ཀཀྐོ་ལ་ཞེས་པ་ནི་བུད་མེད་ཀྱི་ཚུལ་གྱི་ཀཀྐོ་ལ་སྟེ་བུད་མེད་ཀྱི་གཟུགས་ཀྱི་ཀཀྐོ་ལ་ཆོས་འབྱུང་ངོ་། །དེ་ལ་བུད་མེད་གཟུགས་ཀྱི་ཀཀྐོ་ལ་དེ་ཉིད་ཇི་ལྟ་བུ་ཡིན་པ་གསུངས་པ། ཨེ་ཝཾ་
རྣམ་པའི་རང་བཞིན་ཅན། །དེ་ཉིད་གང་འདི་ཆོས་འབྱུང་དེར་ཐབས་དང་ཤེས་རབ་ཀྱི་རང་བཞིན་དབྱེར་མེད་པ་ཡིན་པ་དེ་ཉིད་ཨེ་ཝཾ་རྣམ་པའི་རང་བཞིན་ཅན་བདེ་བ་ཅན་ནོ། །བདེ་བ་ཅན་ནི་དེའི་གཞིར་གྱུར་པའོ། །འདི་ཇི་ལྟར་ཡིན་གསུངས་པ། །བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་
བསྒྲགས། །སུ་ནི་ཁུ་བ་རྡོ་རྗེ་འཛིན་པའོ། །ཁ་ནི་ཆོས་འབྱུང་བདག་མེད་མ་སྟེ་རྡོ་རྗེ་འཛིན་པ་དང་དབྱེར་མེད་པའི་བདག་མེད་པའི་ཡེ་ཤེས་ཀྱི་བདེ་བའོ། །དེ་ཡི་བསྲུང་བ་ཉིད་ཀྱི་ཕྱིར་ནི་མི་གཡོ་བའི་རང་བཞིན་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །ཞེས་པ་ནི་སྒྲའི་ཡུལ་དུ་
བྱས་པའི་ཆ་དང་བཅས་པ་ཉིད་ཆ་མེད་པ་ཡིན་པའི་དོན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ལ་གནས་པ་རྣམས་ཀྱིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་པ་ནི་ལམ་ཤེས་པ་ལ་གནས་

པ་རྣམས་ཀྱིའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་པར་བྱང་ཆུབ་པ་ལ་གནས་པ་རྣམས་ཀྱིའོ། །གཉིས་སུ་མེད་པའི་ཕྱིར་གཅིག་གི་ཚིག་གོ། །འདི་རྣམས་ཀྱི་གནས་ནི་གཞིའོ། །དེ་ཉིད་ཀྱི་ཕྱིར། འདི་ཉིད་འཁོར་བཞེས་བྱ་སྟེ། །འདི་ཉིད་མྱ་
ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཡི་གེ་ཨེ་ཝཾ་གྱི་རང་བཞིན་གྱི་ཐབས་དང་ཤེས་རབ་དབྱེར་མེད་པའི་ཡེ་ཤེས་ཉིད་འཁོར་བ་ཀུན་རྫོབ་ཀྱི་བདེན་པ་མ་ནིང་ངོ་། །དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་དོན་དམ་པའི་
བདེན་པའོ། །དེ་ཉིད་ཀྱི་ཕྱིར་གཉི་ག་དབྱེར་མེད་པས་ན། འཁོར་བ་ལས་ཐ་དད་པའི་མྱ་ངན་ལས་འདས་པ་མི་རྟོགས་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་ཉིད་འཁོར་བའོ། །འཁོར་བ་ཉིད་གསུངས་པ། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་
བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །གཟུགས་དང་སྒྲ་ལ་སོགས་ཞེས་པ་ནི་སྐྱེ་མཆེད་རྣམས་སོ། །ཚོར་བ་ལ་སོགས་པ་ནི་ཕུང་པོ་ལྔའོ། །དབང་པོ་རྣམས་ཉིད་དོ་ཞེས་པ་ནི་མིག་ལ་སོགས་པའི་སྐྱེ་མཆེད་ཉིད་དོ། །ཞེ་སྡང་ལ་སོགས་
པ་ཞེས་པ་ནི་ཉོན་མོངས་པ་དེ་རྣམས་ཉིད་འཁོར་བའོ། །འདི་རྣམས་ནི་ཉོན་མོངས་པ་རྣམས་ཀྱང་མྱ་ངན་ལས་འདས་པའོ། །དེ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་ནི་མྱ་ངན་ལས་འདས་པའི་ཚུལ་དང་དབྱེར་མེད་པ་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ནི་མ་ཡིན་
ནོ། །འདིས་ནི་འཁོར་བ་ཉིད་བདེན་པ་གཉིས་ཀྱི་བདག་ཉིད་མྱ་ངན་ལས་འདས་པ་ཡང་ངོ་། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་སོ། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་ཕྱིར་ཞེས་པ་ནི་རང་རིག་པའི་རྟོག་པ་མེད་པའི་ཕྱིར་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པས་སོ། །
འཁོར་བའི་གཟུགས་ཅན་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ནོ། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །དེ་ཉིད་འཁོར་བ་དག་པས་ནི་ཡང་རྨོངས་པ་མེད་པའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་

སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །མྱ་ངན་ལས་འདས་ཞེས་པ་ནི་དོན་དམ་པའི་བདེན་པའོ། །བྱང་ཆུབ་སེམས་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དབྱེར་མེད་པ་སྟེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བཤད། །
ཅེས་པའི་ཚིག་གིས་སོ། །བྱང་ཆུབ་ཀྱི་སེམས་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་པ་གཉིས་དབྱེར་མེད་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། ཁུ་བ་དང་བདེ་བ་དག་དབྱེར་མེད་པའི་ཕྱིར་རོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རིམ་པ་ཉིད་གསུངས་པ། ཤིན་ཏུ་བཞིན་བཟངས་མིག་ཡངས་
མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །སྔོ་བསངས་སོས་དལ་རིགས་བཟངས་མ། །སི་ཧླ་ག་བུར་འབྱུང་བའི་གནས། །རང་གི་དབང་བསྐུར་དགྱེས་རྡོ་རྗེས། །སྐྲ་བཟང་སྒྲུབ་པ་པོ་ལ་དགའ། །དེ་ནི་ཆང་ཡང་འཐུང་བར་བྱེད། །དེ་ནས་རང་ཡང་བཏུང་བ་ཉིད། །རང་གཞན་དོན་
ནི་རབ་བསྒྲུབ་ཕྱིར། །ཕྱི་ནས་ཕྱག་རྒྱ་རྗེས་ཆགས་བྱ། །བོ་ལ་ཀཀྐོ་ལར་བཅུག་ནས། །ཀུན་དུ་རུ་བྱེད་བརྟུལ་ཞུགས་ཅན། །ཤིན་ཏུ་བཞིན་བཟངས་ཞེས་པ་ནི་ཞལ་མཛེས་པའོ། །མིག་ཡངས་མ་ཞེས་པ་ནི་མིག་ལེགས་པའོ། །གཟུགས་དང་ལང་ཚོས་ལེགས་པར་བརྒྱན་པ་ནི་གཟུགས་
ལེགས་བཞིན་པའི་ཆ་བྱད་ལོ་བཅུ་དྲུག་ལོན་པའི་ཐ་ཚིག་གོ། །སྔོ་བསངས་མ་ཞེས་པ་ནི་མདོག་དམར་སེར་རོ། །སོས་དལ་མ་ནི་མི་རྟོག་པའོ། །རིགས་བཟང་མ་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པའོ། །སིཧླ་ག་བུར་ཡང་དག་འབྱུང་། །ཞེས་པ་ནི་ཁུ་བ་དང་ཁྲག་
བསགས་པའོ། །རང་གིས་དབང་བསྐུར་ཞེས་པ་ནི་རང་གིས་དབང་བསྐུར་བའོ། །དགྱེས་རྡོ་རྗེས་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་རྒྱུད་ནས་གསུངས་པའི་ཆོ་གས་སོ། །སྐྲ་བཟང་ཞེས་པ་ནི་དུས་མ་ཡིན་པའི་སྐྲ་དཀར་དང་བྲལ་བའོ། །སྒྲུབ་པ་པོ་ལ་དགའ་ཞེས་པ་ནི་སྒྲུབ་པ་པོ་ལ་རྗེས་སུ་ཆགས་པར་
མཁས་པའོ། །ལྟ་བ་ངན་པ་བཏང་སྟེ་བོར་ནས་འདིས་གང་དེ་དང་དེ་ལྟ་བུར་གྱུར་པ་དེ་རྙེད་ནས་ཅི་བྱ་ཞེ་ན། དེ་ལ་ཆང་ཡང་དྲང་བར་བྱའོ། །རང་ཡང་ནི་བདག་ཉིད་ཀྱང་ཆང་བཏུང་བའོ། །བརྟུལ་ཞུགས་ཅན་ཞེས་པ་ནི་བྱང་ཆུབ་ཀྱི་ལམ་ལ་བརྟེན་པའོ། །ཕྱིས་ནས་ནི་རྗེས་ཐོགས་སུའོ། །ཕྱག་

རྒྱ་རྗེས་ཆགས་བྱ་བ་ནི་མཉམ་པོར་འདོད་ཆགས་པར་འཇུག་པར་བྱའོ། །ཅིའི་དོན་དུ་ཞེ་ན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །གཉི་གའི་ཡང་འགྲུབ་པར་བྱ་བའི་ཕྱིར་རོ། །རྗེས་སུ་ཆགས་པ་ཉིད་གསུངས་པ། བོ་ལ་རྡོ་རྗེའོ། །ཀཀྐོ་ལ་པདྨའོ། །བཅུག་པ་ནི་སྦྱར་བའོ། །ཀུན་དུ་རུ་ནི་
མཉམ་པར་སྦྱར་བའོ། །བྱེད་བརྟུལ་ཞུགས་ཅན་ཞེས་པ་ནི་བླ་མའི་གདམས་ངག་ལས་རྟོགས་པའི་རིམ་པ་མཁས་པའོ། །ཡང་ན་ཀུན་དུ་རུ་ནི་ཁ་སྦྱོར་བའོ། །བྱེད་པ་ནི་གཉིས་སུ་མེད་པར་རྫོགས་པར་བྱེད་པའོ། །བརྟུལ་ཞུགས་ཅན་ཞེས་པ་ནི། གང་ཟུང་དུ་འཇུག་པའོ། །ཟུང་འཇུག་
ཉིད་ཇི་ལྟར་ཡིན་པ་གསུངས་པ། བོ་ལ་ཀཀྐོ་ལར་བཅུག་པས་ནི་ཆོས་འབྱུང་གི་རང་བཞིན་དུ་རྡོ་རྗེ་བསྐྱེད་ནས་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའི་རང་བཞིན་དུ་ཡོད་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །སུ་ནི་ཁུ་བའོ། །ཨ་བདག་མེད་
པའོ། །བདེ་བ་ཡིན་པས་རང་ངོ་། །དེ་ནས་གཞན་ནི་གཉི་ག་དབྱེར་མེད་པའི་ཕྱིར་གཉི་ག་ལས་ཤིན་ཏུ་འདས་པ་དེ་ཉིད་ཀྱི་དོན་ཏོ། །གཞན་གྱི་དོན་ཡོད་པ་དེ་ལ་མཆོག་ཁྱད་འཕགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དེ་འདིའི་ཕྱིར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་རོ། །བཏབ་ནས་མཚོན་
པ་འདིས་ན་ཕྱག་རྒྱའོ། །ཆགས་པ་ནི་ཆགས་པ་འོད་དཔག་ཏུ་མེད་པ་སྟེ་འོད་དཔག་མེད་དང་དབྱེར་མེད་པའི་ཕྱག་རྒྱ་ཆེན་པོའོ། །ཕྱི་ནས་ཞེས་པ་ནི་ལྷག་མ་སྟེ་བཞི་པ་ཡིན་པའི་དོན་ཏོ། །ཕྱག་རྒྱ་ཅིས་ཁྱད་པར་འཕགས་ཤེ་ན། ཤིན་ཏུ་བཞིན་བཟངས་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་
རང་བཞིན་ནོ། །མིག་ཡངས་མ་ཞེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ནོ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཅེས་པ་ནི། སྤྲུལ་པའི་སྐུའི་བདག་ཉིད་དོ། །སྔོ་བསངས་མ་ཞེས་པ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའོ། །སོས་དལ་ཞེས་པ་ནི་མི་གཡོ་བའི་རང་བཞིན་ཉིད་ཀྱིས་གཉིས་སུ་
མེད་པའོ། །རིགས་བཟང་མ་ཞེས་པ་རིགས་ལྔའི་རིགས་ཅན་མའོ། །སིཧླ་ག་བུར་ཡང་དག་འབྱུང་། །ཞེས་པ་ནི་སིཧླ་ཉི་མའོ། །ག་བུར་ཟླ་བའོ། །གཉི་ག་ལས་ཡང་དག་པར་འབྱུང་བ་ནི་རྡོ་རྗེ་འཛིན་པའི་དམ་ཚིག་གི་དཀྱིལ་འཁོར་རོ། །ཨཾ་བདག་མེད་མའི་དཀྱིལ་འཁོར་ཉིད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་

རོ། །དཀྱིལ་འཁོར་གཉི་ག་དབྱེར་མེད་པ་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གིས་དབང་བསྐུར་ནི་རང་བཞིན་ཉིད་ཀྱིས་དྲི་མ་མེད་པར་གྱུར་པའོ། །གང་ལ་ཡོད་ཅེ་ན་དགྱེས་རྡོ་རྗེས་ཏེ། གཉིས་སུ་མེད་པར་རྟོགས་ཤིང་ཁོང་དུ་ཆུད་པའི་ལྷན་ཅིག་སྐྱེས་པར་མངོན་
པར་གསལ་བའོ། །དེ་ཉིད་ཀྱི་ཕྱིར་སྐྲ་བཟང་ནི་མཛེས་པའི་ཡེ་ཤེས་རྒྱལ་པོ་ལྡན་པའོ། །སྒྲུབ་པ་པོ་ལ་དགའ་ནི་རྡོ་རྗེ་འཛིན་པའི་རང་བཞིན་དག་གོ། །ཆང་ནི་བྱང་ཆུབ་ཀྱི་སེམས་ཏེ། འདི་ལ་ཉོན་མོངས་པའི་བག་ཆགས་རྣམས་སྤངས་པའོ། །དྲང་བར་བྱ་ནི་བསྲུང་བར་བྱ་བའོ། །རང་ཡང་ནི་
བདག་ཉིད་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་བཏུང་བ་ནི་བསྡུ་བའོ། །དེ་ཉིད་ཀྱི་ཕྱིར་བརྟུལ་ཞུགས་ཅན་ནི་སྤྲོ་བ་དང་བསྡུ་བའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པ་ཡིན་པའི་དོན་ཏོ། །འདིས་ནི་སོས་དལ་ཞེས་པ་ནི་གཉིས་སུ་མེད་པས་གཅིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྔོ་བསངས་མ་ཞེས་པ་ནི་
གཉིས་སུ་མེད་པའི་ཕྱིར་རོ། །བཞིན་བཟངས་མ། གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཞེས་པ་ནི། སྐུ་གསུམ་གྱི་རང་བཞིན་པས་རྣམ་པ་གསུམ་མོ། །རང་གིས་དབང་བསྐུར་དགྱེས་རྡོ་རྗེས། །ཞེས་པ་ནི། བཞི་པའི་རང་བཞིན་གྱི་ཕྱིར་རོ། །རིགས་བཟང་མ་ཞེས་པ་ནི་རིགས་ལྔའི་
རིགས་ཅན་ཡིན་པས་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྲ་བཟང་མ་ཞེས་པ་ནི་ཡེ་ཤེས་ཀྱི་རྒྱལ་པོ་འདོད་པ་ཀུན་གྱི་རང་བཞིན་རྣམས་སོ། །སྒྲུབ་པ་པོ་ལ་དགའ་ཞེས་པ་ནི་དྲུག་པ་རྡོ་རྗེ་འཛིན་པ་ལས་འདས་པའི་གཉི་གའི་ཡེ་ཤེས་དང་ལྡན་པའོ། །སིཧླ་ག་བུར་ཡང་དག་འབྱུང་ནི་
དཀྱིལ་འཁོར་གཉི་ག་དབྱེར་མེད་པས་སྤྲོ་བ་དང་བསྡུ་བའི་རང་བཞིན་དག་གོ། །དེ་ཉིད་ཀྱི་ཕྱིར་ཆང་ཡང་དྲང་བར་བྱ་བ་ཉིད་ནི་དེ་ལའོ། །བརྟུལ་ཞུགས་ཅན་གྱིས་རང་ཡང་བཏུང་། །ཞེས་པ་ནི་བསྡུ་བའི་དོན་ཏོ། །ཀུན་དུ་རུའི་སྦྱོར་བ་ཡོད་པ་གང་གསུངས་པ། དེར་ནི་སྦྱོར་བ་ལས་བྱུང་བ། །ག་བུར་
མཁས་པས་མི་སྤང་སྟེ། །དེ་ལས་ལག་ཏུ་མི་བླང་ཞིང་། །ཉ་ཕྱིས་དུང་ཆོས་ཉིད་དུ་མིན། །ངེས་པར་བློ་དང་སྟོབས་འཕེལ་ཕྱིར། །མི་འཆི་ལྕེ་ཡིས་བླང་བ་ཉིད། །ག་པུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །སྦྱོར་བ་དེ་ལས་གང་བྱུང་བའི་བྱང་ཆུབ་ཀྱི་སེམས་དེ་སྤང་བར་མི་

བྱའོ། །དེ་ནས་ནི་དེའི་ཕྱིར་རོ། །ལག་ཏུ་མི་བླང་ཞིང་ཉ་ཕྱིས་དང་དུང་ཆོས་ཀྱི་སྣོད་དུ་ཡང་མ་ཡིན་པར་བདུད་རྩི་དེ་སླར་ཡང་ལྕེ་ཡིས་བླང་བར་བྱའོ། །སྟོབས་འཕེལ་ཕྱིར་ནི་སྟོབས་འཕེལ་བར་བྱ་བའི་ཕྱིར་རོ། །ངེས་པར་ནི་ངེས་པར་རོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ག་པུར་ཉིད་ནི་བདག་མེད་མ། །
བདེ་བ་བདག་མེད་ཚུལ་ཅན་ནོ། །གང་དེ་ཡིན་པའི་དོན་ཏོ། །ཡང་ན་དེར་ནི་སྦྱོར་བ་ཞེས་པ་ནི་གཉི་ག་དབྱེར་མེད་དུ་ཡོད་པ་ལས་ཡང་དག་པར་འབྱུང་བའོ། །ག་པུར་ནི་དེ་ལས་བྱུང་བ་ཡང་དག་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སོ། །མི་སྤང་སྟེ་ནི་སྤང་བའི་ཚུལ་དུ་རྟོག་པར་མི་བྱ་བའོ། །མཁས་
པ་ནི་ཤེས་པ་ཅན་ནོ། །དེ་ལས་ལག་ཏུ་མི་བླང་ཞིང་ནི་རྡོ་རྗེ་འཛིན་དང་དབྱེར་མེད་པའི་བདག་མེད་མའི་ཡེ་ཤེས་ཀྱིས་གཟུང་བའི་ཚུལ་དུ་བསྐྱེད་པར་མི་བྱའོ། །གང་དུ་ཞེ་ན་ཉ་ཕྱིས་མིན་ནི་ཆོས་འབྱུང་དུ་མ་ཡིན་པའོ། །དུང་ཆོས་ཉིད་དུ་མིན་ནི་རྡོ་རྗེ་མ་ཡིན་པའོ། །གཉི་ག་དབྱེར་མེད་པའི་ཡེ་ཤེས་
ཉིད་ཀྱི་ཕྱིར། སྤང་བར་བྱ་བ་གཟུང་བ་དག་ཀྱང་དངོས་པོ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདུད་རྩི་སྟེ་དེ་ལྕེས་ནི་བློས་བླང་བའོ། །བདེན་པ་གཉིས་དབྱེར་མེད་པའི་བྱང་ཆུབ་ཀྱི་ངེས་པའོ། །ཅིའི་ཕྱིར་ཞེ་ན། བློ་དང་སྟོབས་འཕེལ་ཕྱིར། སྟོབས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་
པའོ། །སྟོབས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་མོ། །འདི་ཇི་ལྟར་ཡིན་པ་གསུངས་པ། ག་པུར་ཉིད་ནི་བདག་མེད་མ་ནི་རྡོ་རྗེ་འཛིན་པ་ཉིད་བདག་མེད་མ་སྟེ་བདག་མེད་མའི་རང་བཞིན་ཅན་གྱི་ཡེ་ཤེས་སོ། །བདེ་བ་ནི་ཡང་དག་པའི་ཡེ་ཤེས་སོ། །དེའི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་
འཁོར་ཉིད་དུ་གནས། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །དེའི་བདེ་བ་ཞེས་པ་དེའི་ཡང་དག་པའི་ཡེ་ཤེས་ཡོངས་སུ་ཤེས་པའོ། །ཇི་ལྟར་ཡིན་པ་གསུངས་པ། ཕྱག་རྒྱ་ཆེ་སྟེ། འདི་ཕྱག་རྒྱ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་
ཆེན་པོ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱང་ཆུབ་པའོ། །དེ་ཡང་གནས་ནི་ཡང་དག་པར་མི་གཡོ་བའི་རང་བཞིན་ནོ། །གང་དུ་ཞེ་ན། ལྟེ་བའི་དཀྱིལ་འཁོར་ཉིད་དུ་སྟེ་ཆུའི་ཁམས་བྱང་ཆུབ་ཀྱི་སེམས་ལའོ། །དབྱངས་ཡིག་དང་པོའི་རང་བཞིན་ཏེ་དེ་ཡང་དབྱངས་དང་པོའི་རང་བཞིན་ཅན་

ནོ། །འོན་ཀྱང་ཅི་འདྲ་བ་ཡིན་པ་དེ་གསུངས་པ། བློ་ཞེས་སངས་རྒྱས་ཀྱིས་རབ་བརྟགས། །རྟོགས་པའི་རང་བཞིན་གྱིས་སངས་རྒྱས་ཏེ་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔས་སོ། །རབ་ཏུ་བརྟགས་ནི་གསལ་བར་རབ་ཏུ་ཡོངས་སུ་དཔྱད་པའོ། །དེ་ཉིད་གང་ཡིན་པ་གསུངས་
པ། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། ཇི་ལྟར་ཞེ་ན། རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །རྣལ་འབྱོར་ཞེས་པ་ནི་དབྱེར་མེད་པའི་ཕྱིར་རོ། །རྫོགས་པ་ཞེས་པ་ནི་རྫོགས་པ་ཉིད་དོ། །དེ་ཡང་ཅིས་ཁྱད་འཕགས་པ་ཡིན་པ་གསུངས་པ། དེ་ཉིད་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་
ཟླུམ་པོ་མིན། །དྲི་དང་རོ་མྱང་བ་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན་ནི་དེ་ཉིད་དོ། །གང་བཞི་པ་ཡང་དེ་དང་དབྱེར་མེད་པ་ཡིན་པར་གསུངས་པ། དྲི་དང་རོ་མྱང་བ་ལས་འདས། །ཞེས་པ་ནི། རྡོ་རྗེ་གསུམ་དང་དབྱེར་མེད་པ་ཡང་
དེ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཀ་ནི་ཀཱ་ལིའོ། །ཨ་ནི་ཨཱ་ལིའོ། །གཉི་ག་ཡང་སྤངས་ནས་འདོར་བས་ན་བྱེད་པའོ། །དེ་འདི་ལ་ཡོད་པས་ན་ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན་ནོ། །དེ་ཉིད་ནི་སྐུ་གསུམ་ཡིན་པ་གསུངས་པ། །དེ་ལ་སྐྱེས་པའི་རྣལ་འབྱོར་པ། །
དེ་ཡི་བདེ་བ་ཟབ་ཉིད། །ཕྱག་རྒྱ་ཆེན་པོ་བདེ་སྟེར་མ། །དེ་དང་ལྷན་ཅིག་དངོས་གྲུབ་འཐོབ། །འདི་ལ་རྣལ་འབྱོར་ཡོད་པས་རྣལ་འབྱོར་པ་སྟེ་བདག་མེད་མ་དང་དབྱེར་མེད་པའི་རྡོ་རྗེ་འཛིན་པའོ། །དེ་ལ་ནི་བདག་མེད་མའི་ཚུལ་གྱིས་གཞི་ལའོ། །སྐྱེ་བ་ནི་བསྲབས་པའི་ཡེ་ཤེས་སྐྱེ་བའོ། །དེ་
ཉིད་ཀྱི་ཕྱིར་རྣལ་འབྱོར་པའོ། །དེའི་ནི་བདག་མེད་མའོ། །བདེ་བ་ནི་ཡེ་ཤེས་སོ། །ཟ་བ་ཉིད་ནི་དེར་ཡང་གཞག་ཏུ་མེད་པའོ། །དེ་ལོངས་སྤྱོད་པ་ཉིད་ཀྱི་དོན་ཏོ། །དེ་དང་ལྷན་ཅིག་དངོས་གྲུབ་འཐོབ་ནི་དེའི་མཚན་ཉིད་དང་བྲལ་བ་རྣམས་ལ་དངོས་གྲུབ་མེད་པ་ཡིན་པའི་དོན་ཏོ། །སྐྱེ་བ་ནི་སྤྲུལ་
པའི་སྐུའོ། །ཟ་བ་ཉིད་ནི་ལོངས་སྤྱོད་རྫོགས་པའོ། །དེ་དང་ལྷན་ཅིག་དངོས་གྲུབ་ནི་ཆོས་ཀྱི་སྐུའོ། །སྐུ་གསུམ་གྱི་བདག་ཉིད་ཀྱི་བཅོམ་ལྡན་འདས་སོ། །ཕྱག་རྒྱ་ཆེན་པོ་བདེ་སྟེར་མ། །ཞེས་པ་ནི། བསྡུ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་

བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་། །ཤེས་རབ་ཉིད་ཀྱིས་སྤྱད་པར་བྱ། །དེ་བཞིན་དུ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་ཐམས་ཅད་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །གང་གི་ཕྱིར་ཤེས་རབ་ཉིད་ནི་རབ་ཏུ་གསལ་བ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ལ་སྤྱད་
པ་ནི། །ཇི་ལྟར་མངོན་པར་ཤེས་པས་རྣམ་པར་གཞག་པར་བྱའོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་མོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་དང་། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ལྷན་ཅིག་སྐྱེས་པའི་གཟུགས་
ཞེས་པ་འདིས་ནི། ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་ཡིན་ནོ། །བདེ་ཆེན་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཉིད་བསྟན་པ་ཡིན་ནོ། །བཟང་མོའི་རྣལ་འབྱོར་མ་ཞེས་པ་འདིས་ནི་སྤྲོ་བ་དང་བསྡུ་བའི་རང་བཞིན་ཉིད་ཉེ་བར་བསྟན་ཏོ། །འདིས་ནི་གཉིས་པོ་གཉིས་སུ་མེད་པའི་ཡེ་ཤེས་ལྔའི་
རང་བཞིན་གྱི་མངོན་པར་ཤེས་པ་ལྔའི་ཡོན་ཏན་འབྱུང་བའི་མཚན་ཉིད་གསུངས་པ། དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པས་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ་ཉིད་དཀྱིལ་འཁོར་བདག་
པོ་ང་། །དེ་ཉིད་བདག་མེད་རྣལ་འབྱོར་མའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །མེ་ལོང་ཡེ་ཤེས་གཟུགས་ཀྱིས་ནི་སྤྲུལ་པའི་སྐུ་ཉིད་དོ། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཞེས་པ་འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དོ། །ཡང་དག་གྱུར་པས་སོ་སོར་རྟོག །ཅེས་པ་ནི། ཆོས་
ཀྱི་སྐུ་ཉིད་དོ། །དེ་ཉིད་བྱ་བ་ནན་ཏན་ཞེས་པ་འདིས་ནི་སྐུ་གསུམ་དབྱེར་མེད་པ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ཉིད་དཀྱིལ་འཁོར་བདག་པོ་དེ། །ཞེས་པ་
འདིས་ནི་ཡི་གེ་ཨ་དང་ཧཾ་གི་ནཱ་ད་གཉིས་དབྱེར་མེད་པ་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །དེ་ཉིད་བདག་མེད་རྣལ་འབྱོར་མའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་པ་འདིས་ནི་རྣལ་འབྱོར་མ་བདག་མེད་མའི་རང་བཞིན་ཉིད་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །རྡོ་རྗེ་སྙིང་པོས་གསོལ་

པ། །འཁོར་ལོ་བསྒོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། །སྡོམ་པའང་བདག་ལ་བཤད་དུ་གསོལ། །འཁོར་ལོ་ཞེས་པ་ནི་བདག་མེད་མའི་དཀྱིལ་འཁོར་རོ། །བསྒོམ་པའི་ལམ་དང་ནི་ཞེས་པ་ནི་དེ་ཉིད་ཟུང་དུ་
འཇུག་པའོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་པ་ནི། ཡང་དག་པའི་ཚུལ་གྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་ནའོ། །ཡང་ན་འཁོར་ལོ་ཞེས་པ་ནི་རྡོ་རྗེ་རིགས་ཀྱི་རིམ་པར་ཕྱེ་བ་ལས་གསུངས་པའི་རྩའི་འཁོར་ལོའི་རིམ་པས་སྤྲུལ་པའི་སྐུའོ། །བསྒོམ་
པའི་ལམ་དང་ནི་ཞེས་པ་ནི་སྔགས་ཀྱི་རིམ་པར་ཕྱེ་བ་ལས་གསུངས་པའི་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་དབྱེར་མེད་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པ་ནི། ལྷའི་རིམ་པར་ཕྱེ་བར་གསུངས་པའི་ཕྱག་དང་ཞལ་དང་མདོག་དང་དབྱིབས་རྣམས་དབྱེར་མེད་པའི་
ཆོས་ཀྱི་སྐུའོ། །འདིས་ནི་སྐུ་གསུམ་བསྟན་ཏོ། །འདིའི་ཡང་སྡོམ་པ་ནི་བསྡུ་བའོ། །བདག་ལ་བཤད་དུ་གསོལ་ནི་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་མ་ལུས་དབུས་ནས་སུ། །ཨ་ཡི་རྣམ་པའི་སྡོམ་པ་གང་། །ཕྱི་རོལ་ཇི་ལྟར་དེ་བཞིན་ནང་། །སྡོམ་
པ་དེ་ཉིད་རབ་ཏུ་བཤད། །ཡི་གེ་ཨཾ་ཡང་དག་པའི་མཆོག་དམ་པའོ། །དེ་ཡང་གནས་པ་ནི་དེ་བཞིན་ཉིད་དུ་མི་གཡོ་བའི་ཚུལ་གྱི་ཕྱིར་རོ། །དེ་ཡང་རྣལ་འབྱོར་མ་ནི་རྣལ་འབྱོར་འདུ་བ་འདི་ལ་ཡོད་པས་རྣལ་འབྱོར་མ་སྟེ། རང་བཞིན་གྱིས་རྣལ་འབྱོར་དང་ལྡན་པ་ཡིན་པའི་དོན་ཏོ། །རྒྱུ་
དེའི་ཕྱིར་ན་ཆོས་འབྱུང་དེའི་དབུས་གནས་དེ་ཉིད་ཟུར་གསུམ་པ་ཡིན་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་ཇི་ལྟར་ནི་སྐུ་གསུང་ཐུགས་སོ། །དེ་བཞིན་དུ་ནང་དུ་ཡང་ངོ་། །དེ་རབ་ཏུ་བཤད་ནི་གསལ་བ་ཉིད་ཡིན་པའི་དོན་ཏོ། །དེ་ཉིད་གསུངས་པ། བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་
ཐབས་ཉིད་ཀྱིས། །འདིས་ནི་གསང་བའི་སྙོམས་འཇུག་པས། ཕྱི་རོལ་གཉིས་གཉིས་ངེས་པར་བསྟན། །བོ་ལའི་བདེ་བ་ཞེས་པ་ནི་གང་མི་ཕྱེད་པའི་ཡེ་ཤེས་དེ་ནི་ཕྱག་རྒྱའོ། །རྡོ་རྗེ་སྐྱེ་མཆེད་ཅེས་པ་ནི་རྡོ་རྗེ་ཉིད་སྐྱེ་མཆེད་དེ་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པའོ། །དེ་ཉིད་ཐབས་ཏེ་ཐབས་

ཀྱི་ཡེ་ཤེས་སོ། །འདིས་ནི་གསང་བའི་སྙོམས་འཇུག་པ། །ཞེས་པ་རྡོ་རྗེ་དང་པདྨ་དབྱེར་མེད་པ་ཉིད་རྡོ་རྗེའོ། །པདྨ་དང་རྡོ་རྗེ་དབྱེར་མེད་པ་ཉིད་པདྨའོ། །དེ་ལྟར་གསང་བའི་སྙོམས་པར་འཇུག་པས་ཡང་དག་པར་སྦྱོར་བའི་རྒྱུ་དེས་ན་ཕྱི་རོལ་གཉིས་གཉིས་ནི་ཟུང་དུ་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་
ཕྱི་རོལ་ཇི་ལྟར་དེ་བཞིན་ནང་ངོ་། །ནང་ཉིད་གསུངས་པ། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །ཞེས་པ་ནི་ནང་སྟེ་ལུས་ཀྱི་ནང་ཉིད་དུ་སྐུ་གསུམ་འཁོར་ལོའི་གཟུགས་ཀྱིས་བརྗོད་དོ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་
བརྗོད། །སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་དང་སྐུ་གསུམ་གང་ཡོངས་སུ་ཤེས་པའི་འཁོར་ལོ་དེ་ཉིད་བདེ་བ་ཆེན་པོ་ཡང་དག་པའི་ཡེ་ཤེས་སོ། །འདོད་ཅེས་པ་ནི་རྟོག་པའི་རང་བཞིན་ནོ། །སྐུ་ཉིད་འཁོར་ལོ་ཡིན་པས་སྐུའི་འཁོར་ལོ་ལ་དེ་ཉིད་བདེ་བ་ཆེན་པོ་ཡིན་ཏེ། །སྐུ་གསུམ་གྱི་བདག་
ཉིད་ཀྱི་སྐུ་ཡིན་ནོ། །སྐུ་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་ལོ་གསུངས་པ། ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་དུ་ཡང་བདེ་ཆེན་ཉིད། །སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང་། །སྐུ་གསུམ་གྱིས་ནི་རྣམ་པར་གནས། །སྤྲུལ་པའི་སྐུ་གསུངས་པ། མ་ལུས་པ་རྣམས་སེམས་
ཅན་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །མ་ལུས་པ་རྣམས་ཀྱི་ཞེས་པ་ནི་འགྲོ་བ་སྣ་ཚོགས་སུ་གྱུར་པ་རྣམས་ཀྱིའོ། །སེམས་ཅན་གྱི་ཞེས་པ་ནི་སྲིད་གསུམ་དུ་གྱུར་པ་རྣམས་ཀྱིའོ། །གང་ལས་སྐྱེ་བ་དེར་དེ་ལ་སྤྲུལ་
པའི་སྐུ་ཡིན་ནོ། །ཇི་ལྟར་ཡིན་པ་གསུངས་པ། གང་ཕྱིར་ཏེ་གང་གི་ཕྱིར་སྤྲུལ་པར་གནས་བརྟན་ཕྱིར་ནི་གནས་པའི་ངང་ཚུལ་ལོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བར་བརྟགས་པའོ། །སྐྱེ་བའི་དོན་ཉིད་གསུངས་པ། སྐྱེ་དང་སྤྲུལ་པར་བྱེད་པ་འདིས། །སྐུ་ནི་སྤྲུལ་པ་ཅན་ཞེས་འདོད། །ཅེས་པ་
འདིས་ནི་ཞེས་པ་ནི་སྐྱེ་གནས་ཀྱིས་སོ། །སྤྲུལ་པ་ཅན་ཞེས་པ་ནི་ཕྱག་དང་ཞལ་གྱི་རྣམ་པ་ལ་སོགས་པའི་རང་བཞིན་ནོ། །ཆོས་ཀྱི་སྐུ་གསུངས་པ། སེམས་ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ། དྲུག་པོ་ཉིད་ཀྱི་རང་

བཞིན་ཅན། །བཟའ་བ་ངེས་པར་ལོངས་སྤྱོད་རྫོགས། །དྲུག་ཅེས་པ་ནི་ཁ་ལ་སོགས་པའི་གཟུགས་ཡོངས་སུ་གྱུར་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་མཉམ་པ་ཉིད་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིའོ། །བཟའ་བ་ལོངས་སྤྱོད་ནི་ཨཱ་ལི་ཀཱ་ལིའི་ནཱ་ད་ཚར་གཉིས་ཀྱི་བདག་
ཉིད་ཀྱི་ནཱ་ད་ཡོངས་སུ་གྱུར་པས་ནཱ་དའི་ཕྲེང་གཉིས་སོ། །མགྲིན་པ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་པ་ནི། སྐུ་གསུམ་ཡོངས་སུ་ཤེས་པ་གང་དེ་ཉིད། །དེ་ནི་བདེ་བ་ཆེན་པོའི་འཁོར་ལོར་འདོད། །ཅེས་གསུངས་པའོ། །དེ་ཡང་སྤྱི་བོར་གནས་
ཞེས་པ་ནི་བརྟན་པ་དང་གཡོ་བའི་རང་བཞིན་ནོ། །འདིས་ནི་སྐུ་གསུམ་དབྱེར་མེད་པ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། སྐུ་གསུམ་གྱི་བདག་ཉིད་ཀྱི་འཁོར་ལོ་གསུམ་སྐྱེ་གནས་དང་སྙིང་ག་དང་མགྲིན་པའི་རང་བཞིན་ཉིད་ནི་བདེ་བ་ཆེན་པོའི་འཁོར་ལོ་ཡིན་པས་སྤྱི་བོར་བདེ་བ་ཆེན་པོ་གནས་སོ། །
སྐུ་ནི་བསགས་པའི་མཚན་ཉིད་ཀྱི་སྤྲུལ་པ་ཅན་ནོ། །ཀ་དང་ཨ་ལས་ཀཱ་ཡིན་པས་ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་པོ་འདི་གཉིས་ཀྱི་བདག་ཉིད་ཅན་འདིའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཀ་བདེ་བའི་ཡེ་ཤེས་ཅན་གྱི་སྐུ་འདི་ཡང་བདེ་བ་ཡང་དག་པར་རིག་པས་ཆོས་ཀྱི་སྐུའོ། །ཨེ་ཝཾ་
རྣམ་པ་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལ། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད། །བདེ་བའི་འཁོར་ལོར་དྲི་མེད་ཉིད། །རྒྱུ་མཐུན་ལ་སོགས་རབ་ཕྱེ་བས། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །སྐུ་གསུམ་ཡོངས་སུ་ཤེས་པ་དེ་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པའོ། །དེ་ཡང་སྤྲུལ་
པ་ལ་སོགས་པ་འཁོར་ལོ་བཞིའི་རང་བཞིན་ལ། དེ་ཡང་རྣམ་པ་སྣ་ཚོགས་ལ་སོགས་པ་བཞི་དང་དབྱེར་མེད་པའི་དགའ་བ་བཞི་ལ་དེའི་འབྲས་བུ་ཡང་རྒྱུ་མཐུན་པ་ལ་སོགས་པ་བཞིའོ། །ཨེ་ཝཾ་རྣམ་པས་རྒྱུ་མཐུན་ཉིད། །ཅེས་པ་ནི། ཐབས་དང་ཤེས་རབ་དབྱེར་མེད་པ་ཉིད་རྣམ་པ་སྣ་ཚོགས་པའི་
སྐད་ཅིག་མའི་རང་བཞིན་དགའ་བ་དང་པོའོ། །རྒྱུ་མཐུན་ཞེས་པ་ནི་ཆོས་ཐམས་ཅད་རོ་གཅིག་པའི་རང་བཞིན་གྱི་སྤྲུལ་པའི་འཁོར་ལོའོ། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །ཞེས་པ་ནི། ཁྱད་པར་དུ་འཕགས་པར་སྨིན་པས་རྣམ་པར་སྨིན་པ་སྟེ། དེའི་ཕྱིས་ཀྱི་གནས་སྐབས་ནི་མཆོག་

ཏུ་དགའ་བའོ། །ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད་ཡང་དག་པར་ལོངས་སྤྱོད་ཡང་དག་པར་ཉམས་སུ་མྱོང་བ་བདེ་བ་ལ་ཆགས་པར་རོ། །གཅིག་པ་ཉིད་ནི་ལོངས་སྤྱོད་དོ། །དེ་ལ་སྐྱེས་བུ་བྱེད་པ་ཉིད། །ཅེས་པ་ནི། སྐྱེས་བུ་རྫོགས་པ་སྟེ། ཡུལ་དང་དབང་པོ་དག་དང་བྲལ་ནས་ཞི་བར་རོ་
གཅིག་པའི་སྐུའི་རང་བཞིན་སེམས་ཙམ་རྣམ་པར་ཉེད་པའི་སྐད་ཅིག་མ་དང་དབྱེར་མེད་པའི་རྣམ་པར་དག་པ་དེ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་སྟེ་ནཱ་ད་ཚར་གཉིས་དང་དབྱེར་མེད་པའི་ཕྱིར་རོ། །བདེ་བའི་འཁོར་ལོར་དྲི་མེད་ཉིད། །ཅེས་པ་ནི། དྲི་མ་ནི་འདོད་ཆགས་ལ་སོགས་པའོ། །དེ་དང་
གང་ལ་བྲལ་བ་དེ་ནི་དྲི་མ་མེད་པའོ། །དེའི་དངོས་པོ་ནི་དྲི་མ་མེད་པ་སྒྲིབ་པ་ཐམས་ཅད་རྣམ་པར་སྤངས་པ་སྐུ་གསུམ་དབྱེར་མེད་པའི་མཚན་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་བདེ་བའི་འཁོར་ལོར་ནི་བདེ་བའི་ཆགས་པ་དང་བྲལ་བའི་ཡེ་ཤེས་བདེ་བ་ཆེན་པོའི་འཁོར་ལོ་ཡིན་པའི་དོན་
ཏོ། །རྒྱུ་མཐུན་པ་ལ་སོགས་པའི་དོན་གསུངས་པ། །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལས་སྤྱོད་བཅོམ་ལྡན་ཤེས་རབ་མ། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས། །ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་དེ་ལས་བཟློག །རྣལ་འབྱོར་དག་པ་
དྲི་མེད་ཉིད། །སྐྱེས་པ་སྐྱེས་བུ་བྱེད་པ་ཉིད། །ཤེས་རབ་ཀྱིས་ནི་ཉེར་ལོངས་སྤྱོད། །ཅེས་མདོར་བསྟན་པ་འདིའི་རྒྱས་པར་བཤད་པ་ཡིན་ནོ། །གང་འདི་བཅོམ་ལྡན་འདས་མ་ཤེས་རབ་མ་དེ་ལས་སྤྱོད་པ་ནི་ལས་ཟ་བའོ། །འདི་ཇི་ལྟར་ཡིན་པ་དེ་གསུངས་པ། ལས་ཀྱི་རླུང་གིས་བསྐུལ་བ་
ནི་བསྐུལ་བའོ། །ལོངས་སྤྱོད་ཉིད་ཅི་འདྲ་བ་ཡིན་པར་གསུངས་པ། ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །ལས་ཉིད་ལོངས་སྤྱོད་པ་ཡིན་ཏེ། །དེ་ཉིད་རྒྱུ་མཐུན་ཞེས་ནི་བསྒྲགས། །རྣམ་པ་སྣ་ཚོགས་ལ་སོགས་པའི་རྒྱུ་དང་འབྲས་བུའི་རང་བཞིན་རྒྱུ་མཐུན་པ་ཡིན་ཏེ་སྤྲུལ་པ་ཅན་གྱི་སྐུའོ། །རྣམ་
པར་སྨིན་པ་དེ་ལས་བཟློག །ཅེས་པ་ནི། ལས་ཆུང་ལ་ཡང་བར་ཡོད་ལ་གང་འབྲས་བུ་ཆེ་བ་སྣ་ཚོགས་ཀྱི་མཚན་ཉིད་ནུབ་པ་ཞེས་བྱ་བ་ལས་ཆུང་བ་ཉིད་དོ། །དེ་ཉིད་འབྲས་བུ་ཆེ་བ་ཡིན་པ་ནི་ཆོས་ཀྱི་སྐུའོ། །རྣལ་འབྱོར་དག་པ་དྲི་མེད་འབྲས། །ཞེས་པ་ནི། རྣལ་འབྱོར་ནི་འདུས་པ་སྟེ།

ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་དབྱེར་མེད་པའོ། །དེ་ཉིད་ཁྱད་པར་དུ་འཕགས་པར་དག་པ་ནི་རྣལ་འབྱོར་མ་དག་པའོ། །དེ་ཉིད་འབྲས་བུའོ། །གང་ཞེ་ན། དྲི་མེད་སྟེ་དྲི་མ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་པོ་འདི་སྐུ་གསུམ་དབྱེར་མེད་པ་ཉིད་དུ་མངོན་པར་
གསལ་བར་བྱས་པ། སྐྱེས་པ་སྐྱེས་བུ་བྱེད་པ་ཉིད་ནི་སྐྱེས་བུའི་བྱ་བ་ནི་སྐྱེས་བུ་ལ། དེ་བསྐྱེད་པ་ནི་རང་གི་རྒྱུ་ཉིད་ལས་ཐམས་ཅད་གྲུབ་པའོ། །རང་རིག་པ་ཉིད་སྐུ་གསུམ་དབྱེར་མེད་པའི་སྐུ་གསུམ་པོ་འདི་ཉིད་རང་རིག་པ་སྟེ་གཉི་ག་ཡང་དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་བཅོམ་ལྡན་འདས་
མ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་བསྟེན་པ་ངོ་བོ་ཉིད་ཀྱི་སྐུའོ། །སྐུའི་སྒྲའི་དོན་གསུངས་པ། །གང་ཕྱིར་སྤྲུལ་པར་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཆོས་ནི་སྨྲ་བ་
ལས་བྱུང་བ། །ཆོས་ཀྱི་འཁོར་ལོར་ཐམས་ཅད་ཡོད། །གང་ཕྱིར་མགྲིན་པར་ཀུན་བཀུར་ཉིད། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཏེ། །གང་ཕྱིར་བདེ་ཆེན་མགོར་གནས་པ། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །བདེ་བ་བཞི་པོ་འདི་ཉིད་མ་ནིང་ངོ་། །
སྡེ་པ་ནི་སྡེ་པ་ཞེས་བསྟན་པའོ། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཅེས་པ་ནི། སྤྲུལ་པའི་འཁོར་ལོར་ཡོད་པ་སྤྲུལ་པའི་འཁོར་ལོ་ཉིད་ཡིན་ནོ། །འདི་ཇི་ལྟར་ཡིན་པ་གསུངས་པ། གང་ཕྱིར་ནི་གང་གི་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར་ཏེ། ཆོས་བརྟན་པ་དང་གཡོ་བའི་རང་བཞིན་
གཏི་མུག་རྡོ་རྗེའི་རང་གི་ངོ་བོ་ཀུན་དུ་སྣང་བ་ལས་སོ་སོར་སྣང་བའོ། །ཐམས་ཅད་ཡོད་པར་སྨྲ་བ་ནི་སྡེ་པའོ། །ཆོས་ཀྱི་འཁོར་ལོར་ཡོད་པ་ཆོས་ཀྱི་འཁོར་ལོ་ཉིད་ཡིན་ནོ། །ཇི་ལྟར་ཡིན་པ་གསུངས་པ། གང་ཕྱིར་ཆོས་ནི་སྨྲ་བ་ལས་བྱུང་བ་ནི་བརྗོད་པའི་ཡུལ་ཞེ་སྡང་རྡོ་རྗེའོ། །ཀུན་བཀུར་ནི་
སྡེ་པའོ། །ལོངས་སྤྱོད་འཁོར་ལོར་ནི་ལོངས་སྤྱོད་འཁོར་ལོར་ཡོད་པ་ལོངས་སྤྱོད་འཁོར་ལོ་ཉིད་ཡིན་ནོ། །འདི་ཇི་ལྟར་ཡིན་པ་གསུངས་པ། མགྲིན་པར་ཀུན་བཀུར་ཕྱིར་ཀུན་མྱོང་བའི་རང་བཞིན་གསུང་རྡོ་རྗེའོ། །དགེ་འདུན་ཆེ་ནི་སྡེ་པའོ། །བདེ་བ་འཁོར་ལོ་ནི་བདེ་བ་ཆེན་པོའི་འཁོར་

ལོ་ཉིད་ཡིན་ནོ། །ཇི་ལྟར་ཡིན་པ་གསུངས་པ། གང་ཕྱིར་བདེ་ཆེན་འཁོར་ལོ་སྤྱི་བོར་གནས་པ་མི་གཡོ་བའི་རང་བཞིན་ལ། དགེ་འདུན་ཡང་འདུས་པའོ། །ཕལ་ཆེན་ཡང་འདི་ཡིན་ལ་དགེ་འདུན་ཡང་འདི་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། ཆེར་འདུས་ཤིང་འཚོགས་པས་ཕུང་པོ་དང་ཁམས་
དང་སྐྱེ་མཆེད་ལ་སོགས་པ་བསྡུ་བའོ། །དེ་འདི་ལ་ཡོད་པར་བྱས་པས་དེ་ཡང་བདེ་བ་ཆེན་པོ་ཉིད་ཡིན་ཏེ་ངོ་བོ་ཉིད་ཀྱི་སྐུའོ། །སྐུ་གསུམ་ཡོངས་སུ་རྫོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་མ་ལུས་པར་བསགས་པའི་རང་བཞིན་གྱི་སྐུ་མ་ནིང་དུ་སྔར་བསྟན་པའི་དོན་ཏོ། །སྡེ་
པ་བཞིའི་གནས་གསུངས་པ། །ལྟོ་བ་གནས་སུ་བརྗོད་པར་བྱ། །ཞེས་པ་ནི། ལྟོ་བ་ནི་མངལ་ཆོས་འབྱུང་གི་མཐའ་ན་ཡོད་པའོ། །དེ་གནས་སུ་ནི་གནས་པར་བརྗོད་དོ། །སྡེ་པ་བཞི་ཉིད་གསུངས་པ། །སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར། །བྷ་ག་ཆོས་འབྱུང་དུའོ། །འདོད་ཆགས་
བྲལ་བ་ནི་ཆགས་པ་དང་བྲལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཆོས་གོས་གསུངས་པ། མངལ་གྱི་ཁྲུ་མ་ཆོས་གོས་ཉིད་ནི་ཁྲུ་མས་གཏུམས་པ་སྟེ། གང་དུ་ཁྲུ་མ་ཞེས་རབ་ཏུ་གྲགས་པའོ། །དེས་གཏུམས་ནས་གནས་པས་སོ། །དེའི་ཁྲུ་མ་ཆོས་
གོས་ཞེས་པ་ནི་བསྒྲིབས་ཀྱང་གསལ་ལ་སྒྲིབ་པ་མེད་པ་ཉིད་སྒྲིབ་པ་ཡིན་པའི་དོན་ཏོ། །མཁན་པོ་གསུངས་པ། དེ་བཞིན་མ་ནི་མཁན་པོ་ཉིད། །མ་ནི་སྐྱེད་མ་སྟེ་དེ་ཉིད་མཁན་པོའོ། །གང་གི་ཕྱིར་དེའི་བདེ་བའི་ཡེ་ཤེས་ཉིད་དེ་ཤེས་པའོ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །གང་གི་
ཕྱིར་ལྷུམས་ན་ཞུགས་པའི་གནས་སྐབས་ན་ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་ནས་གནས་པས་ལྔ་པོ་གཉི་ག་དབྱེར་མེད་པ་ཉིད་ཁ་སྦྱོར་དུ་སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོར་རོ། །ཕྱག་ནི་ཁམས་ལ་མངོན་པར་འདུད་པའོ། །བསླབ་པའི་གཞི་གསུངས་པ། འགྲོ་བའི་བྱ་བ་
ཁྲིམས་ཀྱི་གནས། །ཞེས་པ་ནི་མཚན་མ་མ་ལུས་པ་འཛིན་པ་ནི་བསླབ་པའོ། །ཡང་ན་བསླབ་པའི་གཞི་ཞེས་པ་ནི་རིག་པ་ཉེ་བར་ལེན་པའི་ཤེས་པའོ། །འགྲོ་བའི་བྱ་བ་ཞེས་པ་ནི་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །སྔགས་ཀྱི་བཟླས་པ་གསུངས་པ། སྔགས་ཀྱི་བཟླས་པ་ཨ་

དང་ཧཾ་ཡིད་སྐྱོབ་པར་གྱུར་པའི་ཕྱིར་ན་སྔགས་ཏེ། ཨཱ་ལི་ཀཱ་ལིའི་ནཱ་ད་ཕྲེང་གཉིས་སོ། །དེ་ཉིད་བཟླས་པ་སྟེ་དེ་ཚིག་གི་མཚན་མའོ། །ཨ་དང་ཧཾ་ནི་ཨ་ཧཾ་གི་ཡི་གེའོ། །ཡང་ན་ཡི་གེ་ཨ་དང་ཧཾ་གི་རང་བཞིན་ཡིན་ཏེ། དེ་བཞིན་ཞེས་པ་ནི་ཇི་ལྟར་འགྲོ་བའི་བྱ་བ་དེ་བཞིན་དུ་
ཨ་ཧཾ་ངོ་། །ཇི་ལྟར་ཨ་ཧཾ་དེ་བཞིན་དུ་འགྲོ་བའི་བྱ་བའོ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །གང་སྐྱེ་གནས་ཀྱི་འཁོར་ལོའི་ཡི་གེ་ཨཾ་མ་ནིང་ལ། དེ་བདེ་བ་ཆེན་པོའི་ཡི་གེ་ཧཾ་ངོ་། །གང་བདེ་བ་ཆེན་པོའི་ཡི་གེ་ཧཾ་དེ་ནི་སྐྱེ་གནས་ཀྱི་འཁོར་ལོའི་ཡི་གེ་ཨཾ་ངོ་། །འདིས་
ནི་གཉིས་ཀ་སྦྱོར་བ་ལས་ཨ་ཧཾ་ངོ་། །སྔགས་ཀྱི་བཟླས་པ་སྒྲའི་རང་བཞིན་སྒྲ་ཡང་ཆ་མེད་པའི་ཆའོ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །ཅེས་བྱ་བ་ནི་སླ་བའི་དོན་ཏོ། །ཡང་ན་སྐྱེས་པ་ཞེས་པ་ནི་རྫོགས་པ་སྟེ་སྐྱེ་བ་དང་བྲལ་བ་གཟོད་མ་ནས་མ་སྐྱེས་པ་
ཡིན་པའི་དོན་ཏོ། །དགེ་སློང་ཉིད་ནི་སངས་རྒྱས་ཏེ་སྤྲུལ་པའི་སྐུའི་རང་བཞིན་ནོ། །སྔགས་འདོན་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་ནོ། །གཅེར་བུ་ཞེས་པ་འདིས་ནི་སྒྲིབ་པ་མེད་པའི་མཐའ་ཆོས་ཀྱི་སྐུའི་རང་བཞིན་དེ་ཡང་བཅོམ་ལྡན་འདས་སོ། །སྐྲ་དང་ཁ་སྤུ་བྲེགས་ཞེས་
པ་ནི་དེ་ཉིད་སྟོབས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་ཡིན་པར་དགོངས་སོ། །འདི་རྣམས་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དོན་ནི་གསལ་བ་ཉིད་དོ། །ཡང་ན། འདི་དག་རྐྱེན་གྱིས་སེམས་ཅན་རྣམས་སྐུ་གསུང་ཐུགས་རྣམས་སོ། །
སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་དོ། །ཟླ་བ་བཅུ་ནི་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །སེམས་ཅན་རྣམས་ནི་ས་བཅུ་པ་གནས་བཅུ་རྣམས་ལྔ་པོ་གཉིས་སོ། །ཡང་ཟླ་བ་རྩིས་ལས་འདས་པས་རིགས་མཐའ་ཡས་པ་ཡིན་པར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་ས་བཅུའི་དབང་
ཕྱུག་སྟེ། གནས་བཅུའི་བདག་པོ་རྣམས་སྐུ་གསུམ་ཉིད་ཡེ་ཤེས་ལྔའི་རང་བཞིན་ཡིན་པའི་དོན་ཏོ། །དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཁྲོ་གཉེར་མ་དང་། སྐུལ་བྱེད་མ་

དང་། །རི་ཁྲོད་ལོ་མ་ཅན་དང་། ཨེ་མའོ་བདེ་བ་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་ཚིག་འདི་རྣམས་ཐོས་ནས། མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་། བརྒྱལ་བ་དང་། སྐྲག་པ་དང་། ས་ལ་འགྱེལ་བ་དང་འདར་བར་གྱུར་ཏོ། །དེ་ནས་ཞེས་པ་ནི་རྗེས་ཐོགས་
སུའོ། །ཐམས་ཅད་ནི་བདག་མེད་མ་ལ་སོགས་པའོ། །ཨེ་མ་བདེ་བ་ནི་ཐོག་མ་དང་ཐ་མ་མེད་པའི་རྣལ་འབྱོར་མ་འདི་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་ཚིག་འདི་རྣམས་རྣ་བས་ཐོས་ནས་འདར་བར་གྱུར་ཅིང་སྐྲག་པ་དང་། འགྱེལ་བ་དང་། ས་ལ་འགྱེལ་
བ་རྣམས་ཏེ་འདིས་ནི་བྱིན་རླབས་བསྟན་ཏོ། །དཀྱིལ་འཁོར་བ་རྣམས་ཀྱང་རྣལ་འབྱོར་མ་རྣམས་དང་གཉིས་སུ་མེད་པ་ལས་ཁུ་བར་གྱུར་པར་བསྟན་ཏོ། །ཡང་རྡོ་རྗེ་ཅན་གྱིས་ལྷ་མོ་དེ་ཐམས་ཅད་གཟིགས་ནས་བརླབ་པའི་ཕྱིར་ཡང་དག་པར་བསྟོད་པ། །རྡོ་རྗེ་ཅན་ནི་རྡོ་རྗེ་འཛིན་པའོ། །མི་
ཕྱེད་པའི་ཡེ་ཤེས་ཅན་ནོ། །ཡང་དག་པར་བསྟོད་པ་ནི་སྒྲས་བསྐུལ་མ་འདེབས་ཏེ་ཡང་བསླང་བའི་ཕྱིར་ནི་སྤྲོ་བའི་ཕྱིར་རོ། །ལྷ་མོ་དེ་ཐམས་ཅད་ཅེས་པ་ནི་ཐབས་ཀྱི་རང་བཞིན་ཉིད་དེ་རྣམས་ཤེས་རབ་ཡིན་པས་སྐྱེས་བུས་བསྟན་ཏོ། །བསྟོད་པ་ཉིད་གསུངས་པ། །ས་དང་ཆུ་རླུང་བྱིན་ཟ་ཡི། །ལྷ་མོ་
སྣོད་ཅན་ཁྱོད་ཉིད་ལ། །གང་ཞིག་སུས་ཀྱང་མི་ཤེས་པ། །དེ་ཉིད་ང་ཡིས་སྤྲོ་ཡིས་ཉོན། །ཉོན་ནི་མཚན་མ་མེད་པར་འཛིན་པ་ལས་གྲོལ་བར་ཉོན་ཅིག་པའོ། །ཅི་ཡིན་པའི་དོགས་པ་བསུ་བ། དེ་ཉིད་སྤྲོ་ཡིས་ནི་སྤྲོ་བའི་དེ་ཉིད་ཀྱང་ངོ་། །གང་ཞིག་ནི་གང་ཡང་ངོ་། །སུས་ཀྱང་མི་ཤེས་པ་ནི་
སྤྲོས་པ་གང་ཡང་ངོ་། །མི་ཤེས་པ་ནི་མི་ཤེས་པ་སྟེ་རྟེན་དང་བརྟེན་པ་ཉིད་ཀྱི་རྣམ་པར་གཞག་པ་ཡིན་པར་དགོངས་སོ། །བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུ་ཉེ་བར་ཐོས་ནས། དེ་དག་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་གསུང་ཞེས་པ་ནི་སྐུ་གསུམ་གཅིག་པའི་
སྐུའི་གསུང་ཐོས་ནས་སོ། །དེས་ཅིར་འགྱུར་ཞེ་ན། རྨི་ལམ་ལྟ་བུར་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པར་རོ། །དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ་ནི་སྲོག་རྙེད་པ་སྟེ་མཚན་མ་མེད་པ་ཉིད་མཚན་མའི་རང་བཞིན་སྙམ་དུ་བསམ་པ་ཆོས་ཀྱི་སྐུ་ཉིད་ལོངས་སྤྱོད་པའི་སྐུ་ཡིན་པས་

སྐུ་གཉིས་དབྱེར་མེད་པར་གྱུར་ཏོ། །སྐུ་གཉིས་པོ་དེ་ཡང་སྤྲུལ་པའི་སྐུ་དང་དབྱེར་མེད་པར་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ནས་སངས་
རྒྱས་ཉིད། །སེམས་ཅན་རྣམས་ཞེས་པ་ནི་སྲིད་གསུམ་དུ་གྱུར་པ་སྤྲུལ་པའི་སྐུ་དང་དབྱེར་མེད་པ་གཉིས་ཀྱི་སྐུ་ཅན་ནོ། །སངས་རྒྱས་ཉིད་དོ། །དེ་ཇི་ལྟར་སངས་རྒྱས་ཀྱི་ཡོན་ཏན་འདི་རྣམས་མེད་པ་ཡིན་པ་གསུངས་པ། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ནི་གློ་བུར་གྱི་སྒྲས་ནི་འབྲེལ་མེད་
པ་ཅན་ནོ། །དེ་ལྟ་བུར་གྱུར་པ་དྲི་མ་སྟེ་དྲི་མ་ལྟ་བུར་གཟུང་བའི་མངོན་པར་ཞེན་པ་ཕུང་པོ་ལྔ་རྣམས་སོ། །དེས་བསྒྲིབས་པ་ནི་བསྒྲིབས་པར་བྱས་པའོ། །དེ་ཡང་སེམས་ཅན་རྣམས་རང་བཞིན་གྱིས་དག་པའོ། །དེ་སྐད་དུ་འཕགས་པའི་ཞལ་སྔ་ནས། ཇི་ལྟར་ཉི་ཟླ་དྲི་མེད་ཀྱང་། །སྒྲ་གཅན་
ཁ་སྤྲིན་ཁུག་རྣ་དང་། །རྡུལ་ཚུབ་དུད་སོགས་དྲི་མ་ནི། །དྲི་མ་ལྔ་པོ་རྣམས་ཀྱིས་བསྒྲིབས། །དེ་ཉིད་བསལ་ནས་ཞེས་པ་ནི། །གཟུང་བའི་མངོན་པར་ཞེན་པ་ཡོངས་སུ་སྤངས་པའོ། །སངས་རྒྱས་ཞེས་པ་ནི་བསྟན་པའི་མཁའ་འགྲོ་མར་འདོད་པར་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་འདི་
བདེན་པ་ཡང་མ་མཆིས་བརྫུན་པ་ཡང་མ་མཆིས་ཏེ། གང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དཔེས་དབེན་པར་སེམས་ཅན་རྣམས་སངས་རྒྱས་ཉིད་ཡིན་པར་གསུངས་པ། གང་ཞིག་
མི་ཤེས་འཇིག་རྟེན་པ། བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡི་དེ་ཉིད་ཡོངས་སུ་གཅོད། །དེ་བཞིན་ཞི་བཞི་ཐབས་ཤེས་ཤིང་། །ཀྱེ་ཡི་རྡོ་རྗེ་ང་ལ་གསོན། །མ་རིག་སོགས་པས་མི་འཛིན་ཅིང་། །གཏི་མུག་ལ་སོགས་ལྕི་བས་མིན། །བརྒྱལ་
བར་འགྱུར་ནི་བརྒྱལ་བའོ། །ཇི་ལྟར་ཞེ་ན། བཙན་དུག་ཟོས་པས་སོ། །དེ་གང་ཞེ་ན། འཇིག་རྟེན་པ་སྟེ་འཇིག་རྟེན་པའོ། །ཅིས་ཁྱད་འཕགས་ཤེ་ན། གང་མི་ཤེས་པ་སྟེ་གང་སེམས་མེད་པ་དུག་གི་དེ་ཁོ་ན་ཉིད་མི་ཤེས་པ་གང་ངོ་། །གང་ཡང་དེ་ཉིད་ཡིད་ཀྱིས་ནི་དུག་གི་དེ་ཁོ་ན་ཉིད་ཀྱི་

ཡིད་ཀྱིས་སོ། །དེ་རྨོངས་ནི་གཏི་མུག་སྤངས་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར། དེའི་དེ་ཉིད་ནི་དེའི་མཆོག་གོ། །ཡོངས་སུ་གཅོད་ནི་ཆད་པའོ། །དེའི་ནི་བརྒྱལ་བ་དེའིའོ། །དཔེ་བསྟན་ནས་དོན་གསུངས་པ། དེ་བཞིན་ཞི་བའི་ཐབས་ཤེས་ཤིང་ནི་དེ་བཞིན་དུ་མྱ་ངན་ལས་འདས་པའི་ཐབས་
རིག་པ་གང་དེ་མི་འཛིན་ཏེ། གང་གིས་ཤེ་ན། མ་རིག་པ་ལ་སོགས་པས་སོ། །མ་རིག་པའི་འཆིང་བས་དེ་འཆིང་སྟེ། གང་ཡང་དེས་དགྱེས་པའི་རྡོ་རྗེའི་རྒྱུད་རྣམས་ཐོས་ནའོ། །གཏི་མུག་ལ་སོགས་བཅིང་བས་མིན། །ཞེས་པ་ནི། འཛིན་པ་ཡང་མིན་ཏེ་མི་འཛིན་པ་ཉིད་ཡིན་པའི་དོན་ཏོ། །
ཡང་ན་དེ་བཞིན་ཞི་བའི་ཐབས་ཤེས་ཤིང་ངོ་། །ཇི་ལྟར་ཞེ་ན། གང་གི་ཕྱིར་དགྱེས་པའི་རྡོ་རྗེ་རྣམས་ཐོས་པ་བྱས་པ་ནི་སྤྲོ་བའི་རང་བཞིན་གྱི་ཕྱིར་མང་པོའི་ཚིག་གོ། །སྤྲོ་བ་ཡང་དེ་ཁོ་ན་ཉིད་ཡིན་པ་མི་འཛིན་ཏེ། གང་གིས་ཤེ་ན། གཏི་མུག་ལ་སོགས་པས་བཅིངས་ཏེ་མ་རིག་པ་ལ་སོགས་པས་
སོ། །ཅིར་གྱུར་པས་ཤེ་ན་མ་རིག་པ་ལ་སོགས་པས་སོ། །མ་རིག་པ་ཉིད་གང་དག་གིས་དང་པོ་ཐོག་མ་ཡིན་པ་དེས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཀུན་ནོ་ཞེས་བྱ་བའི་ཚིག་གིས་སོ། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་ཡིད་ཅེས་པར་གསུངས་པ། རང་དང་རང་
གི་རྟོག་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང་། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་
བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སངས་རྒྱས་མ་ཡིན་པའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཉིད་རྟོགས་ནའོ། །ཇི་ལྟར་ཞེ་ན་རྟོགས་པ་ལས་སོ། །གང་གི་ཞེ་ན། རང་དང་རང་གི་སྟེ། བདག་ཉིད་དང་
བདག་ཉིད་ཀྱི་དམྱལ་བ་ལ་སོགས་སེམས་ཅན་གྱི་འགྲོ་བ་ཡང་ངོ་། །རྟག་ཏུ་ནི་རྒྱུན་མ་ཆད་པར་རོ། །རང་བཞིན་བདེ་བ་ཅན་ནི་རང་བཞིན་ལས་ཏེ། རང་གི་བདེ་བ་ལས་ཡིན་པར་དགོངས་སོ། །འདི་ཇི་ལྟར་ཡིན་པ་གསུངས་པ། གང་གི་ཕྱིར་དམྱལ་བ་ལ་སོགས་པའི་སེམས་ཅན་གྱིས་

ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱི་བདེ་བ་མི་ཤེས་ཏེ། དེ་ནི་རང་བདེ་བར་རྟོགས་པའི་ཕྱིར་ཐམས་ཅད་ཉིད་སངས་རྒྱས་སོ། །དེ་ཉིད་ཀྱི་ཕྱིར། འཇིག་རྟེན་ཁམས་ནི་གང་དུ་ནི་སྲོག་ཆགས་རྣམས་ལའོ། །གང་དུ་ཡང་ནི་གང་ཡང་ངོ་། །སངས་རྒྱས་རྙེད་མི་འགྱུར་ནི་མི་
འཐོབ་པའོ། །འོ་ན་ཅི་ཞེ་ན། སེམས་ནི་གང་གི་ཕྱིར་སངས་རྒྱས་ཉིད་དོ། །སེམས་ལས་སངས་རྒྱས་གཞན་དུ་བསྟན་དུ་མེད་དེ། །སེམས་ཀྱི་ལུས་ཡིན་པའི་ཕྱིར་རོ། །ཆོས་རྣམས་ཐམས་ཅད་ཀྱི་དམྱལ་བ་ལ་སོགས་པ་ཐམས་ཅད་ཉིད་ཀྱང་རང་གི་སེམས་ལུས་ཏེ་འདིའི་ཕྱིར་སངས་རྒྱས་
ཉིད། །སེམས་ཉིད་རྫོགས་པའི་སངས་རྒྱས་སོ། །ཇི་ལྟར་ཤེས་པར་བྱ་བ་ཡིན་པ་གསུངས་པ། །གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་དོན་དོན་དུ་སེམས་པ་རྣམས། །དེ་ཡང་དགྱེས་རྡོ་རྗེ་ཤེས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གདོལ་པ་ནི་གསོད་པའི་ལས་ཅན་ནོ། །
སྨྱིག་མ་མཁན་ནི་མདའ་མཁན་ནོ། །དེ་ཅིས་ཁྱད་འཕགས་ཤེ་ན། གསོད་དོན་གྱིས་ནི་དོན་གྱི་དོན་ཏེ་དོན་ནི་དགོས་པའོ། །སེམས་པར་བྱེད་པས་ན་དེ་སེམས་པ་རྣམས་ཏེ། རྟག་ཏུ་སྲོག་ཆགས་གསོད་པ་ལ་དགའ་བའི་ཕྱིར། འདི་རྣམས་ཀྱི་སངས་རྒྱས་ཉིད་ནི་ཤིན་ཏུ་རྒྱང་རིང་བ་ཉིད་དེ་
དེས་ཀྱང་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །ཇི་ལྟར་ཞེ་ན། དགྱེས་རྡོ་རྗེ་ཤེས་ནས་ཏེ། སེམས་གཅིག་པའི་ལུས་སུ་ཆོས་ཐམས་ཅད་རྟོགས་པའོ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་མདོར་བསྟན་པའི་དོན་གསུངས་པ། །བྱིས་པ་མི་ཤེས་པས་བསྒྲིབས་པས། །འདི་ཡིས་འགྲོ་
བ་མི་ཤེས་པ། །འགྲོ་བ་དྲུག་གི་སྲིད་པའི་མཐར། །རྨོངས་པ་དེ་ཡང་འཁོར་བར་འགྱུར། །མི་ཤེས་པས་བསྒྲིབས་པ་ནི་ཆོས་རྣམས་ཐམས་ཅད་སེམས་ཙམ་ཉིད་དུ་གང་གིས་མི་ཤེས་པ་དེ་ཉིད་སྒྲིབ་པའོ། །དེ་ཉིད་ཀྱི་ཕྱིར་བྱིས་པ་ནི་མི་ཤེས་པའོ། །འདི་ཉིད་ཇི་ལྟར་ཞེ་ན། སེམས་
ཉིད་རྫོགས་པའི་སངས་རྒྱས་ཉིད། ཅེས་པ་གང་གིས་མི་ཤེས་པའོ། །དེ་འཁོར་བར་གྱུར་ནི་ཡང་དང་ཡང་དུ་སྐྱེ་ཞིང་འགག་པའོ། །དེ་ཉིད་ཀྱི་ཕྱིར་རྨོངས་པ་སྟེ། མ་རིག་པས་བསྒྲིབས་པ་རྣམས་སོ། །གང་དུ་ཞེ་ན་སྲིད་པའི་མཐར་ཏེ་སྐྱེ་བའི་རྒྱུར་རོ། །སྐྱེ་བ་ཉིད་འཆིང་བའི་རྒྱུ་ཡིན་པའི་

ཕྱིར་རོ། །ཅིས་ཁྱད་འཕགས་ཤེ་ན། འགྲོ་བ་དྲུག་སྟེ་ལྷ་ལ་སོགས་པ་འགྲོ་བ་དྲུག་གི་རང་བཞིན་ལའོ། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་མདོར་བསྟན་པའི་དོན་གསུངས་པ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཀྱེ་ཡི་རྡོ་རྗེའི་ཐབས་རྙེད་ནས། །གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །
དེས་ནི་བླ་མེད་རྙེད་པར་འགྱུར། །གང་དགྱེས་པའི་རྡོ་རྗེའི་རང་བཞིན་གྱི་ཐབས་རྙེད་ནས་ཡུལ་རྣམས་སྦྱོང་བ་དེ་བླ་ན་མེད་པ་རྙེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཡུལ་རྣམས་སྦྱང་བ་ཉིད་དེ་གློ་བུར་བའི་དྲི་མ་བསལ་བ་
ཉིད་དེའི་ཡང་ཐབས་དགྱེས་པའི་རྡོ་རྗེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དགྱེས་པའི་རྡོ་རྗེའི་ཐབས་ཀྱིས་ཡུལ་རྣམ་པར་སྦྱོང་བ་ཉིད་དགྱེས་པ་རྡོ་རྗེའི་རང་བཞིན་ཡུལ་རྣམ་པར་དག་པར་བསྟན་ཏོ། །སེམས་འབའ་ཞིག་ཁམས་གསུམ་དང་དབྱེར་མེད་པའི་དགྱེས་པའི་རྡོ་རྗེ་སྟེ། དེ་ཉིད་
སངས་རྒྱས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དུ་ཐེ་ཚོམ་མེད་དོ། །ས་ནི་པུཀྐ་སཱིར་བཤད་པ། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་སྣང་ཉིད་གསུངས་པ། །ཞེས་པ་ནི། སྔར་རྡོ་རྗེ་སྙིང་པོའི་བསྔགས་པ་གསུངས་པ། །
དེ་ནས་རྡོ་རྗེ་སྙིང་པོས་དགྱེས་པའི་རྡོ་རྗེ་ཉིད་ཡུལ་ལ་སོགས་པ་རྣམ་པར་དག་པ་ཡིན་པར་སེམས་ལ་བཞག་ནས་ཐེ་ཚོམ་ཟ་བར་གྱུར་ཏེ། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །ཞེས་པ་ནི། རྒྱུ་འདིས་ན་ཞུས་པའི་ལན་ཡང་འདེབས་ཏེ། སྐུ་རྡོ་རྗེ་ཇི་ལྟར་ན་ཐུགས་རྡོ་རྗེར་འགྱུར་ཞེས་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལུས་སྤངས་ནས་ནི་སེམས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་རྣམ་པར་སྣང་མཛད་སེམས། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །དེ་ཡི་ཕྱིར་ལུས་ཉིད་སེམས་སོ། །ཆུ་ཁམས་རི་ཁྲོད་མར་བཤད་པ། །མི་བསྐྱོད་ཁུ་བའི་
གཟུགས་ཅན་ཉིད། །གཙོ་བོ་མི་བསྐྱོད་ཕྱག་རྒྱས་ནི། །རི་ཁྲོད་མ་ལ་ཕྱག་རྒྱ་རིགས། །རི་ཁྲོད་མ་ཆུའི་ཁམས་དེ་ལ་ཐུགས་ཀྱིས་རྒྱས་གདབ་པར་རིགས་ཏེ། །འདིས་ནི་གསུང་རྡོ་རྗེ་ཉིད་ཐུགས་རྡོ་རྗེ་ལ། །ཐུགས་རྡོ་རྗེ་ཉིད་གསུང་རྡོ་རྗེ་སྟེ། །ཐུགས་ཀྱི་རྡོ་རྗེ་ཡང་སྐུ་རྡོ་རྗེ་ཉིད་ཡིན་ནོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། སེམས་སྤངས་ནས་ནི་ལུས་ཀྱི་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། །དེའི་ཕྱིར་སེམས་ནི་གཏི་མུག་འགྱུར། །ཐུགས་ལ་གཏི་མུག་ཕྱག་རྒྱས་གདབ། །དེའི་ཕྱིར་སེམས་ལས་ཐ་དད་པའི་ལུས་ནི་མི་དམིགས་ཏེ་དེ་བས་ན་ཐུགས་ཉིད་སྐུའོ། །
དེ་ལྟ་བས་ན་སྐུ་གསུང་ཐུགས་ཉིད་ཐུགས་སོ། །སའི་རང་བཞིན་གྱི་མཁའ་འགྲོ་མ་གཉིས་བསྟན་ནས་མེའི་རང་བཞིན་གྱི་གདོལ་བ་མོའི་དབང་དུ་བྱས་ཏེ་གསུངས་པ། མེ་ནི་གདོལ་པ་མོར་བཤད་པ། འདོད་ཆགས་ཕྱག་རྒྱས་གདོལ་བ་མོ། །རིགས་ཏེ་ཕྱག་རྒྱ་གཞན་མིན་ན། །ཇི་ལྟར་
རིན་ཆེན་ཕྱག་རྒྱ་ལགས། །གདོལ་པ་མ་གསུང་རྡོ་རྗེས་རྒྱས་གདབ་པར་རིགས་ན་ཇི་ལྟར་རིན་ཆེན་གཙོ་བོའི་རྒྱས་གདབ་ཅེས་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཕྱིར་འདོད་ཆགས་ཁྲག་བཤད་པ། །ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །དྲོད་ནི་ཁྲག་གི་རང་
བཞིན་ཕྱིར། །འདོད་ཆགས་སེར་སྣའི་ཕྱག་རྒྱས་གདབ། །གང་གི་ཕྱིར་འདོད་ཆགས་ནི་ཁྲག་ཏུ་བཤད་པའི་ཁྲག་ནི་རིན་ཆེན་གཙོ་བོའོ། །དེ་ཡང་དྲོད་ནི། དྲོད་ཀྱང་ཁྲག་གི་རང་བཞིན་ལ། །ཁྲག་ཀྱང་ཕྲ་མའི་རང་བཞིན་ཏེ། །ཕྲ་མ་ང་རྒྱལ་རྡོ་རྗེ་ཡིན། །ཞེས་པའི་ཚིག་གིས་ན་ཐུགས་ཉིད་ཀྱིས་
རྒྱས་གདབ་པ་ཡིན་པར་དགོངས་སོ། །རླུང་གི་ཁམས་ཀྱི་རང་བཞིན་གྱི་གཡུང་མོའི་དབང་དུ་བྱས་ཏེ་གསུངས་པ། གང་ཕྱིར་གཡུང་མོ་རླུང་ཉིད་དེ། །དོན་ཡོད་རླུང་གི་གཟུགས་ཅན་ཉིད། །དོན་ཡོད་ཕྱག་རྒྱས་གཡུང་མོ་ལ། །གཙོ་བོ་ཕྱག་རྒྱ་རིགས་པར་འགྱུར། །དོན་ཡོད་གྲུབ་པའི་ཕྱག་རྒྱས་
གཡུང་མོ་ལ་རིགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་མ་གཏོགས་ཕྲག་དོག་ནི། །གཞན་དུ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ། །འདིས་ཅི་བསྟན་ན། འདོད་ཆགས་འོད་དཔག་ཏུ་མེད་པ་
གསུང་རྡོ་རྗེ་དེ་ཡང་ཐུགས་རྡོ་རྗེའི་ཕྱག་རྒྱ་ཉིད་རླུང་གི་ཁམས་ཀྱི་རང་བཞིན་གྱི་གཡུང་མོ་ཡང་ཐུགས་ཡིན་པར་དགོངས་སོ། །འདིས་ཅི་བསྟན་ན། ཕུང་པོ་ལྔའི་རང་བཞིན་གྱི་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་དང་། ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་གྱི་པུཀྐ་སཱི་ལ་

སོགས་པའི་མཁའ་འགྲོ་མ་བཞི་པོ་ཐམས་ཅད་ཉིད་ཐུགས་ཀྱི་ཕྱག་རྒྱས་གདབ་པའོ། །མཁའ་འགྲོ་མ་གཞན་བཞི་པོ་ཉིད་ཐུགས་ཀྱི་རྒྱས་གདབ་པ་ཉིད་ཡིན་པ་གསུངས་པ། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །དཀར་མོ་སྣང་མཛད་གསུངས་པ་ཉིད། །སྔར་གསུངས་ཉིད་ཀྱི་རིགས་པ་ཡིས། །
སེམས་ཀྱི་བདག་པོས་ཕྱག་རྒྱས་གདབ། །གཟུགས་ནི་གཏི་མུག་གི་རང་བཞིན་ཡིན་པའི་ཕྱིར་སྲ་བ་ཉིད་དེ། དེ་ཡང་དཀར་མོ་སྣང་མཛད་གསུངས་པ་ཉིད་ནི་རྣམ་པར་སྣང་མཛད་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ། །སྔར་གསུངས་ཉིད་ཀྱི་ཞེས་པ་ནི་སྐུ་ལ་ཐུགས་ཀྱིས་རྒྱས་གདབ་པའོ། །དེ་
ཉིད་རིགས་པས་ཆོམ་རྐུན་མ། །ཞེས་པས་ནི།