Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 4
Văn bản gốc(Tây Tạng)
Trang 14 / 20 (50.000 ký tự/trang)
་བའི་རང་བཞིན་ནོ། །ཀུན་རྫོབ་ཏུ་རྣམ་པར་སྣང་མཛད་ལ་སོགས་པའི་མིང་དང་གཟུགས་སུ་སྟོན་པར་བྱེད་དོ། །སེམས་ཅན་དེ་གང་ལ་མོས་པ་ལ་དེ་སྟོན་པར་བྱེད་དོ། །ཤེས་རབ་ལ་སོགས་པ་ཀུན་རྫོབ་ཏུ་རྗོད་པར་བྱེད་དོ། །ཕ་ལས་རང་ བཞིན་བདེ་བ་ཐོབ། །ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཏིང་འཛིན་བརྙེས་ནས་ཉོན་མོངས་པ་མེད་པའི་བདེ་བ་ཉམས་སུ་མྱོང་སྟེ། དེ་ནས་བག་ཆགས་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པར་གྱུར་ཏོ། ། དེས་རང་གི་བདེ་བ་ལ་སྤྱོད་པར་འགྱུར་རོ། །ཚིག་འདི་དག་གིས་ནི་དོན་འདི་སྟོན་པར་བྱེད་དེ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པའི་བག་ཆགས་སྤངས་ནས། དེ་བཞིན་གཤེགས་པ་ནི་བེམས་པོའི་རང་བཞིན་ནི་མ་ཡིན་པར་བསྟན་ཏོ། །དེ་ནི་ཇི་ལྟ་བུའི་དེ་བཞིན་གཤེགས་པ་ཡིན་ཞེ་ན། ཏིང་ ངེ་འཛིན་ལས་སྐྱེས་པ་དང་། ཉོན་མོངས་པ་མེད་པ་དང་། རྒྱུན་ཆད་པ་མེད་པ་ལ་སོགས་པའི་བདེ་བ་ཆེན་པོའི་རང་བཞིན་རྙེད་པའོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཇི་ལྟ་བུ་ཡིན་ཞེ་ན། ཤི་བ་གང་དེ་བདེ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལས་བདེ་བ་རྙེད་ པས་འཇིག་རྟེན་གྱི་ཉོན་མོངས་པ་དང་བཅས་པའི་བདེ་བ་འཆི་བར་འགྱུར་རོ། །ཇི་ལྟར་འཆི་བར་འགྱུར་ཞེ་ན། འགག་པར་འགྱུར་བ་དང་། ཕྱིས་སྐྱེ་བར་མི་འགྱུར་བའོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་བདེ་བའི་རང་བཞིན་ནོ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་ལྔ་པའི་འགྲེལ་པ་ རྫོགས་སོ།། །།སྤྱོད་པ་ཞེས་བྱ་བ་གང་ཞེ་ན། །གསང་ནས་འགྲོ་བ་ལ་སྤྱོད་པ་ཞེས་བྱའོ། །གོ་བར་བྱེད་པའི་རྒྱུར་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྤྱོད་པ་ལ་ཡང་སྤྱོད་པ་ཞེས་བྱའོ། །དེ་ཁོ་ན་ཉིད་གང་གིས་རིག་ཅེས་བྱ་བ་ལ་སོགས་པ་ལ། མངོན་སུམ་དུ་གྱུར་པ་ལ་ནི་རིག་ཅེས་ བྱའོ། །ཧེ་རུ་ཀའི་རང་བཞིན་ལ་དེ་ཁོ་ན་ཉིད་ཅེས་བྱའོ། །གང་གིས་མངོན་སུམ་དུ་བྱེད་ཅེ་ན། །བཤད་པར་བྱ་བའི་སྤྱོད་པ་འདིས་སོ། །གྲུབ་ཅེས་བྱ་བ་ནི་ཧེ་རུ་ཀའི་སྐུ་སྨིན་པར་གྱུར་པའོ། །ཧེ་རུ་ཀའི་སྐུ་སྨིན་པ་དེའི་རྒྱུ་གང་གིས་ཤེ་ན། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་སོ། །ཤིང་གཅིག་ཅེས་བྱ་བ་ ནི་ནོར་སྦྱིན་གྱི་འཁོར་ལ་སོགས་པ་གནས་པ་ལ་ནི་ཤིང་གཅིག་ཅེས་བྱའོ། །དུར་ཁྲོད་ཅེས་བྱ་བ་ནི་གང་ན་རོ་གནས་པ་ལ་ནི་དུར་ཁྲོད་ཅེས་བྱའོ། །མཚན་མོ་ཞེས་བྱ་བ་ནི་མི་རྣམས་ཉལ་བའི་དུས་སོ། །མ་མོའི་ཁང་པ་ཞེས་བྱ་བ་ནི་གྲོང་ན་གནས་པའི་མ་མོའི་ཁང་པའོ། །ཡང་ན་དབེན་ས་ཞེས་བྱ་བ་ནི་ སྐྱེ་བོ་རྣམས་དང་བྲལ་བའོ། །གྲོང་བར་ཞེས་བྱ་བ་ནི་གྲོང་ཁྱེར་གྱི་སྒྲ་མི་ཐོས་པའོ། །ཡང་ན་ལག་པ་ལ་སོགས་པའི་ཡན་ལག་དང་བཅས་པའི་རང་གི་ཕུང་པོ་ལ་ཤིང་གཅིག་ཅེས་བྱའོ། །དེ་ཉིད་དབུགས་དང་བཅས་པའི་ཕྱིར་ན་དུར་ཁྲོད་ཅེས་བྱའོ། །མ་མོ་ཞེས་བྱ་བ་ནི་ཁམས་རྣམས་སོ། ། ཁང་པ་ཞེས་བྱ་བ་ནི་དེ་འདུས་པའོ། །མཚན་མོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །དབེན་ས་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །གྲོང་བར་ཞེས་བྱ་བ་ནི་ཉེ་བའི་དཀྱིལ་འཁོར་རོ། །བསྙེན་པའི་རྣལ་འབྱོར་བ་དང་། བར་མ་དང་། དེ་ལས་ཆེ་བ་དང་། དེ་ལས་ཀྱང་ ཤིན་ཏུ་ཆེ་བའོ། །དེ་དག་ནི་རྣལ་འབྱོར་པ་རྣམ་པ་བཞིའོ། །དེ་དག་ལ་རིམ་པ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་བཞི་སྐྱེ་བར་འགྱུར་རོ། །ཡེ་ཤེས་ཀྱི་དྲོད་སྐྱེ་བ་དང་དྲོད་ཀྱིས་བཟོད་པ་སྐྱེ་བ་དང་། སྤྱི་བོའི་གཙུག་ལས་འོད་ཟེར་འབྱུང་བ་དང་། ཡང་དག་པའི་ཆོས་སོ། །ཅུང་ཟད་མཐུ་དང་ལྡན་པ་ཡི། །ཞེས་ བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་འཇིག་རྟེན་པའི་དྲོད་ཀྱིས་ཡེ་ཤེས་བག་ཞད་དབང་དུ་གྱུར་པས་གང་སྤྱོད་པ་བྱེད་པར་འདོད་ན། དེ་བཞིན་གཤེགས་པས་གསུངས་པ་འདིས་སོ། །ཐབས་གང་གིས་ཡིན་ཞེ་ན། ལེགས་ཅན་མ་ནི་མིག་ཡངས་མ། །ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ ཐབས་ཡིན་ཞེ་ན། ཡེ་ཤེས་ཀྱི་སྣང་བ་མཉེན་པ་དང་། དབང་པོ་རྣམས་གཡོ་བ་དང་། ཡུལ་གྱི་རླུང་རྣམས་ཆེ་བ་དང་། དེ་ལྟ་བུའི་རྒྱུས་ཡེ་ཤེས་འགག་པར་འགྱུར་བས་ན། སྤྱོད་པ་འདི་བྱས་པས་ཡེ་ཤེས་འགག་པར་མི་འགྱུར་རོ། །ཡང་ན་གླུ་ལེན་དགའ་བའི་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་དག་ གིས་ནི་གླུ་དང་གར་གྱི་རྣམ་པར་དག་པ་བསྟན་ཏོ། །སྦྱིན་སྲེག་དང་ནི་མཆོད་སྦྱིན་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པས་འཇིག་རྟེན་ལས་འདས་པའི་དྲོད་རྙེད་པའི་ཡོན་ཏན་བསྟན་ཏོ། །ཤེས་རབ་རྣོ་བའི་དབང་དང་། ཏིང་ངེ་འཛིན་གྱིས་ཐམས་ཅད་ནུས་པའོ། །དེའི་ཕྱིར་འཇིག་རྟེན་པའི་ རྣལ་འབྱོར་པ་དེ་བས་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཆེ་བར་བསྟན་ཏོ། །དེའི་ཕྱིར། དམ་ཚིག་སྡོམ་པ་རྣམ་པར་གྲོལ། །ཡང་དག་རྣལ་འབྱོར་དང་ལྡན་པ། །རྣལ་འབྱོར་གྱི་ནི་སྤྱོད་པ་བྱ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་དྲུག་པའི་འགྲེལ་པ་རྫོགས་སོ།། །།མཚོན་པའི་ ཞེས་བྱ་བ་ནི་གདོལ་པའི་སྐད་དོ། །ཡང་ན་བརྟགས་པའོ། །ཕྱག་རྒྱ་ཞེས་བྱ་བ་ནི་དང་པོ་གང་གིས་བརྡ་བསྟན་པ་དེ་ལ་ནི་ཕྱག་རྒྱ་ཞེས་བྱའོ། །ལན་གྱི་ཕྱག་རྒྱ་ཡེས་ཞེས་བྱ་བ་ནི་ཕྱིས་གང་གིས་བརྡ་བསྟན་པ་ལ་ནི་ལན་གྱི་ཕྱག་རྒྱ་ཡིས་ཞེས་བྱའོ། །ཚིག་དེས་ནི་དོན་འདི་སྟོན་པར་བྱེད་དེ། །རྣལ་འབྱོར་པ་གང་ གིས་སེམས་ཏིང་ངེ་འཛིན་ལ་བརྟན་པར་གྱུར་པ་ནི་བསོད་ནམས་ཀྱི་ལས་གོམས་པའི་དབང་གིས་བརྟན་པར་གྱུར་པའོ། །རྣལ་འབྱོར་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཕྲད་པར་བྱེད་པ་དང་། ཆོས་སྟོན་པར་བྱེད་པ་དང་། རྟགས་ཀྱང་སྟོན་པར་བྱེད་དོ། །དེ་དག་གང་གི་གཟུགས་ ཀྱིས་སྟོན་པར་བྱེད་ཅེ་ན། རྣལ་འབྱོར་མའི་གཟུགས་ལ་སོགས་པས་སོ། །ཡང་ན་ཕྲེང་བའི་ཕྱག་ནི་བསྟན། །ཞེས་བྱ་བའི་ཚོགས་དེས་ནི་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་མངོན་སུམ་དུ་ཕྲད་པར་བསྟན་ཏོ། །ཕྲེང་བ་ཡོངས་སུ་བཏང་བྱས་ནས། །ཞེས་བྱ་བའི་ཚིག་དེས་ན་རྟགས་བསྟན་ཏོ། །ཕྱི་རོལ་ཞེས་བྱ་ བ་ནི་དམ་ཚིག་མེད་པའི་སྤྱོད་ཡུལ་མ་ཡིན་པའོ། །འདུ་བ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་འདུས་པའོ། །རྣལ་འབྱོར་མ་རྣམས་འདུས་པས་ཅི་ཞིག་བྱེད་ཅེ་ན། གང་ན་རྣལ་འབྱོར་པ་བསོད་ནམས་ཀྱི་ལས་དང་ལྡན་པ་ལ་མེ་ཏོག་གི་ཕྲེང་བ་གཏོང་བར་བྱེད་དོ། །དེ་ནས་རྣལ་འབྱོར་པ་བཀུག་ནས་ངེད་ཀྱི་ དམ་ཚིག་ལ་གནས་པར་གྱིས་ཤིག་ཅེས་ཟློས་པར་བྱེད་དོ། །རྣལ་འབྱོར་པ་དེ་ཡང་འདི་ལྟར་ཟློ་བར་བྱེད་དོ། །རྣལ་འབྱོར་མ་རྣམས་ཇི་ལྟར་གསུངས། །དེ་ལྟར་ཐམས་ཅད་བྱ་དགོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྣལ་འབྱོར་མ་ཅི་གསུངས་བདག་གིས་བྱའོ། །ཞེས་ཟློ་ བར་བྱེད་དོ། །ཕྱི་རོལ་གྱི་གནས་ལ་གང་དགའ་བའི་རྣལ་འབྱོར་པའི་ཆེད་དུ་གདན་ལ་སོགས་པ་བཅུ་གཉིས་སྟོན་པར་བྱེད་དོ། །ཚིག་གང་གིས་བཅུ་གཉིས་སྟོན་པར་བྱེད་ཅེ་ན། །གདན་དང་ཉེ་བའི་གདན་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་གནས་ཀྱི་གཙོ་བོ་བཤད་པར་བྱའོ། །ས་བཅུ་གཉིས་ནི་འདི་རྣམས་ཏེ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱའོ་སྙམ་པའི་མོས་པས་སྤྱོད་པའི་ས་དང་། ས་དང་པོ་རབ་ཏུ་དགའ་བ་དང་། ས་གཉིས་པ་དྲི་མ་མེད་པ་དང་། ས་གསུམ་པ་འོད་བྱེད་པ་དང་། ས་བཞི་པ་འོད་སྣང་བ་ དང་། ས་ལྔ་པ་སྦྱང་དཀའ་བ་དང་། ས་དྲུག་པ་མངོན་དུ་གྱུར་པ་དང་། ས་བདུན་པ་རིང་དུ་སོང་བ་དང་། ས་བརྒྱད་པ་མི་གཡོ་བ་དང་། ས་དགུ་པ་ལེགས་པའི་བློ་གྲོས་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་དང་། བཅུ་གཅིག་ཀུན་དུ་བཟང་པོའི་ས་དང་བཅུ་གཉིས་སོ། །ཏིང་ངེ་འཛིན་སྐྱེ་བ་དང་། གཟུངས་ གོམས་པར་བྱེད་པ་དང་། ཆོས་ཤེས་པ་དང་། དོན་ཤེས་པ་དང་། པྲ་ཀྲྀ་ཏའི་སྐད་ཤེས་པ་དང་། གཞན་གྱིས་དྲིས་པ་བསམ་མི་དགོས་པར་ཤེས་པའོ། །དེ་དག་གོམས་པར་བྱེད་པ་ལ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱའོ་སྙམ་པའི་མོས་པས་སྤྱོད་པའི་ས་ཞེས་བྱའོ། །སྔོན་ དུ་དེ་ཁོ་ན་ཉིད་མི་ཤེས་པ་ལ་ཕྱིས་དེ་ཁོ་ན་ཉིད་ཤེས་པས་དགའ་བའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །ས་དེར་ནི་གཞན་ཡང་བདག་གི་དོན་བྱེད་པ་བཞིན་དུ་གཞན་གྱི་དོན་བྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བར་འགྱུར་རོ། །ས་དེར་ནི་བྱང་ཆུབ་སེམས་དཔས་དེ་ཁོ་ན་ ཉིད་གོ་ནས་སྡིག་པའི་ཕྱོགས་བག་ཞད་ཙམ་སྐྱེད་པ་བཟོད་པར་མི་ནུས་ནས་དེར་གནས་པར་བྱའོ། །བཟོད་པར་ནུས་ནས་གཉིས་པ་དྲི་མ་མེད་པར་འཇུག་པར་བྱའོ། །དེར་ཞུགས་ནས་སེམས་ཅན་གྱི་སྐྱོན་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བར་ འགྱུར་རོ། །ཚུལ་ཁྲིམས་མ་ཡིན་པའི་དྲི་མ་དང་བྲལ་བས་ན་ས་གཉིས་པ་དྲི་མ་མེད་པ་ཞེས་བྱའོ། །ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཇི་ཙམ་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་མ་རྙེད་པ་དང་། ཐོས་ནས་དོན་འཛིན་པར་མི་ནུས་ཀྱི་བར་དུ་ས་དེར་གནས་པར་བྱའོ། །ས་དེར་ཞུགས་ནས་ དོན་བྱེད་པ་དང་། སྡུག་བསྔལ་ལ་བཟོད་པའོ། །དེའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འོད་ཀྱིས་སྣང་བར་བྱེད་པས་ན་ས་གསུམ་པ་འོད་བྱེད་པ་ཞེས་བྱའོ། །ས་དེར་གནས་པའི་བྱང་ཆུབ་སེམས་དཔས་ འཇིག་རྟེན་པའི་ཏིང་ངེ་འཛིན་རྙེད་ནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བཅས་པར་འཁོར་ལ་སྟོན་མི་ནུས་པའི་བར་དང་། སེར་སྣ་ཐམས་ཅད་སྤོང་བར་མི་ནུས་ཀྱི་བར་དུ་བཤད་མ་ཐག་པའི་ས་དེར་གནས་པར་བྱའོ། །ནམ་ཞིག་ནུས་པར་གྱུར་པའི་ཚེ་ས་བཞི་པ་འོད་སྣང་བར་འཇུག་པར་བྱའོ། །དེ་ན་ གནས་པའི་བྱང་ཆུབ་སེམས་དཔས་རྟག་པར་སེམས་ཀྱི་རྣམ་པར་རྟོག་པ་སྤང་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྤོང་བར་མི་བྱེད་དོ། །དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཉོན་མོངས་པའི་ཤིང་རྣམས་བསྲེག་པའི་ སྟོབས་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འོད་སྣང་བ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་འཕགས་པའི་བདེན་པ་བཞི་བསྒོམ་པ་དང་། འཁོར་བ་ལས་སེམས་ཕྱིར་མི་ལྡོག་གི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐབས་དང་བཅས་པར་མི་བསྒོམ་ གྱི་བར་དུ་བཤད་མ་ཐག་པའི་ས་དེར་གནས་པར་བྱའོ། །དེ་ནུས་པའི་ཚེ་ས་ལྔ་པར་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐབས་དང་བཅས་པར་བསྒོམ་པ་ནི་ཤིན་ཏུ་སྡུག་བསྔལ་བར་གྱུར་ཀྱང་སྤང་བར་མི་བྱ་བ་དང་། བདུད་ཐམས་ཅད་ཀྱིས་ རྒྱལ་བར་མི་ནུས་པའི་ཕྱིར་ས་ལྔ་པ་རྒྱལ་བར་དཀའ་བ་ཞེས་བྱའོ། །དེར་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྟག་པར་སྒོམ་པ་ལ་གནས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་བག་ཆགས་ངན་པ་སྤངས་ནས་བག་ཆགས་བཟང་པོའི་ རྒྱུ་མ་རྙེད་ཀྱི་བར་དུ་ས་དེར་གནས་པར་བྱའོ། །རྙེད་པར་གྱུར་པའི་ཚེ་ས་དྲུག་པ་མངོན་དུ་གྱུར་པར་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པར་རྟག་པར་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་ས་དྲུག་པ་མངོན་དུ་གྱུར་པ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རྒྱུ་མ་ཤེས་ཀྱི་བར་དུ་ས་དེར་གནས་པར་བྱའོ། །ཤེས་པར་གྱུར་པའི་ཚེ་ས་བདུན་པ་རིང་དུ་སོང་བར་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྒྱུ་ ཐམས་ཅད་ཤེས་ནས་མི་སྤོང་བའི་ཕྱིར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །ཐབས་ཀྱི་ལམ་དུ་ཞུགས་པས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་བ་ཞེས་བྱའོ། །དེ་ན་ཇི་ཙམ་གནས་ཀྱི་བར་དུ་རྒྱུ་མེད་པར་སེམས་ཅན་གྱི་དོན་བྱེད་པ་མ་རྙེད་ཀྱི་བར་དུ་དེར་གནས་པར་བྱའོ། ། རྙེད་པར་གྱུར་པའི་ཚེ་ས་བརྒྱད་པ་མི་གཡོ་བར་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་ནན་ཏན་མ་བྱས་པར་བསོད་ནམས་ཀྱི་ཚོགས་ཀུན་རྙེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཉོན་མོངས་པ་མེད་པར་བྱེད་པའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་ འགྱུར་རོ། །རྒྱུ་མེད་པ་དང་ནན་ཏན་མེད་པ་དང་། འདར་བ་མེད་པའོ། །དེ་དག་མེད་པའི་ཕྱིར་ས་བརྒྱད་པ་མི་གཡོ་བ་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པས་པྲ་ཀྲྀ་ཏའི་སྐད་དུ་ཆོས་བསྟན་པ་ལ་སོགས་པ་སོ་སོར་སྟོན་པར་མི་ནུས་ཀྱི་བར་དུ་བཤད་མ་ཐག་པ་དེར་གནས་ པར་བྱའོ། །སྟོན་པར་ནུས་པར་གྱུར་པའི་ཚེ་ས་དགུ་པ་ལེགས་པའི་བློ་གྲོས་ལ་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་སྟོབས་ཆེ་བའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །ལམ་ཐམས་ཅད་ཀྱི་སྒོ་ནས་ཆོས་སྟོན་པར་ནུས་པ་དང་། རྐྱེན་མེད་པ་ དང་། ལྷག་པ་རྙེད་པའི་ཕྱིར་ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་ཞིང་ཁམས་མང་པོར་སྤྲུལ་པར་མི་ནུས་པ་དང་། འཁོར་མང་པོ་སྤྲུལ་པར་མི་ནུས་པ་དང་། སྤྲུལ་པ་དཔག་ཏུ་མེད་པ་ལ་སོགས་པ་སྤྲུལ་པར་མི་ནུས་ པ་དང་། སེམས་ཅན་གྱི་བསོད་ནམས་ཀྱི་ཚོགས་རྣམས་སྨིན་པར་མི་ནུས་ཀྱི་བར་དུ་དེར་གནས་པར་བྱའོ། །ནུས་པར་གྱུར་པའི་ཚེ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་སྤྲུལ་པ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། སེམས་ཅན་ལ་ཡེ་ ཤེས་ཀྱིས་ཁྱབ་པར་སྦྱིན་པར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །ཆོས་བཀའ་སྩལ་པའི་སྤྲིན་ལས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར་ཆོས་ཀྱི་ཆར་འབེབས་པའི་ཕྱིར་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་གཟུངས་རྣམས་ ལ་ཐོགས་པ་མེད་པར་མ་གྱུར་གྱི་བར་དང་། དེའི་ཡེ་ཤེས་ལ་གཞན་གྱི་སྒྲིབ་པར་མི་ནུས་ཀྱི་བར་དུ་ས་དེར་གནས་པར་བྱའོ། །མི་ནུས་པར་གྱུར་པའི་ཚེ་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོར་འཇུག་པར་བྱའོ། །ས་དེའི་ཕྱོགས་གཅིག་ཙམ་གྱི་ཡོན་ཏན་ནི་དེ་བཞིན་གཤེགས་པས་ཀྱང་བརྗོད་ པར་མི་ནུས་ན་རངས་པའི་ཡོན་ཏན་སྨོས་ཀྱང་ཅི་དགོས། ས་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུ་བའི་གནས་ཞེས་བྱའོ། །དེ་ནི་རྟག་པར་གནས་པར་གསུངས་སོ། །ས་བཅུའི་དབང་ཕྱུག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །མགོན་པོ་ཞེས་བྱ་བ་ནི་ཧེ་རུ་ཀའི་སྐུའོ། །གཞན་མ་ ཡིན་ཞེས་བྱ་བ་ནི་ཕྱིའི་ཛཱ་ལནྡྷ་ར་ལ་སོགས་པས་མ་བསྟན་ཏོ། །རྣལ་འབྱོར་མ་རྣམས་ཀྱི་འདུ་བའི་ཉི་མ་བསྟན་པར་བྱ་སྟེ། དེའི་ཕྱིར། ཡི་དགས་ཀྱི་ནི་ཕྱོགས་སུ་ལ། །ཞེས་བྱ་བ་སྨོས་སོ། །དེ་ནི་ཟླ་བ་མར་གྱི་ངོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གསང་བའི་ཕྱོགས་ཞེས་བྱའོ། །ཅིའི་ཕྱིར་གསང་བའི་ ཕྱོགས་ཞེས་བྱ་ཞེ་ན། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བཅུ་བཞི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སའོ། །བརྒྱད་ཅེས་བྱ་བ་ནི་ས་བརྒྱད་པ་མི་གཡོ་བའོ། །ད་ནི་འདུས་པ་དེའི་བཟའ་བར་བྱ་བ་བསྟན་པར་བྱ་སྟེ། རྒྱལ་མཚན་ཞེས་བྱ་བ་ནི་སྡོང་པོ་ལ་འཕྱང་བའི་ཞིང་ ཆེན་ནོ། །མཚོན་བརྒྱབ་ཅེས་བྱ་བ་ནི་རལ་གྲི་ལ་སོགས་པ་བརྒྱབ་ནས་བསད་པའོ། །བདུན་འཁོར་ཞེས་བྱ་བ་ནི་སྐྱེ་བ་བདུན་མིར་སྐྱེས་པ་དེ་ཉིད་རང་ཤི་བ་ནི་བདུན་འཁོར་ཞེས་བྱའོ། །ནན་ཏན་སྙིང་རྗེ་བསྐྱེད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་གསུམ་ལ་གནོད་པར་བྱེད་པ་ལ་ སོགས་པ་དང་། དམ་ཚིག་ཉམས་པར་བྱེད་པའོ། །དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སམ། གཞན་ཡང་གནས་བཟང་པོ་གང་ཡང་རུང་བར་རྣམ་པར་ཤེས་པ་བསྒྲལ་བར་བྱའོ། །ཁ་སྦྱོར་ཁ་ཕྱེ་ལ་སོགས་པའི་རིམ་པས་བསད་ནས། དེའི་ཤ་འབར་བ་དང་དྲོ་བར་བྱ་བ་ལ་སོགས་པའི་རིམ་པས་བཟའ་བར་བྱའོ། །གང་གང་སྐྱེ་བོ་རྣམས་ལ་ནི། །ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་བསྟན་པའི་སེམས་ཅན་གནས་བདེ་བ་ཅན་དུ་བསྒྲལ་བ་དེས་ཆོས་ཐོས་པས་ཆེ་གེ་མོས་དྲིན་བཏགས་སོ་ཞེས་ཟློ་བར་འགྱུར་རོ། །དེ་རྣལ་འབྱོར་པའི་དབང་ དུ་འགྱུར་རོ། །ཚིག་དེས་དོན་དེ་བསྟན་ཏོ། །གཞན་ཡང་རྣལ་འབྱོར་པའི་བཟའ་བར་བྱ་བ་གསུམ་སྟོན་པར་བྱེད་དེ། གཞན་གྱིས་བསད་པ་དང་། རང་ཤི་བ་དང་། སེམས་བཟང་པོས་རང་གིས་བསད་པའོ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བདུན་པའི་འགྲེལ་པ་རྫོགས་སོ།། །། ནམ་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གཟེབ་དེ་དག་བསྟན་ཏོ། །དེའི་དབུས་སུ་སྲུང་བའི་འཁོར་ལོ་བསམ་པར་བྱའོ། །ཇི་ལྟར་བསམ་པར་བྱ་ཞེ་ན། འཁོར་ལོ་རྩིབས་བཅུ་པ་ཁ་དོག་སེར་པོས་འཁོར་བར་བསམ་མོ། །ཚིག་ དེས་ནི་འཁོར་ལོ་བསྟན་ཏོ། །སྔོན་དུ་ཇི་ལྟར་རིགས་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་དེ་ལ་གཤིན་རྗེ་གཤེད་ལ་སོགས་པ་ཤར་ཕྱོགས་ནས་བཟུང་ནས་ལྷ་རྣམས་ཇི་བཞིན་སྐྱེ་བ་གཞན་དུ་དགོང་པར་བྱའོ། །དེ་ལ་ཤར་ཕྱོགས་ཀྱི་རྩིབས་ལ་གཤིན་རྗེ་གཤེད་པོ་ཁ་དོག་ནག་པོ་ཞལ་གཡས་ དཀར་བ་གཡོན་དམར་བའོ། །ཕྱག་གཡས་གཉིས་ན་རྡོ་རྗེ་ཐོ་བ། །ཐ་མ་ན་རལ་གྲིའོ། །ཕྱག་གཡོན་གྱི་གཉིས་ན་རིན་པོ་ཆེ། ཐ་མ་ན་པདྨའོ། །ལྷོ་ཕྱོགས་ཀྱི་རྩིབས་ལ་ཤེས་རབ་མཐར་བྱེད་སྐུ་མདོག་དཀར་པོ་གཡས་སྔོ་གཡོན་དམར་བའོ། །གཡས་ཀྱི་གཉིས་ན་དབྱུག་པ་དཀར་པོ་དང་། རལ་གྲིའོ། །གཡོན་གྱི་གཉིས་ན་རིན་པོ་ཆེ་དང་། པདྨའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་པདྨ་མཐར་བྱེད་སྐུ་མདོག་དམར་པོ་གཡས་སྔོ་གཡོན་དཀར་བའོ། །གཡས་ཀྱི་གཉིས་ན་པདྨ་དང་། རལ་གྲིའོ། །གཡོན་གྱི་གཉིས་ན་རིན་པོ་ཆེ་དང་འཁོར་ལོའོ། །བྱང་ཕྱོགས་ཀྱི་རྩིབས་ལ་བགེགས་མཐར་ བྱེད་སྐུ་མདོག་ནག་པོ་གཡས་དཀར་གཡོན་དམར་བའོ། །གཡས་གཉིས་ན་རྡོ་རྗེ་དང་རལ་གྲིའོ། །གཡོན་གཉིས་ན་རིན་པོ་ཆེ་དང་། པདྨའོ། །མེ་མཚམས་སུ་ཁྲོ་བོ་ཆེན་པོ་ཊཀྐི་རཱ་ཛ་སྒེག་པའི་ཚུལ་དང་ལྡན་པ་སྐུ་མདོག་སྔོན་པོ་གཡས་དཀར་གཡོན་དམར་བའོ། །གཡས་གཉིས་ན་ལྕགས་ ཀྱུ་དང་། རལ་གྲིའོ། །གཡོན་གཉིས་ན་རིན་པོ་ཆེ་དང་པདྨའོ། །སྲིན་པོའི་མཚམས་ན་དབྱུག་པ་སྔོན་པོ་ཕྱག་མཚན་དབྱུག་པ་སྔོན་པོ་མ་གཏོགས་པ་ཕྱི་མ་རྣམས་གཤིན་རྗེ་གཤེད་དང་མཐུན་ནོ། །རླུང་གི་མཚམས་སུ་སྟོབས་པོ་ཆེ་ཕྱག་མཚན་རྩེ་གསུམ་མ་གཏོགས་པ་ཕྱི་མ་རྣམས་གཤིན་རྗེ་ གཤེད་དང་མཐུན་ནོ། །ཊཀྐི་རཱ་ཛ་མ་གཏོགས་པ་དེ་དག་སྐུ་ཐུང་བ་གསུས་པ་ཆེ་ལ་འཕྱང་བ། སྐུ་སྦྲུལ་གྱིས་བརྒྱན་པ། ཞལ་འཇིགས་པའི་གཟུགས་དང་ལྡན་པ། ལྗགས་ཟླུམ་པོ་འདྲིལ་བ། །མཆེ་བ་གཙིགས་པས་བཞད་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ། སྨར་དམར་སེར་དང་ལྡན་པའོ། ། དབང་ལྡན་གྱི་མཚམས་སུ་མི་གཡོ་མགོན་པོ་ཕྱག་མཚན་རྡོ་རྗེ་དང་སྤྱན་དམར་སེར་མ་གཏོགས་པ་གཞན་ཊཀྐི་རཱ་ཛ་དང་མཐུན་ནོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྐུ་མདོག་སེར་པོ་ཞལ་གཡས་སྔོ་གཡོན་དཀར་བའོ། །གཡས་གཉིས་ན་འཁོར་ལོ་སེར་པོ་དང་རལ་གྲིའོ། །གཡོན་ གཉིས་ན་རིན་པོ་ཆེ་དང་པདྨའོ། །འོག་གི་ཕྱོགས་སུ་སུམྦྷ་ཕྱག་མཚན་རྡོ་རྗེ་མ་གཏོགས་པ་གཞན་ཊཀྐི་རཱ་ཛ་དང་མཐུན་པར་བཤད་དོ། །ཁྲོ་བོ་ཐམས་ཅད་ཀྱི་ཕྱག་དང་པོས་ཡུམ་ལ་འཁྱུད་པའོ། །འཁོར་ལོ་དེའི་དབུས་ལ་ནི་ནམ་མཁའི་ཁམས་ཞེས་བྱའོ། །བྷ་ག་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། ། དེ་ནི་བཤད་མ་ཐག་པ་དེར་བསམ་པར་བྱའོ། །ཆོས་ཀྱི་འབྱུང་གནས་དེ་ཇི་ལྟ་བུ་ཞེ་ན། །གྲུ་གསུམ་ཁ་དོག་དཀར་པོ་དང་། །གྲུ་ཕྲ་མོ་ཁ་ཐུར་དུ་བལྟས་པའོ། །ཇི་བཞིན་རིགས་པ་ཞེས་བྱ་བ་ནི་རིམ་པ་བཞིན་དུའོ། །རིམ་པ་ནི་སའི་དཀྱིལ་འཁོར་དང་། ཆུའི་དཀྱིལ་འཁོར་དང་། མེའི་དཀྱིལ་འཁོར་དང་། རླུང་གི་དཀྱིལ་འཁོར་ཆེན་པོའོ། །དེའི་དཀྱིལ་དུ་འཁོར་ལོ་བསམ་པར་བྱའོ། །འཁོར་ལོ་བསམ་པར་བྱ་ཞེས་བྱ་བའི་དོན་དེ་ཇི་ལྟ་བུ་ཞེ་ན། རྣམ་པར་སྣང་མཛད་བསྒྱུར་ནས་གཞལ་ཡས་ཁང་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །རིམ་པ་གཉིས་པ་ཞེས་བྱ་བ་ནི་གཞལ་ཡས་ཁང་རིམ་པ་གཉིས་དང་ ལྡན་པའོ། །སྙིང་པོ་ལ་ནི་གཅིག་པར་གྱུར། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་དབུས་ཀྱི་པདྨའི་ཟེའུ་འབྲུ་ལ་རིམ་པ་དང་པོ་ཞེས་བྱའོ། །གྲུ་གསུམ་ལ་ནི་གཞན་མ་གསུངས། །ཞེས་བྱ་བ་ནི་ཟེའུ་འབྲུ་མ་གཏོགས་པ་ཆོས་ཀྱི་འབྱུང་གནས་གྱི་ནང་དུ་གཞལ་ཡས་ཁང་གི་ངོ་བོ་ཇི་ཙམ་ གནས་པ་ལ་ནི་རིམ་པ་གཉིས་པ་ཞེས་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་ལྷ་རྣམས་བསྒོམ་པར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་དབུས་ཞེས་བྱའོ། །རོ་ནི་བསམ་པར་བྱ་ཞེས་བྱ་བ་ནི་ལྷ་བཅོ་ལྔའི་གདན་ཞིང་ཆེན་བསམ་པར་བྱའོ། །གང་བསམ་པར་བྱ་ཞེ་ན། ཟེའུ་འབྲུ་དང་། འདབ་མ་ བརྒྱད་དང་། སྒོ་བཞི་དང་། ཤར་ཕྱོགས་ཀྱི་པདྨའི་འདབ་མའི་སྣ་དང་ནུབ་ཕྱོགས་ཀྱི་པདྨའི་འདམ་མའི་སྣར་བསམ་པར་བྱའོ། །དེའི་ཐོག་ཏུ་ཞེས་བྱ་བ་ནི་གནས་ཀྱི་གཙོ་བོའི་སྟེང་ན་གནས་པའི་གང་ན་དེའི་སྟེང་དུའོ། །ཟླ་བར་གྱུར་ཞེས་བྱ་བ་ནི་ཨ་ལ་སོགས་པ་ཞུ་བ་ལས་ཟླ་བར་བསམ་པར་བྱའོ། །དེ་ ནས་མ་ལུས་ཉི་མས་མནན། །ཞེས་བྱ་བ་ནི་ཀ་ལ་སོགས་པ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །ས་བོན་དེའི་སྟེང་དུ་ཞེས་བྱ་བ་ནི་ཨཾ་དང་ཧཱུཾ་ངོ་། །དེ་དག་ཐམས་ཅད་བསྒྱུར་བ་ལས་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཞེ་ན། །ཞལ་དང་ཕྱག་མཚན་ སྲས་དང་འདྲ། །ཞེས་བྱ་བ་ནི་འབྲས་བུར་གྱུར་པའི་གཟུགས་དང་མཐུན་པར་བཤད་དོ། །འབྲས་བུར་གྱུར་པའི་ལྷའི་གཟུགས་དང་ཞལ་ལ་སོགས་པ་མཐུན་ན་བྱེ་བྲག་ཅི་ཡོད་ཅེ་ན་དེའི་བྱེ་བྲག་བསྟན་པར་བྱའོ། །དེའི་ཕྱིར། ཟླ་འོད་ནོར་བུ་ཁ་དོག་འདྲ། །ཞེས་སྨོས་སོ། །ཚིག་དེས་ནི་བྱེ་བྲག་འདི་བསྟན་ པར་བྱ་སྟེ། རྒྱུའི་གཟུགས་ཀྱི་གདན་ནི་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྐུ་ནི་ཟླ་བའི་ཁ་དོག་དང་འདྲའོ། །འོད་ཟེར་ཀྱང་ཟླ་བའི་འོད་ཟེར་དང་འདྲ་བར་བསྟན་ཏོ། །འབྲས་བུའི་གཟུགས་ཀྱི་ནི་ཉི་མའི་གདན་དང་ཉི་མའི་འོད་ཟེར་དང་ལྡན་པའོ། །ཡི་གེ་རྣམས་ལས་བྱུང་བའི་སྐུ། །ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་རྣམས་ ལས་བྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུའོ། །སྐུ་དེས་མཉམ་པར་སྦྱོར་བའི་དུས་སུ་བྱང་ཆུབ་ཀྱི་སེམས་རེངས་པར་བྱེད་པ་ཧཱུཾ་ཕཊ་བསམ་པར་མི་བྱའོ། །དེ་བསམ་པར་མི་བྱ་བའི་ཕྱིར། །ཟླ་བ་ཉི་མ་གཉིས་མེད་སྦྱོར། །ཞེས་བྱ་བ་སྨོས་སོ། །དེ་ནི་བྱང་ཆུབ་སེམས་དང་རང་བྱུང་གི་མེ་ཏོག་དེ་གཉིས་ འདུས་པར་གྱུར་པའོ། །གཽ་རཱི་ལ་སོགས་པ་ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་ལས་སྤྲོ་བ་བསྟན་ཏོ། །གཽ་རཱི་ལ་སོགས་པ་གང་ཡིན་ཞེ་ན། ཞལ་བརྒྱད་པ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་གྱི་ལྷའོ། །དེའི་དོན་རྒྱས་པར་བཤད་པར་བྱ་སྟེ། གཽ་རཱི་ལ་སོགས་པ་ཉི་མ་ཟླ་བ་འདུས་པ་ལས་སྐྱེ་བའི་ ཕྱིར། ཐབས་དང་ཤེས་རབ་རང་བཞིན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐབས་དང་ཤེས་རབ་མཉམ་པར་སྦྱོར་བ་ལ་ཟླ་བ་ཉི་མ་དབྱེ་བ་ལས་ཞེས་བྱའོ། །དེ་རྣམས་སྐུ་མདོག་སོ་སོར་དབྱེ་ཞེས་བྱ་བ་ལ་སོགས་པ་ནི་དབུས་ཀྱི་གཙོ་བོ་ལ་ལྟོས་ནས་དེ་དག་གི་བྱེ་བྲག་སོ་སོར་ཤེས་ པར་བྱའོ། །གཽ་རཱི་ལ་སོགས་པ་ཞེས་བྱ་བའི་ཚིག་དེས་ནི་བདག་མེད་མ་ལ་སོགས་པའི་འདྲ་བ་འབྱུང་བའི་འབྲས་བུར་ཤེས་པར་བྱའོ། །རྣམ་པར་སྨིན་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་ཕྱིར། དང་པོ་ནག་པོ་བསམ་པར་བྱ། ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་དེ་བཞིན་ཆགས་བྲལ་མཐའ། །ཞེས་བྱ་བས་ནི་འཁོར་ལོ་བཞི་བྱིན་གྱིས་བརླབ་པར་བྱ་བ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ཏོ། །ཕྱིན་ཅི་ལོག་པ་ཐམས་ཅད་སྤོང་བ་དང་། ཕྱིན་ཅི་མ་ལོག་པ་བསྐྱེད་པར་བྱ་བའི་ཕྱིར་བསྐྱེད་པའི་རིམ་པ་བཤད་ པར་བྱ་སྟེ། བསྐྱེད་པའི་རིམ་པ་ཇི་ལྟ་བུ་ཞེ་ན། བསྐྱེད་པའི་རིམ་པ་ཇི་བཞིན་དུ། །ཞེས་བྱ་བ་སྨོས་སོ། །ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བྱ་བར་བསྟན་ཏོ། །རྫོགས་པའི་རིམ་པའི་དེ་བཞིན་དུ། །ཞེས་བྱ་བ་ནི་རྫོགས་པ་དང་རང་བཞིན་གྱིས་གྲུབ་པར་གནས་པའོ། །ཀུན་གྱི་རྟིང་ལ་རང་བཞིན་ དགའ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་གཅིག་ཁོ་ན་རྒྱུ་ཡིན་གྱི་གཞན་མ་རྣམས་ལ་ནི་ལྟོས་པ་མེད་དོ། །དེ་ལ་ནི་རང་བཞིན་དགའ་བ་ཞེས་བྱའོ། །བདེ་མཆོག་དགའ་བ་སྲིད་པར་གསུངས། །ཞེས་བྱ་བ་ནི་ཆགས་པ་དང་བཅས་པའི་ཡེ་ཤེས་ལ་ནི་བདེ་མཆོག་དགའ་བ་ཞེས་བྱའོ། ། དེ་ལ་ནི་སྲིད་པ་ཞེས་བསྟན་ཏོ། །ཆགས་པ་དང་བྲལ་བའི་ཡེ་ཤེས་མེ་མར་ཤི་བ་ལྟ་བུ་མྱ་ངན་ལས་འདས་པ་ལ་ཆགས་པ་དང་བྲལ་བ་ཀུན་འདས་པ་ཞེས་བྱ་བའོ། །བཏང་སྙོམས་སུ་གནས་པ་ལ་ནི་བར་མའི་དགའ་བ་ཙམ་ཞེས་བྱའོ། །དེ་གསུམ་དང་བྲལ་བ་ལ་ནི། །འདི་རྣམས་ཀྱི་ནི་རང་བཞིན་ སྤངས། །ཞེས་བྱའོ། །དེས་ནི་རང་བཞིན་དགའ་བ་བསྟན་ཏོ། །དེ་གསུམ་དང་བྲལ་བ་རང་བཞིན་དགའ་བ་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པ་བཏང་སྙོམས་སོ། །དེ་གསུམ་སྤངས་ནས་སྒྲ་གཞན་གྱིས་དེ་བརྗོད་པར་བྱ་བར་རིགས་ན་དེ་གསུམ་ལ་ལྟོས་ནས་རང་བཞིན་ དགའ་བ་ཅིའི་ཕྱིར་བསྟན། དེའི་ལེན་དུ། རང་བཞིན་བསྟན་དུ་གཞན་མི་ནུས། །གང་ནའང་དེ་ནི་མི་ཐོབ་བོ། །ཞེས་བྱ་བ་སྨོས་སོ། །དེ་ནི་འཁོར་བ་ལ་སོགས་པའི་སྒྲ་མ་གཏོགས་པ་གཞན་གྱིས་ནི་མ་ཡིན་ནོ། །རང་བཞིན་ནི་འཁོར་བ་ལ་སོགས་པ་མ་གཏོགས་པར་གཞན་ལས་ཐོབ་པ་མེད་དོ། །ཅིའི་ཕྱིར་ གཞན་ལས་ཐོབ་པར་མི་འགྱུར་ཞེ་ན། ཡོན་ཏན་མ་ཡིན་པ་ནི་འཁོར་བ་ཡིན་ལ་དེ་ཡང་རྣམ་པར་ཤེས་པ་ལས་ཐ་དད་པ་མེད་དོ། །རྣམ་པར་ཤེས་པ་ལ་ཡང་འདས་པ་དང་མ་འོངས་པ་དེ་ལ་མེད་དོ། །སྐད་ཅིག་མ་ཤིན་ཏུ་ཆ་ཕྲ་བའི་ངོ་བོར་ཡོད་པའོ། །དེའི་ཕྱིར་གང་ཞིག་འཁོར། འཁོར་བ་ཞེས་བྱ་བ་གང་། འཁོར་བའི་ལས་ནི་གང་ཞིག་ཡིན་ཏེ། དེ་ནི་མེད་དེ། དེའི་ཕྱིར་འཁོར་བ་མེད་པར་བསྟན་ཏོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་མེད་དོ། །དེ་གཉིས་མེད་པས་བར་མ་ཡང་དམིགས་པ་མེད་དོ། །དེ་བས་ན་འཁོར་བ་ལ་སོགས་པའི་རང་བཞིན་གོ་བ་ལ་རང་བཞིན་དགའ་བ་ཞེས་བྱའོ། །དེའི་ཕྱིར་སྒྲ་ གཞན་གྱིས་བརྗོད་པར་མི་ནུས་པ་དང་། གཞན་ལས་མི་ཐོབ་པར་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་ཇི་ལྟར་གོ་བར་འགྱུར་ཞེ་ན། དེའི་ཕྱིར། བླ་མའི་བཀུར་སྟི་ཞབས་འབྲིང་གིས། །ཞེས་བྱ་བ་ལ་སོགས་པ་ལ་བསོད་ནམས་ཀྱི་ལས་གོམས་པའི་དབང་གིས། སེམས་བཟང་པོར་གྱུར་པས་ཡང་དག་པའི་ བླ་མ་དང་ཕྲད་པར་འགྱུར་ཞིང་དེས་ལམ་སྟོན་པར་བྱེད་དོ། །དེ་གོམས་པའི་དབང་གིས་རང་གི་གོ་བར་འགྱུར་རོ། །སྒྲིབ་པ་དང་བྲལ་བའི་ཡེ་ཤེས་སྐྱེས་པའི་སྐད་ཅིག་ལ་རྣམ་པ་ཐམས་ཅད་གོ་བར་འགྱུར་རོ། །དེའི་ཕྱིར་ན་རྣམ་པ་ཐམས་ཅད་གཅིག་གོ། །དེ་བས་ན་རང་བཞིན་དགའ་བ་ལས་ཐམས་ཅད་ སྐྱེ་བར་བསྟན་ཏོ། །དེ་ལྟ་བུའི་ཡེ་ཤེས་རྟག་པར་གོམས་པས་སྐྱེ་བར་འགྱུར་རོ། །དེ་གོ་བར་བྱ་བའི་ཕྱིར་ཚིག་འདི་བསྟན་པར་བྱའོ། །འདི་ལྟར་བསམ་བྱས་རྣལ་འབྱོར་པ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །རྩ་ཤིང་དབྱི་མོ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་ཤེས་པའི་ རྣམ་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །རྣམ་པ་ཐམས་ཅད་རྣམ་པར་ཤེས་པ་ལས་ལོགས་ཤིག་ན་མེད་ན་ཕྱི་རོལ་རྣམས་ཀྱིས་ཅིའི་ཕྱིར་ཤེས་པར་མི་འགྱུར། དེའི་ལན་དུ་དཔག་ཏུ་མེད་པའི་དུས་ནས་ཕྱི་རོལ་ཡིན་པར་བརྟགས་པས་ན་གོ་བར་མི་འགྱུར་རོ། །མཉམ་པའི་རོ་གོམས་པ་ དང་ལྡན་པའི་རྣལ་འབྱོར་པས་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་ཚིག་འདི་བསྟན་པར་བྱ་སྟེ། རྟོག་པས་ལས་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་རང་བཞིན་དགའ་བའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་དུ་ཇི་ ལྟར་བརྟགས་པ་དེ་བཞིན་དུ་ཕྲིན་ལས་ཀུན་འགྲུབ་པར་འགྱུར་རོ། །དེ་ལ་ལས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ཕྲིན་ལས་སོ། །རྣམ་པ་ཐམས་ཅད་དང་རྣམ་པར་རྟོག་པ་ཐམས་ཅད་དང་ལས་ཐམས་ཅད་དེ། དེ་དག་ཐམས་ཅད་བཤད་མ་ཐག་པའི་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་རོ། ། དེའི་ཕྱིར་ཚིག་འདི་བསྟན་པར་བྱ་སྟེ། རང་བསྡུ་རང་གིས་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །ཆོས་འབྱུང་གནས་ལས་བྱུང་ཡེ་ཤེས། །ཞེས་བྱ་བ་ནི་རྡོ་རྗེ་པདྨ་དང་མཉམ་པར་སྦྱར་བ་ལས་སྐྱེས་པའི་ཡེ་ཤེས་སོ། །ཐབས་ལྡན་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། ། དེས་ནི་ཡེ་ཤེས་སྐྱེ་བར་བྱེད་པའི་རྒྱུ་བསྟན་ཏོ། །གཞན་ཡང་ཡེ་ཤེས་སྐྱེ་བའི་རྒྱུ་ནི་བསྐྱོད་པ་དང་། ག་བུར་སྤང་བར་མི་བྱ་བ་དང་། བསྒོམ་པའི་སྟོབས་སོ། །དེ་དག་གི་དབང་གིས་ཇི་ལྟ་བུའི་ཡེ་ཤེས་སྐྱེ་བར་འགྱུར་ཞེ་ན། སྤྲོས་པ་ཐམས་ཅད་དང་བྲལ་བ། འདས་པ་དང་མ་འོངས་པ་ རྣམ་པ་གཉིས་དང་བྲལ་བ། རང་གིས་རིག་པ། གཞན་ལ་ཚིག་ཏུ་བརྗོད་པར་མི་ནུས་པ། དོན་ཐམས་ཅད་མངོན་སུམ་དུ་བྱེད་པར་ནུས་པ། བེམས་པོ་མ་ཡིན་པ་ཐམས་ཅད་མཁྱེན་པ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཡེ་ཤེས་སོ། །བཤད་མ་ཐག་པའི་རང་བཞིན་ནོ། །པདྨའི་ མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བརྒྱད་པའི་འགྲེལ་པ་རྫོགས་སོ།། །།དབང་པོ་དྲུག་ཅེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པའོ། །ཕུང་པོ་ལྔ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་དབང་པོ་དང་། ཡུལ་ལྔ་དང་། སྔོན་དུ་གཟུགས་ རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་བསྟན་པ་དང་། འབྱུང་བ་ཆེན་པོ་བཞི་དང་། མིག་གི་དབང་པོའི་རྟེན་ལ་སོགས་པ་དང་། གཟུགས་འདས་པ་ལ་སོགས་པ་ལ་ནི་གཟུགས་ཀྱི་ཕུང་པོ་ཞེས་བྱའོ། །ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ སོ། །གཞན་ཡང་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་ལས་བྱུང་བའི་ཚོར་བ་བཅོ་བརྒྱད་དང་། ཚོར་བ་འདས་པ་ལ་སོགས་པ་དཔག་ཏུ་མེད་པ་ལ་ཚོར་བའི་ཕུང་པོ་ཞེས་བྱའོ། །འདུ་ཤེས་ཞེས་བྱ་བ་ནི་རྒྱུ་རྐྱེན་འདུས་པས་མཚན་མར་འཛིན་པ་ལ་འདུ་ཤེས་ཞེས་བྱའོ། །དེའི་རྒྱུ་ནི་གཟུགས་ལ་སོགས་ པ་དཔག་ཏུ་མེད་པའོ། །དེ་ཡང་ཆུང་ངུ་དང་། ཆེན་པོ་དང་ཚད་མེད་པའོ། །དེ་ཡང་འདས་པ་དང་ད་ལྟར་དང་མ་འོངས་པ་ལ་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་ཞེས་བྱ་བ་ནི་སེམས་ལས་གང་བྱུང་བའོ། །དེ་ལ་སེམས་ལས་བྱུང་བ་ཞེས་བྱ་བ་ནི་དད་པ་ལ་སོགས་པ་དང་། འདོད་ཆགས་ལ་ སོགས་པ་སྟེ། དེ་ཡང་མིག་གི་དབང་པོ་ལ་སོགས་པ་ལ་བརྟེན་ནས་སྐྱེ་བའོ། །དེ་དག་ཐམས་ཅད་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་གོ། །དེ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་བསྟན་པ་དང་མ་བསྟན་པའོ། །དེ་ནི་ ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དེ་དག་ལ་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །ནང་གི་གནས་དྲུག་དང་། ཕྱིའི་ཡུལ་དྲུག་གོ། །དེའི་རྣམ་པར་དག་པ་ནི་གཟུང་འཛིན་དང་བྲལ་བ་ཞེས་བསྟན་ཏོ། །རྡོ་རྗེ་མ་སྒྱུར་གཟུགས་ཕུང་ལ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྷའི་རྣམ་པར་དག་པ་ བསྟན་ནས་དབུས་ཀྱི་གཙོ་བོ་ཞལ་བརྒྱད་པའི་རྣམ་པར་དག་པ་བསྟན་པར་བྱ་སྟེ། དེ་བསྟན་པར་བྱ་བའི་ཕྱིར། ཕྱག་རྣམས་ཀྱི་ནི་སྟོང་ཉིད་དག །ཅེས་བྱ་བ་ལ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། ཤིན་ཏུ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དེ་ལ་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ལ་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །མིག་གི་ཡུལ་གཟུགས་ལ་སོགས་པ་ལ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་གཉིས་སྟོང་ངོ་སྙམ་པའི་སེམས་དེ་ཡང་སྟོང་པས་ན་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །སྟོང་པ་ཉིད་ སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་པའི་སེམས་དེ་ཡང་སྟོང་ཉིད་ཡིན་པས་ན་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཤར་ཕྱོགས་ལ་སོགས་པ་སྟོང་པ་ཉིད་ལ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ཡང་སྟོང་པས་དོན་དམ་པ་སྟོང་ པ་ཉིད་ཅེས་བྱའོ། །འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་དག་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང་འགག་པ་མེད་པ་ལ་ནི་འདུས་མ་བྱས་སྟོང་པ་ཉིད་ ཅེས་བྱའོ། །ཤིན་ཏུ་སྟོང་པ་ཉིད་ཅེས་བྱ་བ་ནི་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དེ་གཉིས་ཀྱི་སྟོང་པ་ལ་ནི་ཤིན་ཏུ་སྟོང་པ་ཉིད་ཅེས་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་འགྲོ་བ་དང་འོང་བ་མེད་པའོ། །དེ་ལ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་ ཅེས་བྱ་བ་ནི་དོར་བ་མེད་པས་ན་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་གིས་ཀྱང་མ་བྱས་པས་ན་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་དག་དེ་གཉིས་ཀྱིས་སྟོང་ པ་ལ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་ཀྱིས་སྟོང་པས་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མི་དམིགས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དུས་གསུམ་གྱི་ཆོས་མི་དམིགས་པ་ལ་ནི་མི་དམིགས་པ་སྟོང་པ་ཉིད་ ཅེས་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་རྒྱུ་རྐྱེན་ལས་སྐྱེས་པ་རྣམས་ནི་དོན་དམ་པར་མེད་པས་ན་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་དག་གི་རྣམ་པར་དག་པ་ནི་ཕྱག་བཅུ་དྲུག་གོ། །ཞབས་ཀུན་བདུད་ཀྱི་དག་པ་ཡིས། །ཞེས་བྱ་བ་ནི་ཉོན་མོངས་པའི་བདུད་ལ་སོགས་པ་འཇོམས་པར་བྱེད་པ་སྟེ། དེ་ཇི་ ལྟར་འཇོམས་པར་བྱེད་ཅེ་ན། ཤེས་རབ་ཀྱི་སྟོབས་ཀྱིས་སོ། །ཤེས་རབ་དེ་ཡང་བཞི་སྟེ། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། གཞན་རང་བཞིན་གྱིས་སྟོང་པ་ཉིད་དོ། །དེ་ལ་དངོས་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་རང་གི་རང་བཞིན་གྱིས་ སྟོང་པ་ཉིད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པས་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །གཞན་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ནི་གཞན་ཉིད་རང་བཞིན་གྱིས་སྟོང་པས་ན་གཞན་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱའོ། །དེ་དག་གི་ རྣམ་པར་དག་པ་ནི་ཞབས་བཞིར་བསྟན་ཏོ། །རྣམ་པར་ཐར་པ་བརྒྱད་ཀྱི་ཞལ། །ཞེས་བྱ་བ་ནི། གཟུགས་ཅན་གཟུགས་ལ་ལྟ་བ་དང་། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རབ་ཏུ་བྱུང་བའི་སྤྱོད་པ་བསླབས་ནས་གནས་པ་དང་། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ལ་གནས་པ་དང་། ནམ་ མཁའ་མཐའ་ཡས་སོ་སྙམ་པའི་གནས་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་དག་གི་རྣམ་པར་དག་པ་ནི་ཞལ་བརྒྱད་དོ། །སྤྱན་དག་རྡོ་རྗེ་ཅན་གསུམ་གྱི། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ རྣམ་པར་དག་པ་ནི་སྤྱན་གསུམ་མོ། །གང་དང་གང་གིས་འཇིག་རྟེན་བཅིངས། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དང་དེའི་མུན་པས་བཅིངས་པའི་ཤེས་པ་ནི་ཤེས་པ་དེ་ཉིད་ཀྱི་སྣང་བ་རང་ཉིད་གྲོལ་བར་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་དགུ་པའི་འགྲེལ་པ་རྫོགས་སོ།། །། བྱང་ཆུབ་སེམས་དཔའི་ཁང་པ་ལ། །ཞེས་བྱ་བ་ནི་དུར་ཁྲོད་དོ། །ཡང་ན་དེ་རུ་གང་རུང་ཐོག །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རྒྱུས་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལ་རིགས་ནི་ཚད་མ་མ་ཡིན་ནོ། །ཕྱག་རྒྱ་མའི་གདོང་གཡོགས་ཞེས་བྱ་བ་ནི་དབང་བཞི་བཤད་པའི་གནས་སྐབས་སུ་བསྟན་པར་བྱའོ། །རང་ བཞིན་དགའ་བའི་ངོ་བོ་ནི་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱིས་འདུ་བར་བྱ་བའི་ལེའུར་བསྟན་ཟིན་ཏོ། །འདིར་ནི་སློབ་མས་གོ་བར་བྱ་བའི་ཕྱིར་བསྟན་པར་བྱ་སྟེ། དེ་བས་ན་ཟློས་པའི་སྐྱོན་དུ་མི་འགྱུར་རོ། །ཡང་ན་ཐམས་ཅད་ཀྱི་ནི་སྤངས། །ཞེས་བྱ་བ་ལ་སོགས་པས་ནི་ཆགས་པ་དང་ཆགས་པ་དང་བྲལ་བ་ནི་ཕྱིན་ཅི་ ལོག་གི་རྣམ་པར་རྟོག་པས་བརྟགས་པའོ། །རྟོག་པ་དེ་འགགས་པར་གྱུར་པས་དེ་ཡང་འགག་པར་འགྱུར་རོ། །དེ་གཉིས་འགགས་པ་ནི་བར་མ་ཡང་མི་དམིགས་སོ། །དེའི་ཕྱིར་དེ་གསུམ་གྱིས་རང་བཞིན་དགའ་བ་སྤངས་པའོ། །ཡང་ན་བཤད་མ་ཐག་པ་ཉིད་ཀྱི་རང་བཞིན་གོ་བར་བྱ་སྟེ། དེ་ཇི་ལྟར་གོ་བར་བྱ་ཞེ་ན། སྤྲོས་པ་ཐམས་ཅད་དང་བྲལ་བར་རང་གིས་གོ་ལ་གཞན་ལ་བརྗོད་པར་མི་ནུས་པའོ། །དེ་སྤངས་ནས་གཞན་དུ་ནི་རང་བཞིན་དགའ་བ་མི་རྙེད་དོ། །དེའི་ཕྱིར་རང་བཞིན་དགའ་བ་ནི་དགའ་བ་གསུམ་གྱི་བདག་ཉིད་དོ། །རྩེད་མོ་མཆོག་གི་བདེ་བ་ལ། །ཞེས་བྱ་བ་ནི་རྟོག་པ་མེད་པའི་ཏིང་ངེ་འཛིན་ནོ། །དེ་རྙེད་པས་གཟུང་བ་ ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བར་འགྱུར་རོ། །རང་བཞིན་གཉིས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་རང་བཞིན་དགའ་བ་གཉིས་ཞེས་བྱའོ། །རང་བཞིན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པའོ། །སྙིང་རྗེ་ཞེས་བྱ་བ་ནི་སེམས་ ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའོ། །དེ་ཡང་དམིགས་པར་སྒྲོལ་བར་བྱེད་པའི་རང་བཞིན་ལ་ནི་སྙིང་རྗེ་ཞེས་བྱའོ། །སྟོང་པ་ཉིད་དམིགས་པ་མེད་པ་དང་སྙིང་རྗེ་དམིགས་པ་དང་བཅས་པ་ཇི་ལྟར་གཅིག་པར་འགྱུར་ཞེ་ན། དེ་ནི་སྐྱོན་མེད་དེ། ཏིང་ངེ་འཛིན་གང་སྟོང་པ་ཉིད་དང་བཅས་པ་དེ་ལ་ནི་སྟོང་པ་ཉིད་ཅེས་ བྱའོ། །དེ་ནི་སྣང་བའི་རང་བཞིན་ནོ། །སྙིང་རྗེ་ནི་ཤེས་རབ་ཀྱི་མིག་གི་རང་བཞིན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་ལ་སྣང་བ་སྐྱེས་ནས་སྙིང་རྗེའི་མིག་གིས་བལྟས་ན་སེམས་ཅན་གང་གི་སྒོ་ནས་གྲོལ་བར་འགྱུར་བ་ཤེས་པར་བྱས་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །དེའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེ་ནི་མི་མཐུན་ པར་འགྱུར་བ་མེད་དོ། །དེ་བས་ན་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་ཡོན་ཏན་དུ་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བཅུ་པའི་འགྲེལ་པ་རྫོགས་སོ།། །།གཡོན་པར་གནས་པའི་བལྟ་བའི་དབང་། །ཞེས་བྱ་བ་ནི་མིག་གི་འབྲས་བུ་གཉིས་ཀྱིས་གཡོན་ཕྱོགས་སུ་བལྟ་བར་བྱའོ། །དེ་ལ་ནི་ དབང་དུ་བྱ་བའི་ལྟ་བ་ཞེས་བྱའོ། །དེ་ལྟ་བུའི་རིམ་པས་གཡས་ཕྱོགས་སུ་བལྟས་ནས་དགུག་པའི་ལྟ་སྟངས་བྱའོ། །དེ་ལ་ནི་དགུག་པའི་ལྟ་བ་ཞེས་བྱའོ། །མིག་འབྲས་གཉིས་ཀྱང་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་མིག་འབྲས་གཉིས་བག་ཞད་གཡོན་དུ་བསྐྱོད་ནས་བག་ ཞད་སྟེང་དུ་ལྟ་བར་བྱེད་པའོ། །དེ་ལ་ནི་རེངས་པར་བྱེད་པའི་ལྟ་བ་ཞེས་བྱའོ། །སྣའི་གདོང་རྒྱུད་བར་ན་སྟེ། ཞེས་བྱ་བ་མིག་འབྲས་གཉིས་མིག་གི་བར་དུ་བཞག་ནས་སྣའི་རྩེ་མོ་ལ་ལྟ་བར་བྱེད་པའོ། །དེ་ལ་ནི་གསོད་པར་བྱེད་པའི་ལྟ་བ་ཞེས་བྱའོ། །རྟོག་པ་འདི་ནི་མི་བྱའོ་ ཞེས་བྱ་བ་ནི་ཐེ་ཚོམ་མི་བྱའོ། །ཅིའི་ཕྱིར་ཐེ་ཚོམ་མི་བྱ་ཞེ་ན། ཚད་མ་ལས་བྱུང་བའི་ཕྱིར་རོ། །ཚད་མ་ཞེས་བྱ་བ་གང་ཡིན་ཞེ་ན། གང་གོམས་པར་བྱས་པ་མངོན་དུ་གྱུར་པ་ལ་ནི་ཚད་མ་ཞེས་བྱའོ། །དེའི་ཕྱིར། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ཅེས་བྱའོ། །དེ་ལ་བསམ་མི་ཁྱབ་ཅེས་ བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་མེད་པ་གང་ཡིན་ཞེ་ན། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་འཁོར་བ་དཔག་ཏུ་མེད་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་པར་བྱེད་དོ། །དེ་དག་ཐམས་ཅད་ཀྱང་རྣལ་འབྱོར་པ་ལས་འགྲུབ་པར་ འགྱུར་ན། ལྟ་བ་ཙམ་འགྲུབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། གསོད་པ་འདི་ན་དགོས་པ་མེད། །ཅེས་བྱ་བས་ནི་བསྲུང་བར་བྱ་བའི་དམ་ཚིག་བསྟན་ཏོ། །ཐོག་མ་ན་དང་ཐོག་མ་ག །ཞེས་བྱ་བ་ལ་སོགས་པས་ནི་བཟའ་བར་བྱ་བའི་དམ་ཚིག་བསྟན་ཏོ། །པདྨའི་མྱུ་གུ་རྡོ་རྗེས་ ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྡོ་རྗེ་སྙིང་པོ་ཡོངས་སུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྐལ་བའི་རྒྱལ་པོའི་འགྲེལ་པ་མཛད་པ་རྫོགས་སོ།། །།དགོངས་ལ་གཟུགས་བརྙན་དག་པར་བྱ། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལྡེར་སོ་ལ་སོགས་པ་བསྐྱེད་ནས། བསྐྱེད་པ་དེ་ཉིད་ཞུ་བར་བསམ་ པར་བྱའོ། །དེ་ལ་བསྐུལ་ནས་བཞེངས་པར་བསམ་པར་བྱའོ། །དེའི་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་ཡེ་ཤེས་སེམས་དཔའ་བསམ་པར་བྱའོ། །དེ་དག་ཏིང་ངེ་འཛིན་གྱིས་རྫོགས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་ནས་རིགས་ཀྱི་གཙོ་བོས་དབུ་བརྒྱན་ པར་བསམ་པར་བྱའོ། །དེ་དག་བསམ་པར་བྱས་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ནང་དུ་སྙིང་པོ་ལྔའི་སྨན་དང་བདུད་རྩི་རྣམ་པ་ལྔ་དང་། དྲི་ཞིམ་པོའི་ཆུ་དང་དེ་དག་ནང་དུ་བླུགས་པར་བྱའོ། །པཱ་ལ་ཤ་ལ་སོགས་པའི་ཡལ་གས་ཁ་བརྒྱན་པར་བྱས་ལ། རས་གཙང་མས་མགྲིན་པ་ བཅིང་བར་བྱ་བ་དང་། ལེགས་པར་ལྷའི་ཕྱག་མཚན་བྲི་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་ཕྲེང་བ་བཅིངས་ལ་མེ་ཏོག་གི་ཕྲེང་བའི་སྣ་བཟུང་ལ་བསྙེན་པ་དབུལ་བར་བྱའོ། །དེ་ཡང་རང་གི་ཡི་དམ་གྱི་ལྷ་ལ་སོགས་པའི་སྔགས་དབུལ་བར་བྱའོ། ། དེ་ནས་བའི་རྣམ་ལྔ་དང་ཤུན་ཕྲགས་ལྔ་དང་། དྲི་ཞིམ་པོ་ལྔ་དང་། ཏིལ་མར་རོ། །དེ་ནས་ཁྲུས་བྱ་བ་བསྟན་པར་བྱ་སྟེ། གླུ་དང་རྔ་སྐད་དཔག་ཏུ་མེད་པས་མཆོད་པ་དང་། བྲིས་སྐུ་ལ་སོགས་པ་མེ་ལོང་ལ་ཁྲུས་བྱའོ། །དེ་ནས་གླུད་གཏང་བར་བྱ་བ་དང་། དེ་ནས་དགུག་པར་བྱ་བ་ལ་སོགས་ པ་དང་ན་བཟའ་ལ་སོགས་པ་དབུལ་བར་བྱ་བ་དང་། དེ་དག་ནི་རིམ་པ་བཞིན་དུ་སྔགས་ཀྱིས་དབུལ་བར་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བར་བྱའོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བརྟག་པ་གཉིས་པའི་བསྐོས་པའི་རིམ་པར་ ཕྱེ་བ་ལེའུ་དང་པོའི་འགྲེལ་པ་མཛད་པ་རྫོགས་སོ།། །།དང་པོར་རྟག་པར་གོམས་པར་བྱ་བར་བསྟན་ཏོ། །སྤྱོད་ལམ་རྣམ་པ་བཞི་ཀར་དེ་སེམས་ལ་གཞག་པར་བྱའོ། །དེའི་ཕྱིར། སྐད་ཅིག་མ་ལས་གཞན་མི་སེམས། །ཞེས་བྱ་བས་བསྟན་ཏོ། །སྔོན་དུ་རྣལ་འབྱོར་གྱི་སྤྱོད་ པ་བྱ་བའི་ཕྱིར་ཤེས་རབ་དག་པར་བྱ་བ་བསྟན་ཏོ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྲུབ་པར་བྱ་བའི་ཕྱིར་ཚིག་འདི་བསྟན་པར་བྱ་སྟེ། དེ་ཉིད་ཐོབ་བྱས་མིག་ཡངས་མ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔོན་དུ་རང་བཞིན་དགའ་བ་སྣ་ཚོགས་ཀྱི་རྣམ་པར་བསྟན་ཏོ། །ད་ནི་རང་བཞིན་ དགའ་བ་གཅིག་ཉིད་རྣམ་པ་ཀུན་གྱི་ལུས་ཡིན་པ་དང་། དེ་ཉིད་དེ་བཞིན་གཤེགས་པ་ཡིན་པའོ། །དེ་ནི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །དེ་ཡང་རྒྱས་པར་ཕྱེ་བས་གངྒཱའི་བྱེ་མ་སྙེད་ཀྱི་གྲངས་དཔག་ཏུ་མེད་པར་འགྱུར་རོ། །དེའི་དོན་གོ་བར་བྱ་བའི་ཕྱིར། དགའ་བ་ཆེན་པོ་གཅིག་པུ་ཞེས་བྱ་བ་ལ་ སོགས་པས་བསྟན་ཏོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྟོག་པ་ཞེས་བྱ་བ་རིམ་པར་ཕྱེ་བ་ལེའུ་གཉིས་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།རིགས་ངན་པ་ལས་བཏོན་ནས་ཉན་ཐོས་ཀྱི་ས་ལ་སོགས་པ་ལས་སྡོམ་པར་བྱེད་པས་ན་སྡོམ་པ་ཞེས་བྱའོ། །སྡོམ་པ་དེ་གང་ལ་ གནས་ཤེ་ན། དེའི་ཕྱིར། ཨེ་ཝཾ་ལ་ནི་རབ་ཏུ་གནས། །ཞེས་བྱ་བ་སྨོས་སོ། །དེ་ལ་ཨེ་ཝཾ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་སོ། །བཤད་མ་ཐག་པའི་སྙོམ་པ་དེ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ། །དེའི་ཐབས་ཀྱིས་དེ་གོ་བར་འགྱུར་རོ། །དགའ་བ་རྣམས་ནི་དེ་ལས་འབྱུང་། ། ཞེས་བྱ་བ་ནི་སྔོན་དུ་བསྟན་པའི་དགའ་བ་རྣམས་ནི་དེ་ལས་སྐྱེ་བར་འགྱུར་རོ། །སྐད་ཅིག་མ་ཡི་དབྱེ་བ་ཡིས། །ཞེས་བྱ་བ་ནི་སོ་སོར་མ་ལ་སོགས་པའོ། །དེ་བཞི་ནི་དབང་བཞི་དང་སྦྱར་བར་བྱ་སྟེ། སློབ་དཔོན་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པ་དང་ སྦྱར་བར་བྱའོ། །སློབ་མས་དང་པོ་སློབ་དཔོན་ལ་ཞུ་བར་བྱ་བའི་ཕྱིར་ཚིག་འདི་བརྗོད་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཆེན་པོ་ཆེན་པོ་ཇི་ལྟར་བྱིན། །ད་ནི་བསྲུང་བར་བྱ་བའི་ཕྱིར། །བྱང་ཆུབ་རྡོ་རྗེ་བདག་ལ་བྱིན། །དེ་ནས་སངས་རྒྱས་སྤྱན་ལ་སོགས་པས་བུམ་པ་གཟུང་ནས་དབང་ བསྐུར་བར་བསམ་པར་བྱའོ། །དེའི་འོག་ཏུ་ཚིགས་བཅད་བརྗོད་པར་བྱའོ། །ཚིགས་བཅད་ནི་འདི་ལྟ་སྟེ། །དབང་ནི་རྡོ་རྗེ་ཆེན་པོ་ན། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །བྱིན་བྱ་སངས་རྒྱས་ཐམས་ཅད་ལ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དེ་ལྟར་ཚིགས་བཅད་བརྗོད་ ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ་པའི་ཆུ་རྡོ་རྗེ་བཟུང་བའི་ལག་པས་བཟུང་ནས་སློབ་མ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུར་བསམ་པར་བྱས་ནས་གཏོར་བར་བྱའོ། །དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་ཡི་དམ་གྱི་ལྷར་བསམ་པར་བྱས་ལ་སྔོན་དུ་བསྟན་པ་བཞིན་དུ་ དབུ་རྒྱན་སློབ་མའི་མགོ་ལ་བཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ལ་བསམས་ནས། དབུ་རྒྱན་གྱི་གཟུགས་སུ་དབུ་རྒྱན་ལ་ཞུགས་པར་བསམ་པར་བྱའོ། །དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་གཟུང་ལ། དེ་རིང་དབང་ནི་ཁྱོད་ལ་བསྐུར། །སངས་ རྒྱས་ཀྱིས་ནི་རྡོར་འཛིན་དབང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འདི་ཟུང་དངོས་གྲུབ་ཕྱིར། །དེ་ནས་རྡོ་རྗེ་བཟུང་ལ་སློབ་མའི་མགོ་བོ་དང་། མགྲིན་པ་དང་། སྙིང་གར་གཟུང་ལ་ཕྱིས་ལག་པ་གཡས་པར་སྦྱིན་པར་བྱའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱའོ། །དེ་གཉིས་ དང་ལྡན་པའི་སློབ་མས་འཁྱུད་པར་བྱའོ། །དེ་ནས་ཚིགས་བཅད་བརྗོད་པར་བྱ་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏིཥྛ་ཨ་བྷི་ཥིཉྩཱ་མི་ཏིཥྛ་ས་མ་ཡ་བཛྲ་སྟྭཾ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་དྲིལ་བུ་སློབ་མའི་མགོ་ལ་བཟུང་ལ། ཨོཾ་བཛྲ་སཏྭ་སྟྭཾ། ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ རྡོ་རྗེ་ཞེས་བྱ་བས་མིང་གི་དབང་བསྟན་ཏོ། །དེ་ནས་རྡོ་རྗེའི་དམ་ཚིག་དང་། དྲིལ་བུའི་དམ་ཚིག་དང་། ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ། །དམ་ཚིག་དེ་གསུམ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཤད་པར་བྱའོ། །དེ་ནས་ལུང་བསྟན་པར་བྱའོ། །དེ་ནས་རྡོ་རྗེའི་རབ་ཏུ་བྱུང་བ་ སྦྱིན་པར་བྱའོ། །དེ་ནས་དབུགས་དབྱུང་བ་སྦྱིན་པར་བྱའོ། །དེ་དག་ལ་སློབ་དཔོན་གྱི་དབང་ཞེས་བྱའོ། །ཡོལ་བ་ལ་སོགས་པས་གནས་དགོན་པར་བྱས་ནས་སློབ་མས་རང་གི་ཡིད་དུ་འོང་བ་སྙིང་རྗེ་ལ་སོགས་པ་དང་ལྡན་པ་དང་། ཏིང་ངེ་འཛིན་གསུམ་དང་ལྡན་པ་གསང་བའི་དབང་གི་ཕྱིར་སློབ་ དཔོན་ལ་དབུལ་བར་བྱའོ། །ཕུལ་ནས་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་བརྗོད་པར་བྱའོ། །བླ་མས་ཅི་ཞིག་བྱེད་ཅེ་ན། ཆོས་ཀྱི་རང་བཞིན་པདྨ་ལ་བསྐུལ་བར་བྱ་བ་དང་། དེ་ནས་རྡོ་རྗེ་རིན་པོ་ཆེའི་ནང་དུ་སེམས་གཏད་པར་བྱའོ། །ནམ་མཁའི་ཁམས་ཀྱི་ལམ་དུ་བསྐྱོད་པར་མི་བྱེད་ དོ། །པདྨ་ནས་བཟློག་ལ་མཐེ་བོང་དང་སྲིན་ལག་གི་བར་དུ་བསྡམས་ལ་སློབ་མའི་ལྟ་བའི་སྤྱོད་ཡུལ་དུ་མི་འགྱུར་བར་བྱས་ལ། དེའི་ཞལ་པདྨ་ལྟ་བུའི་ནང་གི་ནམ་མཁར་སྤར་བར་བྱའོ། །དེ་ནས་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། ཨ་ཧོ་སུ་ཁཾ་ཞེས་བརྗོད་ནས་བཀུག་སྟེ། ལོངས་སྤྱོད་རྫོགས་པར་བསྐྱེད་ པར་བྱའོ། །དེ་ནས་ཆོས་ཀྱི་རང་བཞིན་བཞེངས་ནས་རང་གི་ལུས་ལ་གནས་པའི་མེ་ཏོག་གི་རོ་ཁྱེར་ནས་སློབ་མའི་ཁ་པདྨ་ལྟ་བུའི་ནང་དུ་སྤར་བར་བྱའོ། །དེ་ཡང་གོས་དང་བྲལ་བའོ། །དེ་ལ་གསང་བའི་དབང་ཞེས་བྱའོ། །གང་སངས་རྒྱས་པར་གྱུར་པའི་ཆོས་ཀྱི་རང་བཞིན་གཅིག་པར་འདོད་པའི་དེ་བཞེད་ ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་དེ་ཉིད་སྦྱིན་པར་བྱའོ། །རང་བཞིན་གཅིག་པར་མི་འདོད་པའི་བཞེད་ཀྱིས་སྟོང་པ་ཉིད་གཞན་སྦྱིན་པར་བྱའོ། །དེ་ནས་ཐོས་པ་དང་གོ་བའི་ཡེ་ཤེས་མངོན་སུམ་དུ་བྱ་བའི་ཕྱིར་སྔོན་དུ་བསྟན་པའི་བསྐུལ་བའི་ཚིགས་བཅད་ཀྱིས་སློབ་དཔོན་ལ་བསྐུལ་བར་བྱའོ། །དེ་ནས་སློབ་དཔོན་ གྱིས་སློབ་མའི་ལག་པར་སྟོང་པ་ཉིད་བྱིན་ལ། དེ་སློབ་དཔོན་གྱི་ཕྱག་གིས་བཟུང་ནས་ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་གཟུངས་མར་བཟང་། །སངས་རྒྱས་ཀྱིས་རྟོགས་ཁྱོད་ཀྱིས་སྤྱོད། །དཀྱིལ་འཁོར་རིམ་པའི་རྣལ་འབྱོར་གྱིས། །ཡང་ དག་བདེ་བ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་མི་བྱ། །རང་བཞིན་གྱིས་དག་འཇིག་རྟེན་གསུམ། །དེའི་ཕྱིར་ཤེས་རབ་སྤང་མི་བྱ། །དུས་གསུམ་སྐད་ཅིག་སྤང་མི་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་རབ་བྱུང་བླ་ན་མེད། །སྤོང་དང་ངན་སྨྲ་གླེན་པར་བཤད། །དེ་ཡིས་དངོས་ གྲུབ་མཆོག་མི་ཐོབ། །དེ་ལྟར་བརྗོད་ནས་སྦྱིན་པར་བྱའོ། །དེ་ནས་བཤད་མ་ཐག་པའི་སྟོང་པ་ཉིད་ཀྱིས་གོས་དང་བྲལ་བར་བྱས་ནས། ཆོས་ཀྱི་འབྱུང་གནས་བསྟན་ཏེ། སྒེག་པའི་ཚུལ་དུ་གནས་ནས་འདི་ལྟར་རྗོད་པར་བྱེད་དེ། ཀྱེ་འདི་ལྟར་དམ་ཚིག་སྤྱོད་པར་ཁྱོད་ནུས་སམ། །རྣམ་སྣང་ལ་སོགས་ ཁྱོད་ཀྱིས་སྤྱོད་ནུས་སམ། །ཁྲག་དང་བྱང་ཆུབ་སེམས་དང་ཤ་ཆེན་དང་། །སྟོང་ཉིད་རྣམས་ལ་དད་པར་ཁྱོད་ཀྱིས་གྱིས། །བྷ་ག་པདྨ་དག་ལ་ཁྱོད་ཀྱིས་གཏུགས། །འཁྱུད་པ་ལ་སོགས་པས་ནི་གང་ཞིག་ཟློ། །དེ་རྣམས་ཐམས་ཅད་ཁྱོད་ཀྱིས་བྱ་དགོས་སོ། །ཀྱེ་དེ་ལྟར་བྱས་པས་བདེ་བ་སྐྱེ་བར་འགྱུར། ། དེ་ནི་སློབ་མས་ཟློ་བར་བྱེད་དེ། ཀྱེ་ཅིའི་ཕྱིར་ལྷ་མོ་བདག་གིས་མི་ནུས་གསུངས། །དྲི་ཆེན་དྲི་ཆུ་ལ་སོགས་བདག་གིས་བཟའ། །སྟོང་ཉིད་རྣམས་ལ་རྟག་ཏུ་དད་པར་བྱ། །བྷ་ག་པདྨ་རྣམས་ལ་གཏུགས་པར་བྱ། །དེ་ལྟར་སློབ་མས་བརྗོད་ནས། སྟོང་པ་ཉིད་ཀྱིས་བརྗོད་པར་བྱེད་དེ། །ཨ་ཧོ་ བདག་གི་པདྨ་འདི་ནི་སྟེ། །བདེ་བ་ཐམས་ཅད་ཀུན་དང་ལྡན་པ་སྟེ། །གང་ཞིག་སློབ་དཔོན་མན་ངག་དང་ལྡན་སྤྱོད། །དེ་ཡི་མདུན་དུ་བདག་ཉིད་གནས་པ་སྟེ། །ཇི་ལྟར་བཟླས་པ་བཞིན་དུ་ཁྱོད་ཀྱིས་སྤྱོད། །ཡང་དག་སངས་རྒྱས་ལ་སོགས་ཁྱོད་ཀྱིས་མཆོད། །བདེ་བ་ཆེན་པོ་རྒྱལ་པོ་འདི་ན་གནས། ། དེ་ནས་སྟོང་པ་ཉིད་ཀྱི་སྔགས་འདི་བརྗོད་པར་བྱ་སྟེ། བྷ་ཛ་སྟྭཾ་ཧོ། །ཡང་སློབ་མས་འདི་ལྟར་བྱེད་དེ། །མེ་ཏོག་གི་གཡོན་ཕྱོགས་སུ་གནས་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་རྩ་དེ་སློབ་དཔོན་གྱི་མན་ངག་གིས་གོ་བར་བྱས་ལ་ཕྱིས་པདྨ་རྒྱས་པར་གྱུར་པའི་ཚེ་དཔེར་ན་བུང་བས་མེ་ཏོག་གི་ རྩི་མྱོང་བ་བཞིན་དུ་མྱོང་བར་བྱའོ། །རྣལ་འབྱོར་པས་ནི་ཇི་ཙམ་དུས་མི་བྱེད། །བྱང་ཆུབ་སེམས་ནི་སྤོང་བར་མི་བྱེད་དོ། །སེམས་ལ་འདོད་པ་ཐམས་ཅད་རྙེད་པར་འགྱུར། །དགའ་བ་ལ་སྐྱེས་རྟག་གནས་ཇི་ལྟ་བུ། །བྱང་ཆུབ་སེམས་ནི་སྤངས་པར་གྱུར་ན་ནི། །དངོས་གྲུབ་ཐམས་ཅད་ཀྱི་ནི་མཛོད་ཡིན་པ། ། རྣམ་ཤེས་དག་དང་ཕུང་པོ་བརྒྱལ་བ་ནི། །ཡང་དག་དངོས་གྲུབ་དག་ནི་སྐྱེ་མི་འགྱུར། །ནམ་མཁའི་ཁམས་དང་རྡོ་རྗེའི་རྣལ་འབྱོར་ལ། །རེག་བྱ་རེག་པས་ཤིན་ཏུ་ཆེ་བ་སྟེ། །བདེ་བ་སྐྱེས་པས་བདེ་མཆོག་དགའ་བར་བྱེད། །བདེ་མཆོག་ཆགས་བྲལ་བར་དུ་གོ་བར་བྱ། །པདྨའི་ནམ་མཁའ་རིན་པོ་ཆེ་ཡིས་ མནན། །དེ་ཡི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་བཅས། །སེམས་ནི་རྡོ་རྗེ་ལ་ནི་ཤེས་པར་བྱ། །དེ་ཡི་དུས་ན་ཡེ་ཤེས་གང་སྐྱེས་པ། །ཡེ་ཤེས་འདི་ལྟར་ཡིན་ཞེས་བརྗོད་མི་ནུས། ཆགས་པ་མ་ཡིན་ཆགས་པ་དང་བྲལ་མིན། བར་ཞེས་བྱ་བ་ཡང་ནི་དམིགས་པ་མིན། །དེ་དག་གིས་ནི་ཤེས་རབ་ཡེ་ཤེས་ ཀྱི་དབང་བསྟན་ཏོ། །བཤད་མ་ཐག་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དེ་ཁོ་ན་ཉིད་ལ་ནི་དབང་རིན་པོ་ཆེ་ཞེས་བྱའོ། །དེ་ནི་སློབ་དཔོན་གྱི་མན་ངག་གིས་ཤེས་པར་བྱའོ། །དབང་གི་དེ་ཉིད་ཇི་ལྟར་བཟླས་བཞིན་ཡིན། །སློབ་མའི་སེམས་ནི་ཡང་དག་རང་གིས་ཤེས། །རབ་ཟབ་ཐེག་ལས་ཡང་དག་ གྲོལ་བས་ཏེ། །ཚིག་གི་དབང་ནི་རིན་ཆེན་བསྟན་པར་བྱ། །དེ་དག་གིས་ནི་དབང་བཞི་པ་བསྟན་ཏོ། །བཞི་པོ་དེ་ནི་སྐད་ཅིག་མ་བཞི་དང་སྦྱར་བར་བྱའོ། །སྟོན་པས་གསུངས་ཞེས་བྱ་བ་ནི་བླ་མས་སྟོན་ཞེས་བྱ་བའི་དོན་ཏོ། །གཟུངས་མ་ཞེས་བྱ་བ་ནི་སྟོང་པ་ཉིད་དོ། །བདེ་བ་ཆེ་ཞེས་བྱ་བ་ནི་བཤད་མ་ཐག་པ་ཉིད་ བདེ་བ་ཆེན་པོ་ཡིན་པ་དང་རང་བཞིན་དགའ་བའི་ངོ་བོའོ། །བྱང་ཆུབ་མ་ཐོབ་ཡན་ཆད་དུ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱབ་པའོ། །དེ་ནི་ཡང་དག་པའི་ཡེ་ཤེས་སོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་ སྐུ་དང་། བདེ་བ་ཆེན་པོའི་སྐུའོ། །དེ་ལ་གནས་པར་གྱུར་པའོ། །བདེ་བ་ཆེན་པོ་ལ་ཅིའི་ཕྱིར་སྐུ་ཞེས་བྱ་ཞེ་ན། དེ་བསྟན་པར་བྱ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པ་རྣམ་པར་ཤེས་པ་ལས་མ་གཏོགས་པ་ལོགས་ཤིག་ན་མེད་དོ། །དེ་བས་ན་ཐམས་ཅད་ཤེས་པའི་རྣམ་པའོ། །ཕྱིན་ཅི་ལོག་གི་དབང་གིས་ཐ་ དད་པར་སྣང་ངོ་། །དེའི་ཕྱིར་བདེ་བ་ལ་སོགས་པ་ཡོན་ཏན་མ་ཡིན་པ་ཡིན་ནམ་ཅི། ཤེས་པ་སྤངས་ནས་རྒྱུ་གཞན་ལས་སྐྱེས་པ་ཡིན་ནམ། དེ་ལྟར་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་ལས་སྡུག་བསྔལ་ལ་སོགས་པར་མྱོང་བར་མི་འགྱུར་རོ། །དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་ པ་བདེ་བ་ལས་ཐ་དད་པ་མ་ཡིན་ནོ། །བདེ་བ་ཡང་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ནོ། །གང་གང་ལས་ཐ་དད་པ་མ་ཡིན་པ་ནི་དེ་ཉིད་ཡིན་ནོ། །དཔེར་ན་ཤིང་སཱ་ལ་བརྗོད་པ་ལྟ་བུའོ། །གང་ཞིག་བྱ་བ་མེད་པ་ནི་དངོས་པོ་ཞེས་བྱའོ། །དེའི་ཕྱིར་བདེ་བ་ནག་པོ་བདེ། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་ ཏོ། །གཏན་ཚིགས་དེའི་ཕྱིར་བདེ་བ་ཆེན་པོ་ནི་རང་བཞིན་གྱི་སྐུར་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་གནས་ནས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། དེ་བསྟན་པར་བྱ་བའི་ཕྱིར། །དཀྱིལ་འཁོར་ལ་སོགས་ཐབས་ཀྱི་ནི། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལ་དཀྱིལ་ འཁོར་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་རིམ་པ་ལ་སོགས་པའོ། །ལྷའི་སྐུ་རྫོགས་པར་བྱས་ནས་རང་འོད་ཀྱི་རིག་མའི་པདྨ་དང་རང་གི་རྡོ་རྗེ་དང་གཉིས་ཀྱི་ནམ་མཁའ་ལ་ཕཊ་སེར་པོ་བསམ་པར་བྱ་སྟེ། དེས་ནི་བྱང་ཆུབ་ཀྱི་སེམས་རེངས་པར་བྱེད་དོ། །དེ་ལྟར་རྟག་ཏུ་གོམས་པར་བྱེད་པ་ལ་དངོས་གྲུབ་ འགྲུབ་པར་འགྱུར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་ཡིན་ནོ། །གཅིག་པ་ཡང་མ་ཡིན་དུ་མ་ཡང་མ་ཡིན་པས་ན་བདེན་པ་མ་ཡིན་ནོ། །མངོན་སུམ་དུ་མཐོང་བས་ན་བརྫུན་པ་ཡང་མ་ཡིན་ནོ། །དཔེར་ན་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་ལྟ་ བུའོ། །དེ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་བརྫུན་མིན་བདེན་མིན་ནོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཉིད་ལོག་སྤང་བར་མི་བྱ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་པ་གང་གཉིད་མ་ལོག་པས་ལུས་ཉམ་ཆུང་བར་འགྱུར་བས་ན་ཏིང་ངེ་འཛིན་འགྲུབ་པར་མི་འགྱུར་ཏེ། དེའི་ཕྱིར་གཉིད་ལོག་པར་ བྱའོ། །བློ་ཅན་སྔགས་བཟླས་མི་བྱའོ། །ཞེས་བྱ་བ་ནི་དོན་དམ་པའོ་སྙམ་པའི་སེམས་ཀྱིས་སྔགས་བཟླ་བར་མི་བྱའོ། །ཏིང་ངེ་འཛིན་ཀྱང་དེ་བཞིན་དུ་མི་བྱའོ། །ཁྲུས་དང་གཙང་སྦྲ་མི་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་པའི་ཆོས་ལུགས་བརྒྱད་སྤང་བར་བསྟན་ཏོ། །དབང་པོ་རྣམས་ཀྱང་མི་ དགག་གོ། །ཞེས་བྱ་བ་ནི་ཡུལ་རྣམ་པར་དག་པར་མ་བྱས་པར་ཤེས་བྱའི་སྒྲིབ་པ་དང་བྲལ་བར་མི་འགྱུར་བའི་ཕྱིར་ཡུལ་རྣམ་པར་དག་པར་བྱས་ལ་དབང་པོ་དགག་པར་མི་བྱའོ། །བླང་བ་དང་དོར་བའི་སེམས་དང་མ་བྲལ་བས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་མི་འགྱུར་རོ། །དེའི་ཕྱིར་ཐམས་ཅད་ བཟའ་བར་མི་བྱའོ། །དེའི་དོན་ནི། བདུད་རྩི་རྣམ་ལྔ་བུ་རམ་ཆང་། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྔོན་དུ་སྐྱེ་མཆེད་བྱིན་གྱིས་བརླབ་པའི་དུས་སུ་ཁ་དོག་གི་རྣམ་པར་དག་པ་བསྟན་ཏོ། །ད་ནི་ཞེ་སྡང་ལ་སོགས་པའི་རྣམ་པར་དག་པ་ལྷ་མོ་རྣམས་བསྟན་པར་བྱ་སྟེ། མིག་ནི་གཏི་མུག་རྡོ་རྗེ་ མ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དམ་ཚིག་ལས་ནི་ཉམས་པ་ཡིན། །ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསད་པ་འདྲ་བར་བསྟན་ཏོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེ་རྒྱུད་ཀྱི་མཚོན་པའི་སྐད་ཀྱིས་རིམ་པར་ཕྱེ་བའི་ལེའུ་གསུམ་པའི་འགྲེལ་པ་མཛད་པ་རྫོགས་སོ།། །། གླུ་ཞེས་བྱ་བ་ནི་རྡོ་རྗེའི་གླུའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པ་ལ་ནི་རྡོ་རྗེ་ཞེས་བྱའོ། །དེ་གོ་བར་བྱེད་པ་ལ་ནི་གླུ་ཞེས་བྱའོ། །ལྷའི་རྣལ་འབྱོར་བྱས་པ་ལ་ནི་རྡོ་རྗེ་ཞེས་བྱའོ། །ཅིའི་ཕྱིར་རྡོ་རྗེ་ཞེས་བྱ་ཞེ་ན། ཡེ་ཤེས་ལྔ་ལས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྡོ་རྗེའི་གར་ཞེས་བྱའོ། །གང་གིས་གླུ་ཐོས་པ་དང་ གར་མཐོང་བས་བསོད་ནམས་ཆེན་པོར་ཐོབ་པར་འགྱུར་རོ། །བསོད་ནམས་དེའི་སྟོབས་དང་ལྷའི་ཏིང་ངེ་འཛིན་བྱས་པས་རྣལ་འབྱོར་པས་གླུ་ལེན་པ་དང་གར་བྱེད་པས་དགའ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །དེའི་སྟོབས་ཀྱིས་སངས་རྒྱས་ལ་དད་པའི་ལྷ་མོ་རྣམས་འོང་བར་འགྱུར་རོ། །སྔོན་དུ་དངོས་གྲུབ་ཐོབ་པའི་ རྣལ་འབྱོར་པ་རྣམས་ཀྱང་འོང་བར་འགྱུར་རོ། །དེ་དག་འོངས་པའི་རྟགས་ནི་རྒྱུད་ཀྱི་ནང་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་སྐྱེ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་ནོ། །དེ་ཡང་རྒྱུ་འབྲས་ཀྱི་ངོ་བོར་སུམ་ཅུ་རྩ་གཉིས་སོ། །དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་ གཞལ་ཡས་ཁང་ལ་སོགས་པ་བསམས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་བསྐོར་ནས་གནས་པའི་བྱང་ཆུབ་ཀྱི་སེམས་བསམ་པར་བྱའོ། །ཐམས་ཅད་ཀྱི་རྣམ་པར་དག་པ་ནི་བདག་ཉིད་ཡིན་པ་དང་། དངོས་པོ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་པའོ། །དེ་ལྟར་བསམ་པར་བྱའོ། །དེའི་དོན་ བསྟན་པར་བྱ་བའི་ཕྱིར། རང་བྱིན་བརླབ་པའི་རིམ་པ་ཡིས། །ཞེས་བྱ་བས་བསྟན་ཏོ། །དོན་དམ་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པའོ། །ཀུན་རྫོབ་ཅེས་བྱ་བ་ནི་རང་བཞིན་གྱིས་མྱོང་བའི་བདེ་བའོ། །དེ་གཉིས་ཀྱི་རྣམ་པར་དག་པ་བདེ་བ་དང་ག་བུར་རོ། །སྔོན་ དུ་ཕྱག་རྒྱ་མ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་སུ་བསྟན་ཏོ། །འདིར་ནི་ཡེ་ཤེས་ལྔའི་རང་བཞིན་དུ་བསྟན་པར་བྱ་སྟེ། དེའི་ཕྱིར། དེ་ཉིད་མེ་ལོང་ཡེ་ཤེས་དངོས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཇི་བཞིན་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ནི། ཇི་བཞིན་ཕྱིའི་དཀྱིལ་འཁོར་དེ་བཞིན་དུ་རང་གི་ལུས་སོ། ། ཤཱཀྱ་ཐུབ་པ་ལ་སོགས་པ་དེ་བཞིན་གཤེགས་པའི་གཟུགས་གང་གིས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར་དུས་གཅིག་ལ་སེམས་ཅན་ཐམས་ཅད་གྱི་དོན་བྱས་སོ། །དེའི་གཟུགས་ཀྱིས་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་དོ། །དེ་ལ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །དེའི་དོན་དེ་བཞིན་གཤེགས་ པས་གསུངས་སོ། །སྐུ་ནི་གང་གིས་རི་མོ་སྣ་ཚོགས་པ། སེམས་ཅན་ཐམས་ཅད་ཀྱི་ནི་དོན་ནི་བྱེད། །དངོས་མེད་རྒྱུན་མི་ཆད་པར་དོན་ཀུན་བྱེད། །དེ་ལྟའི་སྐུ་ལ་སྤྲུལ་པའི་སྐུ་ཞེས་བྱ། །དྲན་པ་ཉེ་བར་གཞག་པ་བཞི་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་དང་དགུའོ། །དེ་དག་ལ་ཏིང་ངེ་འཛིན་གྱི་རྒྱུ་ཞེས་བྱའོ། །ས་གཞི་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རྣམ་པར་ཤེས་པ་ དང་། ནམ་མཁའ་སྟེ། དེ་དག་ལ་ནི་ཟད་པར་སྐྱེ་མཆེད་བཅུ་ཞེས་བྱའོ། །ནང་གི་གཟུགས་ཅན་ཞེས་བྱ་བ་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་སྟེ། དེ་དག་རྣམ་པར་རྟོག་པ་དང་བྲལ་བར་ཤེས་པའོ། །ཕྱིའི་གཟུགས་ཅན་ཞེས་བྱ་བ་ནི་ཕྱིའི་གཟུགས་དང་། ནང་གི་གཟུགས་དང་ དེ་གཉིས་འདྲེས་པ་དང་གཟུགས་ཀྱི་རྣམ་པ་སྟེ། བརྒྱད་པོ་དེ་དག་ལ་ནི་ཡེ་ཤེས་ཀྱི་གནས་ཞེས་བྱའོ། །གཞན་གྱི་སེམས་ལ་ཉོན་མོངས་པའི་འཁྲུག་པ་རྩ་བ་ནས་འདོན་པར་བྱེད་པ་ལ་ནི་འཁྲུག་པ་སེལ་བར་བྱེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཡང་དག་པར་འཁོར་བའི་རྒྱུ་དང་བྲལ་བ་དང་། འཁོར་བའི་བཅིངས་པ་ལས་གྲོལ་བ་དང་། ཐེ་ཙོམ་སེལ་བར་བྱེད་པ་དང་། འཁོར་བ་ཇི་སྙེད་ཡོད་ཀྱི་བར་དུ་ནན་ཏན་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ། དེ་དག་ལ་ནི་སྨོན་པའི་ཡེ་ཤེས་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་གི་ཡེ་ཤེས་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། གནས་ དང་དམིགས་པ་དང་། སེམས་དང་ཡེ་ཤེས་ཏེ། །དེ་དག་ལ་ནི་རྣམ་པར་དག་པ་བཞི་ཞེས་བྱའོ། །ཚེ་དང་སེམས་དང་ཡོ་བྱད་དང་། ལས་དང་སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། སྤྲུལ་པ་དང་། ཡེ་ཤེས་དང་། ཆོས་ཏེ་དེ་དག་ལ་ནི་དབང་བཅུ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མཁས་པའི་ཡོན་ཏན་བཞི་དང་། བསྲུང་བ་མེད་པ་གསུམ་དང་། ཆོས་བཤད་པ་ལ་ཉན་པར་འདོད་པ་དང་། ཉན་པར་མི་འདོད་པ་དང་། བཏང་སྙོམས་སུ་གནས་པ་དེ་གསུམ་བཏང་སྙོམས་སུ་བྱས་ནས་ཆོས་བཀའ་སྩལ་པ་ལ་ནི་དྲན་པ་གསུམ་ཞེས་བྱའོ། །སེམས་ཅན་གྱི་དོན་བྱེད་པའི་དུས་ངེས་པ་ལ་ནི་སེམས་ ཅན་མི་སླུ་བ་ཞེས་བྱའོ། །སྒྲིབ་པ་གཉིས་ཀྱི་ས་བོན་བག་ཞད་ཀྱང་མེད་པ་ལ་ནི་སྒྲིབ་པ་གཉིས་དང་བྲལ་བ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་སེམས་བཟང་བ་ལ་ནི་སྙིང་རྗེ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཆོས་གཞན་གྱིས་འཕྲོག་པར་མི་ནུས་པ་བཅོ་བརྒྱད་དོ། །དེ་དག་ཐམས་ཅད་ལ་ནི་ཆོས་ཀྱི་ སྐུ་ཞེས་བྱའོ། །དེ་དག་གི་ནི་དོན་བསྡུས་ཏེ་བསྟན་པར་བྱ་སྟེ། བྱང་ཆུབ་ཕྱོགས་དང་ཚད་མེད་དང་། རྣམ་ཐར་བརྒྱད་ཀྱི་རིམ་པ་སྟེ། །ལུས་དགུ་དང་ལྡན་ཏིང་འཛིན་ནོ། །ཟད་པར་གྱི་ནི་སྐྱེ་མཆེད་དང་། །ཡེ་ཤེས་གནས་ནི་རྣམ་པ་བརྒྱད། །འཁྲུག་སེལ་སྨོན་པའི་ཡེ་ཤེས་ནི། །དྲུག་དང་ཡང་དག་ཡེ་ཤེས་སོ། །རྣམ་པ་ ཐམས་ཅད་རྣམ་དག་བཞི། །དབང་ཕྱུག་དང་ནི་སྟོབས་བཅུ་སྟེ། །མཁས་པའི་ཤེས་བཞི་བསྲུང་མེད་གསུམ། །དྲན་པ་གསུམ་དང་སླུ་མེད་དང་། །སྒྲིབ་བྲལ་སེམས་ཅན་སྙིང་རྗེ་ཆེ། །དབྲོག་པར་མི་ནུས་བཅོ་བརྒྱད་དེ། །དེ་དག་ཐམས་ཅད་བསྡུས་པ་ནི། །ཐམས་ཅད་མཁྱེན་པ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། ། ས་བརྒྱད་པའི་བྱང་ཆུབ་སེམས་དཔས་ལོངས་སྤྱོད་པའམ། ཡང་ན་ས་བཅུ་པའི་དབང་ཕྱུག་བྱང་ཆུབ་སེམས་དཔས་ལོངས་སྤྱོད་པར་བྱེད་དོ། །ལོངས་སྤྱོད་པར་བྱ་བ་ཇི་ལྟ་བུ་ཞེ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་འཛིན་པ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་ནི་ཐེག་པ་ཆེན་པོའི་ལོངས་སྤྱོད་རྫོགས་པའི་གནས་ སོ། །དེའི་དོན་ནི་དེ་བཞིན་གཤེགས་པས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། མཚན་ནི་སུམ་ཅུ་རྩ་གཉིས་དེ་བཞིན་བདག །ལོངས་སྤྱོད་རྫོགས་པ་ཞེས་བྱའི་སྐུ་ཡིན་ཏེ། །དཔེ་བྱད་བརྒྱད་ཅུའི་འོད་ཟེར་དག་གིས་བརྒྱན། །ཐེག་པ་ཆེན་པོ་དག་གི་ལོངས་སྤྱོད་དོ། །དེ་ལ་ནི་ལོངས་སྤྱོད་ རྫོགས་པའི་སྐུ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རྒྱུས་ཉོན་མོངས་པ་མེད་པ་དང་། གློ་བུར་བའི་དྲི་མ་དང་བྲལ་བ་དང་། རྣམ་པ་ཐམས་ཅད་རྣམ་པར་དག་པ་དང་། རང་བཞིན་གྱིས་སྟོང་པའོ། །དེ་ལྟ་བུ་མཚན་ མ་རྙེད་པ་དེའི་རང་བཞིན་ནི་མ་སྐྱེས་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤེས་པའམ་ཡང་ན་རྙེད་པའོ། །མ་བྱས་པར་རང་བཞིན་གྱིས་གནས་པ་ལ་ནི་བདེ་བ་ཆེན་པོའི་སྐུ་ཞེས་བྱའོ། །དེའི་དོན་ནི་དེ་བཞིན་གཤེགས་པས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། ཆོས་ཀྱི་རྣམ་པར་དག་པ་བརྙེས། ། རྣམ་པ་ཐམས་ཅད་ཉོན་མོངས་མེད། །དེ་བཞིན་གཤེགས་པའི་རང་བཞིན་སྐུ། །དེ་དག་གི་ནི་རང་བཞིན་ནོ། །དེ་ལ་ནི་བདེ་བ་ཆེན་པོའི་སྐུ་ཞེས་བྱའོ། །རྒྱུ་ནི་དེའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱིས་གྲུབ་པའམ། རང་བཞིན་གྱིས་གྲུབ་ནས་གནས་པའོ། །སེམས་ཅན་ཐམས་ཅད་རང་བཞིན་གྱིས་སངས་ རྒྱས་པ་ཡིན་ན། བྱང་ཆུབ་སེམས་དཔར་འདོད་པ་དང་སངས་རྒྱས་པར་འདོད་པ་ནི་དོན་མེད་པར་འགྱུར་རོ། །རྣལ་འབྱོར་མས་དེ་བཞིན་གཤེགས་པའི་གསུང་ཐོས་ནས་དམ་པ་སྐྱེས་ཏེ་བརྒྱལ་བར་གྱུར་ཏོ། །དེའི་ཚིག་གང་གིས་བསྟན་པར་བྱ་ཞེ་ན། དེ་ནས་ལྷ་མོ་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་ པས་བསྟན་ཏོ། །དེ་བརྒྱལ་བ་ལས་བསླང་བའི་ཕྱིར། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་གློ་བུར་དུ་འོངས་པ་ནི་རང་གིས་བརྟགས་པ་ཡིན་ཏེ། གཞན་ནས་ནི་འོངས་པ་མ་ཡིན་ནོ། །རང་གིས་རང་གི་སེམས་དྲི་མ་ཅན་དུ་བྱས་པའོ། །དྲི་མ་ ཞེས་བྱ་བ་གང་ཡིན་ཞེ་ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །དེ་དང་བྲལ་བས་བག་ཆགས་ཀྱང་རྩ་བ་ནས་ཕྱུང་བ་ཡིན་ནོ། །བག་ཆགས་རྩ་བ་ནས་ཕྱུང་བས་སེམས་ཅན་ཐམས་ཅད་སངས་རྒྱས་པ་ཡིན་ནོ། །དེ་ལྟར་གང་གིས་ཤེས་པས་འགྲུབ་པར་འགྱུར་རོ། །གདོལ་པ་ཞེས་བྱ་བ་ ལ་སོགས་པ་ནི། རིགས་དང་འགྲོ་བ་རིས་དྲུག་དང་། སྐྱེ་གནས་སོ། །དེ་དག་ནི་ངེས་པ་མ་ཡིན་ནོ། །ཧེ་རུ་ཀའི་རྣལ་འབྱོར་རམ། ཡང་ན་བདག་མེད་མའི་རྣལ་འབྱོར་བྱས་ནས་ཡཾ་སྔོན་པོ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་འཕན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་དམར་པོ་ བསྒྱུར་བ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའོ། །དེའི་སྟེང་དུ་རཾ་མམ། ཡང་ན་རྡོ་རྗེས་མཚན་པ་བསམ་པར་བྱའོ། །དེའི་སྟེང་དུ་ཨ་བསྒྱུར་བ་ལས་ཀ་པཱ་ལ་བསམ་པར་བྱའོ། །དེའི་ནང་དུ་བཟའ་བར་བྱ་བ་དང་། བདུད་རྩི་རྣམ་པ་ལྔ་དང་། གསལ་བའི་མེ་མར་ལྔའོ། །དེའི་སྟེང་དུ་ དེ་བཞིན་གཤེགས་པ་ལྔའི་ས་བོན་བསམ་པར་བྱའོ། །དེའི་སྟེང་དུ་ཨོཾ་བསྒྱུར་བ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསྒྱུར་བ་ལས་རྡོ་རྗེ་བསམ་པར་བྱའོ། །དེ་ནས་རླུང་གིས་མེ་སྦར་བ་ལས་ཐམས་ཅད་བདུད་རྩིའི་ངོ་བོར་ཞུ་བར་བསམ་པར་བྱའོ། །དེ་ནས་སྔོན་གྲུབ་ནས་གནས་པའི་བདུད་རྩི་ རྣམས་བླངས་ལ་བདུད་རྩིའི་ནང་དུ་བླུགས་པར་བྱའོ། །དེའི་རྟིང་ལ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གཽ་རཱི་ལ་སོགས་པ་གང་ཡང་རུང་བ་ལས་སྤྲོས་ནས། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་ནས། མདུན་དུ་བསམ་མོ། །དེ་ལ་ཨརྒྷཾ་ལ་སོགས་པ་སྦྱིན་ པར་བྱའོ། །དེ་ནས་ཐིམ་པར་བྱའོ། །དབུས་ཀྱི་གཙོ་བོ་ལ་སོགས་པའི་ལྕེ་ལ་ཧཱུཾ་བསམས་ཏེ་རྡོ་རྗེར་གྱུར་པར་བསམ་པར་བྱའོ། །དེ་ནས་བྱིན་གྱིས་བརླབས་པའི་བདུད་རྩི་མྱང་བར་བྱའོ། །དེའི་རྟིང་ལ་གསང་བ་ནི་མཚམས་བཞི་དང་སྟེང་དང་འོག་ཏུའོ། །གནས་དེ་དག་ཏུ་རིམ་པ་བཞིན་དུ་བརྒྱ་བྱིན་དང་གཤིན་རྗེ་ དང་། ཆུ་ལྷ་དང་། ནོར་སྦྱིན་དང་། མེ་ལྷ་དང་། སྲིན་པོ་དང་། རླུང་ལྷ་དང་། ལྷ་ཆེན་པོ་མ་ཧཱ་དེ་བ་དང་། ཉི་མའི་ལྷ་དང་། ཟླ་བའི་ལྷ་དང་། ཚངས་པ་དང་། སའི་ལྷ་དང་། ཐགས་བཟངས་རིས་ཀྱི་རྒྱལ་པོའོ། །དེ་དག་བཀུག་ལ་རང་རང་གི་གནས་སུ་བསམས་ལ་ཨརྒྷཾ་ལ་སོགས་པ་སྦྱིན་པར་བྱའོ། །དེ་ནས་ཨོཾ་ཨིནྡ་ཛ་མ་ ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ལ་དགྱེས་པར་བྱའོ། །དེ་ནས་སྔོན་དུ་བསྟན་པ་བཞིན་དུ་བསང་གཏོར་ལ་སོགས་པ་བྱའོ། །ནང་ཕུར་བུས་འདེབས་པའི་ཚེ་དེ་དག་སྤྱི་གཙུག་ཏུ་བསམས་ལ་སྲུང་བའི་འཁོར་ལོ་ལ་གནས་པའོ། །ཁྲོ་བོ་རྣམས་སྨད་ཕུར་བུ་ལྟ་བུ་དང་། སྟོང་རང་གི་གཟུགས་སུ་བསམས་ལ་ རིམ་པ་བཞིན་དུ་སྔོན་དུ་བསམ་པ་རྣམས་ལ་ཕུར་བུས་གདབ་པར་བྱའོ། །ཡང་ན་བདུད་རྩི་འཁྱིལ་པས་གདབ་པར་བྱའོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱས་བཏབ་པ་བསྡུས་པའི་དོན་ཞེས་བྱ་བའི་རིམ་པར་ཕྱེ་བ་ལེའུ་བཞི་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།བརྒྱ་བྱིན་ཕྱོགས་སུ་ ཞེས་བྱ་བ་ནི་ཤར་ཕྱོགས་སོ། །ཤར་སྒོ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཤར་ཕྱོགས་ཀྱི་སྒོའི་པདྨའི་འདབ་མ་རྣམས་ལ་གནས་པའོ། །དེ་ལྟ་བུའི་རིམ་པས་གཽ་རཱི་དང་། ཙཽ་རཱི་དང་། བེ་ཏཱ་ལཱི་དང་། གྷསྨ་རཱིའོ། །དེ་དག་ནི་སྒོའི་པདྨའི་འདབ་མ་ལ་བསམ་པར་བྱའོ། །ས་བོན་གཅིག་ལས་གྲུབ་པ་དཔག་ཏུ་མེད་པར་ཇི་ལྟར་ འགྱུར་ཞེ་ན། དེའི་ལན་དུ་རྣམ་པར་དག་པའི་དབྱེ་བས་གྲངས་མང་པོར་འགྱུར་རོ། །དཔེར་ན་ཁྲོ་བོ་གཅིག་འཁོར་ལོའི་རྗེ་དཔོན་ཡང་ཡིན་ལ། སྒོ་སྲུང་ཡང་བྱེད་ལ་སྲུང་བའི་འཁོར་ལོ་ལ་ཡང་གནས་པའོ། །དེ་ལྟར་གནས་གསུམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་དུ་གཽ་རཱི་ལ་སོགས་པས་སྒོ་སྲུང་ལ་སོགས་པར་ འགྱུར་རོ། །དེ་དག་གི་རྣམ་པར་དག་པའི་དབྱེ་བའི་སྒོ་ནས་ཁ་དོག་ཀྱང་ཤེས་པར་བྱའོ། །དེའི་དོན་ནི་དེ་བཞིན་གཤེགས་པས་གསུངས་པར་བྱེད་དོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མདོག་གི་དབྱེ་བའི་སྒོ་ནས་ཕྱག་མཚན་བརྒྱད་བྲི་བར་བྱའོ། །དེ་དག་གི་དགོས་པ་མཐོང་ནས་ལ་ལ་ནི་བརྒྱད་དུ་ འགྱུར་བ་དང་། བཅུ་གསུམ་དུ་འགྱུར་བ་དང་། བཅོ་ལྔར་ཡང་འགྱུར་རོ། །དཔེར་ན་མིང་དུ་ནི་ཁྲོ་བོ་བཅུ་ཞེས་བརྗོད་ལ་དགོས་པ་མཐོང་ནས་བཅུ་བཞིར་ཡང་འགྱུར་རོ། །དེ་བས་ན་སྐྱོན་མེད་དོ། །རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱ་བ་ནི་གཙོ་བོ་ཡིན་པས་ན་རྣམ་པར་རྒྱལ་བའི་བུམ་པ་ཞེས་བྱའོ། །དེ་ནི་དཀྱིལ་འཁོར་གྱི་རྗེ་ དཔོན་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ལྷ་མོ་བརྒྱད་ཀྱི་བུམ་པ་བརྒྱད་ཤེས་པར་བྱའོ། །སྒོའི་ཕྱོགས་སུ་བགེགས་བསྐྲད་པར་བྱ་བའི་ཕྱིར་བུམ་པ་གཅིག་བསམ་པར་བྱ་བ་དང་བཅུ་ཐམ་པའོ། །དེ་ནི་རྒྱུད་ཀྱི་རིགས་པ་ཡིན་ནོ། །བཅུ་ལས་ཉུང་བ་མི་བྱའོ། །ཞེས་གསུངས་སོ། །ལོངས་སྤྱོད་ཅེས་བྱ་བ་ནི་ བྱང་ཆུབ་ཀྱི་སེམས་མྱོང་བ