Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 4

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
ུན་པའོ། །དེ་བས་ན་ཇི་ལྟར་བདག་ཉིད་དེ་ལྟར་སེམས་ཅན་ཞེས་བྱ་བའི་དོན་ཏོ། །ཡང་ན་བཞི་

ཉིད་ཀྱི་བདུན་པའོ། །ཇི་ལྟར་བདག་ལ་ཞེས་བྱ་བ་ནི་རང་ལ་ཐབས་དང་ཤེས་རབ་ཀྱི་ཡན་ལག་གཉིས་རྟོགས་པར་འགྱུར་རོ། །དེ་བཞིན་དུ་དེའི་ཡན་ལག་གཉིས་དང་ལྡན་པ་སེམས་ཅན་ལ་ཡང་དེས་ཅི་རང་གི་རང་བཞིན་ལས་གཞན་དུ་ཟ་བར་འགྱུར་ཏེ་ཟ་བར་མི་འགྱུར་
རོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་བདག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལ་རྩེ་གཅིག་པ་སྟེ། སོ་སོའི་སྐྱེ་བོ་ཡང་ཟ་བ་ཉིད་ཅེས་བྱ་བའི་ཐ་སྙད་ཡོད་དོ། །ཡིན་མོད་ཀྱི་གང་ཡང་རྣལ་འབྱོར་གྱི་བདག་ཉིད་ཏིང་ངེ་འཛིན་ལ་རྩེ་གཅིག་པ་དེས་ཇི་ལྟར་
ཡང་ལས་མ་ཡིན་པ་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ལས་ཀྱང་འདས་པ་དང་། བསམ་གཏན་ལ་སོགས་པར་གྱུར་པ། བསམ་གཏན་ལ་རྩེ་གཅིག་པའི་ཕྱིར་བྱ་བར་མི་ནུས་སོ། །དེའི་ཕྱིར་ཇི་ལྟར་འདིའི་ཚོགས་རྫོགས་པར་འགྱུར་ཞེས་དོགས་པ་ལ། ཡན་ལག་ཇི་སྙེད་བསྒྱུར་བ་དང་།
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟར་གཞན་ལ་ཡང་འདི་ལྟ་བུར་འབྱུང་བར་འགྱུར་རོ། །ཞེས་དོགས་པ་ལ། ཧེ་རུ་ཀ་དཔལ་གནས་བཞུགས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ལ་དེ་ལྟར་འབྱུང་བ་ནི་མ་ཡིན་ཏེ། འོན་ཀྱང་དཔལ་ཧེ་རུ་ཀའི་གནས་སུ་
གནས་པ་ཉིད་ཀྱི་རྣལ་འབྱོར་པ་ལ་འབྱུང་བར་འགྱུར་རོ། །ཞེས་དགོངས་པའོ། །གལ་ཏེ་དེ་ལྟར་ཤེས་པ་དེའི་ཚེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེ་སྨྲོས་ཤིག་ཅེས་སྙམ་པ་ལ། ཤྲཱི་ཞེས་བྱ་བ་ལ་སོགས་པའི་བཤད་པ་གསུངས་ཏེ། གང་གི་ཕྱིར་དཔལ་ཧེ་རུ་ཀའི་གནས་སུ་གནས་པའི་ལས་
དང་ལས་མ་ཡིན་པར་གནས་པ་ཐམས་ཅད་དགེ་བར་འགྱུར་རོ། །སྐྱེ་བོ་ཟ་བས་ཀྱང་སྐྱོན་དུ་མི་འགྱུར་བའི་བྱེ་བྲག་ཉིད་ཇི་སྙེད་པ་བསྟན་པའི་ཕྱིར། གང་དང་གང་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། སེམས་ཅན་གྱི་ཁམས་མ་
ལུས་པར་བསྟན་པར་འགྱུར་རོ། །གང་གིས་ཟ་བར་མི་འགྱུར་བ་དེས་གཞན་དབང་དུ་མི་འགྱུར་རོ། །གང་གིས་ཀྱང་ཟ་བར་འགྱུར་བ་ནི་བློས་བསྐྱེད་པར་འགྱུར་བ་སྟེ། དེས་དབང་དུ་འགྱུར་བ་ནི་དེའི་རང་བཞིན་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་འདིས་སྐྱེ་བར་བྱེད་པའི་དངོས་པོའི་ཕྱིར་

ཕུང་པོ་དང་སྐྱེ་མཆེད་དང་ཁམས་སོ། །སེམས་ཅན་ཞེས་བྱ་བ་ནི་སེམས་ཅན་གྱི་ཤེས་པ་སྟེ། དེའི་བྱིན་གྱིས་བརླབས་ཀྱི་སེམས་ཅན་ནོ། །དེ་རྣམས་ཀྱི་ཤ་ནི་དམིགས་པའོ། །དེ་བས་ན་སྲོག་ཆགས་ཀྱི་རྒྱུ་ནི་སྐྱེ་བོ་རྣམས་སུ་གསུངས་ཀྱི། ཡང་སྲོག་ཆགས་ནི་མ་ཡིན་ཏེ། །བྱང་ཆུབ་ཀྱི་
ཡན་ལག་མ་ཡིན་པའི་ཕྱིར་དང་། དེ་རྣམས་ཀྱི་ཤ་བཟའ་བའི་སྐབས་མ་ཡིན་པའི་ཕྱིར་རོ། །ཡང་ཡན་ལག་ཡིན་ན་ནི་དེའི་ཚེ་ཁྱི་དང་ཅེ་སྤྱང་ལ་སོགས་པ་དང་པོར་བྱང་ཆུབ་པར་འགྱུར་གྱི་གཞན་ནི་ཐེ་ཚོམ་ཟའོ། །སྲོག་ཆགས་ཀྱི་ཤ་བཟའ་བ་མ་ཡིན་དུ་ཟིན་ཀྱང་། མི་ནུས་པ་རྣམས་རང་གི་རང་བཞིན་
རྣམས་ཀྱི་ཕུང་པོ་ལ་སོགས་པ་བཟའ་བ་ཡང་ཇི་ལྟར་ཡིན་ཞེས་དོགས་པ་ལ། རྡོ་རྗེ་ཐོད་པའི་སྦྱོར་བ་ལ། །ཞེས་གསུངས་སོ། །རྡོ་རྗེ་ནི་འབྱེད་པའོ། །ཐོད་པ་ནི་བདེ་བ་སྐྱེ་བའི་ཕྱིར་ཐོད་པ་སྟེ། དབྱེ་བར་བྱ་བ་གསུངས་ཤིང་དེ་ལ་ཡང་དག་པར་འགྲོ་བ་ནི་རྡོ་རྗེ་དང་ཐོད་པའོ། །དེ་ནི་རྡོ་རྗེ་ཡང་ཡིན་ལ་
ཐོད་པ་ཡང་ཡིན་པས་རྡོ་རྗེ་ཐོད་པའོ། །དེའི་སྦྱོར་བ་ནི་ཉེ་བའི་སྦྱོར་བ་སྟེ། དེའི་བྱ་བའོ། །དེའི་ཕྱིར་རྡོ་རྗེ་ཐོད་པའི་སྦྱོར་བ་ལས་ལོངས་སྤྱོད་པ་ནུས་པར་འགྱུར་རོ། །ཡང་སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས་པ། རྡོ་རྗེ་སངས་རྒྱས་ཞེས་སུ་གསུངས། །ཐོད་པ་གསང་བ་ཡང་དག་གནས། །སྦྱོར་
བ་གསར་བར་གནས་དེ་ཡིས། །ངོ་མཚར་སྣ་ཚོགས་བྱེད་པའོ། །ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་བརྡ་དང་གནས་གཏན་ལ་ཕབ་པའི་ལེའུ་སྟེ་བདུན་པའོ།། །།མིང་གིས་
ཡུལ་གྱི་ཐ་སྙད་འདོགས་པས་ཡང་རྟོགས་པར་གྱུར་པ་རྣམས་ཀྱི་རྩ་རྣམས་ལྷའི་རྣམ་པར་བྱ་བ་སྟེ་རྟོགས་པར་བྱ་བའི་ཕྱིར། ལེའུ་བརྒྱད་པ་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་ལུས་ལ་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་ཉིད་དུ་གྱུར་པ་རྣམས་ཀྱི་ཡང་
དབྱངས་དང་གསལ་བྱེད་སྦྱོར་བ་ནི་རྣལ་འབྱོར་རོ། །དེ་དག་གང་དག་བཅོ་ལྔ་པོ་རྣམས་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་མ་སྟེ། དེ་རྣམས་ཀྱི་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་ནང་དུ་འཁོར་ལོའི་རིམ་པ་ཇི་ལྟར་གནས་པས་འདུ་བ་ནི་འཁོར་ལོའོ། །དེ་དག་གང་དུ་བཤད་པར་བྱ་སྙམ་པ་ལ།

ནམ་མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་ཁམས་སུ་ཞེས་བྱ་བ་ནི་སྐབས་འབྱེད་པའི་ཁམས་སུའོ། །བྷ་ག་ནི་ཨེའི་རྣམ་པ་སྟེ་ཆོས་ཀྱི་འབྱུང་གནས་སོ། །དབུས་སུ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་སྙིང་པོར་རོ། །སྒོམ་པ་
ཞེས་བྱ་བ་ནི་གཞལ་མེད་ཁང་ལ་སོགས་པ་རྫོགས་པའི་རིམ་པས་ལྷ་མོའི་འཁོར་ལོ་སེམས་པའོ། །རྫོགས་པའི་རིམ་པ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་འཆད་པར་འགྱུར་རོ། །རྫོགས་པ་བཞག་ལ་བསྐྱེད་པའི་རིམ་པ་བསྒོམ་པ་ཉིད་ཇི་ལྟར་བྱ་ཞེས་སྙམ་པ་ལ། འཁོར་ལོ་སྔོན་དུ་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོ་ཞེས་བྱ་བ་ནི་ལྷའི་ཁང་པའོ། །དེ་སྔོན་དུ་ཇི་ལྟར་འགྱུར་བའོ། །ཅི་རིགས་པ་ནི་སྔ་མའི་གོ་རིམས་ཀྱི་རིམ་པས་སོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་བྱ་བ་ནི། ལྷ་མོ་རྣམས་ཀྱི་འབྱུང་བའི་རྒྱུ་རྣམ་པ་ལྔའི་རིམ་པ་ལས་མ་འདས་པའོ། །
གང་སྔ་མའི་གོ་རིམས་ཀྱི་རིམ་པ་མ་སྤངས་པ་སྟེ། གང་ཞེས་དོགས་པ་ལ། འཁོར་ལོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མར་རབ་ཏུ་གྲགས་སོ། །ས་ནི་ལཾ་ལས་བྱུང་བ་སའི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེའི་ཕྲེང་བས་བསྐོར་བ་སེར་པོའོ། །
ཆུ་ནི་བཾ་ལས་བྱུང་བ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བུམ་པའི་ཚར་གྱིས་མཚན་པའོ། །བྱིན་ཟ་ནི་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྡོ་རྗེའི་ཕྲེང་བས་ཕྱི་རོལ་བསྐོར་བའོ། །རླུང་ཆེན་ནི་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་དུ་བ་འཐུལ་ཞིང་འཁྱིལ་
བ་འཕན་གཉིས་ཀྱིས་མཚན་པའོ། །ཇི་ལྟར་རིགས་པ་ནི་རིམ་པ་ཇི་ལྟ་བའོ། །ལྷ་རྣམས་ཀྱི་ནི་ཞེས་བྱ་བ་འདི་ནི་ཚིག་འདིས་ལྷན་ཅིག་སྦྱར་རོ། །དེ་བས་ན་འབྱུང་བ་བཞིའི་དཀྱིལ་འཁོར་རྣམ་པར་གཞག་པ་ནི་ལྷ་རྣམས་ཀྱི་རིམ་པས་བྱའི་ཡང་རང་དབང་གིས་ནི་མ་ཡིན་ནོ་ཞེས་བསྟན་པར་
འགྱུར་རོ། །གང་དག་གི་རིགས་པས་རྗེས་སུ་བྱ་བ་དེ་དག་གི་ལྷ་ཉིད་འདི་གང་ཞེ་ན། བྱེ་བྲག་གི་དངོས་པོ་མེད་པར་ཡང་འབྱུང་བ་རྣམས་ཐོབ་པའི་ཕྱིར། དེ་རྣམ་པར་དག་པ་སྤྱན་ལ་སོགས་པ་ལྷ་མོ་བཞི་པོ་རྣམས་འདིར་ལྷ་ཉིད་དུ་བལྟ་བར་བྱའོ། །དེ་རྣམས་ཀྱི་རིམ་པ་ནི་སྤྱན་དང་། མཱ་མ་

ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ཞེས་བྱ་བའི་གོ་རིམས་སོམོ། །དེ་བས་ན་ཇི་ལྟར་རིགས་པས་དཀྱིལ་འཁོར་རྣམ་པར་གཞག་སྟེ། དེ་ལ་དང་པོ་སྟེང་དུ་སའི་དཀྱིལ་འཁོར་དེའི་འོག་ཏུ་ཆུའི་དཀྱིལ་འཁོར་རོ། །དེ་ནས་ཀྱང་དེའི་འོག་ཏུ་མེའི་དཀྱིལ་འཁོར་རོ། །མེའི་འོག་ཏུ་རླུང་གི་
དཀྱིལ་འཁོར་ཞེས་བྱ་བའི་རིམ་པའོ། །འོག་དང་སྟེང་དུ་རྣམ་པར་གནས་པ་སོ་སོའི་དཀྱིལ་འཁོར་དེ་རྣམས་ཀྱི་ནང་གི་རྣལ་འབྱོར་གྱི་རིགས་པ་དང་། གསུངས་པ་དང་གཉིས་ཡོད་དེ། དེ་བཞིན་རྐང་པའི་མཐིལ་དུ་རླུང་། །རྩོམ་པ་ཆེན་པོ་གཞུ་ཡི་དབྱིབས། །གྲུ་གསུམ་འབར་བའི་
དཀྱིལ་འཁོར་ནི། །སུམ་མདོའི་གནས་སུ་རྣམ་པར་གནས། །ཟླུམ་པོའི་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟོ་བར་འགྱུར་བ་ཡིན། །སྙིང་གར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་སྒོམ་པ་པོ་འབྱུང་བ། །ཞེས་བྱ་བ་ལ་ཡང་ནི་
བསྡུ་བའོ། །དཀྱིལ་འཁོར་འབའ་ཞིག་བསྒོམ་པར་བྱ་བ་ནི་མ་ཡིན་གྱི། སྒོམ་པ་པོའི་བདག་ཉིད་ཀྱང་བསྒོམ་པར་བྱའོ་ཞེས་བྱ་བ་དགོངས་པའོ། །ཇི་ལྟར་འབྱུང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོ་སྟེ། དེའི་ང་རྒྱལ་གྱིས་གནས་པའི་ཕྱིར་རོ། །ཅི་འབྱུང་བ་བཞིའི་དཀྱིལ་འཁོར་
དང་། ལྔ་པ་འཁོར་ལོ་དང་། དྲུག་པ་བདག་ཉིད་འདིས་ཡིན་ཞེས་དོགས་པ་ལ། ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་འབྱུང་གནས་སུ་གསུངས་པ། འདི་ལས་གཅིག་ཏུ་གྱུར་པ་ལས་འབྱུང་བའི་ཕྱིར། ཆོས་འབྱུང་ལས་སྐྱེས་པའི་འཁོར་ལོ་ནི་གཞལ་
མེད་ཁང་ཡིན་ནོ། །ཇི་ལྟ་བུ་ཞེ་ན་འཕར་མ་གཉིས་ཞེས་བྱ་བ་ནི་ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། རྡོ་རྗེ་ཕྲེང་བས་ཡོངས་སུ་བཅད་པ་དང་སྦས་པའོ། །འཕར་མ་གཉིས་ཀྱི་གཏན་ཚིགས་གསུངས་པ། ཟེ་འབྲུ་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཟེའུ་འབྲུ་ནི་སྙིང་པོའོ། །གྲུ་གསུམ་ནི་ཕྱི་རོལ་གྱི་
མཐའ་གསུམ་མོ། །ཆ་གཉིས་ཀྱིས་ཉེ་བར་མཚོན་པ་ནི་འཕར་མ་གཉིས་ཡིན་ནོ། །དག་པ་ནི་ཡོན་པོ་མ་ཡིན་པའོ། །སྐྱོན་མེད་པ་ནི་ཉེས་པ་མེད་པའོ། །དེའི་དབུས་ཞེས་བྱ་བ་ནི་འཁོར་ལོའི་དབུས་སུ་སྟེ་ལྷའི་གནས་རྣམས་སུའོ། །ཤི་བ་ནི་རོའོ། །ཇི་ལྟ་བུ་ཞེ་ན། བཅོ་ལྔའི་གདན་གྱི་བདག་

ཉིད་ཅེས་བྱ་བ་ནི་བཅོ་ལྔ་ནི་ཉི་མའི་དཀྱིལ་འཁོར་གྱི་གདན་རྣམས་ལ་བདག་གི་ལུས་ཏེ། གང་གི་བཅོ་ལྔའི་གདན་གྱི་བདག་ཉིད་དོ། །ཟླ་བའི་གདན་ཡོངས་སུ་བཤད་པའི་ཕྱིར་བཤད་པའི་རྒྱུད་དུ་བདག་མེད་པ་བསྐྱེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ།
ནམ་མཁའི་ཁམས་ནང་པདྨར་ནི། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དོན་ནི་འདི་ལྟ་སྟེ། སྙིང་གའི་ནམ་མཁར་ཉི་མའི་དཀྱིལ་འཁོར་བསམས་ཏེ་མཆོད་པ་བྱས་ནས། སྡིག་པ་བཤགས་པ་དང་། མི་བྱེད་པར་སྡོམ་པ་དང་། རྗེས་སུ་ཡི་
རང་བ་དང་། ཡོངས་སུ་བསྔོ་བ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བདག་གི་དངོས་པོ་དབུལ་བ་དང་། ཚངས་པའི་གནས་བསྒོམ་པ་དང་། འཇུག་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་། ར་བ་དང་གུར་བཅིང་བ་དང་། དེ་མ་ཐག་ཏུ་འཁོར་ལོ་ས་བོན་དང་ཞེས་བྱ་
བ་ལ་སོགས་པ་འདིས་ནི། གཞལ་མེད་ཁང་བསྒོམས་ནས་དེའི་ནང་དུ་སོན་པ་འདི་ནི་རོའོ། །དེའི་སྟེང་དུ་ཞེས་བྱ་བ་ནི་ཤི་བའི་སྙིང་གར་རོ། །ས་བོན་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅོ་ལྔའོ། །ཕྱི་ནས་ཞེས་བྱ་བ་ནི་ས་བོན་གྱི་མཐར་རོ། །བདུད་ལས་རྒྱལ་བས་མནན་ཅེས་བྱ་བ་ནི་བཀབ་པའོ། །
གཉིས་འདུས་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དག་འདུས་པའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྒྱུའི་ཕྱིར་བདེ་བ་ཆེན་པོ་སྟེ། རབ་ཏུ་སྐྱེ་བ་བསྐྱེད་པར་ནུས་པའོ། །ཅི་ཟླ་བ་དང་ཉི་མ་འདི་དག་ནམ་མཁའ་ལས་ལྷུང་བར་གྱུར་པའམ་ཞེས་སྙམ་པ་ལ། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ནི་འདི་ལྟ་སྟེ་ཤི་བ་དེའི་སྙིང་གར་རྗེས་སུ་མཐུན་པ་དང་རྗེས་སུ་མི་མཐུན་པར་བཀོད་ཅིང་། ཨཱ་ལི་དང་ཀཱ་ལི་དག་ཚར་གཉིས་ཡོངས་སུ་གྱུར་པ་དག་ཟླ་བ་དང་ཉི་མ་དག་སྟེ། དེ་དག་གི་འདུ་བ་ནི་འདུ་བར་གྱུར་པ་བདེ་བ་ཆེན་པོ་སྟེ། དེ་ཉིད་ནི་དེའི་རྒྱུའི་ཕྱིར་རོ། །
དཀར་མོ་ལ་སོགས་ཞེས་གསུངས་པ་ལ། དཀར་མོ་ལ་སོགས་པའི་སྒྲས་ཀྱང་ལྷའི་རྣམ་པ་ལ་མི་བྱ་སྟེ། འོན་ཀྱང་རྒྱུ་གྲི་གུག་ཅེས་བྱ་བའི་མཚན་མ་ལ་སྟེ། དེ་མེད་ན་དེ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ། །དང་པོར་གྱུར་པ་བདག་མེད་མ་དང་། རྡོ་རྗེ་མ་ཞེས་བྱ་བ་རྣལ་འབྱོར་མ་གཉིས་ཡོད་

ན། ཇི་ལྟར་ཡང་དཀར་མོ་ལ་སོགས་པ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་རྡོ་རྗེ་འཛིན་པ་ལ་བརྒལ་བའི་ལན་འཆད་པ་པོས་བཏབ་པ་འདི་ནི་དགོངས་པ་སྟེ། འདས་མ་ཐག་པར་གསུངས་པ། ཟླ་བ་དང་ཉི་མ་འདུ་བར་འགྱུར་བ་ན། བདེ་བ་ཆེན་པོ་ལ་དེ་དང་དེའི་ཚེ་རྣམ་པར་རིག་པ་
ཉིད་འབའ་ཞིག་གནས་པར་འགྱུར་རོ། །དེར་ཡང་ཚོར་བའི་ཕུང་པོ་སྟེ། དེའི་རང་བཞིན་ནི་དཀར་མོའོ། །དེ་བས་ན་འདི་ནི་གཙོ་མོའི་ཕྱིར་འདི་གསུངས་པ་ཞེས་བྱ་བ་ནི་ཉེས་པ་མ་ཡིན་ནོ། །དེ་ཉིད་རང་བཞིན་གྱིས་འོད་གསལ་བ་ཚོར་བ་ཙམ་གྱི་ལུས་དང་སེམས་ཀྱི་སོ་སོའི་དབྱེ་བའི་ཕྱིར། ཟླ་བ་
མེ་ལོང་ཡེ་ཤེས་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དངོས་པོ་ནི་གཟུགས་བརྙན་ལས་གཞན་པའི་ངོ་བོས་ཀུན་མཐོང་བ་རྣམས་དང་། རྟོགས་པ་རྣམས་ཀྱི་ཕྱིར་དང་། མེ་ལོང་དང་ཆོས་མཐུན་པའི་ཕྱིར། ཟླ་བ་ནི་མེ་ལོང་ལྟ་བུའོ། །མེ་ལོང་ལ་ཡེ་ཤེས་རྐྱེན་གྱིས་ཡང་དག་
པར་འབྱུང་བའི་ངོ་བོ་གཟུགས་བརྙན་དང་མི་འགལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཟུགས་ཀྱི་ཕུང་པོའོ། །གང་ལ་དེའི་བདག་ཉིད་ཀྱིས་དེ་ཡོད་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པའོ། །སངས་རྒྱས་ཀྱི་ཡོན་ཏན་གྱི་ཨཱ་ལི་ཉིས་འགྱུར་འཇུག་པའི་ཕྱིར་དང་། འོད་གསལ་བའི་ཕྱིར་སེམས་
ནི་ཟླ་བ་ལྟ་བུའི་ཟླ་བའོ། །ཡང་གསུངས་པ། ཡིད་གཉིས་ལས་ནི་རྣམ་པར་གྲོལ། །རྣམ་པར་རྟོག་པའི་རབ་རིབ་འཕྲོགས། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་མཚུངས་སེམས་ནི་ཟླ་བ་ཉིད། །ཅེའོ། །མཉམ་པ་ཉིད་ནི་གཟུགས་བརྙན་གྱི་ངོ་བོ་མཉམ་པའི་ཆོས་ཐམས་ཅད་ཀྱི་
དངོས་པོ་སྟེ་མི་འདྲ་བ་མེད་པ་ནི་ཚོར་བའི་ཕུང་པོའོ། །མཉམ་པ་ཉིད་ལྡན་པ་ནི་དེ་དང་ལྡན་པའོ། །མི་ཤེས་པའི་མུན་པ་འཇོམས་པའི་ཕྱིར་ཡོངས་སུ་མ་ཆད་པར་སེམས་ཅན་གྱི་དོན་གྱི་བྱ་བ་བྱེད་པར་འདོད་པའི་མཚན་ཉིད་ཀ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དང་ཕྲད་པའི་ཕྱིར་ཉི་མའི་ནོར་བུ་ལྟ་
བུ་ཛ་ཝཱའི་མེ་ཏོག་ཉེ་བའི་ཕྱིར་སེམས་ནི་དམར་པོའོ། །བདུན་གྱི་བདུན་པ་དང་ཆོས་མཐུན་པའི་ཕྱིར་བདུན་གྱི་བདུན་པའོ། །ཡང་གསུངས་པ། སྙིང་རྗེ་སྡུག་པས་ཡང་དག་བྱུང་། །སེམས་ཅན་རྗེས་སུ་བཟུང་བ་པོ། །དགེ་བའི་ཆོས་ཀྱིས་ཡང་དག་གང་། །ཉོན་མོངས་ཐམས་ཅད་ངེས་པར་གནོན། །

ཅེའོ། །ས་བོན་ཕྱག་མཚན་ནི་ཞེས་བྱ་བ་ནི་ལྷ་མོ་རྣམས་མང་བའི་ཕྱིར། ས་བོན་རྣམས་ཀྱང་མང་ངོ་། །ཕྱག་མཚན་ཞེས་བྱ་བ་ནི་དངོས་པོའི་ཁྱད་པར་མེད་པའི་ཕྱིར་ཚིག་གཅིག་ཏུ་བསྟན་པར་བྱ་བའོ། །དེ་མ་ཐག་ཏུ་གསུངས་པ། ཀུན་དུ་བཟང་པོའི་སེམས་བསྐྱེད་པའི་
ཕྱིར། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སའི་མཚན་ཉིད་ཀྱིས་རང་གི་ས་བོན་ཡོངས་སུ་གྱུར་པའི་ཕྱག་མཚན་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་འདུ་ཤེས་ཀྱི་ཕུང་པོའོ། །ཡང་གསུངས་པ། བྱང་ཆུབ་སྤྱོད་པ་དེ་བཞིན་ས། །ཡེ་ཤེས་དག་པ་ཟད་པ་
མེད། །དེ་ཕྱིར་དཀྱིལ་འཁོར་ནང་གནས་པ། །དེ་ཡི་རང་གི་ཕྱག་མཚན་བརྟག །ཅེའོ། །ཐམས་ཅད་གཅིག་གྱུར་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་མཚན་མ་རྣམས་ཐ་མི་དད་པའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་བརྙན་གྱི་རང་བཞིན་མ་སྐྱེས་པ་དང་། མ་བྱས་པ་དང་། གནས་མེད་པ་དང་།
དངོས་པོ་དང་། དངོས་པོ་མེད་པའི་ཆ་གཉིས་སྤངས་པའོ། །ནན་ཏན་ཞེས་བྱ་བ་ནི་བྱ་བ་ནན་ཏན་ཏེ། སྔ་མའི་ཚིག་ཕྱི་ནས་གསུངས་པ་ནི། ལྷ་སྦྱིན་ལ་སྦྱིན་ཞེས་བྱ་བ་ལྟ་བུའོ། །བྱ་བ་ནི་སངས་རྒྱས་ཀྱི་མཛད་པ་སྟེ། སངས་རྒྱས་ཀྱིས་བསྐྱེད་པའོ། །ཡེ་ཤེས་གང་གིས་དེ་ནན་ཏན་བྱེད་པ་དེ་ནི་བྱ་བ་
ནན་ཏན་ཏེ། ཡེ་ཤེས་བཞི་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཡང་གསུངས་པ། སངས་རྒྱས་ཀུན་གྱི་སྐུ་གང་ནི། །སྣང་བར་བྱེད་ཅིང་གནས་པ་མེད། །མ་སྐྱེས་མ་བྱས་དག་པ་ཉིད། །དངོས་པོ་མེད་པ་ལ་སོགས་སྤངས། །གཅད་མེད་དབྱེ་མེད་གཟུང་དུ་མེད། །ཆོས་ཀྱི་སྐུ་ནི་སྐྱོན་མེད་
པ། །ཞེས་བྱ་བ་ལ་སོགས་པའོ། །གཟུགས་བརྙན་རྫོགས་པ་ཞེས་བྱ་བ་ལ། གཟུགས་བརྙན་ནི་གོང་བུ་སྟེ། སྐུ་གསུམ་བསྡུ་བ་ལས། དེར་རྫོགས་པའི་རྣམ་པ་ཕུན་སུམ་ཚོགས་པའོ། །དག་པ་ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རྣམ་པར་བསྙེགས་ཏེ། སྔ་མ་དང་
ཕྱི་མའི་ཚིག་བཞི་བསྡུ་བ་ནི་དག་པའོ། །དེ་ལ་རྣམ་པ་དང་། དག་པ་སྔ་མའི་ཚིག་གཉིས་དང་། ལྷག་མ་དྷརྨ་དྷཱ་ཏུའི་ཚིག་གཉིས་སོ། །དེའི་ཕྱིར་གང་གི་ཚིག་བཞི་བསྡུ་བ་འདིའི་དག་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །དེ་ལ་ལེགས་པའི་བྱེ་བྲག་གིས་དག་པ་

ནི་ཤིན་ཏུ་རྣམ་པར་དག་པའོ། །ཕལ་བའི་དྲི་མ་ལས་རྣམ་པར་གྲོལ་བ་ནི་ཆོས་ཏེ་ཕུང་པོ་ལྔའོ། །དེ་ནི་ཤིན་ཏུ་རྣམ་པར་དག་པ་ཡང་ཡིན་ལ། ཆོས་ཀྱང་ཡིན་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་ཆོས་སོ། །དེ་འདུས་བྱས་ཤིན་ཏུ་རྣམ་པར་དག་པའི་ཆོས་འཛིན་པའི་ཕྱིར། ཤིན་ཏུ་རྣམ་པར་དག་
པའི་ཆོས་ཀྱི་དབྱིངས་ཏེ་རྣམ་པར་ཤེས་པའི་ཕུང་པོའོ། །དེ་ཉིད་གཟུགས་བརྙན་ཏེ་རྫོགས་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷ་ཉིད་དོ། །ཡང་གསུངས་པ། བཅོམ་ལྡན་དེ་ནི་གཟུགས་བརྙན་ཡང་། །བསྒོམ་པ་ཇི་ལྟར་ལགས་པ་གསུངས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །རྡོ་རྗེ་
སེམས་དཔའ་བསྒོམ་པར་གྱིས། །ཞེའོ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་བྱ་བ་ལ། དེ་རྣམས་ཉིད་ནི་མེ་ལོང་ལྟ་བུ་ལ་སོགས་པ་ནས་ཤིན་ཏུ་རྣམ་པར་དག་པའི་མཐར་ཐུག་པའི་རྣམ་པ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་གསུངས་
པ། སྐུ་དང་གསང་བ་དེ་བཞིན་སྤྱོད། །སྤྱོད་ཡུལ་དེ་ཉིད་རྟོགས་པ་ནི། །མངོན་པར་བྱང་ཆུབ་རྣམ་ལྔ་ཉིད། །སངས་རྒྱས་ཀུན་གྱི་བདག་ཉིད་དགེ །འདི་རྣམས་ཕུང་པོ་སངས་རྒྱས་རྣམས། །འདི་རྣམས་ཡེ་ཤེས་འདི་རྣམས་རིགས། །ལུས་ཅན་རྣམས་ཀྱི་རྣམ་པ་འདི། །མེ་ལོང་ལ་
སོགས་རབ་ཏུ་གྲགས། །ཞེའོ། །ཇི་ལྟར་ལྷ་མོ་རྣམས་ཀྱི་རྣམ་པ་ལྔ་པོ་ངེས་པར་སྦྱོར་བ་འདི་ཉིད་ལྷན་ཅིག་སྐྱེས་པ་བཅོམ་ལྡན་འདས་ཀྱིའང་ཅི་ལྟ་བ་དེ་ལྟ་བུ་ཡིན་ཞེ་ན། མི་འདྲ་བར་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨཱ་ལི་དང་ཀཱ་ལི་དག་གི་མཉམ་པས་ཟླ་བའི་
རྣམ་པ་ལས་མི་མཉམ་པ་མེད་པའི་ངོ་བོ་ཉིད་ཡིན་ལ་རང་གི་ས་བོན་ཡོངས་སུ་གྱུར་པའི་ཟླ་བ་ཀུན་དུ་སྦྱོར་བ་ནི་ཨཱ་ལི་ཀཱ་ལི་སྦྱོར་བའོ། །དེ་གཅིག་ཏུ་གྱུར་པ་ལྷ་མོའི་ཡན་ལག་དང་ཉིང་ལག་གི་གཟུགས་གྲུ་གསུམ་གྱི་ཟླ་བ་གཉིས་ནི་གདན་ནོ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཞེས་བྱ་བ་ལ། །རྡོ་རྗེ་ནི་
མ་སྐྱེས་པའི་རང་གི་ངོ་བོའི་ཕྱིར་མི་ཕྱེད་པའོ། །སེམས་དཔའ་ནི་སེམས་ཅན་གྱི་རྒྱུའི་ཕྱིར་རོ། །འོད་ཟེར་དཀར་པོའི་ཕྲེང་བ་ཅན་རྡོ་རྗེ་རྩེ་ལྔ་པ་ནི་རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ། དེའི་གདན་འདི་ནི་རྡོ་རྗེ་སེམས་དཔའི་གདན་ནོ། །ཡང་གསུངས་པ། ལྷ་མོའི་ཡན་ལག་ཉིང་ལག་གཟུགས། །

པདྨ་གྲུ་གསུམ་ཟླ་དཀྱིལ་འཁོར། །རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་འོད་ཟེར་ཅན། །ཞེའོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་མེད་པ་རང་བཞིན་གྱིས་འོད་གསལ་བའི་སེམས་ནི་ཡི་གེའོ། །དེ་ལས་བྱུང་བའི་ཕྱིར་
ཡི་གེ་ལས་བྱུང་གོང་བུ་སྟེ། ལུས་སོ། །གང་གི་ཡི་གེ་ལས་བྱུང་བའི་གོང་བུ་གསུངས་པ་དེའི་མཚན་ཉིད་ནི་རྡོ་རྗེའོ། །དེའི་ཡི་གེ་ལས་བྱུང་བའི་གོང་བུ་རྡོ་རྗེ་སེམས་དཔའ་ལ་རྒྱུད་གཞན་ནས་གསུངས་པའི་ལུགས་ཀྱིས་འགྱུར་བ་རྣམ་པར་གཟུང་བའི་ཕྱིར་ཅི་ཧཱུཾ་དང་ཕཊ་འདི་དག་དགོད་
དམ་མ་ཡིན་ཞེ་ན། ལན་གདབ་པའི་ཕྱིར། ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འང་ནི་ངེས་པར་གཟུང་བ་སྟེ། །ཧཱུཾ་དང་ཕཊ་ཉིད་མི་འདོད་དོ། །འདི་ནི་དགོངས་པ་སྟེ། གཉིས་པོ་འདི་དག་གི་ཡན་ལག་དང་ཉིང་ལག་སྟོང་པས་ཡན་ལག་དང་ཉིང་ལག་འགྱུར་
བའི་རྒྱུའི་བྱ་བ་སྦྱོར་བ་མེད་པའི་ཕྱིར། ཇི་ལྟར་འགྱུར་བ་ཡིན་ཏེ་དགག་པའི་དོན་དུ་འདི་དག་ནི་དགོད་པར་བྱ་ཞེས་དགོངས་པའོ། །སེམས་དཔའ་གཟུགས་བརྙན་ལས་བྱུང་བའི། །ཞེས་བྱ་བ་ནི་སོ་སོར་རྟོག་པའི་མཐར་ནམ་མཁའི་ཁམས་ཐམས་ཅད་དུ་ཡང་དག་པར་སྤྲོ་བའི་ཚད་མའི་བདག་
ཉིད་ནི་རྡོ་རྗེ་སྟེ་བསྒོམ་པའོ། །རྡོ་རྗེ་དེས་ཅི་ཞིག་བྱ་ཞེ་ན། དྲིས་པའི་ལན་གདབ་པར་གནས་ཀྱི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་བསམས་ནས་དེ་ལས་བྱུང་བ་ནི་སེམས་དཔའི་གཟུགས་བརྙན་ལས་ཡང་དག་པར་བྱུང་བའོ། །དཀྱིལ་འཁོར་བདག་པོ་ནི་ལྷ་མོ་འཁོར་ལོའི་གཙོ་མོ་སྟེ། གཙོ་མོ་
ཉིད་ཀྱི་དཀྱིལ་འཁོར་གྱི་བདག་པོ་བསྒོམ་པར་བྱའོ། །གོང་མ་བཞིན་ཞེས་བྱ་བ་ནི་སྔོན་གྱི་ལྟ་བུ་ནི་གོང་མ་བཞིན་ཏེ། ཆར་དབབ་པའི་ཆོ་གར་བཞེངས་པའི་དཔལ་ཧེ་རུ་ཀ་ལྟ་བུའི་ཕྱག་དང་ཞལ་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་མཚོན་པར་འགྱུར་རོ། །ཡང་ཁྱད་པར་ནི་འདི་ཡོད་དེ། དེ་ནི་
ནག་པོའོ། །འདི་ནི་ཟླ་བ་ཆུ་ཤེལ་གྱི་ནོར་བུའི་འོད་དེ་དཀར་བ་ཞེས་བྱ་བའི་དོན་ཏོ། །ཡང་རྨ་བྱའི་མཇུག་སྒྲོ་ནི་མཐའི་ནོར་བུ་དང་མཚུངས་པའི་ནོར་བུ་ཞེས་མི་ཤེས་པ་དག་གིས་འཆད་པ་ནི་མ་ཡིན་ཏེ། དེའི་ཚེ། ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་བྱ་བའི་ཁྱད་པར་ནི་དོན་མེད་དེ། །ཕྱག་མཚན་

ཞལ་སོགས་གོང་མ་བཞིན། །ཞེས་བྱ་བ་ནི་ནག་པོ་ཉིད་དུ་ཡང་རབ་ཏུ་བསྒྲུབ་པར་ནུས་པའི་ཕྱིར་རོ། །འདི་ལས་དཀར་མོ་ལ་སོགས་པ། །ཁ་དོག་དབྱེ་བ་སོ་སོ་ཡིན། །ཞེས་བྱ་བ་དེ་ཡང་དེའི་ཚེ་མི་རིགས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ནི་དཀར་པོ་ཉིད་དེ་ནག་པོ་མ་ཡིན་ནོ། །ཡང་
གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག །རྣམ་པ་ཀུན་གྱུར་མཆོག་ལྡན་པའི། །ཟླ་བའི་ཁ་དོག་མཉམ་འོད་ཀྱི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། ཞེའོ། །འདི་ནི་དེ་མ་ཐག་ཏུ་གསུངས་པའི་ཉིང་ལག་དང་བཅས་པའི་ལྷ་མོའི་འཁོར་ལོ་འདི་ལས་དཀར་མོ་ལ་སོགས་པ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་སཱི་ཞེས་བརྗོད། །བདུན་པ་ཉིད་ནི་རི་ཁྲོད་མ། །བརྒྱད་པ་སྨེ་ཤ་ཅན་དུ་བརྗོད། །
དགུ་པ་ཡང་ནི་གཡུང་མོ་ཉིད། །ཡང་ནི་ལྔ་གཉིས་དཀར་མོ་ཉིད། །བཅུ་གཅིག་ཆོམ་རྐུན་མ་རུ་བཤད། །བཅུ་གཉིས་རོ་ལངས་མ་རུ་བཤད། །བཅུ་གསུམ་པ་ནི་གྷསྨ་རཱི། །བཅུ་བཞི་པ་ནི་ས་སྤྱོད་མ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་ནི་ས་བོན་ཉིད། །རེ་ཞིག་ནང་
གི་འཕར་མ་ལ། །རྣལ་འབྱོར་མ་ལྔ་ངེས་གནས་པ། །དབང་པོར་རྡོ་རྗེ་གཤིན་རྗེ་དཀར། །ཆུ་བདག་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་འབྱོར་མ། །ཕྱི་རོལ་གྱི་ནི་འཕར་མ་ལ། །རྡོ་རྗེ་མ་ལ་སོགས་པའི་ཕྱོགས་སུ་དཀར་མོ་དང་། ཆོམ་
རྐུན་མ་དང་། རོ་ལངས་མ་དང་། གྷསྨ་རཱི་སྟེ། ཕྱོགས་ཀྱི་རྣལ་འབྱོར་མའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ནི། ཕུཀྐ་སཱི་དང་། རི་ཁྲོད་མ་དང་། གདོལ་བ་མོ་དང་། གཡུང་མོའོ། །ལྷ་མོ་འོག་དང་སྟེང་ཞལ་མ། །དེ་བཞིན་མཁའ་སྤྱོད་ས་སྤྱོད་མ། །ཁ་དོག་ནག་མོ་དྲག་
ཆེན་མོ། །འཁོར་ལོའི་གཙོ་མོ་བདག་མེད་མ། །ཞལ་གཅིག་དམར་བའི་སྤྱན་གསུམ་སྟེ། །ཕྱག་གཉིས་དབུ་སྐྱེས་སེར་པོ་ཉིད། །གཡོན་པ་ཐོད་པ་ཁ་ཊྭཱཾ་ག །གཡས་པའི་ཕྱག་ཏུ་གྲི་གུག་ཉིད། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུབ་དང་ནི་སྐ་རགས་འཛིན། །སྐྱིལ་

ཀྲུང་ཕྱེད་མ་རོ་ལ་ཞོན། །སྟག་གི་པགས་པའི་ཤམ་ཐབས་མནབས། །ཇི་ལྟར་བདག་མེད་རྣལ་འབྱོར་མ། །དེ་ལྟར་ཐམས་ཅད་རྣམ་པར་བཤད། །སྙིང་པད་ཉི་བདག་ས་བོན་མཚན། །ཡེ་ཤེས་ཐུགས་ཀར་ཡེ་ཤེས་བསྒོམ། །བྱས་ནས་སྤྱན་དྲངས་མངོན་པར་
མཆོད། །ཡེ་ཤེས་འཁོར་ལོ་གཞུག་པར་བྱ། །མིག་སོགས་རྣམས་ལ་གཏི་མུག་སོགས། །རྡོ་རྗེ་གསུམ་ནི་གནས་གསུམ་དགོད། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །
ཡིད་ལ་བདག་མེད་རྣལ་འབྱོར་མ། །སྐུ་གསུམ་དེ་བཞིན་ཐུགས་ལ་ནི། །ཨོཾ་དང་ཨཱཿཧཱུཾ་ཞེས་སྔགས་ལས། །མཁའ་སྤྱོད་མ་དང་ས་སྤྱོད་ཉིད། །ཞབས་འོག་གནས་པ་བསམ་པར་བྱ། །ཇི་ལྟར་རྣམ་སྣང་ལ་སོགས་པ། །སྣ་ཚོགས་གཟུགས་སུ་ཡང་དག་བཤད། །སྙིང་གར་ས་བོན་འོད་
ཀྱིའོ། །རྣམ་པས་སྤྱན་དྲངས་དེ་བཞིན་གཤེགས། །ལྷ་མོ་བརྒྱད་ཀྱིས་མངོན་མཆོད་ནས། །དབང་བསྐུར་བར་ནི་གསོལ་བ་གདབ། །ཅེས་སོ། །བཅོམ་ལྡན་དེ་བཞིན་གཤེགས་པ་རྣམས། །ཀུན་གྱིས་བདག་ལ་དབང་བསྐུར་ཅིག །དེ་ནས་ཧེ་རུ་ཀ་དབྱིབས་ཀྱིས། །རང་ལ་དབང་
བསྐུར་བསམ་པར་བྱ། །སེམས་དང་རྟག་པ་རིན་ཆེན་བདག །འོད་དཔག་མེད་དང་དོན་གྲུབ་ཀྱིས། །སྔོན་དུ་བདག་མེད་རྡོ་རྗེ་སོགས། །རྣལ་འབྱོར་མ་ལྔས་ཕྱག་རྒྱས་གདབ། །ཐུགས་དང་རྟག་པ་རིན་ཆེན་བདག །བདག་མེད་མཚམས་ཀྱི་རྣལ་འབྱོར་མ། །ཞེ་སྡང་གཏི་མུག་ཆེ་ང་རྒྱལ། །
འདོད་ཆགས་རྡོ་རྗེ་ཕྱོགས་གནས་ལའོ། །ས་སྤྱོད་མ་དང་མཁའ་སྤྱོད་ཉིད། །སྐུ་དང་གསུང་གི་ཕྱག་རྒྱས་གདབ། །དང་པོར་ནག་པོ་རབ་ཏུ་བསྒོམ། །གཉིས་པར་དམར་པོ་རྣམ་པར་བསྒོམ། །གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་གུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །
དྲུག་པར་དཀར་པོ་བསྒོམ་པར་བྱ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །དང་པོར་དགའ་བ་དཔའ་བོ་ཉིད། །མཆོག་ཏུ་དགའ་བའི་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་དེས། །དེ་བདེའི་ཐབས་ལས་ཐམས་ཅད་རིག །ཅེའོ། །སློབ་

དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཞེས་བྱ། །སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་
ཅིག་སྐྱེས་དགའ་ཉིད། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །གང་ཚེ་རྣལ་འབྱོར་བསམ་པས་ངལ། །དེ་ཚེ་དག་པ་རྗེས་དྲན་བྱ། །གཟུགས་ཕུང་རྡོ་རྗེ་མ་ཡིན་
ཏེ། །ཚོར་བ་གསང་བའི་གཽ་རཱི་ཉིད། །འདུ་ཤེས་ཕུང་པོ་དེ་བཞིན་ཆུ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་རང་བཞིན་གྱིས། །བདག་མེད་རྣལ་འབྱོར་མ་གནས་སོ། །ས་ནི་པུཀྐ་སཱི་ཞེས་བརྗོད། །ཆུ་ཁམས་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །
རླུང་ནི་གཡུང་མོར་རབ་ཏུ་གྲགས། །གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ལ་ཆོམ་རྐུན་མ་རབ་གྲགས། །དྲི་ཡི་ཡུལ་ལ་རོ་ལངས་མ། །དེ་བཞིན་རོ་ལ་གྷསྨ་རཱི། །རེག་ལ་ས་སྤྱོད་མ་ཞེས་བཤད། །ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ། །ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །འདོད་
ཆགས་ཆུ་ཡི་རྣལ་འབྱོར་མ། །ཕྲག་དོག་རྡོ་རྗེ་མཁའ་འགྲོ་མ། །སེར་སྣ་གསང་བའི་དཀར་མོ་ཉིད། །གཏི་མུག་རྡོ་རྗེ་རྡོ་རྗེ་ནི། །མཁའ་འགྲོ་ཞེ་སྡང་ལ་སོགས་སྦྱོང་། །མགོ་བོ་སྐྱེས་པའི་བདུད་བཏུལ་བ། །གྲི་གུག་ལྷ་ནི་གཅོད་པ་མ། །ཉོན་མོངས་གཅོད་པས་ཐོད་པ་སྟེ། །ཕུང་པོའི་
བདུད་ནི་རོ་ཞེས་བརྗོད། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །ལག་གདུབ་ལ་ནི་རྟག་པར་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཕྱག་རྒྱ་ལྔ་ནི་རྣམ་དག་པའོ། །བསམ་པས་ངལ་བས་ཨཱ་
ལི་ནི། །ཨ་སྤངས་སྔགས་ནི་བཟླས་པར་བྱ། །ཨོཾ་ནི་དང་པོ་ཕཊ་དང་བཅས། །སྭཱ་ཧཱའི་མཐར་ཐུག་སྔགས་ལས་ནི། །འདོད་དོན་བསྒྲུབ་ཕྱིར་བར་ཆད་ནི། །ཞི་བའི་ཕྱིར་དང་དགེ་བའི་ཕྱིར། །འཆད་པར་འགྱུར་བའི་ཆོ་ག་ཡིས། །གཡེལ་མེད་པས་ནི་གཏོར་མ་སྦྱིན། །རླུང་དང་མེ་དང་ཐོད་

པར་གནས་པ་འབར་བ་དང་། བསྐོལ་བ་ལ་སོགས་པས་གྲུབ་པ་མི་འཆི་ལྔ་དང་། ཤ་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་སྦྱིན་པར་བྱ་སྟེ། ཨིནྡ་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏ་བཧྣི་བ་ཨུ་རཀྑ་ཙནྡ་སུཛྫ་མཱ་ད་པཱཔྤ། ཏ་ལ་པཱ་ཏཱ་ལཾ། ཨཥྚ་ས་པ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཉྫ་ཛིངྒྷ་
ཕུལླ་དྷཱུཔྤ་མཾ་ས་པིངྒྷ་ཨམྦྷ་སཔྤ་ཀྐཛྫ་སཱ་དཱ་ཁནྟི་ཁུ་ནི་ཕེ་ཊ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཡན་ལག་དྲུག་བསྒོམ་ཞེས་བྱ་བ་ནི་གལ་ཏེ་བསྒོམ་པར་བྱ་བ་ཡོད་ན། ཡན་ལག་དྲུག་ལས་གོང་དུ་ཡང་ཅི་མི་བསྒོམ་ཞེས་དོགས་པ་ལ། །དགའ་བྲལ་མཐར་
ཡང་དེ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་དགོངས་པ་སྟེ། ཇི་སྲིད་བློ་ནི་འཕེལ་འགྱུར་བ། །དེ་སྲིད་བསྒོམ་པར་འགྱུར་བ་སྟེ། །གང་ཡང་བློ་ཡི་ཡུལ་མེད་པའི། །ལྷན་ཅིག་སྐྱེས་དེ་ཇི་ལྟར་བསྒོམ། །དེ་ལས་བཟློག་པ་ནི་སྒོམ་པ་ཞེས་བྱ་བར་དགོངས་སོ། །བསྐྱེད་པ་
དང་རྫོགས་པའི་རིམ་པ་དག་གི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་དེ་ལ་ཡན་ལག་དྲུག་པོ་འདི་རྣམས་ཀྱིས་བསྐྱེད་པའི་རིམ་པ་རྟོགས་ནས། ད་ནི་རྫོགས་པའི་རིམ་པ་རྟོགས་པར་བྱ་བའི་ཕྱིར། ནམ་མཁའི་ཁམས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་དང་ཤེས་རབ་ཀྱི་དབྱེ་བས་
ལྷན་ཅིག་སྐྱེས་པའི་རྣམ་པ་བཞི་རྟོགས་ནས། དེའི་བདག་ཉིད་དུ་གྱུར་པའི་ཕྱིར་དགའ་བ་རྣམས་ཀྱིས་རྣམ་པ་བཞི་པོ་ཡང་རྫོགས་པའི་རིམ་པ་ལ་ཡང་དག་པར་གནས་ནས་རྟོགས་པར་བྱ་བའི་ཕྱིར། དགའ་བ་དང་པོ་དཔའ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་དགའ་བ་
ནི་དཔའ་བོ་སྟེ་ཐབས་སོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་བྱ་བ་ནི་ཤེས་རབ་བོ། །དགའ་བ་ལྷག་མ་གཉིས་ནི། བླ་མས་འཆད་པར་འགྱུར་རོ། །འདིས་ནི་ལྷན་ཅིག་སྐྱེས་པ་སྤངས་ཞེས་བྱ་བ་ནི་འདི་རྣམས་གསུམ་གྱིས་མ་རེག་པའོ། །དགའ་བ་གསུམ་པོ་འདི་དག་རྟོགས་
ནས། ལྷན་ཅིག་སྐྱེས་པ་དེ་རྣམས་ལས་མཚན་ཉིད་དང་བྲལ་བ་དེ་ཅི་མ་རྟོགས་པ་ཉིད་དུ་རུང་ངམ་ཞེས་དོགས་པ་ལ། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་ཞེན་པའི་མཚན་ཉིད་དོ། །ཆགས་བྲལ་ནི་འགོག་པའི་བདེན་པའི་ཚིག་གོ། །

གང་ཡང་དེ་དག་གིས་སྤངས་པའི་དབུ་མ་ནི་རོ་གཅིག་པའི་སྐད་ཅིག་མའོ། །ཡང་གསུངས་པ། འདོད་ཆགས་ཉིད་དང་ཆགས་བྲལ་དག །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་ཆགས་དང་ཆགས་བྲལ་གྱིས། །གཅིག་པུ་རོ་མཉམ་སྐད་ཅིག་མའོ། །ཞེའོ། །ཇི་ལྟར་འདི་
ལྟ་བུའི་ལྷན་ཅིག་སྐྱེས་པ་འདི་རྟོགས་པར་འགྱུར་ཞེས་སྙམ་པ་ལ། །གཞན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་གྱིས་མ་བསྒྲགས་པ་བདག་གིས་ཤེས་པ་ཡང་ཇི་ལྟར་ན་བདག་གིས་ཤེས་ཞེས་དོགས་པ་ལ། དམན་པ་འབྲིང་དང་མཆོག་རྣམས་དང་། །ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། དམན་པ་འབྲིང་དང་མཆོག་རྣམས་དང་། །ཞེས་བྱ་བ་ནི་གང་ལ་མཉམ་པ་ལྟ་བུ་སྟེ། ཁྱད་པར་གྱི་དངོས་པོ་མེད་པའི་ཕྱིར་ཐ་མི་དད་པ་ལྟ་བུར་མཚོན་པར་འགྱུར་རོ། །དབུ་མ་དེ་ཇི་ལྟར་འདི་རྣམས་མི་འདྲ་བ་རྣམས་འདྲ་བ་རྣམས་སུ་འགྱུར་རོ་ཞེས་དོགས་པ་ལ།
རོ་མཉམ་དེ་ཉིད་བསྒོམས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམན་པ་དང་། མཆོག་དང་འབྲིང་ལ་སོགས་པ་དེ་རྣམས་ནི་གང་། དེ་ཁོ་ན་ཉིད་བསྒོམ་པ་དེ་ནི་གང་ཞེ་ན། འདྲི་བ་པོས་རྟོགས་པར་བྱ་བའི་ཕྱིར། དམན་པ་གནས་ནི་ཕྲ་བའི་དོན། །ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །གསུངས་པ་བསྡུ་བ་དེ་ཉིད་བསྒོམས་པ་ཡིས་དམན་པ་དང་འབྲིང་པོ་དང་མཆོག་འདི་རྣམས་ཀྱི་དངོས་པོ་གཅིག་དང་རོ་མཉམ་པ་རྟོགས་ནས། ཡང་དེ་ཁོ་ན་ཉིད་བསྒོམ་པ་མ་རྟོགས་པ་ཉིད་ཀྱང་ཡོད་དེ། དེ་མ་རྟོགས་པར་མཉམ་པ་ཉིད་ཀྱང་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་
དེ་ཁོ་ན་བསྒོམ་པར་འདོད་པར་བྱ་བའི་དོན་འདི་ནི་སྟོང་པ་བསྒོམ་པ་དེ་ཁོ་ན་བསྒོམ་པའམ། འོན་ཏེ་དངོས་པོ་བསྒོམ་པའང་ཞེ་ན། འདིར་གཉིས་ཀ་ཡང་མ་བསྟན་ཏེ། དེ་བཤད་པའི་རྒྱུད་དུ་བཙལ་བར་བྱའོ། །དེ་ལ་དངོས་པོ་དང་དངོས་པོ་མེད་པ་བསྒོམ་པ་དགག་པ་ལས་ནི་དེ་ཁོ་ན་བསྒོམ་པར་
གསུངས་སོ། །འདི་ལྟ་སྟེ་སྟོང་པ་བསྒོམ་པར་མི་བྱ་ཞིང་། །སྟོང་པ་མ་ཡིན་བསྒོམ་མི་བྱ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ་། །སྟོང་དང་སྟོང་མིན་བཟུང་བ་ལ། །བརྟགས་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤང་ན་ཀུན་རྟོགས་ཏེ། །

དེ་ཕྱིར་གཉིས་པོ་འདི་དག་སྤང་། །གཉིས་ཀྱི་བཟུང་བ་ཡོངས་སྤངས་པ། །རྣམ་གྲོལ་གནས་དང་བྲལ་བ་སྟེ། །ང་ཞེས་བྱ་བའི་ཀུན་རྟོག་འདི། །དེ་ཡང་དེའི་ཕྱིར་ཡོངས་སུ་སྤངས། །ཞེའོ། །དེས་མཐའ་གསུམ་ལ་མ་རེག་པ་ནི་དེ་ཁོ་ན་སྒོམ་པ་བཅོམ་ལྡན་
འདས་ཀྱིས་གསུངས་པ། ཇི་ལྟར། གང་ལ་སྒོམ་པ་པོ་ཡང་མེད། །གང་ཡང་རྣམ་པར་བསྒོམ་པའང་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན། །དེ་ཡི་དེ་ཉིད་བསྒོམ་པར་བརྗོད། །ཅེའོ། །འདིས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་སྒོམ་པ་རྟོགས་ནས་སད་པས་ཆ་གཞན་མི་མཐོང་བ་དང་།
རང་གི་རང་བཞིན་གྱི་ཆོས་ཐམས་ཅད་བསྒོམ་པ་ནི་ང་ལས་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ལ་ཇི་ལྟར་གཞན་ལ་ཡང་འགྲུབ་པར་འགྱུར་བའི་ཕྱིར། གཞན་ལ་བསྟན་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསུངས་པའི་རིགས་པས་གང་གིས་གང་གི་རང་
བཞིན་གྱི་དངོས་པོ་བསྒོམ་པར་འགྱུར་བའི་རྣལ་འབྱོར་པ་བསོད་ནམས་ཀྱིས་སྟོང་པ་དེས་ཀྱང་འགྲུབ་པར་འགྱུར་རོ། །བསྒོམ་པའི་དུས་ཀྱི་ངེས་པ་ལ་གུས་པ་མ་ཡིན་པར་བསྟན་པའི་ཕྱིར། བཟའ་དང་བཏུང་དང་བླུགས་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་གཞན་དུ་
གསུངས་པ་ཡང་བརྗོད་པར་བྱ་སྟེ། གཟུགས་རྣམས་ཐམས་ཅད་བལྟ་བ་དང་། །སྒྲ་ནི་རྒྱས་པ་མཉན་པ་དང་། །སྨྲ་བ་དང་ནི་དགོད་པ་དང་། །སྣ་ཚོགས་རོ་ནི་ཟ་བ་དང་། །ལས་རྣམས་ཐམས་ཅད་བྱེད་པ་དང་། །གཞན་དུ་སེམས་ནི་མི་འགྲོ་བའི། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་
འབྱོར་རྟག་ཏུ་སྐྱེ་བར་འགྱུར། །དེ་ནི་གཉིས་མེད་ཅེས་བརྗོད་དེ། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་ཚོགས། །འདི་ཉིད་མཉམ་པ་ཉིད་དུ་གསུངས། །
སངས་རྒྱས་ཀུན་མཆོག་སྒོམ་པ་ཉིད། །འགྲོ་བ་བརྟན་དང་གཡོ་བའི་བདག །འདི་ཉིད་དུ་ནི་ཐམས་ཅད་སྐྱེས། །བྱང་ཆུབ་སེམས་དཔའ་མཐའ་ཡས་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །ཞེས་བྱ་བ་ལ་སོགས་པའོ། །གསུངས་པ་དེ་ཁོ་ན་བསྒོམས་པའི་འབྲས་བུ་

ནི་དེ་ནས་བདེ་བ་ཉིད་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེའོ། །དེའི་དངོས་པོ་ནི་བདེ་བ་ཉིད་དེ་དེ་ནས་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བའི་ཚིག་གཞན་དེ་ཡང་འགལ་བ་མེད་དེ། རྟག་ཏུ་ཞེས་
བྱ་བ་ནི་རྒྱུན་དུའོ། །རྣལ་འབྱོར་པ་ཡི་ཁྱད་པར་ནི། ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུས་མ་བྱས་ཀྱི་ངོ་བོ་བདག་མེད་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་མངོན་པར་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་མངོན་པར་འདོད་པའོ། །གལ་ཏེ་དངོས་པོ་འདི་
རྣམས་ཐམས་ཅད་ཀྱང་རང་གི་རང་བཞིན་དེ་ཇི་ལྟ་བར་དེ་བདག་ཅག་ལྟ་བུར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཞེས་དོགས་པ་ལ། དེ་རྣམས་དམ་པ་གཅིག་ཡོད་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གིས་ཡང་དག་པར་རིག་པ་ནི་རང་རིག་པ་སྟེ། གཞན་གྱིས་
མ་བསྒྲུབས་པའོ། །གང་གིས་རབ་ཏུ་མ་རྟོགས་པའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་གྱི་སེམས་བསྒྲུབ་པར་འགྱུར་བ་དེ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གང་ལས་དེ་རྣམས་ཀྱི་བསྒྲུབ་པར་བྱ་བ་བསྒྲུབ་པར་འགྱུར་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་རང་རིག་ཅེས་བྱ་བ་ལ་སོགས་
སོ། །ཅི་རང་རིག་པའི་སེམས་བྱང་ཆུབ་ཀྱི་ཡན་ལག་དེ་ཇི་ལྟར་འཁོར་བར་འགྱུར་ཞེས་དོགས་པ་ལ། རང་གི་རིག་པའི་འགྱུར་བ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་རིག་པའི་འགྱུར་བ་ནི་རང་རིག་པའི་འཕོ་བའོ། །ལས་ནི་དགེ་བ་དང་མི་དགེ་བའོ། །དམན་པ་
ལས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལས་སྐྱེ་བར་འགྱུར་བའོ། །དེ་བས་ན་ལས་ཀྱིས་འདི་འཁོར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཡང་ཇི་ལྟར་གནོན་པར་མི་འགྱུར་བ་དེ་ལྟར་སེམས་ཏེ་འདུལ་བར་མི་འགྱུར་བ་ཞེས་དོགས་པ་ལ། རང་གིས་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་
སོ། །གལ་ཏེ་སེམས་ཀྱི་དབང་པོ་ཞིག་ཡོད་ན་ནི། དེས་དེའི་ཚེ་དེ་ངེས་པར་བྱེད་ན། འོན་ཀྱང་སེམས་ནི་རང་དབང་ངོ་། །བྱེད་པ་ཞེས་བྱ་བ་ནི་སྤྲོས་པ་སྤྲོ་བར་བྱེད་པའོ། །འཕྲོག་པ་ཞེས་བྱ་བ་ནི་སྡུད་པར་བྱེད་པའོ། །རྒྱལ་པོ་ཞེས་བྱ་བ་ནི་སྤྲོ་བར་མི་བྱེད་པ་དང་སྡུད་པར་མི་བྱེད་པ་སྟེ། སྤྲོ་བ་

དང་བསྡུ་བ་ལས་རྣམ་པར་གྲོལ་བའི་རང་བཞིན་ལ་གནས་པ་ཟླ་བ་ལྟ་བུར་རྣམ་པར་གསལ་བའི་ཕྱིར་རྒྱལ་པོའོ། །དེ་ལྟར་ཡང་སེམས་ཉིད་ནི་མྱ་ངན་ལས་འདས་པ་དང་། སེམས་ཉིད་ནི་འཁོར་བ་ཞེས་བསྟན་པའོ། །ཡང་གསུངས་པ། ཀུན་རྟོག་མང་པོའི་མུན་
པས་ཟིལ་མནན་ཅིང་། །རབ་ཏུ་འཇོམས་པས་སྨྱོ་ཞིང་ཀློག་འགྱུ་བའི། །ཆགས་སོགས་དགག་དཀའི་དྲི་མས་གོས་པ་ཡི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །འོད་གསལ་རྟོག་པ་ལས་ནི་རྣམ་གྲོལ་བའི། །ཆགས་སོགས་དྲི་མས་གོས་པ་རབ་སྤངས་པ། །གཟུང་དང་
འཛིན་མེད་སེམས་པ་མཆོག་གིས་ནི། །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། །ཞེའོ། །འདོད་ཆགས་ལ་སོགས་པ་ནི་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར། དེ་བས་ན་ཅི་དེས་དེ་འགུགས་པར་མི་འགྱུར། གང་གིས་ན་དངོས་པོ་དང་དངོས་པོ་མེད་པ་ཟིལ་གྱིས་མནན་ནས་རྒྱལ་པོ་ཡིན་
ཞེས་དོགས་པ་ལ། །དེ་ཀུན་དེ་ནས་ཉམས་དགའ་བར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཀུན་ནི་འདོད་ཆགས་ལ་སོགས་པའོ། །དེ་གནས་ནི་ལྷན་ཅིག་སྐྱེས་པའི་གནས་སུའོ། །ཉམས་དགའ་བར་ཞེས་བྱ་བ་ནི་ཐམས་ཅད་ཟིལ་གྱིས་གནོན་པར་ནུས་པའི་གཟི་བརྗིད་ཀྱི་ཕུང་པོར་
རོ། །འདོད་ཆགས་ནི་རོའོ། །ཞེ་སྡང་ནི་སྒྲའོ། །ཕྲག་དོག་ནི་རེག་བྱའོ། །གཏི་མུག་ནི་གཟུགས་སོ། །ང་རྒྱལ་ནི་སྣང་བའོ། །དེ་རྣམས་ནི་ངེས་པར་མཆོད་པའི་རྒྱུའི་ཕྱིར་མཆོད་པ་ལྟ་བུར་སྤྱོད་པ་དང་ཕོད་པའོ། །མི་ཕོད་དོ་ཞེས་བྱ་བ་ནི་མཆོད་པར་མི་ནུས་པའོ། །བཅུ་དྲུག་ཆར་ཡང་ཞེས་བྱ་བ་ནི་
ཟླ་བ་ཡོངས་སུ་སྤངས་པའི་བཅུ་དྲུག་གི་ཆ་སྟེ་ཤེས་རབ་བོ། །དེ་མི་ཕོད་པ་དང་དེར་མ་ལུས་པར་གནས་པའི་ཡིད་ནི་ཅི་སྨོས་ཞེས་བྱ་བར་དགོངས་པའོ། །འདིར་འདི་ནི་དོན་ཏེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་ནི་ལོངས་སྤྱོད་དོ། །ལོངས་སྤྱོད་པ་ནི་བཅོམ་ལྡན་འདས་ཏེ། དེ་ཡང་སེམས་
ཀྱི་རྒྱལ་པོའོ། །དེ་བས་ན་འདོད་ཆགས་ལ་སོགས་པས་དེ་འགུགས་པར་མི་འགྱུར་ཏེ། གང་ཡང་བསྒོམས་པའི་སྟོབས་ཀྱིས་སྲེད་པའི་ཕྱིར་ལོག་པ་དེ་གང་གིས་ཀྱང་དགུག་པར་མི་ནུས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རྟོགས་པར་བྱ་བའི་ཕྱིར་ཆོས་འབྱུང་ལས་སྐྱེས་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སྒྲ་བརྙན་གྱི་རྣམ་པ་ལྟ་བུར་ཆོས་མཐུན་པ་གང་ལས་འབྱུང་བ་ལས། ཆོས་ཀྱི་འབྱུང་གནས་དེ་ནི་བཅོམ་ལྡན་འདས་མ་སྟེ་ཤེས་རབ་བོ། །གང་གིས་དེ་ལས་བྱུང་བ་དེ་ནི་ཆོས་ཀྱི་འབྱུང་གནས་ལས་སྐྱེས་པ་སྟེ། མཁའ་མཉམ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་
སོ། །ལྷན་ཅིག་ཐབས་དང་བཅས་ཞེས་བྱ་བ་ལ། ལྷན་ཅིག་ཐབས་ནི་བླ་མ་དང་ལྷ་ཉིད་ཀྱི་རྣལ་འབྱོར་དང་། དབང་གི་རབ་ཏུ་དགའ་བ་ལ་སོགས་པའི་རབ་ཏུ་དབྱེ་བའི་ཐབས་ཀྱིས་ལྷན་ཅིག་སྤྱོད་པའི་ཕྱིར་ཐབས་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་སོ། །དེ་དང་བཅས་པ་ནི་དེའི་རྗེས་སུ་འབྲང་བ་དང་། གང་
ཡང་དེ་དང་ལྡན་པའི་ཡེ་ཤེས་སོ། །ཐབས་རྣམས་ནི་ཡོད་ཀྱང་སྒོམ་པ་མ་རྟོགས་པར་ཡེ་ཤེས་འདི་ལྟ་བུ་འདི་འགྲུབ་པར་མི་འགྱུར་ཏེ། དེའི་ཕྱིར་སྒོམ་པ་ཉིད་ནི་འདིར་ཡེ་ཤེས་ཀྱི་སྒྲུབ་པའི་ཐབས་སོ། །གང་ཞིག་ངེས་པར་རང་གི་ཤེས་རབ་རིང་པོས་རྙེད་པའི་རོལ་པའི་རོས་དྲན་པ་དང་བྲལ་བ་བྱ་བ་
གཞན་གྱིས་ལོངས་སྤྱོད་པ་ཉིད་ཀྱི་ཕྱིར་ལོག་པ་ལོངས་སྤྱོད་ཀྱིས་མ་བཀུག་པ་དེ་ནི་སྒོམ་པའོ། །ཡང་གསུངས་པ། བྱ་བ་ཅུང་ཟད་ཡོད་མིན་འདིར། །ཟ་བ་པོ་ཉིད་ཡོད་མ་ཡིན། །བྱེད་དང་ཟ་བ་པོ་ལས་གྲོལ། །དོན་དམ་རྣམ་པར་སྒོམ་པ་ཉིད། །ཅེའོ། །གསུངས་པའི་ཡོན་ཏན་གྱི་ཁྱད་
པར་དུ་འཕགས་པའི་ཡེ་ཤེས་ཀྱི་འཕེལ་བ་དེ་གང་ཡང་། གང་གིས་ན་ཡེ་ཤེས་འདི་མངོན་དུ་བྱ་བར་བླ་མ་ལ་སོགས་པའི་ཐབས་བཙལ་བར་བྱ་ཞེས་དོགས་པ་ལ། འཇིག་རྟེན་གསུམ་པ་དེ་ལས་སྐྱེས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལས་གཅིག་ཉིད་སྐྱེ་བར་འགྱུར་བ་དེ་ཡང་
བསྔགས་ན། ཡང་གང་ལས་འཇིག་རྟེན་གསུམ་པོ་སྐྱེ་བར་འགྱུར་བ་དེ་ཅི་ཁྱད་པར་དུ་འཕགས་པ་མ་ཡིན་པར་འགྱུར། ཡིན་མོད་ཀྱི་དེས་ཀྱང་མི་ནུས་པའི་ཕྱིར། ཡེ་ཤེས་འབའ་ཞིག་ཐབས་སུ་གྱུར་པ་ལས་མང་པོ་རྣམས་ཀྱི་བསྐྱེད་པ་ལྟ་ཞོག་གི་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་
དོགས་པ་ལ། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་འདི་ནི་ཐབས་འབའ་ཞིག་ཙམ་ནི་མ་ཡིན་ཏེ། འོན་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། ཐབས་དང་ཤེས་རབ་དག་གིས་དངོས་པོ་རྣམས་ཀྱི་བསྐྱེད་པར་བལྟའོ། །དེ་བས་ན་གང་

གསུངས་པ་དེ་ཉིད་དེ་ལྟར་བརྫུན་པ་མ་ཡིན་ནོ། །ཞེས་བྱ་བར་དགོངས་པའོ། །ཐམས་ཅད་བསྡུས་པའི་ལུས་གཅིག་པུ་ལ་དུ་མ་ཉིད་དུ་ཡང་འགལ་བ་མེད་དོ། །ཡང་གསུངས་པ། དེ་ནི་གཉིས་མེད་ཡེ་ཤེས་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །འདི་ནི་
ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་ཚོགས། །འགྲོ་བ་བརྟན་དང་གཡོ་བའི་བདག །འདི་ཉིད་དུ་ནི་ཐམས་ཅད་སྐྱེས། །བྱང་ཆུབ་སེམས་དཔའ་མཐའ་ཡས་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་སོགས། །ཞེས་བྱ་བ་ལ་སོགས་པའོ། །དེའི་གཉིས་སུ་མེད་པའི་ཡེ་ཤེས་ལ་
ཐབས་དང་ཤེས་རབ་ཀྱི་ཡན་ལག་གཉིས་བསྟན་པའི་ཕྱིར། ཁུ་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབྱེ་བ་སོ་སོར་རྟོགས་ནས་དབྱེར་མེད་པ་རྟོགས་པར་འདོད་ནས། རང་གི་རིག་པའི་ཡེ་ཤེས་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གསལ་བའི་ཕྱིར་དང་། ཉམས་སུ་
མྱོང་བའི་མཚན་ཉིད་ཀྱི་ཕྱིར་ཡང་རང་གིས་ཡང་དག་པར་རིག་པ་སྟེ། གང་ཞིག་ལམ་ལས་འདས་པའི་སྤྱོད་ཡུལ་གྱི་ཕྱིར་གཞན་གྱིས་མ་བསྒྲགས་པའོ། །ངག་གི་ལམ་ནི་ཚིག་གི་ལམ་སྟེ་རྐན་ལ་སོགས་པའོ། །དེ་ལས་འདས་པ་ནི་ངག་གི་ལམ་ལས་འདས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་
པའོ། །དེའི་སྤྱོད་ཡུལ་ནི་ངག་གི་ལམ་ལས་འདས་པའི་ཡུལ་ལོ། །ཡང་གསུངས་པ། སྤྲོས་མེད་རང་གི་ངོ་བོ་ཡིས། །དེ་ཉིད་དཔའ་བོ་སྟོན་པ་པོ། །ཞེའོ། །གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ནི་ཇི་ལྟར་ན་སངས་རྒྱས་མ་ཡིན་པ་བདག་ཅག་རྣམས་ཀྱིས་ཤེས་པར་བྱ། མི་ཤེས་པ་ཉིད་དུ་
གནས་པར་འགྱུར་རོ་ཞེས་དོགས་པ་ལ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིན་གྱིས་བརླབ་པ་ནི་དབབ་པའོ། །དེའི་རིམ་པ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་རིམ་པ་སྟེ། རང་རིག་པའི་ཡེ་ཤེས་སོ། །བྱིན་གྱིས་བརླབས་པའི་གཏན་ཚིག་གསུངས་
པ། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་བྱ་བ་གསུངས་པ་ལ་ཀུན་མཁྱེན་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཡེ་ཤེས་དེའི་ཟག་པ་མེད་པའི་མཚན་ཉིད་དོ། །དེ་ལྟ་བུ་ནི་དེ་དང་འདྲ་བ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ཇི་སྙེད་པའོ། །དེ་བས་ན་དེའི་བྱིན་རླབས་སྐྱེ་བར་འགྱུར་ཏེ་འདི་ལ་

ངོ་མཚར་ཅི་ཞིག་ཡོད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱི་མཚན་ཉིད་ནི་ཀུན་གྱིས་སྐད་ཅིག་གནོན་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་སྐྱེ་བའི་སྐད་ཅིག་ལ་རོ་གཅིག་པའི་ཕྱིར་ས་ལ་སོགས་པ་འདི་རྣམས་ཀྱིས་སོ། །རང་བཞིན་རིག་པ་ཞེས་བྱ་བ་ནི་ཇི་ལྟར་རང་
རིག་པར་འགྱུར་བ་དེ་ལྟར་གནོན་པར་མི་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལྟ་བུའི་ཕྱིར་ཡང་དེའི་དཔེ་རིགས་སོ། །སྲིད་པར་ཞེས་བྱ་བ་ནི་ལུས་ཅན་རྣམས་ཀྱི་ལུས་ཏེ་དེར་སྲིད་པ་ལའོ། །འདིར་གཏི་མུག་དང་ཞེ་སྡང་ལ་སོགས་པ་འབྱུང་བའི་ཕྱིར་སྲིད་པའོ། །དངོས་གྲུབ་ནི་རང་དང་གཞན་
གྱི་དོན་ནུས་པའོ། །དག་པ་ནི་ཡོངས་སུ་སྦྱངས་པའི་ཆོས་རྣམས་སོ། །དེ་བས་ན། ཡེ་ཤེས་མེད་པར་རིག་བྱེད་དང་། །གྲུབ་པའི་མཐའ་ལ་སོགས་པ་རྣམས་ཀྱིས་མ་ཡིན་ནོ། །དེའི་ཕྱིར་ཡེ་ཤེས་བརྟན་པར་བྱའོ། །རྣམ་པ་གང་གིས་ཞེས་དོགས་པ་ལ། དེ་ཉིད་རྣལ་འབྱོར་གྱིས་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཏེ་རིགས་ལྔའི་སྤྲོས་པ་མེད་པའོ། །དེའི་རྣལ་འབྱོར་ནི་དེའི་སྒོམ་པའོ། །ཇི་ལྟར་ཆུ་བོ་འབབ་པ་དང་མར་མེ་ལ་སོགས་པ་རྒྱུན་མི་འཆད་པའི་རྒྱུན་གྱིས་གནས་པར་འགྱུར་རོ། །དེ་བས་ན་དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པས་ཉིན་དང་མཚན་དུ་
མཚན་མོ་དང་ཉིན་མོ་བྱེ་བྲག་མེད་པར་གཞག་པར་བྱའོ། །གཞན་དུ་ན་ཆུ་བོའི་རྒྱུན་ཞེས་བྱ་བ་ལ་སོགས་པའི་དཔེ་མི་རིགས་སོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་རྣལ་འབྱོར་མའི་འཁོར་ལོའི་ལེའུ་སྟེ་བརྒྱད་
པའོ།། །།རྣལ་འབྱོར་མ་གསུངས་ནས་དེ་རྣམས་ཀྱི་ཡོངས་སུ་དག་པ་རྟོགས་པར་བྱ་བའི་ཕྱིར་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་དག་གི་རྣམ་པར་དག་པ་དེ་ཇི་ལྟ་བུ་ཞེས་དོགས་པ་ལ། སྤྱིའི་རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ཁྱད་པར་དུ་འཕགས་པའི་དག་པ་ནི་རྣམ་པར་སྦྱང་བའོ། །ཇི་ལྟ་ཇི་ལྟར་གནས་པའི་ཆོས་དེ་ལྟར་རྣམ་པར་གཞག་པ་ཉིད་དུ་བྱས་ཏེ། རྣམ་པར་དག་པ་དེ་ནི་དེ་བཞིན་ཉིད་དུ་བརྗོད་དོ། །ཅི་གང་ཞིག་མ་དག་པ་དེ་ནི་སྦྱང་བར་མི་ནུས་ཏེ། མ་དག་པའི་རང་བཞིན་གྱི་ཕྱིར་རོ། །

གང་ཡང་དག་པ་དེ་ཡང་སྦྱང་བ་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་རོ། །དེའི་ནུས་པ་མེད་པ་དང་དོན་མེད་པ་དག་གིས་དག་པ་འདི་བློ་དང་མི་ལྡན་པ་ལྟ་བུར་མཚོན་ཏེ་ཞེས་དོགས་པ་ལ། རང་བཞིན་གྱིས་རྣམ་པར་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མི་ཤེས་པ་ནི་
མ་རིག་པའོ། །ཉོན་མོངས་པ་ནི་དེ་ལས་བྱུང་བ་སྟེ། མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའོ། །དེ་རྣམས་ཀྱི་སྒྲིབ་པ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་དབང་པོ་ལ་སོགས་པ་གསེར་ལ་སོགས་པ་ལྟ་བུར་རྙོག་པ་མེད་པའི་བག་ཆགས་སྦྱོང་བར་བྱེད་
དེ། དེའི་ཕྱིར་རྣམ་པ་འདི་ནི་དེ་བཞིན་ཉིད་དོ་ཞེས་གསུངས་སོ། །གལ་ཏེ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་རྣམས་ལ་ཇི་ལྟར་ན་སེམས་ཅན་རྣམས་སངས་རྒྱས་མ་ཡིན་ཞེས་དོགས་པ་ལ། རང་རིག་བདག་ཉིད་དག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཁོ་ནས་རང་གིས་
རིག་པ་ནི་དག་པ་ཡིན་པའི་ཕྱིར། དེ་ཉིད་རྣམ་པར་གྲོལ་བར་འགྱུར་གྱི། ཡང་གཞན་ཐམས་ཅད་ནི་ཐར་པ་ཐོབ་པ་ནི་མ་ཡིན་ནོ། །དངོས་པོ་ཉིད་ཀྱང་ཇི་ལྟར་ཡོངས་སུ་དག །གང་གི་ཕྱིར་དག་པའི་བློ་བསྐྱེད་པར་བྱ་ཞེས་དོགས་པ་ལ། འདི་ལྟར་འགྲོ་བ་སངས་རྒྱས་འགྱུར། །ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། སངས་རྒྱས་ནི་ཐམས་ཅད་རྟོགས་པའི་ཕྱིར་རོ། །དེའི་འགྱུར་བ་འདི་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་བའི་ཕྱིར་རོ། །འགྲོ་བ་ནི་དེ་དག་པ་སྟེ་དངོས་པོ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་ནི་དེའི་ཚེ་མ་དག་པ་ནི་གང་། དག་པ་ནི་གང་གི་དོན་དུ་ཞེས་དོགས་པ་ལ། གཟུགས་ལ་
སོགས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་བ་ཉིད་ཀྱི་དྲི་མས་གོས་པས་མ་དག་པའི་ཕྱིར་རོ། །ཅི་གཟུགས་ལ་སོགས་པ་འདི་རྣམས་སྤང་བར་བྱ་བའམ། སྤང་བར་མི་བྱ་ཞེས་སྙམ་པ་ལ། བསྟེན་བྱ་འདི་དག་བསྟེན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟེན་བྱ་ནི་ཉེ་བར་
ལོངས་སྤྱོད་པར་བྱའོ། །ཡང་ན་བསྟེན་བྱ་ནི་ལྷ་མོ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་གི་རང་བཞིན་གྱི་ཕྱིར་གསོལ་བ་གདབ་པའོ། །དག་པས་དུག་མེད་བྱས་ནས་ནི། །ཞེས་བྱ་བས་ནི་དག་པ་གསུངས་ཏེ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པའོ། །འདི་ནི་གཏི་མུག་གི་གཉིད་ལས་

སད་པས་ཕུང་པོ་ལ་སོགས་པ་རྣམ་པར་རྟོགས་ནས་དག་པ་མ་རྙེད་པར་ཡང་རྙེད་པ་ལྟ་བུར་སྡུད་པར་བྱེད་པས། ཤིན་ཏུ་རབ་ཏུ་དགའ་བས་གར་བྱེད་ཅིང་གླུ་བླངས་པ་ནི། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པའོ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་
མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། །།སློབ་མ་དབང་བསྐུར་བའི་དོན་དུ་རྒྱུའི་གཙོ་བོ་དཀྱིལ་འཁོར་བརྗོད་པའི་ཕྱིར། ལེའུ་བཅུ་པ་གསུངས་པ། ཇི་ལྟར་དཀྱིལ་འཁོར་གྱི་རིམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཇི་ལྟར་རིམ་པ་ནི་གོ་རིམས་
བཞིན་དུ་སྟེ། དཀྱིལ་འཁོར་གྱི་ཆོ་གའོ། །ནོར་འཛིན་སྦྱང་ཞེས་བྱ་བ་ལ་སོགས་པ་ནི། ས་གཟུང་བ་ལ་སོགས་པ་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུས་པ་ལས་བརྗོད་པའི་ཕྱིར་འདིར་མ་སྨྲས་ཏེ། དེར་མ་གསུངས་པའི་དཀྱིལ་འཁོར་གྱི་ཚད། འདིར་ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དཀྱིལ་འཁོར་ཁྲུ་གསུམ་པ་བཤད་པའི་རྒྱུད་ཉིད་ལས་ཀྱང་། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །ཞེའོ། །ཁྲུ་གསུམ་ཉིད་ནི་དཀྱིལ་འཁོར་འདིའི་ལྷག་པ་ཡང་མ་ཡིན་ལ་ཆད་པ་ཡང་མ་ཡིན་ནོ། །ཡང་ནི་མཐེ་བོང་གསུམ་ལྷག་པར། །ཞེས་བྱ་བ་ལ་ནི་ཞེས་བྱ་བ་ནི་ངེས་
པར་གཟུང་བའོ། །ཡང་ཞེས་བྱ་བ་ནི་མནན་པའི་དོན་ཏོ། །དེ་བས་ན་མཐེ་བོང་གསུམ་ལྷག་པར་ངེས་པ་ཉིད་དུ་འདི་ཤེས་པར་བྱའོ། །གསུམ་ནི་ཞེས་བྱ་བ་ནི་ཡན་ལག་དང་ཉིང་ལག་རྣམས་ཏེ་འདིའི་མཐའ་རྣམས་སོ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །ཞེས་བྱ་བ་གསུངས་པ་
འདིར། བྷ་ག་ནི་གསུམ་ཞེས་གསུངས་སོ། །དེར་མཐེ་བོ་ནི་རྡོ་རྗེའོ། །དེའི་ལྷག་པ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའོ། །གང་གི་མཐེ་བོང་གསུམ་ལྷག་པ་ནི་དེའོ། །ཡང་གསུངས་པ། པདྨའི་མཐེ་བོ་གཟིར་བ་ལས། །དེ་ཚེ་རོ་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ་
སོགས་པའོ། །དཀྱིལ་འཁོར་གྱི་དགོས་པ་གསུངས་པ། དེར་ནི་རིག་མ་བཟང་མོ་རྣམ་པར་གཞུག །ཅེས་བྱ་བ་ལ་སོགས་པའོ། །ཡང་ན་ཇི་ལྟར་གང་རྙེད་དེ། །ཞེས་བྱ་བ་ནི་རིགས་ལྔའི་དངོས་པོ་མེད་པའི་ཕྱིར་རོ། །ཕྱག་རྒྱའི་དགོས་པ་གསུངས་པ། དེ་སྲིད་བསྟེན་པར་བྱ་ཞེས་བྱ་བ་

ལ་སོགས་པའོ། །བསྟེན་པའི་དགོས་པ་ཡང་གསུངས་པ། སློབ་མའི་ཁར་ནི་བཏུང་བར་བྱ། །ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་སློབ་དཔོན་དང་གསང་བའི་དབང་གི་མཐར། དེ་ཉིད་ལ་ནི་བྱ་བར་བྱ། །ཞེས་བྱ་བ་ནི་གསུམ་པའོ། །རང་རིག་ཅེས་བྱ་བ་ལ་སོགས་
པ་ནི་བཞི་པའོ། །འདིས་ནི་འདིར་དབང་རྣམས་ཀྱི་ཕྱོགས་ཙམ་ཞིག་བསྟན་ཏེ། དེ་བས་ན་དེ་དོན་དུ་གཉེར་བ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ཉིད་འདིར་བཙལ་བར་བྱའོ། །དེ་ཡང་རིམ་པ་ལས་མ་འདས་པར་གཞུང་ཉུང་ངུ་མ་ཡིན་ཞིང་རྒྱས་པར་དབང་བཞི་པོ་རྣམས་
རབ་ཏུ་བསྟན་ཏོ། །འདིར་ཡང་བརྟག་པ་གཉིས་པའི་ལེའུ་བཅུ་གཉིས་པར་རིམ་པ་ཙམ་སྦྱོར་བར་མཛད་དེ། རྡོ་རྗེ་རབ་གནས་རྡོ་རྗེ་ནི། ཆེ་དང་དྲིལ་བུ་ཆེན་པོ་གཟུང་། །ཞེས་བྱ་བ་ལ་སོགས་པས་དབང་གི་ཚིགས་བཅད་བཞི་པོ་རྣམས་གསུངས་སོ། །ཡང་ཁ་ཅིག་གླེགས་བམ་གྱི་
སྟོབས་ཀྱིས་བྱེ་བྲག་མི་ཤེས་པས་ཇི་ལྟར་རེས་འགའ་གཞུང་དང་མཐུན་པའི་དོན་གྱིས་དགའ་བ་རྣམས་ཀྱི་བཟློག་པའི་རིམ་པ་མ་བྱེད་ཅིག་ངེས་པར་བྱ་བའི་ཕྱིར། དང་པོར་དགའ་བ་ཙམ་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པར་འདི་བསྟན་པའོ། །དགའ་
བ་ནི་མཆོག་ཏུ་དགའ་བ་དང་རངས་པ་ཐོབ་པའི་ཡིད་དོ། །དེ་ཡང་མཆོག་མ་ཡིན་པ་དང་། མཆོག་དང་ཆེས་མཆོག་དང་། ཆེ་བ་ལས་ཆེས་མཆོག་གི་དབྱེ་བས་བཞིར་དབྱེ་བར་འགྱུར་རོ། །དེ་བས་ན་དེ་ཉིད་ཀྱི་གོ་རིམས་བཞིན་དུ། ཐུ་བོ་དང་། རྗེས་སུ་སྐྱེས་པ་དང་། འབྲིང་པོ་དང་། ཐ་ཆུངས་
ཀྱི་དགའ་བ་རྟོགས་པར་བྱ་བ་དང་། ཐུ་བོ་ནི་དང་པོ་དང་། མཆོག་མ་ཡིན་པའོ། །རྗེས་སུ་སྐྱེས་པ་ནི་མཆོག་དང་གཉིས་པ་དང་མཆོག་གོ། །འབྲིང་པོ་ནི་གསུམ་པ་དང་། ཆེས་མཆོག་དང་དགའ་བྲལ་ལོ། །ཐ་ཆུངས་ནི་བཞི་པ་དང་ཆེ་བ་ལས་ཆེས་མཆོག་དང་ལྷན་ཅིག་སྐྱེས་པའོ། །སྐད་ཅིག་མ་
རྣམས་ཀྱིས་ཀྱང་རྣམ་པ་སྣ་ཚོགས་པ་ལ་སོགས་པ་རྣམས་ཀྱིས་འདི་ཉིད་རྟོགས་པར་བྱའོ། །གཞན་དུ་ན་ཡང་འཕགས་པའི་བདེན་པ་དང་། སྐད་ཅིག་མ་དང་། དབང་ལ་སོགས་པ་འཁྲུགས་པར་འགྱུར་ཏེ། དེ་འཁྲུགས་པའི་ཕྱིར་སྒྲུབ་ཐབས་ཡོངས་སུ་མི་ཤེས་པས། བསྒྲུབ་པར་བྱ་བའི་

དངོས་གྲུབ་གང་། །ཞེས་བྱ་བར་དགོངས་པའོ། །བསྒོམ་པར་བྱ་བ་དང་། སྒོམ་པ་པོ་དང་། སྒོམ་པ་ལ་སོགས་པ་རྣམས་ཀྱིས་མ་རེག་པ་དང་། རློམ་སེམས་མེད་པ་དང་། རྟོག་པའི་རླབས་མེད་པར་ཉུང་ངུ་མ་ཡིན་པར་སྔགས་པ་ལྷན་ཅིག་སྐྱེས་པའི་རྒྱུ་རྟོགས་པ་དང་། འབྲས་བུ་མི་འདྲ་
བར་མཐོང་ནས་རྡོ་རྗེ་སྙིང་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོ་ལས་གྱུར་པའི་ཕུང་པོ་ལགས་ཞེས་བྱ་བ་ལ་སོགས་པ་ནི་གཟོད་མ་ནས་རང་བཞིན་མེད་པའི་ཆོས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ནི་དག་པའི་ལུས་ཏེ་ཕུང་པོ་ལས་གཞན་མ་ཡིན་པའི་ཕྱིར་ཕུང་པོའོ། །
ཇི་ལྟར་འབྱུང་བ་ལས་གྱུར་པ་ནི་འབྱུང་བ་ལྔ་པོ་རྣམས་ཀྱིས་བྱས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འབྱུང་བའི་བྱིན་གྱིས་བརླབ་པའི་ལན་བཏབ་པ། བོ་ལ་ཀཀྐོ་ལར་སྦྱོར་བས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོ་ལ་དང་ཀཀྐོ་ལར་མངོན་པར་སྦྱོར་བ་ནི། བོ་ལ་ཀཀྐོ་ལར་སྦྱོར་བའོ། །
དེ་བས་ན་ཁམས་རྣམས་སྐྱེ་བར་འགྱུར་རོ། །ལྔ་པོ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་བྱ་བ་ནི་ས་ལ་སོགས་པ་ལྔ་པོ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སྟེ་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར། དེ་ཡི་བདེ་བ་དེ་ཉིད་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་གལ་ཏེ་འདི་
སྐད་དུ་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་གྱི་བདེ་བ་ལྷན་ཅིག་སྐྱེས་པ་འདི་ནི་དེའི་ཚེ་དེ་ཁོ་ན་ཉིད་མ་ཡིན་ཏེ། འོན་ཀྱང་འདིར་ཁམས་རྣམས་འབྲས་བུར་གྱུར་པ་རྣམས་ཀྱི་སྐྱེད་པ་པོ་རྒྱུ་མ་བྱུང་བའི་ཕྱིར་འབྱུང་བ་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་ལས་དེ་བྱིན་གྱིས་བརླབ། གང་གིས་བདེ་
བ་དེ་ཁོ་ན་ཉིད་མ་ཡིན་ཞེས་རྒོལ་བའི་ལན་ལེགས་པར་བཏབ་པ་དེ་ལ་དེ་ཉིད་སྤྱད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ལྷན་ཅིག་བྱེད་པའི་རྒྱུའི་ཚོགས་པ་འདི་རེ་ཞིག་གསུངས་ནས་འབྲས་བུའི་རྒྱུ་ལའང་འབྱུང་བར་འགྱུར་བ་དེ་ནི་བཙལ་བར་བྱའོ། །ཀཀྐོ་ལར་གྲགས་པའི་གཡོན་དང་གཡས་
པའི་ངོས་སུ་རྩ་གཉིས་གནས་པ་དེ་དག་ལ་གཅིག་ནི་ཁུ་བ་དང་། གཞན་དུ་ཁྲག་འབབ་པ་ན་དེ་དག་འདུ་བ་སྟེ་ཁམས་བསྡུ་བའོ། །དེ་ནི་འདི་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའོ། །བོ་ལ་ཀཀྐོ་ལ་སྦྱོར་བས། འདི་རྣམས་ཀྱི་རོ་མཉམ་པ་ཉིད་ཀྱི་དངོས་པོ་འབྱུང་བ་ལྔའི་བདག་

ཉིད་ཅན་གྱི་གོང་བུ་དེ་ལས་ཕུང་པོ་སྟེ་དེ་ཡང་རྡོ་རྗེ་ཅན་ནོ། །ཡང་གསུངས་པ། སྐྱེ་གནས་དབུས་སུ་རྩ་གཉིས་དག །གཡོན་དང་གཡས་པ་ལ་ནི་གནས། །གཡོན་དུ་ཁུ་བ་རྣམ་ཤེས་བྱ། །གཡས་པ་ལ་ཡང་ཁྲག་ཉིད་དེ། །གཉིས་ཀྱི་འདུ་བ་གང་ཞིག་ནི། །
ཆོས་ཀྱི་དབྱིངས་ཀྱི་སྡུད་པ་ཉིད། །སྙིང་སྟོབས་སྐུ་དང་འདོད་ཆགས་རྡུལ། །མུན་པ་སེམས་ཀྱི་རང་བཞིན་ལས། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །མཉམ་པ་ཉིད་དུ་འོངས་པ་ནི། །གོང་བུའི་རང་བཞིན་བདུད་རྩི་ལྔ། །དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་
དེ་ལྟར་ན་དེའི་ཚེ་ལྷན་ཅིག་སྐྱེས་པ་འདིའི་དོན་གང་ཞེ་ན། ལྷན་ཅིག་སྐྱེས་པས་གང་སྐྱེས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་འདི་ནི་ལྷན་ཅིག་སྐྱེ་བའི་ཕྱིར་ཕན་ཚུན་དུ་རྒྱུ་དང་འབྲས་བུར་གྱུར་པ་སྟེ་ཁུ་བ་དང་། དགའ་བ་དག་གོ། །ལྷན་ཅིག་སྐྱེས་པས་ཞེས་བྱ་བ་ནི་
དེ་དག་གིས་ཏེ། ལྷན་ཅིག་སྐྱེས་པ་ལའམ་དེ་དག་ལའོ། །གང་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །སྐྱེས་པ་ནི་སྐྱེ་བ་སྟེ་ལྷན་ཅིག་སྐྱེས་པའོ། །དེ་ལས་སྐྱེ་བའི་ཕྱིར་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་རིགས་པ་འདི་ནི་གསུངས་ན་གཞན་དུ་ཡང་ཇི་ལྟར་ལྷན་ཅིག་སྐྱེས་པར་བརྗོད་
ཅེས་དོགས་པ་ལ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་འདི་ནི་རྣམ་པ་ཐམས་ཅད་ཀྱི་རང་གི་ངོ་བོ་གཅིག་པ་དང་། རྣམ་པ་ཐམས་ཅད་ཀྱི་སྡོམ་པ་གཅིག་པའོ། །དེའི་ཚེ་རྣལ་འབྱོར་པ་ཇི་ལྟ་བུ་ཞེས་དོགས་པ་ལ། །སྙིང་རྗེ་ཐབས་སུ་འགྱུར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་ཐབས་ཏེ། ཡོ་གའི་སྙིང་རྗེ་ཐབས་སུ་འགྱུར། །ཞེའོ། །དེའི་ཚེ་ཤེས་རབ་གང་ཞེས་སྙམ་པ་ལ། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་ནི་འགྲོ་བ་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས་སོ། །རྒྱུ་དང་
བྲལ་བ་ནི་དེ་རྣམས་ཀྱི་རབ་ཏུ་སྦྱོར་བ་དང་བྲལ་བ་སྟེ་དེའི་ཕྱིར་རྒྱུ་དང་བྲལ་བའོ། །གང་གི་རྒྱུར་གྱུར་པ་འདི་ནི་སྙིང་རྗེ་སྟེ། དེ་རྣམས་ཀྱི་གཟུང་དུ་མེད་པ་ནི་ཕྱག་རྒྱའོ། །ཡང་གསུངས་པ། སྙིང་རྗེ་ལྡན་པའི་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་ཞིང་། །སེམས་ཅན་ཡོད་དང་ཡོད་མིན་

ཞེས། །དེ་ལྟར་བསམ་པར་མི་བྱའོ། །དེ་ཉིད་རྟོགས་པར་བྱ་བའི་ཕྱིར། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་བྱ་བ་ནི་དེར་བྱང་ཆུབ་ཀྱི་སེམས་ལ་ཆོས་ཐམས་ཅད་ཀྱི་ཚོགས་པ་ནི་འདུས་པ་སྟེ། དེ་
ཡང་ངོ་བོ་ཉིད་འདིའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་རྣལ་འབྱོར་པ་གསུངས་སོ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུ་སྟེ་བཅུ་པའོ།། །།དབང་
བསྐུར་ལས་སློབ་དཔོན་གྱི་གནས་ཐོབ་ནས། རབ་ཏུ་གནས་པའི་ཆོ་ག་བསྟན་པའི་ཕྱིར་དང་། སེམས་ཅན་རྣམས་གུས་པར་བྱ་བའི་ཐབས་སུ་ལེའུ་བཅུ་གཅིག་པ་གསུངས་པ། མཉམ་པར་མ་རུང་དཔྲལ་བ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མཉམ་པར་མ་རུང་དཔྲལ་བ་
ཅན། །ཞེས་བྱ་བ་ནི་དཔྲལ་བ་ཅན་ལྟུང་བར་བྱེད་པའོ། །གཡོན་དང་གཡོན་ན་གནས་པའི་གཟུགས་བརྙན་གཉིས་ཀྱིས་ནི་དབང་དུ་བྱེད་པའོ། །ལྟུང་བར་བྱེད་པ་ནི་གང་། གཡོན་པར་དབང་དུ་བྱེད་པ་འདི་ནི་ཅི་ཞེས་དོགས་པ་ལ། ལྟ་སྟངས་ཞེས་བྱ་བ་གསུངས་ཏེ། འདིས་བསྒྲུབ་པར་བྱ་བ་ལྟ་བ་
དང་རྣམ་པར་གཟིགས་པར་བྱེད་པའི་ཕྱིར། སྔགས་དང་ལྡན་པའི་མིག་གིས་དགོད་པའི་ཁྱད་པར་ནི་ལྟ་སྟངས་སོ། །དེ་ནི་ལྟུང་བར་བྱེད་པ་དང་། དབང་དུ་བྱེད་པ་དང་། འགུགས་པར་བྱེད་པ་དང་། རེངས་པར་བྱེད་པ་ཞེས་བྱ་བའི་རྣམ་པ་བཞིར་དབྱེ་བར་འགྱུར་རོ། །སྟེང་དུ་བཟློག་པའི་
གཟུགས་བརྙན་གཉིས་གཡས་པའི་ཡན་ལག་ཏུ་གནས་པ་ནི། ལྟ་སྟངས་ཏེ་འགུགས་པར་བྱེད་པའོ། །རྩེ་མོ་ནི་རལ་པ་ཟུར་བཅག་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་སྣའི་རྩེ་མོའི་དབུས་སུ་སྟེ། རྡོག་པའི་སྟེང་དུ་རལ་པའི་དབྱིབས་སྣའི་རྩེ་མོའི་དབུས་སུ་མིག་གཉིས་འདུས་པར་གྱུར་པ་
ནི་རེངས་པར་བྱེད་པའོ། །དེ་ལྟ་དེ་ལྟར་ཁ་དོག་དང་ལྡན་པའི་རྣམ་པའི་རྗེས་སུ་འབྲང་བ་ལུས་ལས་འབྱུང་བའི་རླུང་རྣམས་གསུངས་པ། འབྱུང་བ་ཉིད་ཀྱིས་ལྟུང་བར་བྱེད། །ཅེས་བྱ་བ་ལ་སོགས་པའོ། །ལྟ་སྟངས་ཀྱིས་བསྒྲུབ་པའི་གནས་ནི་རློན་པའི་ཤིང་ལ་ཞེས་བྱ་བ་ལ་སོགས་པ་

གསུངས་སོ། །བསྒྲུབ་པ་ལ་དམ་ཚིག་གསུངས་པ་དམ་ཚིག་བཟའ་བྱ་བ་ཞེས་བྱ་བ་ལ་དམ་ཚིག་བཟའ་བའི་ཆོ་ག་ནི་བཅུད་ཀྱིས་ལེན་གྲུབ་པར་གསུངས་པའི་ཕྱིར་འདིར་མ་གསུངས་སོ། །ལན་བདུན་པ་བཟའ་བ་ཡང་བླ་མའི་ཐུགས་རྗེའི་སྟོབས་ཀྱིས་སྨྲ་བར་བྱ་སྟེ། རེས་
འགའ་འདི་ནི་དམན་པའི་དངོས་གྲུབ་པོ་ཞེས་བྱ་བར་བྱས་ནས། དངོས་གྲུབ་ཆེན་པོ་དོན་དུ་གཉེར་བས་སྤོང་བའི་ཕྱིར། ལན་བདུན་པའི་བཟའ་བ་དངོས་གྲུབ་ཀྱི་ཁྱད་པར་བྱ་བར། དགའ་བྲལ་དགའ་བ་ལ་སྨོད་པ། །ཞེའོ། །དགའ་བྲལ་གྱི་དགའ་བ་དམན་པའི་ཕྱིར་སྨོད་པར་བྱེད་པ་དང་།
བཤུང་བར་བྱེད་པ་ནི་དགའ་བྲལ་གྱི་དགའ་བ་ལ་སྨོད་པར་བྱེད་པ་དང་། དགའ་བྲལ་གྱི་དགའ་བ་ལ་བཤུང་བར་བྱེད་པའོ། །འདི་ཉིད་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་ཅེས་བྱ་བ་དེ་སྙེད་པའོ། །ལྟ་སྟངས་ཀྱི་སྒྲུབ་ཐབས་ཙམ་གྱི་ལྷ་ཉིད་གཞན་གྱི་རྣལ་འབྱོར་གསུངས་པ། ཀུ་རུ་ཀུལླེའི་
སྒྲུབ་ཐབས་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དང་པོར་ནག་པོ་རྣམ་པར་བསྒོམ། །གཉིས་པ་དམར་པོ་རྣམ་པར་བསྒོམ། །ཞེས་བྱ་བ་ལ་སོགས་པས་ནི་ལྟ་སྟངས་ཀྱི་སྒྲུབ་པ་དང་དམ་ཚིག་སྐྱེ་བ་བདུན་པ་བཟའ་བ་ལ་ཡང་རྟོགས་པར་བྱའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ། །
ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་སྟོན་པ་པོའོ། །དེའི་མངོན་པར་རྫོགས་པའི་བྱང་ཆུབ་པ་ནི་དེ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། གང་ལ་གཞུང་ཇི་སྙེད་པས་སམ། དེ་ནི་ལེའུ་བཅུ་གཅིག་པའི་བདག་ཉིད་འདིའོ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་
བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་སྟེ་དང་པོའོ།། །།དབང་ཐོབ་པས་སློབ་དཔོན་གྱི་ལས་བྱ་བར་གསོལ་བ་གདབ་པའི་ཕྱིར་གསོལ་པ། རིམ་པ་ཇི་ལྟར་བཤད་དུ་གསོལ། །ཅེས་བྱ་བ་ལ་
སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་སྲེག་བྱས་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི། དང་པོར་བར་ཆད་ཞི་བར་བྱ་བའི་དོན་དུ་སྦྱིན་སྲེག་དང་། དེ་ནས་རབ་ཏུ་གནས་པའི་ཕྱིར་སྦྱིན་སྲེག་བྱའོ། །རབ་ཏུ་གནས་པ་ཡང་དཀྱིལ་འཁོར་གྱི་ཐབས་ལེགས་པར་བསྡུ་བ་ན་

ཡོད་པའི་ཕྱིར། གཉི་ག་ཡང་འདིར་མ་བརྗོད་དོ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ། ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་བརྟག་པ་གཉིས་པའི་རབ་གནས་ཀྱི་ལེའུ་སྟེ་དང་པོའོ།། །།གང་ཞིག་ཡང་བསོད་ནམས་འདོད་པའམ་སྲིད་པའི་ལོངས་སྤྱོད་
འདོད་པ་དེ་རྣམས་ནི། དཀྱིལ་འཁོར་དང་རབ་ཏུ་གནས་པ་ལ་སོགས་པ་ཉིད་ཀྱིས་ཆོག་པར་འཛིན་པས། གང་ཞིག་སངས་རྒྱས་ཉིད་ངེས་པར་འདོད་པ་དེ་རྣམས་ཀྱིས་དེའི་དོན་དུ་གཉིས་པ་རྒྱུའི་དངོས་གྲུབ་གཏན་ལ་ཕབ་པའི་ལེའུ། ནམ་མཁའ་ལྟ་བུའི་ཆོས་ཀུན་ལ། །ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། ནམ་མཁའ་ནི་གོ་འབྱེད་པ་སྟེ། གཟུགས་ཅན་གྱི་རྫས་ཀྱི་དངོས་པོ་མེད་པའོ། །ནམ་མཁའ་ལྟ་བུ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། དེ་བཞིན་ཉིད་དང་། སོ་སོར་བརྟགས་པའི་འགོག་པ་དང་། རྟག་པ་ཉིད་དང་།
ཆད་པར་འགྱུར་བ་དེ་རྣམས་སུ་ནམ་མཁའ་དང་འདྲའོ། །ཆོས་ཀུན་ལ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྐྱེན་གྱིས་འབྱུང་བ་ལ་སོགས་པའི་ཆོས་རྣམས་སོ། །ནམ་མཁའ་ལྟ་བུའི་ཆོས་དེ་རྣམས་ཐམས་ཅད་ལ་བྱིང་བར་འགྱུར་བ་རྒྱ་མཚོ་ཆེན་པོའི་ཀུ་བ་ལྟ་བུར་འཕྱོ་བའི་
སེམས་ཅན་རྣམས་ཇི་ལྟར་རང་འདོད་པའི་ལྷ་ཉིད་ཀྱི་གཟུགས་ལས་གྲུབ་པར་འགྱུར་ཞེས་ཞུ་བའོ། །རྡོ་རྗེ་སྙིང་པོའི་དགོངས་པ་ནི་འདི་ལྟ་སྟེ། ཧེ་རུ་ཀ་བཞི་དང་། བདག་མེད་མ་དང་། ཀུ་རུ་ཀུལླེ་ཞེས་བྱ་བའི་ལྷ་ཉིད་མང་དུ་གསུངས་པ་དེ་རྣམས་ཀྱི་ནང་ནས་གང་གི་རྣལ་འབྱོར་གྱིས་འགྲུབ་
པར་འགྱུར་ཞེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པས་སམ། །ཞེས་བྱ་བ་ལ་སོགས་པ་ལ། བདག་ནི་མུ་སྟེགས་ཀྱིས་ཉེ་བར་བརྟགས་པའི་མཆོག་གི་ལྷ་སྟེ། དེ་ལས་འདས་པའམ། དེས་སྟོང་པ་ནི་བདག་མེད་མ་སྟེ། རྣམ་པར་
ཤེས་པའི་ཕུང་པོའོ། །འདིའི་དངོས་པོ་ཡོད་པ་ནི་བདག་མེད་མ་སྟེ། གང་ལ་དེ་ཡོད་པ་དེ་ནི་བདག་མེད་མའོ། །དེའི་རྣལ་འབྱོར་ནི་ཕྱག་དང་ཞབས་ལ་སོགས་པའི་དབྱིབས་རྫོགས་པའོ། །དེ་ལྟར་རྒྱུད་ཀྱི་ལུགས་ཀྱིས་དེའི་རྣལ་འབྱོར་དང་ལྡན་པས་བདག་མེད་མའི་རྣལ་འབྱོར་དང་ལྡན་

པ་ཉིད་ཀྱིས་འགྲུབ་པར་འགྱུར་གྱི། གཞན་དུ་ཀུ་རུ་ཀུལླེ་ལ་སོགས་པ་ཤེས་རབ་ཀྱི་རྣལ་འབྱོར་གྱིས་ནི་མ་ཡིན་ནོ། །ཡང་གང་ཞིག་ཤེས་རབ་ཀྱི་རྣལ་འབྱོར་ལས་ཁ་གཞན་དུ་བལྟས་པ་དེའི་ཚེ་འགྲུབ་པར་མི་འགྱུར་རོ་ཞེས་སྙམ་པ་ལ། ཡང་ན་ཧེ་རུ་ཀ་
དཔལ་བརྩོན། །ཞེས་གསུངས་ཏེ། གང་གི་ཚེ་ཐབས་ཀྱི་རྣལ་འབྱོར་དང་ལྡན་པས་འགྲུབ་པར་འགྱུར་བ་དེའི་ཚེ་དཔལ་ཧེ་རུ་ལ་བརྩོན་པ་ཡང་འགྲུབ་པར་འགྱུར་རོ། །གཞན་དག་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པའི་ཧེ་རུ་ཀའི་རྣལ་འབྱོར་པ། ཧེ་རུ་ཀའི་སྒྲ་མཚུངས་པ་
ལས། གཞན་བཟློག་པའི་ཕྱིར་ཧེ་རུ་ཀ་དཔལ་བརྩོན་ཞེས་བྱ་བ་གསུངས་སོ། །འདིས་དཔལ་ཧེ་རུ་ཀ་ལ་བརྩོན་པར་བྱེད་པའི་ཕྱིར་དཔལ་ཧེ་རུ་ཀ་ལ་བརྩོན་པའོ། །ཧེ་རུ་ཀའི་སྒྲས་ནི་དེའི་དངོས་པོའམ་ལས་དེ་མཚན་གྱི་མཚན་ཉིད་དོ། །དཔལ་ཧེ་རུ་ཀ་ལ་བརྩོན་པ་དེ་གང་ལ་ཡོད་པ་དེ་ནི་དཔལ་ཧེ་རུ་
ཀ་ལ་བརྩོན་པའོ། །དེ་ཡང་དཔལ་ཧེ་རུ་ཀ་སྟེ་ཞལ་བརྒྱད་པ་ཞབས་བཞི་པ། ཕྱག་བཅུ་དྲུག་པ་འབྲས་བུ་རྡོ་རྗེ་འཛིན་པ། ཀྱེའི་རྡོ་རྗེའི་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉིད་འབྱུང་བ་མེད་པའི་ཕྱིར་དང་། དཔལ་གྱི་འོས་མ་ཡིན་པའི་ཕྱིར་ཡང་ཧེ་རུ་ཀ་གཞན་བཟློག་གོ། །འདིའི་ཡི་གེ་
སོ་སོ་ཡང་། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཉིད་ཀྱིས་བཤད་དོ། །དེ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པ་རྣམས་ཀྱི་རྟག་ཏུ་གུས་པ་དང་བཅས་པས་རྒྱུན་དུ་གོམས་པའི་དུས་ཀྱི་གནས་ལ་སོགས་པ་ནི། རང་གི་ཁྱིམ་དུ་མཚན་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །གསུངས་པའི་ལུགས་ཀྱི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པ་རེ་ཞིག་ཅི་མཛད་ཅེས་དོགས་པ་ལ། ཟླ་བ་གཅིག་ཏུ་གསང་ལ་སྤྱད། །ཅེས་གསུངས་སོ། །ཇི་སྲིད་ཕྱག་རྒྱ་མ་རྙེད་པ་དེ་སྲིད་དུ་གཞན་གྱིས་མ་རྟོགས་པར་ཟླ་བ་གཅིག་ཏུ་གསང་ལ་སྤྱད་དེ། ཕྱི་ནས་རྣལ་འབྱོར་
མའི་བཀའ་ལུང་ངམ། བདག་ཉིད་ནུས་པས་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པའི་ཕྱག་རྒྱ་བཟང་མོ་བཀུག་ནས་ཁྱེར་ཏེ། རང་ཉིད་ཀྱི་དལ་བ་སོ་སོར་བརྟག་པའི་ཕྱིར་སྤྱོད་པ་སྤྱད་པར་བྱའོ། །སློང་མོར་རྒྱུ་ཞིང་གཡོ་བ་ཇི་སྙེད་ཅིག་ཕྱག་རྒྱ་དང་ལྡན་པ་འདིར་མཐོང་ཡང་འགྲུབ་པར་མི་འགྱུར་ཏེ།

དེའི་ཕྱིར་སྤྱོད་པ་ལ་མ་དད་པའི་སེམས་ཅན་རྣམས་ཀྱིས་དཔྱད་པའི་སྤྱོད་པ་འདིས་ཆོག་གོ་ཞེས་དོགས་པ་ལ། གསལ་བར་ནུས་པའི་རྣལ་འབྱོར་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསལ་བ་ནི་མངོན་པའོ། །ནུས་པ་ནི་ནུས་མཐུའོ། །འདིའི་གསང་བ་ནི་ནུས་པ་རྫོགས་པའི་
རྣལ་འབྱོར་པ་སྟེ། དེའི་སྤྱོད་པ་དང་དངོས་གྲུབ་འདི་གསུངས་ཀྱི། ཡང་ལྟོ་དགང་བའི་དཔུང་གཉེན་གཞན་རྣམས་ནི་མ་ཡིན་ནོ། །ཕྱག་རྒྱའི་དངོས་གྲུབ་ནི་ཕྱག་རྒྱ་བྱ་བ་དང་། ཕྱག་རྒྱའི་ཕྱག་རྒྱ་གདན་མི་ཕྱེད་པས་ལྷན་ཅིག་འགྲུབ་པ་མ་ཡིན་གྱི་ཡང་ཕྱག་རྒྱ་ཉེ་བར་མཚོན་པ་གཅིག་པུས་གཉིས་
སུ་མེད་པའི་རྣལ་འབྱོར་པའི་དངོས་གྲུབ་ནི་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་མི་བྱེད་པའི་དངོས་གྲུབ་ཏུ་འགྱུར་བ་ནི་ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བའི་དོན་ཏོ། །ཡང་གསུངས་པ། མི་ཡི་ཕྱག་རྒྱ་བླངས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །དེ་དང་ལྷན་ཅིག་དངོས་གྲུབ་འགྱུར། །ཕྱག་རྒྱའི་དངོས་
གྲུབ་རབ་ཏུ་བསྒྲགས། །མི་ཕྱེད་མཚན་ཉིད་ཕྱག་རྒྱ་ཡི། །དངོས་གྲུབ་ཡོ་གིའི་ཁྱད་པར་འཕགས། །ཞེས་བྱ་བ་ལ་སོགས་པའོ། །འདི་འཇིག་རྟེན་ཇི་ལྟར་དེ་ལྟར་ཕྱག་རྒྱ་གྲུབ་པ་ཡང་ཅི་སྐྱེ་བའམ་འགག་པར་འགྱུར་རམ་མ་ཡིན་ནོ་ཞེས་དོགས་པ་ལ། ཆགས་དང་འཇིག་པ་དག་གིས་
ཀྱང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐབས་དང་ཤེས་རབ་ནི་ཐབས་དང་ཤེས་རབ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །གནོད་མི་འགྱུར་ཞེས་བྱ་བ་ནི་ཆགས་པ་དང་འཇིག་པ་དེ་དག་གི་མི་སྦྱོར་བ་དང་མི་བསྐྱེད་པ་དང་མི་འགག་པ་ཞེས་བྱ་བ་ཇི་སྙེད་པའོ། །གང་
གི་ཕྱིར་དེ་ལྟར་ཡང་ཡིན་ཞེས་བྱ་བ་ལ་སོགས་པ་ལ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། འདིར་མདོར་བསྡུས་ནས་སྔགས་དང་རྒྱུད་དང་དམ་ཚིག་རྣམས་དང་། ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཐབས་ནི་འབྱུང་བ་སྟེ། སྐྱེ་བ་དང་ཟད་པ་སྤངས་པ་ནི་སྒྲའོ། །
འཇིག་པ་ནི་འདིར་རྟོག་པ་ཐམས་ཅད་འཇིག་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ནི་བདེ་བ་ཆེན་པོའོ། །དེའི་ཕྱིར་དེ་ལྟར་གྱུར་པའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དངོས་པོ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དངོས་པོའི་ཆོས་གང་སྐྱེ་ཞིང་འགག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་

དང་འགག་པའི་ཆོས་མ་ཡིན་དུ་ཟིན་ཀྱང་། ཡང་རིག་མའི་སྐྱེས་བུ་གྲུབ་པ་དེ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་པར་འགྱུར། ཅི་ཞིག་མཛད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་བཤད་པའི་རྒྱུད་དུ་གསལ་ཞིང་རྒྱས་པར་
བཀའ་སྩལ་པ། རིག་མའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་དང་། གང་དུ་ཡང་མི་འགྲོ་གར་ཡང་མི་གནས། ཐོག་མ་དང་ཐ་མ་ལ་སོགས་པ་རྣམ་པར་སྤངས་པ། བསྙེན་པའི་ཡན་ལག་གནས་གསུམ་དུ་སྣང་བ། ཐམས་ཅད་དུ་གཤེགས་པ། ཐམས་ཅད་མཁྱེན་པ། ཐམས་ཅད་
པ། ཐམས་ཅད་ཀྱི་དོན། ཐམས་ཅད་ཀྱི་སེམས་ལ་གནས་པ། ངན་སོང་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། ཐམས་ཅད་ལ་ཕན་པ། དགེ་བ་མཚུངས་པ་མེད་པ། ལན་ཅིག་མ་ཡིན་པར་འབྱུང་བ་མགོན་པོ་སྐྱོབ་པ། ཀུན་ཏུ་རྟོག་པ་སྤངས་པ། ཁ་
དོག་དང་དབྱིབས་དང་བྲལ་བ། སྐྱེ་བའི་སྤྱོད་ཡུལ་མ་ཡིན་པ། རྒྱལ་པོས་དབྱེ་བར་དཀའ་བའི་ཕྱིར་རྡོ་རྗེ། ཉོན་མོངས་པའི་ཉེ་བར་གདུང་བ་ལས་གྲོལ་བའི་ཕྱིར་ཟླ་བ། དོགས་པ་མེད་པའི་ཕྱིར་སེང་གེ །གཏིང་དཔག་དཀའ་བའི་ཕྱིར་ཆུའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་དེའི་ཕྱིར་འདིའི་
དོན་དུ་གཉེར་བ་རྣམས་ཀྱི་ཇི་ལྟར་འདི་ལྟ་བུའི་དངོས་གྲུབ་ཏུ་འགྱུར་ཞེས་དོགས་པ་ལ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤྲོས་པ་དང་སྤྲོས་པ་མེད་པའི་འབྲས་བུ་ནི་ཇི་ལྟར་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡང་དཀྱིལ་
འཁོར་གྱི་སྐབས་ཉིད་འདིར་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟར་ཡང་སྤྲོས་པ་བསྒོམ་པ་ལ་སྦྱོར་བའི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་སྒོམ་པར་བྱེད་པའི་ཕྱིར། དཀྱིལ་འཁོར་ཞེས་གསུངས་སོ། །ཡང་ན་ལྷ་ཉིད་ཀྱི་འཁོར་ལོ་བསྡུས་པའི་ལུས་ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་གཉིས་ཀྱི་རྣམ་
པས་ཀྱང་སྐྱོན་མེད་དོ། །གལ་ཏེ་སྤྲོས་པའི་རྣམ་པའི་དཀྱིལ་འཁོར་གྱི་རང་བཞིན་དེ་ཇི་ལྟར་སྤྲོས་པ་མེད་པར་ཡང་འགྱུར་རོ་ཞེས་དོགས་པ་ལ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ་འདི་ནི་བྱིན་རླབས་ཏེ། གང་དཀྱིལ་

འཁོར་ཞེས་བྱ་བའོ། །དེ་བས་ན་དེ་ལྟར་ཡང་འགྱུར་ཏེ། རང་བཞིན་དུ་འ