Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 4
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
འི་དུས་ལ་ལོངས་སྤྱོད་ཅེས་བྱའོ། །དེའི་དོན་ནི་སྣའི་དབུགས་དང་ཁའི་དབུགས་བསྡམས་ལ་འོག་ཏུ་ཁྱེར་བར་བྱའོ། །ཡང་ན་ལོངས་སྤྱོད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་རང་གིས་གོ་བ་མངོན་སུམ་དུ་བྱ་བའི་དུས་སུ་ཕྱི་དང་ནང་གི་རྟོག་པ་མི་བྱའོ། །དེ་ནས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ གཉིས་འགག་པར་འགྱུར་བའོ། །གཙང་མའི་བུ་མོ་དེ་བཞིན་དུ། །ཇི་ལྟར་དེ་ན་འབྱུང་བར་འགྱུར། །ཞེས་བྱ་བ་ནི་སེམས་ཀྱི་སྤྱོད་ཡུལ་གཅིག་ཏུ་བརྗོད་པས་ཉོན་མོངས་པ་མེད་པའི་བདེ་བ་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་སྟོབས་དང་ལྡན་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་ རྡོ་རྗེའི་རྒྱུད་ཀྱི་མངོན་པར་ཤར་བའི་རིམ་པར་ཕྱེ་བའི་ལེའུ་ལྔ་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།བླ་ན་མེད་པའི་ཆོས་སྟོན་པར་བྱེད་དེ། དེའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་འདི་གསུངས་སོ། །དེ་བས་ན་བྲིས་སྐུའི་སྒྲུབ་ཐབས་ནི་རིགས་པ་མ་ཡིན་ནོ། །དེ་རྒྱུད་གཞན་ལས་གསུངས་པ་ནི་ཕྱི་རོལ་གྱི་རྣམ་པ་ལ་མོས་པ་རྣམས་ཀྱི་ དོན་གྱི་ཕྱིར་གསུངས་སོ། །དེའི་དོན་ནི། ཕྱི་རོལ་ལ་ནི་མོས་པ་ཡི། །དོན་ཕྱིར་བྲིས་སྐུ་ལ་སོགས་གསུངས། །དེའི་ལན་དུ་རྒྱུད་གཞན་ལ་གནས་པའི་རྣལ་འབྱོར་པ་ཕྱི་རོལ་ལ་མོས་པས་བྲིས་སྐུ་འགུལ་བ་ལ་སོགས་པ་མཐོང་ནས་ངའི་དངོས་གྲུབ་ཉེའོ་ཞེས་ཟེར་རོ། །འདི་ལ་གནས་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་ པས་ཇི་ལྟར་གསུངས་པ་བཞིན་དུ་བྲིས་སྐུ་བྲིས་ན་རྣལ་འབྱོར་པ་ཞལ་དང་ཕྱག་ལ་སོགས་པ་རྨོངས་པར་མི་འགྱུར་རོ། །དེ་མཐོང་བས་རྣལ་འབྱོར་ཡང་གོམས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ལྟར་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེའི་ཕྱིར་བྲི་བའི་སྐུ་ གཟུགས་ཀྱི་སྒྲུབ་ཐབས་ཀྱི་སྐྱོན་དུ་མི་འགྱུར་རོ། །ཕྱིའི་རྣམ་པར་རྟོག་པར་ཡང་མི་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་སྐུ་གཟུགས་ཀྱི་རིམ་པར་ཕྱེ་བའི་ལེའུ་དྲུག་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།ལག་པ་ལ་སོགས་པའི་ནང་དུ་སྦ་བར་བྱ་བའི་ཕྱིར་སོར་བཅུ་གཉིས་གསུངས་སོ། །འདིར་མདོར་བསྡུས་ནས་ ཆོས་ཐམས་ཅད་གསུངས་སོ། །ཡེ་ཤེས་ནི་སྤྲོས་པའི་ངོ་བོ་མ་ཡིན་ནོ། །སྤྲོས་པ་ལ་གནས་པའི་སེམས་ཅན་གྱིས་གོང་མ་དེ་གོ་བར་མི་འགྱུར་རོ། །དེའི་ཕྱིར་སྤྲོས་པ་ལ་གནས་པའི་སེམས་ཅན་གྱིས་པོ་ཏི་མ་མཐོང་ནས་དེ་བཞིན་གཤེགས་པའི་ལུང་མ་ཡིན་ནོ་ཞེས་ཟེར་རོ། །དམ་ཚིག་མེད་པའི་མིས་ཡང་དག་པའི་ཆོས་གོ་ བར་བྱེད་པའི་ཚིག་སྨད་ནས་དམྱལ་བར་སྐྱེ་བར་འགྱུར་རོ། །རྣལ་འབྱོར་པས་ཀྱང་དེ་བཞིན་གཤེགས་པའི་ཚིག་རིན་པོ་ཆེ་དམ་ཚིག་མེད་པ་ལ་བསྟན་ན། དམ་ཚིག་ཉམས་པར་འགྱུར་ཏེ། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེའི་དོན་ནི། ཚེ་རབས་འདི་ལ་གྲུབ་པ་མེད། །ཅེས་བྱ་བ་ལ་སོགས་པས་ བསྟན་ཏོ། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་བླ་མས་དབུ་མཛད་ནས་སློབ་མ་དཔག་ཏུ་མེད་པའོ། །འདོད་པའི་དོན་ཀུན་གྲུབ་པ་ཞེས་བྱ་བ་ནི་ཐུན་མོང་གི་དངོས་གྲུབ་དང་། ཐུན་མོང་མ་ཡིན་པའི་དངོས་གྲུབ་རྣལ་འབྱོར་པས་ཐོབ་པར་འགྱུར་རོ། །དེས་ནི་ཐེག་པ་གསུམ་ལ་གནས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་ སྟོན་པའི་སྟོབས་དང་ལྡན་པར་བསྟན་ཏོ། །དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་དང་འདྲ་བར་སློབ་དཔོན་ལ་བསམས་ལ་དབུས་སུ་གདན་སྦྱིན་པར་བྱའོ། །སློབ་མ་རྣམས་ལ་དཀྱིལ་འཁོར་གྱི་ལྷ་དང་འདྲ་བར་བསམས་ལ་གདན་སྦྱིན་པར་བྱའོ། །དེ་ནས་ཟན་དང་ཚོད་མ་ལ་སོགས་པ་བདུད་རྩིར་བྱིན་གྱིས་བརླབས་ལ་རང་ཡང་ལྷའི་ ཏིང་ངེ་འཛིན་དུ་གནས་ཏེ། ཐམས་ཅད་ཀྱི་ལྕེ་ལ་ཧཱུཾ་བསམས་ལ། དེ་གྱུར་པ་ལས་ལྕེ་རྡོ་རྗེའི་ངོ་བོར་བསམ་པར་བྱའོ། །དེ་ལྟར་བྱས་ནས་བཟའ་བ་དང་བཏུང་བ་ལ་སོགས་པ་བྱའོ། །དེ་རྟག་པར་གོམས་པར་བྱས་པས་སེམས་ལ་དཀྱིལ་འཁོར་རྟག་པར་མཐོང་བར་འགྱུར་རོ། །དེ་ལྟར་རྟག་པར་མཐོང་བས་རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་རི་ལྟ་བུ་འཇོམས་པའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ནས་སྒྲིབ་པ་གཉིས་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་བླ་ན་མེད་པའི་ངོ་བོ་སྒྲིབ་པ་མེད་པ་རྒྱུན་མི་ཆད་པ་བདེ་བ་ཆེན་པོའི་རང་བཞིན་སེམས་ཅན་གྱི་ཁམས་དཔག་ཏུ་མེད་ པའི་དོན་བྱེད་པའི་སྟོབས་དང་ལྡན་པ་སྐུ་གསུམ་གྱི་རང་བཞིན་ཡིན་ནོ། །དེ་ལྟ་བུའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བས་ན་བཟའ་བ་ལ་སོགས་པ་ལ་ཏིང་ངེ་འཛིན་བྱ་བ་ནི་མཚན་མ་ཙམ་ཞིག་ཡིན་གྱི་དུས་རྟག་ཏུ་ཏིང་ངེ་འཛིན་བྱ་བར་བསྟན་ཏོ། །དེ་ཉིད་རྟག་པར་བསྒྲུབ་པར་བྱ་བ་ཡིན་གྱི། བཟའ་བ་ལ་སོགས་པ་ ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེའི་དོན་ནི། ཀྱེ་ཡི་རྡོ་རྗེའི་སྐུ་གཟུགས་ནི། །དབུས་ཉིད་དུ་ནི་བདག་ཉིད་དེ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་བཟའ་ཐབས་ཀྱི་རིམ་པར་ཕྱེ་བའི་ལེའུ་བདུན་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་བསོད་ནམས་ཀྱི་ཚོགས་དང་ ལྡན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་དབང་དུ་འགྱུར་རོ། །དེ་བུད་མེད་ཀྱི་གཟུགས་སུ་བྱས་ནས་འོང་བར་འགྱུར་རོ། །དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཡང་ན་འོག་གི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལས་ཀྱི་བྱེ་བྲག་གི་རྒྱུས་བུད་མེད་དུ་སྐྱེ་བར་འགྱུར་རོ། །དེ་ལ་ ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། །ཡང་ན་རིང་མིན་ཐུང་བ་མིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དང་པོ་བསྙེན་གནས་ཁྲིམས་ནི་སྦྱིན། །ཞེས་བྱ་བ་ནི་དེའི་མཚན་མ་ཙམ་ཞིག་བསྟན་པ་ཡིན་གྱི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ དང་བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་སྟེ། དེ་དག་ཡང་སྤངས་པ་ལ་ནི་དགེ་བསྙེན་གྱི་སྡོམ་པ་ཞེས་བྱའོ། །དྲི་ཞིམ་པོ་དང་མེ་ཏོག་གི་ཕྲེང་བ་དང་བྱུག་པ་དང་གླུ་དང་གར་དང་། བྲོ་བརྡུང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་སོ། །དེ་དག་ནི་གོང་གི་སྟེང་དུ་བསྣན་ པས་བརྒྱད་དུ་འགྱུར་རོ། །དེ་བརྒྱད་ལ་ནི་བསྙེན་གནས་ཀྱི་སྡོམ་པ་ཞེས་བྱའོ། །དེའི་སྟེང་དུ་གསེར་དངུལ་མི་རེག་པ་བསྣན་པས་དགེ་ཚུལ་གྱི་ཁྲིམས་བཅུ་ཞེས་བྱའོ། །དེ་ལྟ་བུའི་རིམ་པས་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་སྤངས་ལ་བཤད་མ་ཐག་པ་དེ་ཉིད་གོ་བར་བྱའོ། །དེའི་དོན་ནི་དེ་བཞིན་གཤེགས་ པས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། ལྔ་དང་བརྒྱད་དང་བཅུ་ནི་སྤང་བར་བྱ། །ཞེས་གསུངས་སོ། །དེ་སྤངས་པས་དགེ་བསྙེན་དང་བསྙེན་གནས་དང་དགེ་ཚུལ་ལ་སོགས་པར་འགྱུར་རོ། །དེའི་དོན་ནི། དེ་ཡི་རྟིང་ལ་བསླབ་པ་བཅུ། །ཞེས་བྱ་བས་བསྟན་ཏོ། །དེ་ནས་བྱེ་བྲག་སྨྲ་བ་བསྟན། །ཞེས་བྱ་བ་ ལ་སོགས་པ་གསུངས་པ་ལ་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་རྒྱལ་བའི་བྱང་ཆུབ་དེས་སྟོན་པར་བྱེད་དོ། །དེ་ཇི་ལྟར་ཐོས་པ་བསྟན་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ལ་དུས་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་དུས་ཞེས་བྱ་ཞེ་ན། དེ་ཡང་འདས་པ་ལ་སོགས་པ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ སྡུག་བསྔལ་ཞེས་བྱའོ། །ཅིའི་ཕྱིར་སྡུག་བསྔལ་ཞེས་བྱ་ཞེ་ན། སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་སྟོང་པ་ཉིད་དང་བདག་མེད་པའོ། །ཚིག་དེ་དག་གིས་ནི་འབྲས་བུར་གྱུར་པའི་ཕུང་པོ་རྣམ་པ་ལྔ་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །དེ་ད་ལྟར་ཉམས་སུ་མྱོང་བའོ། །དེའི་རྒྱུར་ གྱུར་པའི་སྒོ་ནས་ཀུན་འབྱུང་གི་བདེན་པ་ཞེས་བྱའོ། །དེ་གཉིས་འགགས་པ་ལ་ནི་འགོག་པའི་བདེན་པ་ཞེས་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་ཡང་ལམ་མེད་པར་མི་ཐོབ་པར་ན་ལམ་གྱི་བདེན་པ་བསམ་པར་བྱའོ། །དེའི་མིང་གི་ རྣམ་གྲངས་ནི་རིགས་པ་ཞེས་ཀྱང་བྱ། འཁོར་ལོ་ཞེས་ཀྱང་བྱ་ཕུང་པོ་ལྔ་ཞེས་ཀྱང་བྱའོ། །དེ་ལ་ནི་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་ཅེས་བྱའོ། །ཚིག་དེ་དག་གིས་ནི་དོན་འདི་སྟོན་པར་བྱེད་དེ། ཉན་ཐོས་ལ་སོགས་པས་འཁོར་བ་ལ་སྡུག་བསྔལ་བར་མཐོང་ནས་སྤོང་བར་བྱེད་པ་དང་། ཕྱིས་ཇི་ལྟར་མི་ སྐྱེ་བའི་ཐབས་བྱེད་པའོ། །འཕགས་པའི་བདེན་པ་བཞི་ནི་ཚད་མ་ཡིན་པར་བྱས་ལ་བསྒོམ་པར་བྱའོ། །དེ་ལ་སྡུག་བསྔལ་ནི་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་བྱའོ། །དེའི་ཕྱིར་ཕུང་པོ་ལྔའི་རང་བཞིན་བརྟག་པར་བྱའོ། །ཇི་ལྟར་བརྟག་པར་བྱ་ཞེ་ན་དཔེར་ན་ནད་དང་ནད་ ཀྱི་རྒྱུ་དང་། ནད་དང་བྲལ་བ་དང་སྨན་ནོ། །དེ་ལ་སྡུག་བསྔལ་ནི་ནད་ལྟ་བུའོ། །ཀུན་འབྱུང་ནི་ནད་ཀྱི་རྒྱུ་ལྟ་བུའོ། །འགོག་པ་ནི་ནད་དང་བྲལ་བ་ལྟ་བུའོ། །ལམ་ནི་སྨན་ལྟ་བུའོ། །དེ་ལྟར་འཕགས་པའི་བདེན་པ་བཞི་གང་གིས་བརྟགས་པས་ཤེས་པ་བརྒྱད་དང་། བཟོད་པ་བརྒྱད་སྐྱེ་བར་འགྱུར་རོ། །དེ་དག་ལ་སྐད་ཅིག་མ་བཅུ་དྲུག་ ཅེས་བྱའོ། །དེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་མཐོང་བའི་ལམ་ཞེས་བྱའོ། །དེ་མངོན་དུ་མ་མཐོང་བ་མཐོང་བས་ན་མཐོང་བའི་ལམ་ཞེས་བྱའོ། །འགོག་པ་མངོན་སུམ་དུ་བྱས་པས་ན་ལམ་ཞེས་བྱའོ། །དེ་ལ་སྐད་ཅིག་ཅེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་ བཟོད་པ་དང་། སྡུག་བསྔལ་ལ་ཆོས་རྗེས་སུ་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་ དང་། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་ཆོས་ཤེས་པ་དང་། འགོག་པ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང་བཅུ་དྲུག་གོ། །དེ་ལྟ་བུའི་རིམ་པས་མཐོང་བའི་ ལམ་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་བརྒྱད་ཅུ་རྩ་བརྒྱད་ལ་སོགས་པ་སྤོང་བར་འགྱུར་རོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་གཉིས་ནི་རྟག་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ ཏུ་འཛིན་པའི་ལྟ་བ་དང་། ཐེ་ཚོམ་དང་འདོད་ཆགས་དང་ཞེ་སྡང་དང་། ང་རྒྱལ་དང་། མ་རིག་པའོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་ནི་གོང་མའི་དེ་ལ་རྟག་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བ་བོར་བས་ལྟག་མ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བདུན་ནོ། །འགོག་པ་མཐོང་བས་ སྤང་བར་བྱ་བ་ཡང་དེ་དང་མཐུན་ནོ། །ལམ་མཐོང་བས་སྤང་བར་བྱ་བ་དྲུག་གི་ནི་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། མ་རིག་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་དྲུག་གོ། །འདོད་པའི་ཁམས་ཀྱིས་མཐོང་བས་སྤང་བར་བྱ་བ་སུམ་ཅུ་རྩ་གཉིས་དང་། བསྒོམ་ པས་སྤང་བར་བྱ་བ་བཞི་སྤངས་པས་འདོད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ། །ཐེ་ཚོམ་དང་འདོད་ཆགས་དང་། ཞེ་སྡང་དང། ང་རྒྱལ་དང་། མ་རིག་པའོ། །དེ་དག་མ་གཏོགས་པ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ལ་མཐོང་བས་སྤང་བར་བྱ་བ་སུམ་ཅུ་རྩ་གཅིག་སྤང་བར་བྱའོ། །གཟུགས་མེད་པའི་ཁམས་ན་དེ་ དང་འདྲའོ། །མཐོང་བས་སྤང་བར་བྱ་བ་བརྒྱད་ཅུ་རྩ་བརྒྱད་ལ་སོགས་པ་སྤངས་པས་ཁམས་གསུམ་དུ་སྐྱེ་བའི་རྒྱུ་དང་བྲལ་བ་ཡིན་ནོ། །དེ་དང་བྲལ་བ་ནི་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །དེ་ལ་ཉན་ཐོས་ཀྱི་སངས་རྒྱས་དང་། རང་རྒྱལ་བའི་སངས་རྒྱས་ཞེས་བྱའོ། །དེ་ནི་ཉོན་མོངས་ པ་དང་བྲལ་བས་འཁོར་བར་མི་སྐྱེའོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ཡང་དཔེར་ན་མེ་མར་ཤི་བ་ལྟ་བུའོ། །ཉན་ཐོས་དང་རང་སངས་རྒྱས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐོས་ནས་ཉན་ཐོས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །དེ་དག་གི་སྒོ་ ནས་ཆོས་བཤད་ནས་སེམས་ཅན་འདུལ་བར་བྱེད་དོ། །གཞན་གྱིས་ཉོན་ཅིག་པར་བསྐུལ་ནས་ཉན་པས་ན་ཉན་ཐོས་ཞེས་བྱའོ། །རང་རྒྱལ་བའི་སངས་རྒྱས་ནི་སྔོན་དུ་རང་གིས་ཐོས་པ་བཟུང་ནས་གཞན་གྱི་མན་ངག་ལ་མི་ལྟོས་པར་རང་གི་བྱང་ཆུབ་གོ་བས་ན་རང་སངས་རྒྱས་ཞེས་བྱའོ། །དེས་ཚིག་གི་སྒོ་ནས་བཤད་པ་སྤངས་ནས་སྐུའི་སྒོ་ནས་ སེམས་ཅན་དགེ་བ་བཅུ་ལ་འགོད་པར་བྱེད་དོ། །དེའི་དོན་ནི་གཞན་གྱི་མན་ངག་ལ་མ་བརྟེན་པར་རང་གིས་གོ་བ་དང་རང་ཉིད་སངས་རྒྱས་པས་དེའི་ཡེ་ཤེས་ཡང་དག་ཟབ་པ་སྟེ། དེའི་ཕྱིར་རང་རྒྱལ་གྱི་མིང་དུ་བསྟན། ཕུང་པོ་ལྔ་བདག་མེད་པ་ལ་བདག་དང་བདག་གིར་ལྟ་བ་ལ་ནི་རྟག་པར་ལྟ་བ་ཞེས་བྱ་བའོ། །དེ་ལྟ་བུ་ཕུང་པོ་ལ་སོགས་པ་ བདག་མེད་པ་ལ་བདག་ཏུ་ལྟ་བ་དང་། དེ་ཡང་རྟག་པར་ལྟ་བ་ནི་བདག་ཏུ་ལྟ་བ་ཞེས་བྱའོ། །གཞན་ལ་གནོད་པ་མི་བྱེད་པ་ལ་ནི་ཚུལ་ཁྲིམས་ཞེས་བྱའོ། །ཁྱི་ཉལ་བའི་ས་དང་། བ་ལང་མང་པོ་འདྲུལ་བའི་ལམ་དང་། རི་དགས་གནས་པའི་ས་ལ་སོགས་པ་དེ་དག་ཏུ་གནས་པའོ། །གཞན་ཡང་ཐལ་བའི་སྟེང་ན་ཉལ་ བ་དང་། སྐྲ་འདྲེག་པ་དང་། དྲང་སྲོང་གི་ཁྲུས་བྱས་པའི་སར་ཁྲུས་ལ་འགྲོ་བ་དང་། འབྲས་བུ་དང་། རྩ་བ་ཟ་བ་དང་། རལ་པ་འཛིན་པ་དང་། ཤིང་ཤུན་གོན་པ་ལ་སོགས་པ་ལ་བརྟུལ་ཞུགས་ཞེས་བྱའོ། །དེ་ལྟར་བྱེད་པ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱའོ། །བདེན་པ་དང་རིན་པོ་ཆེ་ལ་ཡིད་གཉིས་སུ་ གྱུར་པ་ལ་ནི་ཐེ་ཚོམ་ཞེས་བྱའོ། །ཁམས་གསུམ་ལ་ཆགས་པ་ལ་ནི་འདོད་ཆགས་ཞེས་བྱའོ། །སེམས་ཅན་ནམ་སེམས་ཅན་མ་ཡིན་པ་ལ་ཞེ་སྡང་སྐྱེ་བ་ལ་ནི་ཞེ་སྡང་ཞེས་བྱའོ། །ང་རྒྱལ་ཞེས་བྱ་བ་ནི་སེམས་ཁེངས་པའི་མཚན་ཉིད་དོ། །དེ་ཡང་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་ དང་། ངའོ་སྙམ་པའི་ང་རྒྱལ་དང་། ཅུང་ཟད་ཙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ཆེ་བའི་ང་རྒྱལ་ཞེས་བྱ་བ་ནི་རིགས་ལས་ཆེ་བ་དང་། གཟུགས་བཟང་བ་དང་། ནོར་དང་། ཐོས་པ་དང་། དེ་དག་གཞན་པས་ཆེས་ཆེ་བས་ན་ཆེ་བའི་ང་རྒྱལ་ལོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱ་བ་ནི་གོང་མ་དེ་དག་འདྲ་བར་ཡོད་བཞིན་དུ་དེ་བས་ཀྱང་ བདག་ཆེའོ་སྙམ་པའི་ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱའོ། །ངའོ་སྙམ་པའི་ང་རྒྱལ་ནི་རིགས་འདྲ་ཡང་གཟུགས་དང་ཐོས་པ་དང་། ནོར་དང་། ཚུལ་ཁྲིམས་ཏེ་དེ་དག་གིས་ང་ཆེའོ་སྙམ་པ་ལ་ནི་ངའོ་སྙམ་པའི་ང་རྒྱལ་ཞེས་བྱའོ། །མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་འདི་ལ་བདག་ཏུ་ལྟ་བ་ཡོད་ཀྱི། ང་ལ་བདག་ཏུ་ལྟ་བ་མེད་དོ་ཞེས་ཟེར་བ་དང་། ངས་འཇིག་ རྟེན་ལས་འདས་པའི་ཆོས་ཤེས་ལ་འདིས་འཇིག་རྟེན་ལས་འདས་པའི་ཆོས་མི་ཤེས་སོ་ཞེས་ཟེར་བ་ལ་ནི་མངོན་པའི་ང་རྒྱལ་ཞེས་བྱའོ། །རིགས་ལ་སོགས་པ་ཅུང་ཟད་ཀྱིས་ཆུང་ངོ་སྙམ་པ་ལ་ནི་ཆུང་ཟད་སྙམ་པའི་ང་རྒྱལ་ཞེས་བྱའོ། །ཡོན་ཏན་མེད་པར་ང་ལ་ཡོན་ཏན་ཡོད་དོ་ཞེས་ཟེར་བ་ལ་ནི་ལོག་པའི་ང་རྒྱལ་ཞེས་བྱའོ། །མ་རིག་པ་ཞེས་ བྱ་བ་ནི་ཤེས་པ་ལ་སྒྲིབ་པར་བྱེད་པས་ན་མ་རིག་པ་ཞེས་བྱའོ། །ཡང་ན་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མི་ཤེས་པ་ལ་མ་རིག་པ་ཞེས་བྱའོ། །ཉོན་མོངས་པ་དེ་དག་ལ་ནི་སེམས་ཅན་འཁོར་བ་དང་འབྲལ་བར་བྱེད་པ་ཞེས་བྱའོ། །ཡང་ན་ལུས་ངག་ཡིད་གསུམ་གྱི་བདག་ཉིད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་ ཞེས་བྱའོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་སྨོས་སོ། །ད་ནི་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་སྟོན་པར་བྱེད་དེ། དེ་བསྟན་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་རྣམས་གང་གིས་དོན་དམ་པར་ཕྱི་རོལ་གྱི་ཡིན་པར་འཛིན་ཏེ། དེས་ནི་དེ་བཞིན་གཤེགས་པས་ དགོངས་པའི་དབང་གིས་བསྟན་པ་ལ་དོན་དམ་པར་འཛིན་ཏོ། །དེ་ནི་གཅིག་དང་དུ་མ་བརྟགས་པས་དོན་དམ་པ་མ་ཡིན་ནོ། །དེ་དོན་དམ་པ་མ་ཡིན་ན་ཡུལ་དང་དུས་ལ་སོགས་པའི་ངེས་པའི་རྣམ་པ་གང་ཡིན་ཞེ་ན། དེའི་ལན་དུ་དཔག་ཏུ་མེད་པའི་དུས་ནས་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་ པའི་བག་ཆགས་མ་སྤང་བའི་དབང་གིས་ཤེས་པ་ལ་ཕྱི་རོལ་ཡིན་པར་འཛིན་པའོ། །དེའི་དོན་ནི་དེ་བཞིན་གཤེགས་པས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ ཙམ་མོ་ཞེས་གསུངས་སོ། །དེའི་ཕྱིར་སེམས་ཙམ་བསྒོམས་པས་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤེས་པ་ནི་ཤེས་པའི་ངོ་བོ་ཡིན་པས་བདེན་པ་ཞེས་བྱའོ། །ཕྱི་རོལ་གྱི་རྣམ་པ་ནི་ཤེས་པའི་ངོ་བོ་མ་ཡིན་པས་ན་བརྫུན་པ་ཞེས་བྱའོ། །ཕྱིའི་བདེན་པ་མ་ཡིན་པར་གཏན་ཚིགས་ དེའི་ཕྱིར་སྡུག་བསྔལ་དང་། ཀུན་འབྱུང་གི་རང་བཞིན་ཕུང་པོ་ལྔ་ཡང་བདེན་པ་མ་ཡིན་ནོ། །དེས་བསྐྱེད་པའི་ཉོན་མོངས་པ་ཡང་བདེན་པ་མ་ཡིན་ནོ། །དེ་ལྟར་ཤེས་པས་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་འགྱུར་རོ། །གཟུགས་ལ་སོགས་པ་དོན་དམ་པར་མེད་པས་ ན་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ལྟར་གང་གིས་ཤེས་པས་ཤེས་བྱའི་སྒྲིབ་པ་དང་བྲལ་བར་འགྱུར་རོ། །དེ་གཉིས་དང་བྲལ་བ་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེས་ནི་རྣལ་འབྱོར་སྤྱོད་པའི་བྱང་ཆུབ་བསྟན་ཏོ། །དབུ་མའི་བྱང་ཆུབ་བསྟན་པར་བྱ་སྟེ། དེ་ཡི་ཕྱི་ནས་ དབུ་མ་བསྟན། །ཞེས་བྱ་བ་སྨོས་སོ། །དེ་ལ་གོང་དུ་ཤེས་པ་ནི་ཤེས་པའི་ངོ་བོ་ཡིན་པས། བདེན་པ་ཞེས་བྱ་བ་དེ་ནི་ཡོད་པ་ཞིག་ཡིན་ནམ། ཡང་ན་མེད་པ་ཞིག་ཡིན་ཞེ་ན། དེ་ཡོད་པའི་རང་བཞིན་ཡིན་ནམ། གཅིག་པར་ཡོད་དམ། དུ་མའི་ངོ་བོར་ཡོད་ཅེ་ན། གཅིག་པའི་ངོ་བོར་ཡོད་ན་ནི་སྐྱོན་འདི་ཡོད་དེ། དཔེར་ན་རི་མོ་ལ་སོགས་པ་ཐ་དད་པར་ཅིའི་ཕྱིར་འགྱུར། ཐ་དད་པར་སྣང་བའི་གཏན་ཚིགས་དེའི་ཕྱིར་ན་གཅིག་པ་མ་ཡིན་ནོ། །གཅིག་པ་ཡིན་ན་ནི་རི་མོ་ལ་སོགས་པ་ཐ་དད་པར་སྣང་བ་ནི་བརྫུན་དུ་ འགྱུར་རོ། །ཅི་ཕྱིར་བརྫུན་ཡིན་ཞེ་ན། སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །སྣ་ཚོགས་སུ་སྣང་བ་དེ་ཡང་རྒྱུ་སྣ་ཚོགས་པའི་དབང་གིས་སོ། །དེ་ལ་གཅིག་པའི་མཚན་མ་ནི་མེད་དོ། །དེ་ལ་གཅིག་ཅེས་བྱ་བ་ནི་སྐད་ཅིག་ལ་སྣ་ཚོགས་པར་མཐོང་བ་ལ་ནི་གཅིག་ཅེས་བྱའོ། །དེའི་སྐད་ ཅིག་དང་སྣ་ཚོགས་པ་ནི་གཅིག་པ་ཡིན་ནམ། ཐ་དད་པ་ཡིན་ཐ་དད་པ་ཡིན་ན་ཁྱེད་བདེན་གྱི། ཐ་དད་པ་མ་ཡིན་ན་ནི་བདེན་པ་མ་ཡིན་ནོ། །དེ་ནི་བདེན་པ་མ་ཡིན་ཏེ། དུས་འདས་པ་ལ་སོགས་པ་དེ་ལས་ལོགས་ཤིག་ན་མེད་པའི་ཕྱིར་རོ། །དེའི་ཕྱིར་གཅིག་པ་མ་ཡིན་ནོ། །དུ་ མ་ཡང་མ་ཡིན་ཏེ། གཅིག་གི་རང་བཞིན་བརྟགས་པས་མ་གྲུབ་པའི་ཕྱིར་དུ་མ་ཡང་བདེན་པ་མ་ཡིན་ནོ། །ཕྱི་རོལ་གྱི་དོན་རྣམས་གཅིག་དང་དུ་མའི་གཏན་ཚིགས་ཀྱིས་མ་གྲུབ་པ་དེའི་ཕྱིར། དེ་བཞིན་དུ་རྣམ་པར་ཤེས་པ་ཡང་མེད་དོ། །འོ་ན་ཇི་ལྟར་ཡོད་ཅེ་ན། མེ་ལོང་གི་གཟུགས་ བརྙན་ལ་སོགས་པ་ལྟ་བུར་ཡོད་དོ། །དེ་ལྟར་ཡོད་ན་གང་ཞིག་སངས་རྒྱས་པར་འགྱུར་ཞེ་ན། དེའི་ལན་དུ་ཕྱི་དང་ནང་གི་རྣམ་པར་རྟོག་པ་བསལ་བ་ཡིན་གྱི། རང་བཞིན་ནི་མེད་པ་མ་ཡིན་ནོ། །རང་བཞིན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་དྲི་མ་དང་བྲལ་བའོ། ། གཞན་ཡང་རང་གིས་གོ་ལ་གཞན་ལ་ཚིག་གིས་བརྗོད་པར་མི་ནུས་པའོ། །དེ་ཡང་ཕྱི་ནང་གི་དངོས་པོ་རང་བཞིན་གྱིས་སྟོང་པ་ཡིན་པ་དེ་ལ་ཐོས་པར་བྱ་བ་དང་། བསམ་པར་བྱ་བ་དང་། རྟག་པར་དྲན་པར་བྱ་བ་ལ་སོགས་པ་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་ཞི་བ་མངོན་སུམ་དུ་ བྱས་པ་ལ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེའི་དོན་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། རབ་འབྱོར་གང་དང་ལྡན་པས་ཐམས་ཅད་མཁྱེན་པར་འགྱུར། དེའི་རང་བཞིན་ནི་ཇི་ལྟ་བུ། དེའི་བདག་པོ་ནི་གང་ཞིག་ཡིན་ཞེས་གསུངས་པ་ལ། གང་དང་ལྡན་པས་ཐམས་ ཅད་མཁྱེན་པར་འགྱུར་ཞེས་བྱ་བ་ནི། སྟོང་པ་ཉིད་དང་ལྡན་པས་ཐམས་ཅད་མཁྱེན་པར་འགྱུར་རོ། །དེའི་རང་བཞིན་ནི་ཇི་ལྟ་བུ་ཞེས་བྱ་བ་ནི་ཞི་བའི་རང་བཞིན་ནོ། །དེའི་བདག་པོ་ནི་གང་ཡིན་ཞེས་བྱ་བ་ནི་དྲན་པའོ། །སྔགས་ཀྱི་རྒྱུད་ཀུན་ཤེས་བྱས་ནས། །ཞེས་བྱ་བ་ལ། སྔགས་ ནི་ས་བོན་ནོ། །དེ་བསྒྱུར་བས་ལྷའི་སྐུ་རྫོགས་པར་འགྱུར་རོ། །སྐུ་དེས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རྣམ་པར་དག་པ་གསུངས་སོ། །གང་དུ་གསུངས་ཤེ་ན། །དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། ཆོས་ཀྱི་དབྱིངས་ངག་ གི་དབང་ཕྱུག་གི་དཀྱིལ་འཁོར་ལ་སོགས་པ་ལས་ཇི་ལྟར་གསུངས་པ་བཞིན་དུ་ཤེས་པར་བྱས་ནས། བླ་ན་མེད་པའི་ཆོས་ཤེས་པར་བྱ་བ་མདོར་བསྡུས་པ་ཀྱེའི་རྡོ་རྗེའི་རྒྱུད་བརྩམ་པར་བྱའོ། །བརྩམ་པར་བྱ་ཞེས་བྱ་བ་ནི། མཉན་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་པས་མི་ གོ་བ་དང་། ཕྱིན་ཅི་ལོག་ཏུ་གོ་བ་དང་། ཐེ་ཚོམ་དང་བཅས་པར་གོ་བ་དེ་གསུམ་དང་ལྡན་པར་མི་འགྱུར་རོ། །དེའི་ཕྱིར་ནན་ཏན་དང་ལྡན་པར་འགྱུར་རོ། །དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བརྒྱད་པའི་འགྲེལ་པ་མཛད་པ་རྫོགས་ སོ།། །།དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། དམ་ཚིག་ཉམས་པར་བྱེད་པ་དང་བླ་མ་ལ་སྨོད་པར་བྱེད་པའོ། །དེ་ལྟར་བྱས་པས་དམྱལ་བར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་སྙིང་རྗེ་དང་བཅས་པར་ཁྲོ་བར་བྱའོ། །རང་གི་སྙིང་ག་ནས་ཡེ་ཤེས་ སེམས་དཔའ་ཕྱུང་བ་དེས། བཤད་མ་ཐག་པ་དེའི་ལུས་ཀྱི་ལྷ་ལ་སོགས་པ་ལ་དེའི་སྐྱོན་བརྗོད་ལ། ཁྱོད་ཀྱིས་འདི་སྤོངས་ཤིག་ཅེས་སྨྲ་བར་བྱའོ། །དེ་ནས་ལུས་ཀྱི་ལྷ་ལ་སོགས་པ་ཁྱེར་ནས་རང་གི་སྐུ་གསུང་ཐུགས་གསུམ་ལ་ཐིམ་པར་བསམ་པར་བྱའོ། །དེའི་ རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔར་བསམས་ལ། བདེ་བ་ཅན་གྱི་ཞིང་ཁམས་སུ་བཞག་ལ་ཆོས་ཉན་དུ་གཞུག་གོ། །དེ་ནས་དེའི་ལུས་ཁང་བ་སྟོང་པ་དང་འདྲ་བར་བསམས་ལ། གཞན་ཡང་དེ་ལྷ་དང་སེམས་དང་བྲལ་བར་བསམས་ལ། ཁྲོ་བོ་དཔག་ཏུ་མེད་པས་ མཚོན་ཆ་དཔག་ཏུ་མེད་པ་བཟུང་ནས་གཅོད་པ་ལ་སོགས་པ་བྱེད་པར་བསམ་པར་བྱའོ། །གཞན་ཡང་བྱ་རྒོད་ལ་སོགས་པ་དང་ཅེ་སྤྱང་ལ་སོགས་པས་བཟའ་བར་བསམ་པར་བྱའོ། །གཞན་ཡང་དེའི་གསང་བའི་ལམ་ལ་སོགས་པ་ལ་རྡོ་རྗེའི་ ཁབ་འབར་བ་གཞུག་པར་བྱའོ། །ལྟེ་བ་ལ་གནས་པའི་པདྨ་ཡང་བསྲེགས་ནས་ཐལ་བར་གྱུར་པར་བསམ་པར་བྱའོ། །ཐོ་བས་ཀྱང་བརྡེགས་པར་བསམ་པར་བྱའོ། །དེའི་སྙིང་གར་རཾ་བསྒྱུར་བ་ལས་མེའི་དཀྱིལ་འཁོར་འབར་བར་བསམ་པར་བྱའོ། །དེས་བསྲེགས་པས་ཐལ་བར་གྱུར་པར་བསམ་ པར་བྱའོ། །དེ་ལྟ་བུའི་རིམ་པས་བསྒྲལ་བར་བསྟན་ཏོ། །གསོད་པའི་ཕྲིན་ལས་སྙིང་རྗེས་བྱ། །ཞེས་བྱ་བ་ལ་སོགས་པ་ནི་གོང་མ་དེས་བཤད་པར་ཤེས་པར་བྱའོ། །སྤྱན་ནི་ཞེས་བྱ་བ་ནི་ཚིག་གཉིས་ཀྱི་དོན་ཅིའི་ཕྱིར་སྨོས་ཤེ་ན། ཕྱག་གཉིས་པའི་ཧེ་རུ་ཀ་ཤེས་པར་བྱ་བའི་ཕྱིར་ གཉིས་ཀྱི་ཚིག་བསྟན་ཏོ། །དེ་གཅིག་པུའི་སྤྱན་དམར་བ་མ་ཡིན་ཏེ། ཐམས་ཅད་ཀྱང་ཤེས་པར་བྱའོ། །ཡང་དག་བསྡུ་བ་བཞི་ཞེས་བྱ་བ་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་སྤྱོད་པའོ། །བྱང་ཆུབ་ཡན་ལག་བདུན་ཞེས་བྱ་བ་ནི་ དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་ཤེས་པ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་བྱང་ཆུབ་ཀྱི་ཡན་ལག་དང་། ལེ་ལོ་མེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ བྱང་ཆུབ་ཀྱི་ཡན་ལག་གོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ནི། སྔོན་དུ་སེམས་ཅན་གྱི་དོན་དུ་འཚང་རྒྱ་བར་སྨོན་ལམ་བཏབ་པ་དང་། ཐོས་པ་ལ་སོགས་པ་དྲན་པའོ། །ཆོས་ཤེས་པ་བྱང་ཆུབ་ཀྱི་ཡང་དག་ཅེས་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ དུ་ཤེས་པའོ། །དེ་ཡང་ནས་ཡང་དུ་གོམས་པར་འདོད་པ་ལ་ནི་བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བསྒོམ་པས་ཉོན་མོངས་པ་མེད་པའི་དགའ་བ་སྐྱེས་པ་ལ་ནི་དགའ་བ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེས་ལུས་ངག་ཡིད་གསུམ་བྱ་བ་བྱེད་པ་ལ་ལེ་ལོ་མེད་ པར་བྱས་པས་ན་ལེ་ལོ་མེད་པ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཚད་མེད་པ་བཞི་དང་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་པར་གྱུར་པ་ལ་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱོན་བཏང་སྙོམས་སུ་བཞག་ནས་ཕ་ རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་འཛིན་པ་ལ་ནི་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་དགུ་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།ཞི་བ་ལ་སྔགས་དཀར་པོ་བསམ་པར་བྱའོ། ། དབང་ལ་དམར་པོ་བསམ་པར་བྱའོ། །རེངས་པར་བྱེད་པ་ལ་སེར་པོར་བསམ་པར་བྱའོ། །རྒྱས་པ་ལ་དམར་སེར་དུ་བསམ་པར་བྱའོ། །དགུག་པར་བྱེད་པ་ལ་དམར་པོར་བསམ་པར་བྱའོ། །གསོད་པ་དང་འཁོན་པར་བྱེད་པ་ལ་ནི་ནག་པོར་བསམ་པར་ བྱའོ། །ཞི་བ་ལ་ནི་སེམས་ཞི་བར་བྱའོ། །དབང་ལ་ནི་རྣལ་འབྱོར་པས་སེམས་སྒེག་པའི་ཚུལ་དུ་བྱའོ། །དགུག་པ་ལ་དཔའ་བའི་སེམས་དང་ལྡན་པར་བྱའོ། །རེངས་པར་བྱེད་པ་ནི་ངན་པའི་སེམས་བྱའོ། །རྒྱས་པ་ལ་ནི་སྙིང་རྗེའི་སེམས་བྱའོ། །འཁོན་ པར་བྱེད་པ་ལ་ནི་རྣལ་འབྱོར་པ་གཞན་འཇིགས་པའི་གཟུགས་སུ་བྱའོ། །གསོད་པར་བྱེད་པ་ལ་ནི་ཤིན་ཏུ་ཡང་ཁྲོ་བའི་སེམས་སུ་བྱའོ། །ཇི་ལྟར་ཕྲེང་བ་གསུངས་པ་གཟུང་ལ་བཟླས་བརྗོད་བྱའོ། །ཞི་བ་ལ་སོགས་པ་ལ་ནི་རིམ་པ་བཞིན་དུ་མཛའ་བ་བྱའོ། ། གསོད་པ་ལ་སོགས་པ་ལ་རིམ་པ་ལས་བཟློག་ལ་བཟླས་བརྗོད་བྱའོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བཅུ་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།སྐྱེད་མོས་ཚལ་ཞེས་བྱ་བ་ནི་དམ་ཚིག་མེད་པའི་མི་མི་གནས་པ་རྣལ་ འབྱོར་པའི་ཡིད་དུ་འོང་བ་ལ་ནི་སྐྱེད་མོས་ཚལ་ཞེས་བྱའོ། །མཆོད་ཅེས་བྱ་བ་ནི་རང་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས། ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་བསྐྱེད་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ལ་སོགས་པར་བྱའོ། །དེ་ཡང་ཞལ་གཅིག་དང་སྤྱན་ གསུམ་པའོ། །དེ་ལྟར་བྱས་ནས་ཕྱི་རོལ་གྱི་ག་པུར་ལ་སོགས་པ་དང་། ནང་གི་ཉི་མ་ལ་སོགས་པས་ཤེས་རབ་ཇི་ལྟར་དགའ་བ་བཞིན་དུ་བྱའོ། །ཡང་ཡང་ཞེས་བྱ་བ་ནི་རྟག་པར་ཞེས་བྱ་བའི་དོན་ཏོ། །འོག་ཅེས་བྱ་བ་ནི་པདྨའོ། །སྟེང་དུ་ཞེས་བྱ་བ་ནི་ཁའོ། ། ཁས་པདྨ་ལ་གཏུགས་ལ་ཤེས་རབ་ཇི་ལྟར་དགའ་བར་འགྱུར་བ་དེ་བཞིན་དུ་བྱའོ། །ཡང་ན་འོག་ཅེས་བྱ་བ་ནི་ཐུན་མོང་གི་དངོས་གྲུབ་པོ། །སྟེང་དུ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་དངོས་གྲུབ་པོ། །དངོས་གྲུབ་དེ་གཉིས་སེམས་ཅན་ཐམས་ཅད་ལ་སྦྱིན་པའི་བསམ་པ་བྱས་ལ། སྔོན་ དུ་བསྟན་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བླ་མའི་མན་ངག་གིས་བསྐུལ་ལ་བསྒོ་བར་བྱའོ། །རང་བཞིན་དགའ་བའི་དོན་བསྟན་པར་བྱ་སྟེ། རྣལ་འབྱོར་ཡེ་ཤེས་ལྟ་བ་ནམ་གྱི་ཚེ། །བདེ་བར་གནས་ནས་ཕྱིར་ནི་མི་འབྱུང་སྟེ། །པྲ་ཧར་གཅིག་གམ་ཡང་ན་ཉི་མ་གཅིག །ཟླ་ཕྱེད་ ཟླ་བ་གཅིག་གམ་ལོ་ནི་སྟེ། །བསྐལ་པ་གཅིག་གམ་ཡང་ན་བསྐལ་པ་སྟོང་། །གནས་པ་དེ་ནི་ཡེ་ཤེས་དང་ལྡན་པ། །ཡངས་ལ་ཤིན་ཏུ་ཆེ་བའི་དངོས་གྲུབ་ནི། །ཐོབ་པས་སངས་རྒྱས་ཐམས་ཅད་དང་ནི་འདྲ། །དེ་ལྟ་བུའི་དངོས་གྲུབ་རྙེད་པས་ཆོས་ཀྱི་སྐུ་ལ་ སོགས་པ་དང་ལྡན་པར་འགྱུར་རོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ལེའུ་བཅུ་གཅིག་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།སྔོན་དུ་བསྟན་པའི་དབང་རྣམས་ནི་ཚིགས་སུ་བཅད་པ་བསྟན་པར་བྱ་སྟེ། ཀྱེའི་རྡོ་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་ པས་བསྟན་ཏོ། །དེ་ཡང་དཀྱིལ་འཁོར་བསྟན་པ་དང་། ཆུའི་དབང་དང་། དབུ་རྒྱན་གྱི་དབང་དང་། རྡོ་རྗེའི་དབང་དང་། །དྲིལ་བུའི་དབང་དང་། མིང་གི་དབང་ལ་སོགས་པ་ལ་ནི་བུམ་པའི་དབང་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ་ཞལ་དུ་ཞུགས་ པར་བསམ་པར་བྱའོ། །དེ་ཞུ་ནས་རྡོ་རྗེ་རྩེ་གཉིས་པའི་མགོ་བོ་ལ་བརྟན་པར་བྱས་ལ་མེ་ཏོག་ལས་བཏོན་ནས་སློབ་མའི་ཁ་ལ་དབབ་པར་བྱའོ། །དེ་ལ་ནི་གསང་བའི་དབང་ཞེས་བྱའོ། །རྡོ་རྗེ་རྩེ་གཉིས་པ་དང་མེ་ཏོག་གི་ཏིང་ངེ་འཛིན་ལ་གནས་ལ། བདེ་མཆོག་དགའ་བ་ཆགས་པ་དང་ བྲལ་བའི་བར་དུ་ཡེ་ཤེས་སྐྱེས་པ་དེའི་རང་བཞིན་ནི་ཆགས་པ་དང་། །ཆགས་པ་དང་བྲལ་བ་དང་། བར་མ་སྟེ། །གསུམ་དང་བྲལ་བའོ། །དེ་ཡང་རང་གིས་གོ་བ་དང་ཉོན་མོངས་པ་མེད་པའི་བདེ་བའི་རང་བཞིན་ནོ། །དེ་ལ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །བླ་མའི་མན་ངག་གི་ དེ་ལྟ་བུའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནི་འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་གནས་པ་དེས། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པར་སེམས་ཅན་གྱི་སེམས་ཤེས་པར་བྱས་ནས་དོན་བྱེད་དོ། །དེ་ལྟ་བུ་གོ་བར་བྱེད་པ་ལ་ནི་དབང་བཞི་པ་ཞེས་བྱའོ། །དེ་ལས་གོང་དུ་མཆོག་ཏུ་ གྱུར་པའི་ཡེ་ཤེས་མེད་པས་ན་དབང་རྣམ་པ་བཞིར་བསྟན་ཏོ། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་ཀལྤ་གཉིས་པའི་འགྲེལ་པ་མཛད་པ་རྫོགས་སོ།། །།ཐམས་ཅད་རྣམ་པ་ཐམས་ཅད་ནི། །དེ་བཞིན་གཤེགས་པས་སྟོན་པར་ནུས། །དེ་ལྟར་ཤེས་བཞིན་མཁས་ པས་ཉོན། །སྙིང་རྗེ་ཡི་ནི་དབང་གིས་སོ། །བདག་ཉིད་བློ་ནི་ཞེན་པ་སྟེ། །སྙིང་རྗེས་ང་ཡི་སེམས་ནི་བསླང་། །ཡང་དག་ཤེས་པ་མིན་པས་བྱས། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །དོན་ཆེན་དང་ལྡན་ལུང་འདི་བཀྲོལ་བ་སྟེ། །དེ་ཡི་དགེ་རྩ་བདག་གིས་གང་ཐོབ་ པས། །སེམས་ཅན་ཐམས་ཅད་ཀྱིས་ནི་སེམས་ཀྱི་ནི། རིན་ཆེན་གསུམ་ལ་སོགས་པའི་གནས་གྱུར་ཅིག །མདོ་སྡེ་སྟོང་བཞི་བརྒྱ་ཤེས་པའི་སློབ་དཔོན་པདྨའི་མྱུ་གུ་རྡོ་རྗེའི་ཞབས་ཀྱིས་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་པདྨ་ཨཱ་ཀ་ར་ལ་མཚུར་སྟོན་དབྱིག་གི་རྒྱལ་མཚན་ལ་སོགས་པས་ཞུས་ནས། བླ་མ་བདེ་གཤེགས་ཞབས་ཀྱི་གྲགས་པ་ཡི། །སློབ་མའི་མཐར་གྱུར་རིན་ཆེན་འབར་བ་ནི། །བློ་ཞན་ལ་སོགས་རྒྱ་གར་སྐད་མི་མཁས། །དེས་ བསྒྱུར་ཀྱེ་ཡི་རྡོ་རྗེའི་དཀའ་འགྲེལ་ལ། །མཁས་མཆོག་བཙུན་པ་རྣམས་ཀྱིས་དཔྱས་མི་ཞུ། །དད་པ་བསྐྱེད་ནས་བསྒྱུར་བའི་དགེ་རྩ་འདིས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ནི་སེམས། །སྒྲིབ་པ་གཉིས་དང་ཡང་དག་བྲལ་གྱུར་ཅིག །། ༄༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་པཉྩི་ཀཱ་ནཱ་མ་མུཀྟི་ཀ་ཨ་བ་ལི། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞབས་རྣམས་བཞག་པས་ས་བཞི་གྲུམ་མཛད་ཤིན་ཏུ་བཞད་པས་ ས་འཛིན་བསྒྱེལ་མཛད་པ། །སྤྱན་གྱི་ཟེར་དང་རྒྱལ་མཚན་དྲིལ་བུའི་སྒྲ་ཡིས་འགྲོ་རྣམས་བཅོམ་ནས་སླར་གསོ་མཛད། །དྲེགས་པས་རློམ་པ་རབ་ཏུ་ཞི་བྱེད་ཆོ་ག་འཇིགས་པར་སྟོན་པའི་ཐབས་འཆང་བ། །རྒྱལ་བ་གསང་གསུམ་སྙིང་པོའི་སྙིང་པོ་ཧེ་རུ་ཀ་ཡི་གར་གྱིས་ཁྱེད་སྲུངས་ཤིག །ཚད་ མཐུན་རྗེས་འཇུག་མདོ་སྟོན་པ། །གསལ་ཞིང་རབ་ཏུ་མཛེས་པས་ན། །མུ་ཏིག་ཕྲེང་ལྟར་ཡིད་འོང་བ། །དགྱེས་པ་རྡོ་རྗེའི་དཀའ་འགྲེལ་བྱ། །དད་པ་མེད་པ་གཙོ་བོའི་སྒྲ། །ལྷ་དང་གཅིག་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་མས་ཡིན། །གུས་པས་ཀུན་མཁྱེན་འགྱུར་བ་མིན། །རྒྱལ་ བས་མཛད་ཀྱང་མ་མཛད་དང་། །དེས་མ་གསུང་ལ་དེས་གསུངས་སྨྲ། །འགྲོ་མཆོག་མི་སླུ་བདེ་གཤེགས་ལ། །གཉིས་ག་གཞོགས་འཕྱས་བྱེད་པར་མཚུངས། །རྒྱལ་བས་ཕན་པ་དུ་མ་གསུངས། །སྐྱེ་བོ་བསམ་པ་ཇི་བཞིན་ལེན། །དེ་ལྟར་འགྲེལ་འདིར་དོན་བཤད་ལའང་། །འདོད་པས་འཇུག་པར་བྱེད་ པ་ཡིན། །རྟོགས་པ་མེད་ན་ཐོས་པ་མིན། །ཐོས་པ་མེད་ན་བསམ་དུ་མེད། །གཉིས་ཀ་ཉམས་པས་རྣལ་འབྱོར་མེད། །རྣལ་འབྱོར་མེད་ན་འགྲུབ་མི་འགྱུར། །འདི་ལྟར་རྒྱུད་འདིར་ཡུན་རིང་ནས། །འདོད་པ་ཡིས་ནི་རབ་གདུངས་པའི། །སྙིང་ལ་མུ་ཏིག་ཕྲེང་བར་ནི། །བརྒྱུས་པ་འདི་ཡིས་ཕྲོགས་ཤིག་གོ། །འདི་ སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་ནི་ཁ་ཅིག་ན་རེ་གང་གི་ཕྱིར་མདོར་བསྡུས་པ་རྒྱུད་གཞན་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྒྱུད་ཆེན་པོ་ལས་རྟོག་པ་གཉིས་པ་འདི་བཏུས་ཏེ། །དེར་ཇི་ལྟ་བ་བཞིན་དུ་བསྡུས་ཏེ་བཞག་པ་ཉིད་འདིར་གླེང་གཞིའི་ཚིག་དང་བཅས་ཏེ་བསྡུས་པའོ་ ཞེས་ཟེར་རོ། །གཞན་ནི་འདི་གསང་ཆེན་མཆོག་གི་དོན་གཞན་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་ཡང་དག་པ་ཡིན་ཏེ། དེ་དང་པོར་བརྗོད་པ་མི་རིགས་པ་དང་། འོག་ནས་འཆད་པར་འགྱུར་བ་ཉིད་དང་ཡི་གེ་ཡིན་པ་ལ་བརྟེན་པ་ཉིད་དེ། དེས་ན་འཆད་པར་འགྱུར་བ་དོན་གཞན་ལ་དོན་གཞན་གྱིས་སྦྱོར་བར་བྱེད་ པ་ནི་རྨོངས་པ་རྣམས་ངོ་མཚར་བསྐྱེད་པའི་དོན་ཏོ། །དེ་བས་ན་དང་པོའི་གླེང་གཞིའི་ཚིག་འདི་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དེ། དགེ་སློང་དག་ངའི་ཆོས་རྣམས་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བསྡུ་བར་བྱའོ་ཞེས་གསུངས་སོ། །དེ་བས་ན་སྡུད་པར་བྱེད་པས་སྨྲས་པ། འདི་སྐད་ བདག་གིས་ཐོས་པ་ཞེས་སོ། །རང་གིས་ཐོས་པར་རྟོགས་ནས་ཆོས་སྟོན་པར་བྱེད་ལ། སྟོན་པ་པོ་ལས་ཐོས་ནས་སྡུད་པར་བྱེད་དེ། དེ་བས་ན་ཐོས་པ་ཞེས་བྱ་བ་འདིས་སྡུད་པ་པོར་བསྟན་ཏོ། །མངོན་སུམ་དུ་མ་ཐོས་པ་དང་། རྣམ་པ་གཞན་དུ་ཐོས་ན་སྡུད་པ་པོ་ཚད་མ་མ་ཡིན་པ་དང་། སླུ་བར་ འགྱུར་བས་དེ་གཉིས་གསལ་བའི་ཕྱིར་འདི་སྐད་བདག་གིས་ཞེས་ཚིག་གཉིས་སྨོས་སོ། །དེ་ལ་བདག་གིས་ཞེས་པ་ནི་བདག་གིས་སྟོན་པ་པོ་ཉིད་ལས་ཐོས་པ་ཡིན་གྱི་ཐོས་པ་གཞན་དང་གཞན་ལས་འོངས་པ་མ་ཡིན་པའོ། །འདི་སྐད་ཅེས་པ་ནི་ཇི་ལྟ་བ་བཞིན་དུ་སྡུད་པར་བྱེད་པ་སྟེ། འདི་ཁོ་ན་ སྐད་བདག་གིས་ཐོས་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་མཐུན་པའི་གནས་སུ་རེས་འགའ་སྟོན་པ་པོ་བཞུགས་པ་དང་། རྗེས་སུ་མཐུན་པའི་འཁོར་འདུས་པ་སྟོན་པས་དེའི་གླེང་གཞི་གསུངས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའོ། །དུས་གཅིག་ནི་དུས་འགའ་ཞིག་ནའོ། ། བཅོམ་ལྡན་འདས་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་སྐུ་ཅན་གྱི་རྡོ་རྗེ་འཛིན་པའོ། །དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པས་བཅོམ་པ་སྟེ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་དང་། །དྲུག་པོ་ འདི་ལ་བཅོམ་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །བཅོམ་པ་དེ་འདི་ལ་ཡོད་པས་བཅོམ་ལྡན་འདས་སོ། །བཞུགས་ཞེས་པ་ནི་སངས་རྒྱས་རྣམས་ཀྱིས་གནས་པ་བཞུགས་པའོ། །སངས་རྒྱས་རྣམས་ཀྱིས་གནས་པ་ཡང་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་ཆོས་སྟོན་ པས་བཞུགས་པ་དང་། སྙོམས་པར་འཇུག་པས་བཞུགས་པ་དང་ནང་དུ་ཡང་དག་འཇོག་པས་བཞུགས་པའོ། །ཀུན་ཏུ་མཉམ་པར་གཞག་པའི་རྒྱུ་ནི་བཞུགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ། །དེའི་ཕྱིར་ཅུང་ཟད་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སྐུའི་ཕྲིན་ལས་དེ་དང་དེ་རྣམས་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གང་ཅུང་ཟད་དེ་རྣམས་ཀྱི་གསུང་གི་ཕྲིན་ལས་དེ་ནི་ཆོས་སྟོན་པས་བཞུགས་པའོ། །གང་དེ་རྣམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའམ་ཐ་མལ་པའི་མཉམ་པར་གཞག་པའི་ཐུགས་ ཀྱི་ཕྲིན་ལས་ནི་སྙོམས་པར་འཇུག་པས་བཞུགས་པའོ། །གང་སངས་རྒྱས་རྣམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ལྷ་ལ་སོགས་པ་ཉེ་བར་བསྡུ་བའི་ཕྱིར་ཐུགས་ཀྱི་ཕྲིན་ལས་དེ་དང་དེ་རྣམས་ནི་ནང་དུ་ཡང་དག་འཇོག་པ་ལ་བཞུགས་པའོ། །གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་གསང་བ་གསུམ་བསྡུས་པ་སྟེ། འདི་སྐུ་ཡང་ཡིན་ལ་གསུང་དང་ཐུགས་ཀྱང་ཡིན་པས་དེ་སྐད་ཅེས་བྱ་ལ། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རང་བཞིན་ཆོས་ཀྱི་འབྱུང་ གནས་སོ། །དེ་ཉིད་དེ་བཞིན་གཤེགས་པའི་གསང་བ་རྣམས་ཀྱི་ཤིན་ཏུ་དག་པ་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །གང་གི་ཕྱིར་གསང་བ་གསུམ་བསྡུས་པ་དེའི་ཕྱིར་གྲུ་གསུམ་མོ། །ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་སྟོན་གྱི་ཟླ་བ་ལྟར་དཀར་ལ་ནང་སྟོང་པའོ། །གང་གི་ཕྱིར་གོང་ནས་ གོང་དུ་ཡངས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྣམ་པར་དག་པ་དེའི་ཕྱིར་གོང་ནས་གོང་དུ་ཡངས་པའོ། །དེ་ཉིད་རྡོ་རྗེ་བཙུན་མོ་སྤྱན་ལ་སོགས་པའི་བྷ་ག་སྟེ། དེ་རྣམས་ཀྱི་བྷ་ག་ནི་ཟག་པ་མེད་པ་མཐའ་ཡས་པའི་ཆོས་རྣམས་ཀྱི་ལུས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱང་དེ་ཡིན་ལ། རྡོ་རྗེ་བཙུན་མོའི་བྷ་ག་ཡང་དེ་ཡིན་པས་དེ་སྐད་ཅེས་བྱ་སྟེ་ཁྱབ་པར་བསྡུ་བའོ། །དེ་རྣམས་ལ་ཞེས་པ་ནི་གཞལ་ཡས་ཁང་དེར་ཞེས་པའི་དོན་ཏོ། །དཔེར་ན་གྲོང་ཁྱེར་ན་ཁྱིམ་བདག་གནས་སོ་ཞེས་བྱས་ན་གྲོང་ཁྱེར་གྱི་ཁང་ བཟངས་སུ་གནས་ཞེས་བྱ་བའི་དོན་ཏོ། །གསང་ཞིང་ཆོས་གསང་བའི་གནས་དེར་བཅོམ་ལྡན་འདས་བཞུགས་པ་མཐོང་ནས་ངེས་པར་དེར་བཅོམ་ལྡན་འདས་གསང་ཞིང་མཆོག་ཏུ་གསང་བའི་ཆོས་སྟོན་པར་འགྱུར་བས་རྗེས་སུ་མཐུན་པའི་འཁོར་འདུས་པ་ནི་ཤུགས་ཀྱིས་གསུངས་པ་ ཡིན་ཏེ། དེ་ཡང་འཁོར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། སྤྱན་ལ་སོགས་པ་དང་། གཽ་རཱི་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ། །དེར་ཞེས་པ་ནི་དེར་བཞུགས་ནའོ། །བཀའ་སྩལ་པ་ཞེས་པ་སུའི་དོན་དུ་བཀའ་སྩལ་ཞེ་ན། སྐྱེ་བོ་ཉན་འདོད་པས་གདུངས་པ་རྣམས་ ཀྱི་དོན་དུའོ། །ཅི་བཀའ་སྩལ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ནི་ཇི་སྲིད་བགྲོད་པར་བྱ་བ་དེ་སྲིད་དུ་གཤེགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །ཡང་ན་གཤེགས་པའི་སྒྲ་ནི་མཁྱེན་པའི་དོན་ཏེ། ཆོས་ཉིད་ཇི་ལྟ་བ་དེ་བཞིན་ཉིད་དུ་མཁྱེན་པས་འདི་རྣམས་དེ་བཞིན་གཤེགས་པ་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ཡང་དག་པར་མཁྱེན་པའོ། །ཡང་ན་ཡི་གེ་ད་ལྟར་བསྒྱུར་བ་སྟེ། ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བ་དེ་བཞིན་དུ་གསུང་བས་དེ་བཞིན་གཤེགས་པ་ སྟེ། བསམ་པ་དང་རིགས་དང་གདུལ་བྱ་ཇི་ལྟ་བ་དང་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཆོས་སྟོན་པར་མཛད་དེ་ཐམས་ཅད་ཀྱང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་ཏེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་དེ་ཉིད་རྡོ་རྗེ་འཛིན་པའོ། །དེའི་སྙིང་པོ་ནི་དམ་པའོ། །རྗེ་བཙུན་ཞེས་བྱ་བ་ནི་མཆོག་གི་ ལྷ་སྟེ། སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྔགས་ཀྱི་ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱི་སྙིང་པོ་ནི་མཆོག་ཏུ་དད་པར་དཀའ་བ་ཉིད་དོ། །དེ་རྣམས་ཀྱི་ཤིན་ཏུ་གསང་བ་ནི་གསང་བ་ལས་ཤིན་ཏུ་གསང་བ་ཉིད་དེ། གང་དྲག་པོ་དང་ཡང་དག་པར་ལྡན་པས་དགྱེས་པའི་རྡོ་རྗེ་ཞེས་ བྱ་བ་སྐུ་གསུང་ཐུགས་ཀྱི་མཆོག་དྲག་པོ་དང་ཤིན་ཏུ་ཆགས་པ་དང་ལྡན་པས་དེའི་ཕྱིར་གསང་བ་ལས་ཤིན་ཏུ་གསང་བ་སྟེ། འདི་ལ་དད་པ་ཡང་ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བར་དགོངས་སོ། །འདི་ཞེས་པ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ། །ཉན་པར་འདོད་པས་གདུངས་པའི་འཁོར་རྣམས་ལ་ རྟོག་པ་གསུམ་འཆར་ཏེ། གལ་ཏེ་གསང་བ་ལས་ཤིན་ཏུ་གསང་བ་འདི་ནམ་ཞིག་སྐྱེས་བུ་ཇི་ལྟ་བུ་འདིར་སྐལ་བ་དང་ལྡན་པ་ཡིན་པ་དེ་བརྗོད་དགོས་སོ་ཞེས་བྱ་བ་ནི་རྟོག་པ་དང་པོའོ། །རྡོ་རྗེ་འཛིན་པ་ལས་མཆོག་གཞན་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནམ་ཅི། དེ་ཉིད་ཀྱི་ སྙིང་པོ་འདིའམ་འོན་ཏེ་དེ་ལས་མཆོག་ཏུ་གྱུར་པ་སྐུ་གསུང་ཐུགས་ཞེས་བྱ་བ་གཞན་ཞིག་གིའམ་ཞེས་བྱ་བ་ནི་གཉིས་པའོ། །ཅི་རྗེ་བཙུན་འདིའི་མཚན་ཇི་སྐད་ཅེས་བྱ་བ་ཅན་ཡིན་ཞེས་པ་ན་གསུམ་པའོ། །རྟོག་པ་འདི་རྣམས་གསལ་བར་བྱ་བའི་ཕྱིར་གསུངས་པ། ཨེ་མའོ་ ཞེས་བྱ་བ་ལ་སོགས་པའོ། །ཚིག་འདིའི་མཐར་ཡང་སྔ་མའི་ཚིག་ལས་འདི་ཞེས་བྱ་བའི་སྒྲ་བླངས་ལ་སྦྱར་ཞིང་རང་གི་དོན་ཡང་རྟོགས་པར་བྱ་སྟེ། འདི་ཡང་ཞེས་པ་ནི་འདི་ལྟ་བུ་ཡང་ཞེས་པའི་དོན་ཏོ། །འདི་ཞེས་བྱ་བའི་སྒྲ་དང་ཁ་ཅིག་ལ་མེད་ན་མེད་ཀྱང་དེ་དོན་གྱིས་དེར་ཤེས་པར་བྱའོ། །ཨེ་ མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་དོན་ཏོ། །གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་དག་ནི་དེ་བཞིན་གཤེགས་པའི་རིགས་ལྔའོ། །དེ་ལ་གང་ཞེ་ སྡང་གང་གིས་ཡིན་པས་ནི་རྡོ་རྗེ་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་འདིའི་མིང་དོན་དང་མཐུན་པ་སྟེ། འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་རིགས་རྙེད་པར་དཀའོ། །དེ་ཉིད་ཀྱིས་ངོ་མཚར་སྐྱེས་ནས་བོས་པ་ནི་ཨེ་མའོ། །ཞེས་པའོ། །དེ་སྙིང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་མཆོག་ཏུ་དྲག་པོ་ལ་སོགས་པའི་ཐབས་ཀྱིས་གཞན་གྱི་དོན་བྱེད་པའི་བསམ་པ་ཉིད་ནི་སྙིང་རྗེ་ཆེན་པོའོ། །དེ་ཉིད་ཀྱིས་ཡང་དུས་ངེས་པ་མེད་པར་སྣ་ཚོགས་པའི་དོན་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་ནི་བྱང་ཆུབ་ཆེན་པོའོ། །དེ་ལ་ཡང་དག་པར་སེམས་པ་ འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། གང་འདི་ལྟ་བུ་གཞན་ལ་ཕན་པའི་བསམ་པ་དང་། རང་ལ་ཕན་པའི་བསམ་པ་དེ་སྐྱེས་བུའི་མཆོག་གོ། །དེ་ཉིད་ཀྱིས་ལེགས་སོ་ཞེས་བྱ་བ་ལ་ལན་གཉིས་སོ། །ཉོན་ཅིག་ཅེས་བྱ་བ་ནི་ཉན་པ་ལ་སྦྱོར་བའོ། །འདིས་ནི་དེ་ལྟ་བུའི་རིགས་དང་དེ་ལྟ་བུའི་ བསམ་པ་ཅན་སྐྱེས་བུ་དམ་པ་འདིར་སྐལ་བ་དང་ལྡན་པ་ཞེས་བསྟན་ནོ། །རིགས་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཡོན་ཏན་རྣམས་ལ་དད་པ་དང་འདོད་པའི་ཁྱད་པར་གྱི་རྟགས་ཀྱིས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། དུ་བ་ལ་ནི་མེར་ཤེས་ཏེ། །ཆུ་སྐྱར་ལ་ནི་ཆུར་ ཤེས་སོ། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་སོ། །འདིས་རྟོག་པ་དང་པོ་བསལ་ཏོ། །རྟོག་པ་གཉིས་པ་བསལ་བའི་ཕྱིར་གསུངས་པ། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་ ཆེན་པོ་སྙིང་པོ་ཞེས་པའོ། །རྡོ་རྗེ་འཛིན་པ་ལས་མཆོག་གཞན་མེད་པ་ཞེས་བདེན་ཏེ། འོན་ཀྱང་སྙིང་རྗེ་ཆེན་པོ་གཙོར་བྱས་པ་ཉིད་ཀྱིས་རྡོ་རྗེའི་རིགས་དགྱེས་པའི་རྡོ་རྗེ། རྡོ་རྗེ་འཛིན་པའི་ཚུལ་གྱི་མཆོག་གོ། །དེའི་ཕྱིར་འདི་དེའི་ཡང་སྙིང་པོར་བརྗོད་དེ་མཆོག་གི་དོན་ནི་སྙིང་པོའི་དོན་ཏེ་ཞེས་དགོངས་སོ། ། འདིས་ནི་རྟོག་པ་གཉིས་པ་བསལ་ཏོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་འདིས་ནི་རྟོག་པ་གསུམ་པ་བསལ་ཏོ། །རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ་ཅི་གསོལ་ཞེ་ན། ཚིག་གསུམ་ཞུས་པའོ། །ཅིའི་དོན་དུ་ཞུས་ཤེ་ན། ཚིག་གསུམ་གྱིས་རྡོ་རྗེ་འཛིན་པ་བདག་ཉིད་ཆེན་པོ་བསྟན་པ་དགྲོལ་བའི་དོན་དུའོ། ། བཀའ་སྩལ་པ་ཞེས་པ་ཅི་བཀའ་སྩལ་ཞེ་ན། དྲིས་ཚིག་གསུམ་ཇི་ལྟ་བ་བཞིན་དུ་ལན་གསུམ་མོ། །མི་ཕྱེད་པས་ནི་དབྱེ་བར་མི་ནུས་པས་སོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་དང་ཆོས་མཐུན་པས་སོ། །སྲིད་གསུམ་ཞེས་པ་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ནི་ཡོད་ཅིང་འབྱུང་བས་སྲིད་པའོ། །གང་ གི་ཕྱིར་འདིར་སངས་རྒྱས་ཀྱི་ཆོས་རྣམས་ཁོ་ནའི་སྲིད་པ་ཡིན་ཞེ་ན་གཙོ་བོ་ཡིན་པས་སོ། །ཅིའི་ཕྱིར་ཐམས་ཅད་ཡིན་ཞེ་ན། ཁྱབ་པའི་རིགས་པས་སོ། །གསུམ་ཇི་ལྟ་བུ་ཡིན་ཞེ་ན་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་སོ། །དེ་ལ་སྲིད་པ་གསུམ་ཉིད་སྲིད་པ་གསུམ་མོ། །དེའི་གཅིག་པ་ནི་ མཉམ་པ་ཉིད་དེ་སེམས་དཔའོ། །གཅིག་པ་ཉིད་ཇི་ལྟ་བུ་ཞེ་ན་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཟད་པས་ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་འགགས་པས་གཅིག་ཏུ་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའི་དཀྱིལ་ལྟ་བུ། སེམས་ཀྱི་རྒྱུན་ཀུན་ གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བ་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཐོབ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ནུས་པའི་མཚན་ཉིད་ས་བོན་གྱི་གཞི་སྣང་བ་མེད་ཅིང་གསལ་བའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་སྲིད་པ་གསུམ་ནམ་མཁའ་ཇི་སྲིད་དུ་གནས་པ་ནི་སྲིད་པ་ གསུམ་གཅིག་པ་ཉིད་དོ། །དེའི་ཅིའི་ཕྱིར་སེམས་དཔའ་ཞེས་བརྗོད་ཅེ་ན། དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཡིན་པས་སོ། །འདིར་སེམས་དཔའ་ཞེས་པ་ནི་བསྟོད་པའི་ཚིག་སྟེ། སེམས་དཔའི་སྒྲས་རབ་ཀྱི་མཐར་ཐུག་པ་སྟེ་ཤིན་ཏུ་རྣམ་པར་དག་ཅེས་བྱ་བར་ སྦྱར་ཏེ་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པ་ནི་སྐྱེས་བུ་ཆེན་པོའི་སྐུ་རྣམ་པར་གྲོལ་བའི་སྐུ་ཡིན་ལ་ཤིན་ཏུ་རྣམ་པར་དག་པ་ནི་ཆོས་ཀྱི་སྐུ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གནས་དང་རྟེན་དང་ས་བོན་གྱི་གཞི་ཉིད་ཀྱིས་ཆོས་ཀྱི་སྐུ་ཞེས་བྱའོ། ཆོས་ཀྱི་སྐུའི་ཡང་གཙོ་བོའི་ལུས་ནི་ ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་འོད་གསལ་བ་དུས་ཐམས་ཅད་ཉིད་དུ་དེ་བཞིན་ཉིད་པས་དེ་བཞིན་ཉིད་ཅེས་བྱའོ། །དེ་ཉིད་ཀྱིས་ནམ་ཡང་དབྱེར་མེད་ཅིང་མི་ཕྱེད་པས་རྡོ་རྗེ་སྟེ། རང་བཞིན་གྱིས་བརྟན་པས་རྟག་ཅེས་བྱ་བའི་དོན་ཏོ། །གློ་བུར་གྱི་དྲི་མ་རྣམ་པར་ དག་པ་དེ་ནི་མི་ཕྱེད་པ་སྟེ། སྔོན་དངོས་པོ་མེད་པ་ལ་རབ་ཏུ་དགའ་བ་ལ་སོགས་པའི་སའི་རིམ་པས་འཕེལ་ཏེ། སངས་རྒྱས་ཀྱི་སའི་བར་དུ་ནམ་མཁའ་ཇི་སྙེད་པར་མ་ཚང་བ་མེད་པའི་རང་བཞིན་ནོ། །ཤེས་རབ་རིགས་པ་འདི་ཡིས་ནི། །ཞེས་པ་ནི་དངོས་པོ་རྣམ་པར་ཕྱེ་ནས་ཤེས་པ་ནི་ཤེས་ རབ་བོ། །རིགས་པ་ཞེས་པ་ནི་སྦྱོར་བ་སྟེ་དེ་དག་ཉིད་ཡེ་ཤེས་ལ་གཞི་མཐུན་པར་བྱ་བའོ། །འདི་རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡང་ཡིན་པས་རྡོ་རྗེ་སེམས་དཔའོ། །བརྗོད་ཅེས་པ་ནི་གསུངས་པ་སྟེ། སྡེབ་སྦྱོར་བསྣོར་བ་ནི་ལུང་གི་ཚིག་ལ་དེ་ལྟར་ཐམས་ཅད་དུ་ནམ་ཡང་སྡེབ་ སྦྱོར་མེད་པ་མ་ཡིན་པས་སོ། །ཡེ་ཤེས་ཆེན་པོའི་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ལ་ནི་ཐེག་པ་ཆེན་པོའི་རང་བཞིན་དཀར་པོའི་ཆོས་སོ། །དེ་རྣམས་ཀྱི་རོ་ནི་མྱོང་བ་སྟེ་ལོངས་སྤྱོད་རྫོགས་པའོ། །དེ་ཡང་མཆོག་ཏུ་འབར་བའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་འཇིག་རྟེན་གྱི་ཁམས་མཐའ་ ཡས་པའི་ནང་དུ་འོད་ཟེར་མཆོག་ཏུ་སྤྲོ་བར་བྱེད་ཅིང་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་གྱི་བཀོད་པས་བརྒྱན་པ་རྣམས་སུ་རྣམ་པ་སྣ་ཚོགས་པས་མཚུངས་པ་མེད་པའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུས་འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་མྱོང་ཞིང་ལོངས་ སྤྱོད་པའོ། །དེས་གང་བ་ནི་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་སྐད་ཅིག་སོ་སོ་ལ་ཚིམ་པ་སྟེ། གང་ལས་དེ་ནམ་ཡང་འཇིག་པ་མ་ཡིན་པས་རྒྱུན་དུ་འབྱུང་ཞིང་འཁོར་མོར་ཏེ་རྟག་པར་འབྱུང་ཞེས་བྱ་བའི་དོན་ཏོ། །མི་འཇིག་པ་ནི་རྒྱུན་མི་འཆད་པ་སྟེ་རྟག་ཏུ་འབྱུང་བའོ། ། དེ་ལྟར་ན་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཆོས་ཆེན་པོའི་རོ་དགའ་བ་དང་བདེ་བས་ཉེ་བར་བརྟན་པ་སྟེ། སེམས་ཅན་རྣམས་ཁམ་གྱི་ཟས་ལ་སོགས་པས་འཚོ་བ་ལྟ་བུ་ནི་མ་ཡིན་ནོ། །ཡེ་ཤེས་ཆེན་པོའི་རོས་ཚིམ་པ་དེ་ཡང་ཅི་ཞིག་ཅེ་ན་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་ པའི་སྐུའོ། །སྐུ་དེ་སེམས་དཔའ་ཆེན་པོ་ཞེས་བརྗོད་དེ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་སྡོད་ཅིང་གནས་པ་སྟེ་འཇིག་པ་མེད་པས་བཞུགས་པ་ནི་སེམས་དཔའོ། །སེམས་དཔའ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སེམས་དཔའ་ཆེན་པོ་སྟེ་ཤིན་ཏུ་འཇིག་པ་མེད་ ཅེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དམ་ཚིག་ཅེས་བྱ་བའི་སྒྲས་དམ་ཚིག་ཆེན་པོར་བལྟ་སྟེ། ཚིག་གིས་ཕྱོགས་གཅིག་བསྟན་པ་ཡིན་ཏེ་འཇིགས་བྱེད་སྨོས་ན་འཇིགས་བྱེད་ཀྱི་སྡེ་ཤེས་པ་བཞིན་ནོ། །སྤྲོ་བར་བྱེད་པའི་སྦྱོར་བས་ཀུན་ཏུ་འགྲོ་བར་བྱེད་པས་དམ་ཚིག་ སྟེ་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཐབས་རྣམ་པ་སྣ་ཚོགས་པས་འགྲོ་བ་ནི་དམ་ཚིག་ཆེན་པོའོ། །དམ་ཚིག་ཆེན་པོས་སེམས་དཔའ་ནི་དམ་ཚིག་སེམས་དཔའ་ཆེན་པོའོ། །སེམས་དཔའ་ནི་རྟག་ཏུ་འཇུག་པ་ཉིད་ཀྱིས་ཏེ། ས་ཏ་ཏའི་ས་ཏ་དང་པྲ་བེརྟའི་བ་བཏུས་ཏེ། ལྷག་མ་ཕྱིས་པས་ ངེས་པའི་ཚིག་གིས་སོ། །དེ་ཉིད་ཀྱིས་གསུང་པ། རྟག་ཏུ་འཇུག་པ་ཉིད་ཅེས་པ་སྟེ། གང་སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ་མཐའ་ཡས་པའི་དབྱེ་བས་རྒྱུན་གྱི་རྟག་པ་དེས་ན་རྟག་པ་སྟེ་དེ་དམ་ཚིག་ཆེན་པོའི་སྒྲ་བརྗོད་ཅེས་བྱ་བའི་དོན་ཏོ། །དཔེར་ན་འབྲོག་ཆེན་པོར་མེ་འབར་བའི་དུས་ན་ལ་ ལ་ནི་མཆེད་ལ་ལ་འབར་ལ་ལ་ནི་འཆིའོ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ་སངས་རྒྱས་ཀྱི་ཞིང་གཞན་དུ་སྐྱེ་བར་སྟོན། གཞན་དུ་སྐྱེས་ནས་གནས་གཞན་དུ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ཏེ། འཇིག་རྟེན་ཀྱི་ཁམས་ཐམས་ཅད་དུ་དེས་ནམ་ཡང་སྟོང་པ་མ་ཡིན་ཏེ། རྒྱུན་གྱི་རྟག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་རེ་རེའི་སྐུ་གསུམ་པ་འདི་དག་གི་དབྱེ་བ་མཐའ་ཡས་ཏེ། སངས་རྒྱས་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་གཅིག་པུའོ། །དེ་ལྟར་ན་དེ་རྣམས་དེ་ལ་བརྟེན་པ་དང་དེའི་རང་བཞིན་ནོ། །དེ་བས་ན་བཅོམ་ལྡན་ འདས་རྡོ་རྗེ་འཛིན་པ་འདི་ཆོས་ཀྱི་སྐུས་རྡོ་རྗེ་སེམས་དཔའོ། །ལོངས་སྤྱོད་རྫོགས་པའི་སྐུས་སེམས་དཔའ་ཆེན་པོའོ། །སྤྲུལ་པའི་སྐུས་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་བྱའོ། །འདིས་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཆེན་པོ་བཤད་པས། དགྱེས་པའི་རྡོ་རྗེའི་ཡང་བདག་ཉིད་ཆེན་ པོ་དོན་གྱིས་བཤད་དེ་དེའི་སྙིང་པོ་ཉིད་དེ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ་ནི་ཅི་གསོལ་ཞེ་ན། དྲི་ཚིག་གཞན་གསུམ་མོ་ཅིའི་དོན་དུ་ཞུས་ཤེ་ན། དགྱེས་པའི་རྡོ་རྗེ་རྡོ་རྗེ་འཛིན་པའི་སྙིང་པོ་ཉིད་ཀྱི་ཕྱིར་གང་མཚན་གསུངས་པའི་རྒྱུ་སྟེ་དེ་དགྲོལ་བའི་དོན་དུའོ། །ན་ཞེས་བྱ་ བའི་སྒྲས་ནི་འདིའི་ཞེས་བྱ་བའི་དོན་ཏོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་མིང་འདི་ལྟ་བུའོ། །བསྡུས་པ་ཞེས་པ་ནི་མ་ལུས་པའོ། །གང་གིས་ཞེས་པ་ནི་གང་གིས་ཚིག་རྣམ་པར་སྦྱར་ཞེས་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེའི་སྒྲས་སོ། །དགྱེས་པའི་ཞེས་པ་ནི་དགྱེས་པའི་སྒྲས་སྙིང་རྗེ་ཆེན་པོ་ བརྗོད་ཅེས་བྱ་བར་སྦྱར་ཏེ། མ་ཧཱའི་མ་ཕྱི་བ་དང་ཀ་རུ་ཎ་ཨེར་བྱས་པས་ཞེས་བྱ་བར་དགོངས་སོ། །ཤིན་ཏུ་དྲག་ཅིང་གདུག་པ་རྣམས་འདུལ་བའི་ཕྱིར་མཆོག་ཏུ་དྲག་པའི་སྐུ་དང་གསུང་གི་ཕྲིན་ལས་སྟོན་པར་མཛད་པ་ནི་ཐུགས་རྗེ་སྟེ་ཐུགས་རྗེ་ཆེན་པོའོ། །ཤེས་རབ་ཀྱང་རྡོ་རྗེར་བརྗོད་དེ་རྡོ་རྗེའི་ སྒྲས་བརྗོད་ཅེས་བྱ་བའི་དོན་ཏོ། །ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིར་ནི་སྟོང་པ་ཉིད་ལ་ཤེས་རབ་ཏུ་བརྗོད་དེ་ཤེས་རབ་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ་དཔལ་གསང་བ་འདུས་པ་ལས། དངོས་པོ་ མེད་གང་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །དེ་ཇི་ལྟར་རྡོ་རྗེར་བརྗོད་ཅེ་ན། །སྲ་ཞིང་བརྟན་ལ་ཁོང་སྟོང་མིན། །མི་ཆོད་པ་དང་མི་ཕྱེད་མཚན། །མི་འཚིག་པ་དང་མི་འཇིག་པས། །སྟོང་ཉིད་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་སོ། ། ཐབས་དང་ཤེས་རབ་བདག་ཉིད་ཅེས་པ་ནི་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ནི་ཐབས་དང་ཤེས་རབ་བོ། །དེ་གཉིས་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །འདི་ནི་དགྱེས་པ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་བ་གསུངས་ཏེ། ཆོས་ཐམས་ ཅད་སྟོང་པ་ཉིད་ལ་དམིགས་པ་སྙིང་རྗེ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་པ་རྒྱུད་ནི་རྒྱུན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ། །དེ་ཉིད་ཀྱིས་དགྱེས་པའི་རྡོ་རྗེ་ཡང་རྣམ་པ་གསུམ་སྟེ། རྒྱུ་དགྱེས་པའི་རྡོ་རྗེ་དང་། ཐབས་ དགྱེས་པའི་རྡོ་རྗེ་དང་། འབྲས་བུ་དགྱེས་པའི་རྡོ་རྗེའོ། །རྒྱུ་ནི་རིགས་དང་རུས་ཞེས་བྱ་བའི་རྣམ་གྲངས་སོ། །འདིར་ནི་རྡོ་རྗེའི་རིགས་ཉིད་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཉིད་གཙོ་བོར་གྱུར་པའི་དགེ་བའི་སྣོད་ཀྱི་རྒྱུ་དགྱེས་པའི་རྡོ་རྗེ་སྟེ་རྒྱུའི་རྒྱུད་ཅེས་བྱའོ། །དེ་ཇི་ལྟར་དགྱེས་པའི་རྡོ་རྗེ་ཞེ་ན། དགྱེས་པའི་རྡོ་རྗེ་རྒྱུ་ཉིད་ཡིན་པས་སོ། །ཇི་ལྟར་རྒྱུ་ཡིན་ཞེ་ན། རྡོ་རྗེའི་རིགས་དང་ལྡན་པའི་སེམས་ཅན་མཆོག་ཏུ་མང་བ་ཉིད་ཡིན་པས་སོ། །རྒྱུ་དགྱེས་པའི་རྡོ་རྗེའི་སྟོབས་ཀྱིས་ཐབས་དགྱེས་པའི་རྡོ་རྗེ་ཡུན་རིང་དུ་བརླབས་པས་ཐོབ་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ནི་འབྲས་བུ་དགྱེས་པའི་ རྡོ་རྗེའོ། །འབྲས་བུའི་རྒྱུད་ཀྱང་བཤད་པར་བྱ་སྟེ། ཇི་ལྟར་དགྱེས་པའི་རྡོ་རྗེ་ཡིན་ཞེ་ན། དགྱེས་པའི་རྡོ་རྗེའི་འབྲས་བུ་ཉིད་ཡིན་པས་སོ། །ཇི་ལྟར་རྒྱུན་ཡིན་ཞེ་ན། སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་རང་བཞིན་ཉིད་ཡིན་པས་སོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་གཙོ་བོའི་དགེ་ བའི་རྒྱུན་ནི་དངོས་ཀྱི་རྒྱུད་དེ་ཐབས་དགྱེས་པའི་རྡོ་རྗེའི་རྒྱུད་དོ། །དེ་ལ་རྒྱུ་དང་འབྲས་བུའི་རྒྱུད་ནི་གོང་དུ་བསྟན་ལ་ཐབས་ཀྱི་རྒྱུད་ནི་མི་ཤེས་ཏེ། དེ་བས་དེའི་དབང་དུ་བྱས་ཏེ་གསུངས་པ་ལྟ་སྟངས་ཞེས་བྱ་བ་ལ་སོགས་པའོ། །ནུས་པ་ཞེས་བྱ་བ་ནི་མཐུའོ། །རྣམ་མང་ཞེས་བྱ་བ་ནི་ཆར་ འབབ་པ་དང་སྤྲིན་དྲལ་བ་ལ་སོགས་པའོ། །བསྐྱེད་པ་ནི་རྒྱུ་སྟེ་རྣམ་པ་དང་མཚན་མ་ལ་སོགས་པའོ། །གནས་ནི་གཞིའི་དཀྱིལ་འཁོར་རོ། །རྒྱུ་ནི་ཟླ་བ་དང་ཉི་མ་ལ་སོགས་པའོ། །ནུས་པ་ནི་བཟླས་པ་དང་བསྒོམས་པ་ལས་བྱུང་བའི་མཐུའོ། །ཡེ་ཤེས་ནི་སྐར་མའི་རྩིས་ལ་སོགས་ པའོ། །རྣམ་ཤེས་ནི་སློབ་དཔོན་གྱི་ལས་ཐམས་ཅད་ལ་མཁས་པའོ། །ལྷ་རྣམས་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའམ་བདག་མེད་མའོ། །ཇི་ལྟར་འབྱུང་བ་ཞེས་པ་ནི་ཇི་ལྟར་རིགས་པར་བསྐྱེད་པའོ། །ཅིག་ཤོས་ཞེས་པ་ནི་ཇི་སྐད་གསུངས་པའི་ ལྟ་སྟངས་དང་དགུག་པ་ལ་སོགས་པའོ། །ཧེ་རུ་ཀ་ནི་འབྲས་བུ་དགྱེས་པའི་རྡོ་རྗེའོ། །བསྐྱེད་པ་ནི་དེའི་གོ་འཕང་འཐོབ་པའོ། །དེའི་རྒྱུ་ནི་ཐབས་ཀྱི་རྒྱུད་ཅེས་བྱ་བའི་དོན་ཏོ། །གང་གིས་ན་འདི་དང་པོར་ཡིན་ཞེ་ན། ལྷ་ལ་སོགས་པ་རྣམ་པའི་བསྐྱེད་པའི་རིམ་པའི་ཐབས་མང་པོ་ཉིད་ཀྱིས་ འདི་ཆེས་ཕུལ་དུ་བྱུང་བས་སོ། །འོ་ན་ཐེག་པ་ཆེན་པོ་འདི་ལ་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་གྱིས་ལུས་སུ་སྟོན་ཏེ། འཕགས་པ་ས་བཅུ་པ་ལས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་སོ། །རྣམ་པར་རིག་པ་དེའི་རང་བཞིན་ནི་གསལ་བ་ཡིན་ཏེ་འདི་ཡི་རང་ བཞིན་མ་ཡིན་ནི་གསལ་བར་མི་འགྱུར་ཏེ་འགལ་བས་སོ། །གང་གི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པ་གསལ་བར་སྣང་བས་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་དུ་མེད་དོ། །དེའི་ཚེ་ཇི་ལྟ་བུ་ཡིན་ཞེ་ན། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་དང་སྣང་བ་དང་མྱོང་བ་སྟེ་རིགས་མཐུན་ པའི་རྣམ་པར་རྟོག་པས་བཞག་པའི་སེམས་ཉིད་སྣ་ཚོགས་པའི་རྣམ་པར་སྐྱེ་སྟེ་རྨི་ལམ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང་། ། ཞེས་གསུངས་སོ་དཀྲུགས་པ་ཞེས་པ་ནི་ཉེ་བར་བཅོམ་པའོ། །ཡང་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་དོན་ནི་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་ངོ་བོ་དང་བྲལ་བས་དེ་གཅིག་མ་ཡིན་ཏེ། ཆའི་དབྱེ་བས་སོ་སོར་སྣང་བས་སོ། །རྡུལ་ཕྲ་མོ་དུ་མ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་མི་རིགས་པས་སོ། ། འདི་ལྟར་གལ་ཏེ་ཆ་དང་བཅས་སོ་ཞེ་ན། དེ་ཇི་ལྟར་རྡུལ་ཕྲ་རབ་ཏུ་འགྱུར། འོན་ཏེ་ཆ་མེད་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བས་ཕན་ཚུན་དབྱེར་མེད་པས་གོ་གཅིག་སྟེ། གླང་པོ་དང་རི་དང་རྒྱ་མཚོ་དང་སའི་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ རོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་མེ་ལོང་གཟུགས་བརྙན་འདི། །མཐོང་ཡང་དོན་ཡོད་མ་ཡིན་ཏེ། །གཅིག་དང་གཞན་པ་རྣམས་སྤངས་པ། །དེ་བཞིན་དངོས་ཀུན་རང་བཞིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གདུང་བའི་དོན་ ཡོད་པ་མ་ཡིན་ནོ། །དེ་མེད་པས་དེ་ལ་ལྟོས་པའི་རྣམ་པར་ཤེས་པའི་འཛིན་པ་ཡང་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུང་བ་དང་འཛིན་པ་གཉིས་ནི་མེད་ལ་གཉིས་སུ་སྣང་བའི་འཁྲུལ་པ་ནི་ཡོད་དེ། དེ་ཉིད་འཁྲུལ་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའོ། །ཡང་དག་པ་མ་ཡིན་ པའི་ཀུན་དུ་རྟོག་པ་གཉིས་དང་བྲལ་བས་སྟོང་པ་ཉིད་རྣམ་པར་རིག་པ་ཙམ་གྱིས་རྟག་ཏུ་ཡོད་དོ། །དེ་ཉིད་གཉིས་སུ་བརྟགས་པའི་རང་བཞིན་མཚན་ཉིད་མེད་པས་ཏེ་ཇི་ལྟ་བ་བཞིན་དུ་མེད་པས་སོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་རྒྱུ་དང་རྐྱེན་གཞན་གྱིས་ བསྐྱེད་པས་ན་གཞན་གྱི་དབང་ཞེས་བྱའོ། །གཉིས་ཀྱི་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། རྟག་ཏུ་དེ་ཉིད་ཀྱི་རང་བཞིན་པས་སོ། །འཕགས་པ་བྱམས་པས། བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །དོན་གྱི་ཡང་དག་མི་རྟོགས་ཕྱིར། །གཉིས་པོ་ མེད་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་ཐམས་ཅད་ཀུན་དུ་བརྟགས་པ་སྟེ། མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཕུང་པོ་ལ་སོགས་པའི་ཀུན་དུ་ བརྟགས་པ་ཡོད་པ་མ་ཡིན་པ་ཉིད་དུ་དམིགས་པས་སོ། །སྡུག་བསྔལ་རྒྱུ་དང་བཅས་པའི་ཁམས་གསུམ་པ་གཞན་གྱི་དབང་གི་ངོ་བོ་ཡོད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཉིད་གཉིས་ཀྱི་ཚུལ་གྱིས་སྣང་བ་ནི་གཉིས་སུ་མེད་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། ཡང་སྲིད་པ་ལ་སྨོན་པ་དང་ འགལ་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གློ་བུར་མ་ཡིན་པ་གཉིས་ཀྱིས་སྟོང་པ་ཉིད་ནི་རྟག་ཏུ་དེ་བཞིན་པས་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དེ་ཉིད་ཡང་དག་པའི་མཐའ་ཡིན་ཏེ་དེ་བཞིན་ཉིད་རྣམས་ཀྱི་མཆོག་ཉིད་ཡིན་པས་སོ། །དེ་ཉིད་ནི་མཚན་མ་མེད་པ་སྟེ་འཁྲུལ་པའི་མཚན་མ་རྣམ་ པར་སྤངས་པ་ན་དེ་སྣང་བ་ཉིད་ཡིན་པས་སོ། །དེ་ཉིད་དོན་དམ་པ་སྟེ་དམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པས་སོ། །འཕགས་པ་རྣམས་ཀྱི་སྟོབས་དང་མི་འཇིག་པ་ལ་སོགས་པའི་རྒྱུ་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། དེ་ལ་དམིགས་ ནས་འཕགས་པའི་ཆོས་སྣ་ཚོགས་པ་སྐྱེས་པས་སོ། །དེ་ཡང་གཉིས་ཀྱིས་སྟོང་པ་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་དངོས་པོ་མ་ཡིན་ཞེ་ན། གཉིས་ཀྱིས་དངོས་པོའི་མཚན་ཉིད་མེད་པས་སོ། །ཅིའི་ཕྱིར་དངོས་པོ་མེད་པ་མ་ཡིན་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ཉིད་ ཡིན་པས་སོ། །འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་མཚན་མ་མེད་པ་ལ་དམིགས་པ་ཉིད་ཡིན་པས་སོ། །ཏིང་ངེ་འཛིན་གསུམ་པོ་འདི་ནི་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལ་སྦྱོར་བ་ཉིད་ཀྱིས་སོ། །གང་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་སྣང་བ་འདི་ནི་ཕྱི་རོལ་ལམ། ནང་གི་དངོས་པོར་ཡོད་པ་མ་ཡིན་ཏེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སྔ་མ་བཞིན་ནོ། །གཅིག་ཏུ་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་བསྒོས་པའི་སྟོབས་ཀྱིས་དཀྲུགས་པ་བྱིས་པ་རྣམས་ཀྱི་བློ་ལ་ཡོད་པ་མ་ཡིན་པའི་རྣམ་པར་སྣང་བ་ཉིད་དང་། སྣང་བ་དེ་ཉིད་ལ་འཇིག་རྟེན་པས་མཚན་ མའི་རྣམ་པར་དམིགས་ནས་གཉིས་སུ་བརྟགས་ཤིང་གཉིས་སུ་བཟུང་བས་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཇི་སྲིད་གང་གིས་རྣམ་པར་སྣང་བ་འཇུག་པ་དེ་སྲིད་དུ་དོན་དམ་པའི་བདེན་པ་མཐོང་བ་མ་ཡིན་ཏེ། རབ་རིབ་ཅན་གྱིས་སྐྲ་ཤད་དང་ཤ་སྦྲང་ལ་སོགས་པ་མཐོང་བ་ན། སྐྲ་ཤད་ལ་ སོགས་པས་སྟོང་པ་མི་མཐོང་བ་བཞིན་ནོ། །ཇི་སྟེ་དེའི་ཆོས་ཐམས་ཅད་ལ་དམིགས་པས་མིང་དང་རྒྱུ་མཚན་ཐམས་ཅད་སྤངས་ཏེ། བརྗོད་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི་སྔོན་གྱི་རབ་ཏུ་སྦྱོར་བའི་བག་ཆགས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པ་དང་མངོན་པར་འདུ་ བྱེད་པ་མེད་པར་སྤྲོས་པའི་མཚན་མ་ཐམས་ཅད་དུ་ནུབ་ནས་རྣམ་པར་མི་རྟོག་པ་དང་སྣང་བ་མེད་པར་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། གཅིག་ཏུ་དྲི་མ་མེད་པ་མཐའ་ཡས་ཤིང་ནམ་མཁའ་ལྟ་བུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཙོ་བོའི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་ལམ་སྐྱེ་བར་འགྱུར་ཏེ། གཉེན་པོ་དེས་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསགས་པའི་ཉོན་མོངས་པ་དང་བཅས་པའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡོངས་སུ་ཟད་ནས། གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་རྣམས་འགགས་ ནས་དེ་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དོར་ནས་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཡོངས་སུ་འཛིན་ཏོ། །དེ་ཉིད་ཟག་པ་མེད་པའི་དབྱིངས་སངས་རྒྱས་རྣམས་ཀྱི་སྐུའོ། །དེ་ཐོབ་པ་ན་དེ་ལྟར་བརྟེན་ནས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འཐོབ་པོ་ཞེས་བྱ་བ་གྲུབ་པའི་མཐའོ། །གྲུབ་པའི་ མཐའ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སངས་རྒྱས་ཉིད་ཀྱི་ཕྱིར་བསྒོམ་པར་བྱ་སྟེ། དེ་ཡང་དོན་རྣམ་པ་གཉིས་ཀྱི་དབྱེ་བས་ཡང་དག་པར་དངོས་པོ་མེད་པའི་ཡེ་ཤེས་ཏེ་གཉིས་པོ་མེད་པར་ངེས་པས་སོ། །གཉིས་ཀྱིས་རྣམ་པ་བརྫུན་པ་རྣམས་ནུབ་ཅིང་མཐའ་ཡས་པ་གསལ་བ་ཙམ་དུ་སྣང་ བའོ། །དེ་ལྟར་ན་གང་དག་ཧེ་རུ་ཀ་དང་རྣལ་འབྱོར་མ་རྣམས་ཀྱི་རྣམ་པ་དང་བཅས་པའི་སྔགས་དང་མཚན་མ་དང་གདན་དང་གཞལ་ཡས་ཁང་ལ་སོགས་པ་བསྒོམ་པ་ནི་སྤྲོས་པ་དང་བཅས་ཤིང་ཕྱིན་ཅི་ལོག་ཡིན་པས་ཏེ་ཉོན་མོངས་པའི་འཁོར་བ་འབྱུང་བ་སྟེ། ཐར་པ་འབྱུང་བ་མ་ཡིན་ནོ་ཞེས་གལ་ཏེ་ སེམས་ན། དེ་གསལ་བར་བྱ་བའི་ཕྱིར་གསུངས་པ། དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ་ཏེ་ཞེས་བྱ་བ་ལ་དངོས་པོ་ནི་ཤིན་ཏུ་གནས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འཐོབ་པར་བྱེད་ཅེས་བྱ་བར་དགོངས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ཀྱིས་གྲོལ་ཏེ། དེ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་ཞེས་བོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་གྲོལ་བ་ནི་མྱུར་བ་ཉིད་དུ་ཉོན་མོངས་པ་རྣམས་སྤངས་ཏེ་དགྲ་བཅོམ་པ་ཉིད་དུ་བྱེད་དོ། །དེ་བས་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྷག་པར་འགྲོ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ནི་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཀྱི་དོན་མཆོག་ཏུ་སྒྲུབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་འདུན་པར་བྱེད་ཀྱི་དམན་པ་ལ་མ་ཡིན་ནོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་གྱིས་གྲོལ་ཏེ་གཅིག་གིས་མ་ཡིན་ནོ། །གལ་ཏེ་དྲུག་ཉིད་ཀྱིས་གྲོལ་ན་དེའི་ཚེ་ལྔས་ནི་ཅིར་འགྱུར་ལ་དྲུག་པས་ཅི་ཞིག་བྱེད་ སྙམ་པ་ལ། དེ་ཉིད་ཀྱིས་གསུངས་པ། དངོས་པོའི་འཆིང་བ་ཞེས་བྱ་བ་ལ་སོགས་པའོ། །འདིར་དངོས་པོའི་སྒྲས་ཕ་རོལ་ཏུ་ཕྱིན་པ་ལྔ་གསུངས་ཏེ། གནས་པར་བྱེད་པ་དང་འཐོབ་པར་བྱེད་པ་ལ་དེ་རྣམས་ཉིད་གཙོ་བོ་ཡིན་པས་སོ། །དངོས་པོ་ཉིད་འཆིང་བ་ནི་ གནས་པར་བྱེད་པ་ཉིད་དོ། །དེས་བཅིངས་ཏེ་གྲོལ་བ་རྣམས་ཀྱང་དེ་དང་དེ་རྣམས་ཀྱི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་གྱི་རྒྱུད་སྐུ་གསུམ་གྱི་ནམ་མཁའི་མཐར་ཐུག་གི་བར་དུ་གནས་སོ། །དེའི་དངོས་པོ་ཡོངས་སུ་ཤེས་པ་ནི་དོན་དམ་པ་ཤེས་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཉིད་དོ། །དེས་གྲོལ་ཏེ་དེ་ཉིད་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤོང་བ་ནི་ས་བོན་དང་བཅས་པའི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཡོངས་སུ་ཟད་པར་བྱེད་པའོ། །དེ་ལྟ་བུ་འདི་ནི་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པར་གསུངས་ཏེ། འཁོར་བ་དང་ མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པས་སོ། །ཉེ་བར་བསྡུ་བ་གསུངས་པ་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བའི་དགེ་བའོ། །བསྒོམ་པར་བྱ་ཞེས་པ་ནི་རང་གི་སེམས་ཀྱི་རྒྱུད་ལ་ནན་ཏན་གྱིས་བསྐྱེད་པར་བྱ་ཞིང་བསྒོམས་པའི་སྟོབས་ཀྱིས་ བདག་ཉིད་དང་ལྡན་པར་བྱའོ། །དངོས་པོ་མེད་པ་ཡོངས་ཤེས་པས། །ཞེས་པ་ནི་གཟུང་བ་དང་འཛིན་པའི་རང་བཞིན་དངོས་པོ་མེད་པ་ཡོངས་སུ་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །གང་ཡང་དངོས་པོ་དངོས་པོར་མ་བྱས་ན་དེ་གྲོལ་བས་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྟུང་ཞིང་གང་ཡོངས་སུ་མ་ཤེས་ ནའང་འཁོར་བ་ཉིད་དུ་གནས་ཏེ། གཉིས་ཀ་ཡང་རྨོངས་པ་ཡིན་ནོ། །ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གཉི་ག་བྱེད་དེ། དེ་ཉིད་ཀྱིས་ན་ཤེས་རབ་ཅན་ཞེས་བོས་པའོ། འདིས་ནི་ཐེག་པ་ཆེན་པོས་གང་བྱ་བ་དེ་བསྡུས་ཏེ་དེ་དག་རྣམ་པར་གཞག་པའོ། །ཐེག་པ་ཆེན་པོ་ཡང་སྔགས་ཀྱི་ཚུལ་ ཉིད་ཀྱིས་བསྡུས་པའི་ཕྱིར་དེ་ཉིད་དགྱེས་པའི་རྡོ་རྗེ་ཡང་ལྷག་པར་སྟོན་པས་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀ་ཞེས་པ་གཙོ་བོ་སྨོས་པས་དེའི་མཚན་མ་དང་། གདན་དང་གཞལ་ཡས་ཁང་ལ་སོགས་པ་འཁོར་རྣམས་ཀྱང་གཟུང་སྟེ། དཔེར་ན་རྒྱལ་པོ་གཤེགས་སོ་བྱ་བ་བཞིན་ ནོ། །འདིའི་དོན་ཐེག་པ་ཆེན་པོ་ལ་བསྒོམ་པར་བྱ་བའི་དགེ་བའི་ཆོས་ཇི་སྙེད་པ་དེ་རྫོགས་པའི་བྱང་ཆུབ་ཏུ་རོ་གཅིག་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་ལ། རྫོགས་པའི་བྱང་ཆུབ་ཀྱི་བྱེ་བྲག་ནི་དཀྱིལ་འཁོར་པའོ། །དེ་ཉིད་འགྲོ་བའི་དོན་མཛད་པས་དཀྱིལ་འཁོར་སྤྲོ་བའོ། །སྐུ་གསུམ་གྱི་བདེ་ བ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་གསུམ་པོ་དེ་དག་འདིར་བསྒོམ་པར་བྱའོ། །འདིར་དགེ་བ་ལྷག་མ་རྣམས་ནི་སྒོམ་པ་འདི་ཉིད་བདེ་བ་མྱུར་དུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ཀྱང་སེམས་དང་སེམས་ལས་བྱུང་བ་ཙམ་དང་། ཇི་ལྟར་སྣང་བ་ལྟར་ཡོད་པ་མ་ཡིན་པར་ཡོངས་སུ་ཤེས་པར་བྱའོ། །དེ་ ལྟར་བསྐྱེད་པའི་རིམ་པ་ལ་བརྟེན་ཏེ་ཐབས་ཀྱི་རྒྱུད་སྒྲུབ་པ་དང་པོ་བསྟན་ཟིན་ཏོ། །ད་ནི་རྫོགས་པའི་རིམ་པ་ལ་བརྟེན་ཏེ་ཐབས་ཀྱི་རྒྱུད་གཉིས་པ་སྟོན་པ་གསུངས་པ་ལུས་ལ་གནས་ཞེས་བྱ་བ་ལ་སོགས་པའོ། །ཆེན་པོ་ཡང་དེ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་གྱི་གཞི་ཉིད་དོ། ། ཡེ་ཤེས་ཀྱང་ཡིན་ཏེ་རང་བཞིན་གྱིས་གསལ་བ་ཉིད་ཀྱིས་སོ། །ཡེ་ཤེས་ཆེན་པོ་ལུས་གནས་ཏེ། །ཞེས་པ་ནི་ལུས་ལྷག་པར་གནས་པར་བྱེད་པའོ། །དེའི་ལས་ཀྱི་འབྲས་བུར་གྱུར་པའི་ཚོར་བ་ལུས་དང་ཐ་དད་པ་མ་ཡིན་ལ། ཚོར་བའི་གནས་དབང་པོ་རྣམས་ཀྱང་ལུས་དང་ཐ་དད་པ་མ་ཡིན་པར་འཇུག་ པས་ཡེ་ཤེས་དེ་ལུས་འདི་ལ་གནས་པ་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་དེ་ཆེན་པོ་ཡིན་ཏེ། འདི་ལྟར་ཆོས་ཉིད་དང་། དེ་བཞིན་ཉིད་སངས་རྒྱས་རྣམས་ཀྱི་རིགས་སོ། །གང་ཡང་སངས་རྒྱས་ཀྱི་རིགས་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིགས་སོ། །དེས་ན་ཆོས་ཉིད་ ཀྱིས་ལུས་ཀྱི་ཡེ་ཤེས་དེ་རང་བཞིན་གྱིས་དྲི་མ་མེད་པའོ། །དེ་བས་ན་རྟོག་པ་ཐམས་ཅད་སྤངས་པའོ། །གནས་དང་ལུས་དང་ལོངས་སྤྱོད་ལ་སོགས་པར་སྣང་བ་རྣམ་པར་རྟོག་པའི་དྲི་མ་རྣམས་དེའི་རང་བཞིན་མ་ཡིན་ཏེ་འདི་ལ་གློ་བུར་བ་ཉིད་དེ། ནམ་མཁའ་ལ་སྤྲིན་དང་ཁུག་རྣ་ལ་སོགས་པ་ལྟ་ བུའོ། །དེ་ཉིད་ཆོས་ཀྱི་སྐུའི་རང་བཞིན་གྱིས་བརྟན་པས་རྟག་ཅེས་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་བཞིན་དུ་སེམས་དེའི་དག་པ་དང་སངས་རྒྱས་ཀྱི་ཡོན་ཏན་གྱི་ས་བོན་གྱི་གཞི་ཉིད་ཀྱང་དེ་བཞིན་དེ། དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་སྐབས་ཀྱིས་སྦྱར་ཏེ། ཡེ་ ཤེས་ཆེན་པོ་དེ་ཉིད་དགྱེས་པའི་རྡོ་རྗེའོ། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ཞེས་པ་ནི་བདག་གི་ཡེ་ཤེས་དངོས་པོ་ཐམས་ཅད་དུ་སྣང་བའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་ལ། གང་གི་ཕྱིར་ལུས་ལས་མ་སྐྱེས་ཤེ་ན། ཡེ་ཤེས་ལས་ལུས་ཕྱི་རོལ་ན་མེད་པས་ སོ། །ཡེ་ཤེས་ཀྱི་རྣམ་པ་ལུས་ནི་བརྫུན་པ་ཉིད་ཀྱིས་ཡོད་པ་མ་ཡིན་པས་སྐྱེད་པར་བྱེད་པ་ཉིད་དུ་མི་རིགས་ཏེ། ཁྱབ་པར་བྱེད་པ་ཡིན་ཡང་དངོས་པོ་ཐམས་ཅད་ལས་སྐྱེས་པ་མ་ཡིན་ནོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །གཉིས་ཀྱིས་བསྡུས་པའི་དངོས་པོ་རྣམས་མེད་པས་དེའི་སྣང་བ་རྣམས་བརྫུན་པ་ ཉིད་དོ། །ལུས་ལ་སོགས་པ་སྣང་བ་ཡེ་ཤེས་ཉིད་ལུས་ལ་སོགས་པའི་དངོས་པོ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་དང་བསྟན་བཅོས་རྣམས་ལས་རབ་ཏུ་གྲགས་པ་ནི་ཡེ་ཤེས་འདི་ཉིད་དོ། །ལང་ཀར་གཤེགས་པ་ལས། རྒྱུ་རྐྱེན་དག་ནི་ལོག་པ་དང་། །བྱེད་པའི་རྣམ་པ་བཀག་པ་ན། །སེམས་ ཙམ་དུ་ནི་རྣམ་པར་གནས། །ང་ནི་སྐྱེ་བ་མེད་པར་སྨྲ། །ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཆོས་རྣམས་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སྐྱེ་བ་དང་ནི་འགག་པ་དག །ཡེ་ཤེས་ཁོ་ན་འབའ་ཞིག་གོ། །ཞེས་གསུངས་སོ། །སེམས་ཙམ་ནི་རྣམ་ པར་རིག་པ་ཙམ་མོ། །ཆོས་ནི་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་ཏོ། །ཡེ་ཤེས་ཉིད་ཅེས་པ་ནི་དོན་བྱེད་པའི་རྣམ་པར་ཤེས་པ་ཉིད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གིས་ཀྱང་ཡེ་ཤེས་ཀྱི་རྣམ་པ་བདེན་པ་ཉིད་དུ་རྣམ་པར་ཤེས་པར་བཞེད་པ་ཡིན་ཞེ་ན། མ་ཡིན་ཏེ། དེ་གསུངས་པ། འབྱུང་བ་ཆེ་ ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་ལྡོག་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། ཞེས་སོ། འདིའི་དོན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གང་བསྟན་བཅོས་ལས་གསུངས་པ་དེ་ནི་འཇིག་རྟེན་པའི་རྣམ་པར་ཤེས་པས་བསྡུས་པ་སྟེ། ཡང་ དག་འདུ་ཤེས་པ་ནི་དེས་བསྡུས་པར་གྱུར་པའོ། །རྣམ་པར་ཤེས་པ་ཙམ་ཉིད་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྣམ་པར་སྣང་ངོ་། །འབྱུང་བ་ཆེན་པོ་ལ་སོགས་པའི་ཤེས་པ་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ལྡོག་པར་འགྱུར་ཞེས་པ་ནི་ནུབ་པར་འགྱུར་བའོ། །ལོག་པར་རྣམ་བརྟགས་ མ་ཡིན་ནམ། ཞེས་པ་ནི་གང་གི་ཕྱིར་བརྫུན་པ་ཉིད་དེ། འབྱུང་བ་ཆེན་པོ་ལ་སོགས་པ་དེ་འཁྲུལ་བའི་རྣམ་པར་ཤེས་པས་རྣམ་པར་བརྟག