Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 4

Văn bản gốc(Tây Tạng)

Trang 10 / 20 (50.000 ký tự/trang)
ད་དུ་བྱའོ། །དེ་ལྟར་འཇིག་རྟེན་
བསམ་གཏན་སྤངས་བཞིན་པ་ཡིད་ཀྱི་ཆགས་པ་བཅོམ་ནས་རྟག་ཏུ་དགའ་བ་ཡིད་ལ་བྱེད་པ་ནི། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་དགའ་བཞིན་པ་ཇི་ལྟར་རྒྱལ་པོ་ཨིནྡྲ་བྷཱ་ཏི་བཞིན་དུ་ལུས་དེ་བསྒྱུར་ཏེ། རྡོ་རྗེའི་ལུས་སུ་གྱུར་ནས་བཙུན་མོ་དང་ལྷན་ཅིག་མི་སྣང་བར་གྱུར་ཅིང་དབང་ཕྱུག་གི་ཡོན་ཏན་བརྒྱད་
དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་པ་ངེས་པའི་དོན་ཏོ། །ད་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དང་། ཁ་ལ་སོགས་པ་དག་པའི་དོན་དུ་དམ་ཚིག་གི་རིལ་བུ་བརྗོད་པར་བྱ་སྟེ། ཉི་མ་སོ་སོར་དམ་ཚིག་བཞི་སྔགས་པས་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་
ངེས་པའོ་ཞེ་ན། དེ་ནི་བདེན་ཏེ། རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པས་མཚན་མ་མེད་པ་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱི་བཀས་གསུངས་སོ། །འདིར་ནམ་མཁའ་ལ་སོགས་པ་

ཡོན་ཏན་རེ་རེ་འཕེལ་བའི་དབྱེ་བས་བླངས་ནས་བདུད་རྩི་ལྔ་དང་གཅིག་ཏུ་བྱས་ཏེ་རྫས་བཅུ་པོ་རྣམས་བརྟག་པར་བྱའོ། །གོ། །ཀུ། ད། ཧ། ན། བི། མུ། མ། ར། ཤུ། ཞེས་པའོ། །གཏོར་མ་ཆེ་ཞིང་རྒྱ་ཆེ་བ་བྱིན་ནས་སྔགས་ཀྱི་ཆོ་ག་འདི་ཡིན་ཏེ། ཨོཾ་བཛྲ་ཀྲོ་དྷི་ཤྭ་རི། སརྦ་ཏྲ་བྱཱ་ནི། བི་ཤོ་དྷ་
ཡ་ཧཱུྃ་ཕཊ་ཅེས་པ་རྫས་སྦྱང་བའི་སྔགས་སོ། །སྲན་མ་མུ་དགའི་ཚད་ཀྱི་རིལ་བུ་བྱ་ཞིང་སྦར་བ་དང་། བསྲོ་བ་བདུད་རྩི་ལྔ་ལ་སོགས་པའི་རིམ་པས་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པ་བྱས་ནས་སྦྱངས་པ་ཉིད་ཀྱིས་ན། རིལ་བུས་བཟའ་བ་དང་བཏུང་བ་ལ་སོགས་པ་ཐབ་ཀྱི་ཟླུམ་པོ་ལས་བྱུང་བ་དང་ལྷན་ཅིག་བསང་
གཏོར་བྱ་སྟེ་རྣམ་པར་དག་པར་འགྱུར་རོ། །ཁར་བཅུག་པས་ཁ་རྣམ་པར་དག་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་དང་བསྒོམ་པའི་དུས་སུ་ཡང་ཐམས་ཅད་བསྲུང་བར་འགྱུར་རོ། །དེ་ལྟར་རིལ་བུའི་ཆོ་གའི་ངེས་པའོ། །དེ་སྐད་དུ་ཡང་དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ། ཤ་ལྔ་དང་
ནི་ཡང་དག་ལྡན། །ལྕགས་གསུམ་གྱིས་ནི་དཀྲིས་བྱས་པ། །རྡོ་རྗེ་ཉི་མའི་རབ་སྦྱོར་གྱིས། །ཁ་རུ་བཅུག་སྟེ་འགྲུབ་པར་འགྱུར། །འདི་ནི་ཡེ་ཤེས་བདུད་རྩིར་འགྱུར། །རྣལ་འབྱོར་པ་ལ་དངོས་གྲུབ་སྟེར། །ཞེས་པ་ངེས་པའི་དོན་ཏོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་
པའི་དཀའ་འགྲེལ་དུ་བཟའ་བའི་ལེའུ་སྟེ་བདུན་པའོ།། །།ད་ནི་བརྒྱད་པ་འདུལ་བའི་ལེའུ་གསུངས་པ། དེ་ལ་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་མོ་ཅི་ལྟ་བུ། །ཀུན་རྫོབ་རྣམ་པའི་ངོ་བོ་ཡིས། །བདེ་བ་སྦྱིན་པ་བཤད་དུ་གསོལ། །ཞེས་པ་ལ་སོགས་པ་ལ་གསུངས་པ་ཡང་། ཆེན་མོ་ཡང་
འདི་ཡིན་ལ། ཕྱག་རྒྱ་ཡང་ངོ་ཞེས་པས་ཕྱག་རྒྱ་ཆེན་མོ་སྟེ། ཐུགས་ཀྱི་རིགས་ལས་བྱུང་བ་པྲ་ཕབ་པ་བརྒྱད་ལྟ་བུའོ། །དེའི་རྣམ་པ་གསུངས་པ། འདིར་ཕྱག་རྒྱ་བཟང་མོ་ནི་ལུས་ཕྲ་བ་རྫི་མ་དང་བཅས་པའི་སྐྲ་ཅན། ལག་པ་དང་རྐང་པ་འཇམ་པ། སེམས་ཅན་ལ་མཉེས་གཤིན་པ། རྡོ་རྗེ་དབྱིངས་ཀྱི་
དབང་ཕྱུག་མ་ཅུང་ཟད་རིང་པ། མིག་མི་གཡོ་བ་ནི་པདྨ་ཅན་ཞེས་བརྗོད་པར་བྱའོ། །གསུངས་པ་ཡང་། ཧ་ཅང་རིང་མིན་ཐུང་བ་མིན། །ཧ་ཅང་དཀར་མིན་ནག་པ་མིན། །ཧ་ཅང་སྦོམ་མིན་སྐེམས་པ་མིན། །སྐྱེས་བུའི་སྐྱོན་ནི་རབ་སྦེད་པའོ། །དུས་ཤེས་ཀུན་རྫོབ་རྒྱུན་ཅན་ཏེ། །རོལ་མོ་ཤེས་ཤིང་

གར་ཤེས་པ། །གླུ་ལེན་ཤེས་ཤིང་རོལ་པ་མོ། །རྟག་ཏུ་མཛེས་ཤིང་སྤུ་དང་བྲལ། །དེ་ཡི་ཉེར་གནས་ཚད་དང་ལྡན། །བཤད་པ་སྤུ་མེད་པ། ཤ་སྦོམ་པ། རུས་སྦལ་གྱི་རྒྱབ་ལྟ་བུ་སྡུག་པ་གླང་པོ་ཆེའི་དབང་པོའི་ཕྲག་པ་ལྟ་བུར་སྣང་བ། ཡངས་པ་ཤིན་ཏུ་དགའ་བ་སྐྱེད་པའོ། །དེ་སྐད་དུ་ཡང་གསུངས་
པ། ལྷ་མོ་ཆེན་མོ་འདི་གཅིག་པུ། །མཐའ་ཡས་ཡོན་ཏན་སྟེར་བ་མོ། །རྟག་ཏུ་སྐལ་བ་བཟང་མོར་ཤེས། །སྒྲུབ་པ་པོ་ལ་མཆོག་སྟེར་མའོ། །ཞེས་པ་ལ་སོགས་པའོ། །དེ་རྙེད་ནས་ཞེས་པ་ཕྱག་རྒྱ་ཆེན་མོ་བརྗོད་པའི་མཚན་ཉིད་ཅན་ཡང་དག་པར་བསྐྱེད་ནས། ལྷན་ཅིག་སྐྱེས་པའི་དགའ་བའི་
ངོ་བོ་སྟེ། དེ་འདི་ལ་ཡོད་པས་ན་ལྷན་སྐྱེས་དགའ་བའི་གཟུགས་ཅན་མའོ། །དངོས་གྲུབ་ཏུ་འགྱུར་བ་ནི་དེའི་དོན་དུ་འདི་འདྲ་བའི་ཕྱག་རྒྱ་བཙལ་བའི་དགོས་པའོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན། རྣམས་པ་
ཐམས་ཅད་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་སྐྱེད་པར་མཛད་མའོ། །ཆོས་འབྱུང་གི་སྒྲ་ཡིས་བརྗོད་པར་བྱ་སྟེ། ཆོས་འབྱུང་དེ་ལས་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི། སྟོབས་དང་མི་འཇིགས་
པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །ཞེས་སོ། །རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་དེ་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པར་བྱའོ། །འདི་ཉིད་དུ་ཡང་གསུངས་པ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། མཁའ་མཉམ་ཐབས་དང་བཅས་པར་ལྡན། །འཇིག་རྟེན་གསུམ་པོ་དེ་ལས་
སྐྱེས། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཞེས་སོ། །དཔལ་ཏོག་རྩེ་བའི་ཞབས་ཀྱིས་ཀྱང་གསུངས་པ། རྡོ་རྗེ་འཛིན་ཅན་དགེ་བའི་ས། །བཅུ་གསུམ་པ་ཞེས་རྣམ་གྲགས་པ། །གྲུ་གསུམ་རྣམ་པར་ཡང་དག་འབྱུང་། །ཆོས་འབྱུང་ཞེས་པར་དེ་བཤད་དོ། །ཞེས་སོ། །དཔལ་
ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་འདུལ་བའི་ལེའུ་སྟེ་བརྒྱད་པའོ།། །།ད་ནི་བརྟག་པ་དང་པོར་གསུངས་པའི་སྔགས་རྣམས་ལས་ཁ་ཅིག་བཏུ་བའི་ལེའུ་གསུངས་པ། དེ་ནས་འདི་ལས་ཞེས་པའོ། །གང་གི་ཚེ་གདུལ་དཀའ་བ་སྔར་བཤད་པའི་ཚུལ་

གྱིས་གདུལ་བར་མི་ནུས་པ་དེའི་ཚེ་ནུས་པ་བསྟན་ནས་གདུལ་བར་བྱའོ། །ཞེས་པ་རྒྱུད་དེའི་ཕྱིར་ཁ་སྦྱོར་འབྱེད་པའི་ཆོ་ག་བཤད་པར་བྱའོ་ཞེས་འབྲེལ་ལོ། །ཁ་སྦྱོར་འབྱེད་པའི་ཆོ་ག་ཡང་བླ་མའི་མན་ངག་ལས་ཤེས་པར་བྱའོ་ཞེས་པའོ། །དེ་སྐད་དུ་ཡང་དཔལ་སམྦུ་ཊ་རུ་གསུངས་པ།
དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་ཞིང་སྤྱན་གདངས་ནས་འདིར་ཐེ་ཚོམ་རྣམས་ཞུས་པ། ཁ་སྦྱོར་ཅི་ཞིག་བརྗོད་པར་བྱ། །ཁ་སྦྱོར་ཤེས་རབ་ཐབས་བདག་ཉིད། །ཁ་སྦྱོར་ནི་སྙོམས་པར་འཇུག་པའོ་ཞེས་པའི་དོན་ཏོ། །དེ་ལས་
བྱུང་བ་དང་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཁ་སྦྱོར་གྱི་སྒྲ་ཡིས་རྡོ་རྗེ་སེམས་དཔའ་བརྗོད་པར་བྱའོ་ཞེས་སོ། །དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་པ་ཡང་། ལྟེ་བའི་དབུས་སུ་པདྨ་ཆེ། །སྐུད་པ་བཅུ་དྲུག་ཡང་དག་ལྡན། །ཡི་གེ་ལ་ནི་མཉམ་པར་སྦྱོར། །ཁ་སྦྱོར་བྱེད་པ་བླ་ན་མེད། །དེ་དབུས་
རྟག་ཏུ་སྟོང་པ་ནི། །སྤྲོ་དང་སྡུད་པ་བྱེད་པ་ཅན། །འདི་ནི་རྟག་ཏུ་དེ་ཉིད་འགྱུར། །རང་འབྱུང་ཐམས་ཅད་ཁྱབ་པ་པོ། །ཞེས་སོ། །དེ་ལྟར་གྱུར་པ་བརྟན་པ་དང་གཡོ་བའི་རང་བཞིན་གྱིས་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་རྒྱུད་ཀྱི་རྒྱལ་པོ་གང་གིས་འབྱེད་པར་བྱེད་པ་
དེ་ཁོ་ན་མཚོན་པར་བྱ་ཞེས་པ་ངེས་པའི་དོན་ཏོ། །འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་རྣམས་ནི་རྣམ་པ་གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་གྱིས་སམ་ཕྱི་རོལ་དང་ནང་གི་བདག་ཉིད་དོ་ཞེས་པའོ། །དེ་ལ་ཕྱི་རོལ་དུ་སྲོག་གཅོད་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་མཚམས་
མེད་པ་ལྔ་བྱེད་པ་པོ་རྣམས་ཏེ། མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པའི་ངང་ཚུལ་ཅན་ཕྱིས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པ་
བྱས་པ་ལས་སྔགས་པ་དམྱལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །དེས་ན་ཇི་སྲིད་མངོན་པར་ཤེས་པ་ལྔ་ཅན་དུ་མ་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང་། དབང་དུ་བྱ་བ་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་

སྨྲ་བ་གཞན་ལ་གནོད་པ་དང་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་ལེན་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་ལ་བགྲོད་པ་དང་། རང་གི་མགོ་བོའི་མཐར་ཐུག་པ་སྦྱིན་པ་ཡང་རང་གི་དོན་དུ་ནི་མ་ཡིན་ནོ། །ད་ནི་གང་གི་ཚེ་འཆི་བའི་མཐར་ཐུག་པར་མཚམས་མེད་པ་ལྔ་བྱེད་ན་
དེའི་ཚེ་སྔར་བསྒྲུབས་པའི་སྔགས་ཁྲོ་བོའི་རིགས་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་འདི་ཡིས་གསད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སོ་ཞེས་པ་ནི་དྲང་བའི་དོན་ཏོ་ཞེས་སོ། །ད་ནི་སྔགས་བཏུ་བ་གསུངས་ཏེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། སྔགས་ནི་ཅི་ཡི་དོན་དུ་བརྗོད། །སྔགས་
རྣམས་འབོད་པར་བྱེད་པ་དང་། །གདུག་པ་ཐམས་ཅད་རབ་སྒྲུབ་བྱེད། །ཉོན་མོངས་ཞགས་པ་གཅོད་པ་དང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་པའོ། །ཞེས་སོ། །དཔལ་ཡང་དག་པར་སྦྱོར་བར་ཡང་གསུངས་པ། ལྷ་ལགས་ཡ་མཚན་ཆེ་བ་ཐོས། །སྔགས་བཏུའི་ཆོ་ག་ཇི་ལྟར་ལགས། །
དེ་ཡི་དབྱེ་བ་བདག་མི་ཤེས། །བདེ་བ་ཆེན་པོ་བཤད་དུ་གསོལ། །ལྷ་མོ་མཁས་པ་ཆེན་མོ་ཉོན། །སྔགས་ཀྱི་དོན་ཉིད་ཁྱོད་ལ་བཤད། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །གསང་བའི་པདྨར་མཱ་མ་ཀཱི། །པདྨ་འདབ་མ་བརྒྱད་བྱས་ནས། །ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་དུ། །
འདོད་པ་ཐམས་ཅད་སྒྲུབ་པ་ཡི། །དེར་གནས་དཔའ་བོ་བཏུ་བར་བྱ། །ཨ་ཡིག་ལ་སོགས་དབྱེ་བ་ཡིས། །སྔགས་ཀྱི་སྡེ་ཡི་དབང་ཕྱུག་མཆོག །ཅེས་སོ། །སྔགས་བཏུ་བ་ནི་གཞུང་མང་བ་ཉིད་ཀྱིས་ན་དྲང་བའི་དོན་གྱིས་གོ་སླ་བ་ཉིད་ཀྱི་ཕྱིར་བདག་གིས་མ་བཏུས་སོ། །དཔལ་ཀྱེའི་རྡོ་རྗེའི་
རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་སྔགས་བཏུ་བའི་ལེའུ་སྟེ་དགུ་པའོ།། །།ད་ནི་བཟླས་པའི་ལེའུ་གསུངས་པ། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །བདག་མེད་ཙུམ་པ་ན་མཛད་ནས། །བཟླས་པའི་ཡུལ་ནི་
རབ་གསལ་མཛད། །ཅེས་པ་ལ་སོགས་པའོ། །དེ་བཞིན་དུ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། རིག་སྔགས་ཇི་ལྟར་བཟླས་པར་བྱ། །གསང་བ་དབང་ཕྱུག་ཆེན་པོས་གསུངས། །རིག་སྔགས་

བཟླས་པར་བྱ་བ་ལ། །རྡོ་རྗེ་ཅན་ཀུན་མཉེས་པར་བྱེད། །ཇི་ལྟའི་སྐྱིལ་མོ་ཀྲུང་བཅིངས་ལ། །མི་རྟོག་ཡིད་ཀྱི་དྲན་པ་ཡིས། །རིག་པར་བཟླས་པ་སྦྱིན་པར་བྱ། །གཞན་ཡང་རྣམ་པ་ཉིད་ཀྱང་ངོ་། །མཆུ་ཡིས་མ་ཡིན་ལྕེས་མ་ཡིན། །རྐན་ཉིད་ཀྱིས་ཀྱང་མ་ཡིན་ནོ། །གྲེ་བས་
མ་ཡིན་མགྲིན་པས་མིན། །ཐམས་ཅད་དུས་སུ་སྙིང་གར་མིན། །དེ་ནི་ཕྲ་བར་ཡིད་ལ་བྱ། །ཆོས་ཀྱི་བདག་ཉིད་རྟོག་ཡིད་ཀྱིས། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པའི་ཡོན་ཏན་གྱི་ལེའུར་གསུངས་པ། ཀཽ་ཤི་ཀ་འདིར་རིག་སྔགས་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་འགྱུར་རོ། །དེས་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རིག་སྔགས་འདི་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གང་མ་མཐོང་བའམ་མ་ཤེས་པའམ་མངོན་སུམ་དུ་མ་བྱས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་ན་
ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྗོད་དོ་ཞེས་སོ། །ཤེལ་གྱིས་རེངས་པ་ཞེས་པ་ལ་སོགས་པ་ལ། ཤེལ་ཟླ་བའི་འོད་ཀྱི་རྣམ་པ་ཅན་ཏེ་རེངས་པ་ལ་སོགས་པ་བརྩམ་པར་བྱའོ། །ཚིག་འདིའི་རྒྱས་པར་སྟོན་པའི་ཚིག་ནི། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་ལ། རྩ་བའི་རྒྱུད་དུ་ཡང་།
ཐབས་གཞན་གྱིས་སྔགས་སྒྲུབ་པར་བྱེད་པ་མ་ཡིན་པར་གསུངས་ཤིང་། རེངས་པ་ལ་སོགས་པའི་ལས་སྒྲུབ་པའི་དོན་དུ་ཉུང་ངུའི་རྒྱུད་འདིར་དགོངས་པའི་སྐད་གཞན་གྱིས་དོན་གྱི་རྗེས་སུ་འགྲོ་བས། དེ་ཉིད་བརྗོད་པར་ངེས་པ་ལ་སོགས་པའོ། །ས་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ། །དེ་བཞིན་
དུ་ཡང་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། དང་པོར་རྣམ་པར་སྣང་མཛད་བྱིན། །སླར་ཡང་བཟླས་པ་བརྩམ་པར་བྱ། །དེ་ནས་བྱེ་བ་བཟླས་བྱས་ལ། །སྦྱིན་སྲེག་བཅུ་ཡི་ཆ་བྱས་ཏེ། །རྒྱུད་ནས་གསུངས་པའི་ཆོ་གས་ཀུན། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་གང་ཞིག་དོན་གཉེར་

བའི། །མཆོག་ནི་དེ་གྲུབ་པ་ཡིས་ཏེ། །རིགས་གཞན་དང་ནི་བྱ་བ་དུས། །སྔགས་དང་རིགས་དང་རིགས་ཅན་གཞན། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གླེགས་བམ་ལས་ནི་སྔགས་བཀླགས་ནས། །ཡང་དག་བླང་བ་རྣམ་སྤངས་པའི། །
གང་ཞིག་སྒྲུབ་པ་བྱེད་པའི་མི། །དེ་རྣམས་ས་ལ་ཉོན་མོངས་འགྱུར། །ཡང་དག་པར་བླང་པ་ཅི་ཞེས་བྱ་ཞེ་ན། བླ་མ་བརྒྱུད་པའི་རིམ་པས་ངེས་པའི་དོན་གྱིས་གང་བསྟན་པའོ། །གསུངས་པ་ཡང་། ཞི་དང་རྒྱས་པའང་སྲས་བཅས་རྒྱལ་བའི་རིགས་དང་རྒྱལ་པོ་ལྷ་མོ་རྣམས་ཀྱིས་འགྲུབ་པར་
འགྱུར། །དབྱེ་དང་བསྐྲད་པའང་རང་བཞིན་ཡོན་ཏན་དབང་གིས་ཁྲོ་བོ་ལས་སྐྱེས་རྣམས་ཀྱིས་འགྲུབ་པར་འགྱུར། དབང་སོགས་འབྱུང་སྐྱེས་རྣམས་ཀྱིས་རབ་གསལ་ལྷ་མིན་རིགས་ལའང་ཕུར་བུས་གདབ་པ་ལྷ་མིན་མོས། །ཡུམ་དག་གིས་ནི་ལས་རྣམས་གཉི་གའི་རྡོ་རྗེའི་རིགས་ལ་གསད་
དང་གསོ་བ་ཡང་། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། རེངས་པ་འགྲུབ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གསང་བའི་པདྨར་ལས་རྣམས་ཐམས་ཅད་འགྲུབ་སྟེ། རྡོ་རྗེའི་གདན་གྱི་ཐིག་ལེའི་དབུས་སུ་དགའ་བ་དང་བཅས་པའི་ལྷ་མོས་གསོ་བར་བྱེད་དོ། །
རྣལ་འབྱོར་གྱི་སྟོབས་ཀྱིས་སྲོག་བཀུག་སྟེ། མ་འཕོས་པའི་ཐིག་ལེས་ནི་ཆགས་པ་དང་བྲལ་བ་སྤོང་བར་བྱེད་དོ། །ཞེས་པ་ངེས་པའི་དོན་ཏོ། །གསུངས་པ་ཡང་། ཨ་སོགས་ཀ་སོགས་ཡང་དག་ལྡན། །བགྲང་ཕྲེང་སྐུད་པར་རབ་བརྗོད་བྱ། །བརྒྱད་ལྷག་བརྒྱ་ཡི་ཡི་གེ་ཡིས། །སྔགས་ཀྱི་བཟླས་
པས་ལྷག་པ་ཡང་། །གསལ་བྱེད་སུམ་ཅུ་རྩ་དྲུག་དང་། །དབྱངས་ཐུང་བཅོ་བརྒྱད་དང་ལྡན་པ། །གཉིས་འགྱུར་བརྒྱད་ལྷག་བརྒྱ་རུ་འགྱུར། །དེ་ཡི་ཕྱེད་ཀྱིས་བགྲང་ཕྲེང་ནི། །གཉིས་ཀ་ཡང་ནི་རབ་བཤད་བྱ། །རྒྱུ་སྐར་གྱི་ནི་དབྱེ་བ་ཡིས། །གསུམ་པར་ཡོངས་སུ་གྲགས་པའོ། །དེ་ལྟར་
རྣམ་པ་གསུམ་དུ་གསུངས། །དག་པའི་ལས་ལ་དག་པ་ངེས། །ཞེས་པ་དྲང་བའི་དོན་ཏོ། །དེ་བཞིན་དུ་དཔལ་གདན་བཞི་པའི་རྒྱུད་དུ་གསུངས་པ། རིལ་བུ་ཐམས་ཅད་དགྲ་བཅོམ་པ། །མཆོད་རྟེན་སྟེང་དུ་ཡོངས་སུ་བརྟགས། །པདྨར་རྡོ་རྗེ་ངེས་རྒྱས་པ། །སྐུད་པའི་དབུས་སུ་ཡང་

དག་སྦྱོར། །ཐམས་ཅད་དེ་ཉིད་ཀྱིས་བསྒོམ་བྱ། །བགྲང་ཕྲེང་ལྷག་པར་གནས་པར་བྱ། །སྔགས་ཀྱི་དེ་ཉིད་གསལ་བ་ནི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྟོག་གེ་པ་ཡིས་མི་ཤེས་ཤིང་། །རྣལ་འབྱོར་བྱིས་པའི་རྟོགས་བྱ་མིན། །ཞེས་སོ། །དཔལ་ཀྱེའི་རྡོ་
རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བཟླས་པའི་ལེའུ་སྟེ་བཅུ་པའོ།། །།ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གི་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་མཚན་མ་གསུངས་པ། ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས། །དེ་ལ་བདག་མེད་མས་
ཞུས་སོ། །བྷ་གར་ལིང་ག་རབ་བཞག་ནས། །འཁོར་ལོའི་འདྲེན་པས་འདི་སྐད་གསུངས། །ལུས་ཅན་རང་གི་རིགས་བཤད་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །བུད་མེད་དམ་ནི་སྐྱེས་པ་ཡི། །གང་གི་མིང་མེད་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་
མཆོག་ཉིད། །རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། །པདྨ་འོད་དཔག་མེད་མགོན་གྱི། །རིན་ཆེན་འབྱུང་གི་རིན་ཆེན་ཆེ། །ལས་ཀྱི་རིགས་ཀྱི་རལ་གྲིའོ། །དེ་བཞིན་དུ་སེར་པོ་དང་དཀར་པོ་ལ་སོགས་པ་རྣམས་ཀྱང་རིམ་པ་འདི་ཡིས་རྟོགས་པར་བྱའོ། །ད་ནི་ཇི་སྐད་བཤད་པའི་རྣམ་པར་
སྣང་མཛད་ལ་སོགས་པའི་རིགས་རྣམས་ཀྱི་ངེས་པའི་དོན་རིམ་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རང་བཞིན་བཤད་པ་དཔལ་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་པ་ཡང་། སེམས་ནི་སྤྲོ་བའི་སྦྱོར་བ་ཡིས། །ཕྲ་མོའི་ཡེ་ཤེས་སོགས་སྦྱོར་བས། །དེ་བཞིན་གཤེགས་ཀུན་ཡེ་
ཤེས་ནི། །རྣམ་པར་སྣང་མཛད་ཅེས་པར་བཤད། །བྱམས་པ་སྤྲོ་བའི་སྦྱོར་བ་ཡིས། །སྤྱད་པ་སྤྱོད་བྱེད་དམ་པ་ནི། །སྣང་བ་མེད་པ་བསྟན་གྱུར་པའི། །སེམས་ནི་མི་བསྐྱོད་བརྗོད་པར་བྱ། །སྙིང་རྗེ་སྤྲོ་བའི་སྦྱོར་བ་ཡིས། །སེམས་ཅན་རྗེས་འཛིན་བྱེད་པ་པོ། །སེམས་ཅན་དོན་དང་ལྡན་
པའི་སེམས། །རིན་ཆེན་འབྱུང་ལྡན་བརྗོད་པར་བྱ། །དགའ་བ་སྤྲོ་བའི་སྦྱོར་བ་ཡིས། །ཡེ་ཤེས་ཆེན་པོ་དྲི་མེད་མཆོག །རང་བཞིན་འོད་གསལ་དག་པའི་སེམས། །དེ་ནི་སྣང་བ་མཐའ་ཡས་བརྗོད། །བཏང་སྙོམས་སྤྲོ་བར་བྱེད་པའི་སེམས། །སེམས་ཅན་དོན་ཀུན་རྟོགས་མཛད་པ། །དོན་ཡོད་བླ་ན་མེད་པའི་སྐུ། །དོན་ཡོད་

གྲུབ་པ་དེ་བརྗོད་བྱ། །རྣལ་འབྱོར་པ་དང་རྣལ་འབྱོར་མ་དག་གི་ངེས་པའི་དོན་གྱི་རིགས་ལྔ་རྣམ་པར་དག་པ་ཞེས་པ་ལ་སོགས་པའོ། །ད་ནི་འཆད་པར་འགྱུར་བའི་རིམ་པ་བསྟན་པའི་ཆེད་དུ་གསུངས་པ། ཚལ་དང་སྐྱེ་བོ་མེད་གནས་དང་། །བདག་གི་ཁྱིམ་དང་གཞན་དུ་ཡང་། །གཅེར་བུར་ཕྱག་རྒྱ་ཆེ་བྱས་ནས། །
རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་པ་ལ། ཅི་སྟེ་གལ་ཏེ་རྣལ་འབྱོར་པ་གྲོང་པའི་ཆོས་ལ་སོགས་པས་འདོད་པ་བྱེད་ན་དེའི་ཚེ་རྗེས་སུ་ཆགས་པར་མི་འགྱུར་ཏེ། འདོད་པའི་དངོས་གྲུབ་ཀྱང་ཉམས་པར་འགྱུར་རོ། །སྔར་ཇི་སྐད་དུ་གསུངས་པ་སྔགས་པས་གཞན་པ་མི་འདོད་དོ་ཞེས་སོ། །དེའི་
དོན་དུ་གསུངས་པ། ཤེས་རབ་མ་ལ་འཁྱུད་པ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པས་རིག་བྱ། །ཤིན་ཏུ་དགའ་བ་བྱས་ཀྱང་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་
མ་ཚིམ་དངོས་གྲུབ་ནི། །སྦྱིན་པར་མི་འགྱུར་མཛེས་མ་ལྷ་མོ་ཤ་ཟ་མོ་དང་མི་མོ་སྲིན་མོ་ཀླུ་མོར་འགྱུར། །མཛེས་མ་དཔལ་ལྡན་ཆོས་དབྱིངས་སུ་འགྱུར་ཡོན་ཏན་དབང་གིས་ལྷ་མོ་དགྲ་ཡི་རྡོ་རྗེ་མ། །ཞེས་པ་ལ་སོགས་པའོ། །ཁྱོགས་དང་གྲུ་མོ་ཞེས་བྱ་དང་། །དེ་བཞིན་ཤིན་ཏུ་བརྐྱང་བ་ཡིས། །ཞེས་
པ་ལ་སོགས་པའོ། །ཀ་ར་ཎ་འདི་རྣམས་ཀྱིས་འདོད་པ་བྱའོ་ཞེས་པའོ། །དེ་ལ་ཁྱོགས་ཞེས་པ་ཁྱོགས་པ་ལྟ་བུ་ནི་ཁྱོགས་ཏེ། འདི་ནི་ཉེ་བར་འདུག་པའི་ཀ་ར་ཎ་ཡིན་ལ། འདིར་བུད་མེད་བྱེད་པ་པོ་སྟེ་སྐྱེས་བུའི་ཆེད་དུ་དེ་སྦྱོར་བས་སྐྱེས་བུ་རྣམས་ཀྱིས་སྒྲུབ་པར་བྱེད་པ་གཞན་གྱི་ཡུལ་དུ་གནས་པ་མི་མོས་རང་གི་
རྐེད་པ་མདུན་དང་རྒྱབ་ནས་འདེགས་པར་བྱ་སྟེ་ཁྱོགས་སུ་འགྱུར་རོ། །འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅང་པ་གསུངས་པ། ཕོ་མཚན་སྟེང་ན་གནས་པ་ལ། །མདུན་དང་རྒྱབ་ནས་མི་མོ་ཡིས། །རིམ་པས་སྐེད་པ་འདེགས་པར་བྱ། །མི་མོའི་ཁྱོགས་སུ་རབ་ཏུ་གྲགས། །གང་གི་ཚེ་འདིས་སྐྱོ་བར་གྱུར་ན་དེའི་
ཚེ་སྟེང་གི་ཀ་ར་ཎ་བཤད་པ། གྲུ་མོ་ཞེས་པ་གྲུ་མོ་སྦྱོར་བ་ལས་བསྟན་པའི་ཀ་ར་ཎ་འདིའི་ཞེས་པ་གྲུ་མོའི་མིང་ཅན་ནོ། །དེ་ལ་སྐྱེས་པ་བྱེད་པོ་སྟེ། གདོང་སྟེང་དུ་གནས་པའི་གཉི་ག་དག་གིས་ཀྱང་སྟེ། མགྲིན་པ་ལ་འཇུས་པའི་བར་དུ་མྱོས་མས་རྐང་པ་གཡས་པ་སྟེང་དུ་བསླང་བའི་པུས་མོའི་མཐིལ་ལ་

གཡོན་པའི་གྲུ་མོ་བཞག་ནས་ལག་པ་གཡས་པ་དེའི་རྒྱབ་ནས་གཟུང་བར་བྱ་སྟེ་གྲུ་མོར་འགྱུར་རོ། །འདིར་ཚིགས་སུ་བཅད་པར་གྱུར་པ། །མི་མོའི་པུས་མོའི་མཐིལ་བསླངས་ནས། །གཡས་དང་གཡོན་གྱི་དཔུང་བ་ཡིས། །སྦྱར་ཏེ་སྟེང་གི་ཀ་ར་ཎ། །གཉིས་ཀ་སྟེང་དུ་ཕྱོགས་པར་
གནས། །ཤིན་ཏུ་བརྐྱང་པ་ཞེས་པ་ལ། འདིར་ཡང་སྐྱེས་བུ་བྱེད་པ་པོ་སྟེ་རབ་ཏུ་བརྐྱང་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་བརྐྱང་བའོ། །དེ་ཡང་གན་རྐྱལ་དུ་གཡས་པ་དང་གཡོན་པའི་རྐང་པའི་མཐིལ་ལ་རང་གི་ལག་པའི་མཐིལ་གྱིས་སྦྱར་ནས་ངང་པའི་གཤོག་པ་ལྟ་བུར་དཔུང་པ་བརྐྱང་སྟེ་རྫོགས་
པར་བྱའོ། །འདིའི་མཚན་ཉིད་ཀྱི་ཚིགས་སུ་བཅད་པ་ནི། །ངང་པའི་གཤོག་པ་མཚུངས་རྣམ་པ། །གན་རྐྱལ་བ་རུ་རབ་ཏུ་གྲགས། །རྐང་པ་རབ་ཏུ་བརྐྱང་གྱུར་པ། །གཉིས་ཀྱིས་རབ་ཏུ་བརྐྱང་པའོ། །ཞེས་སོ། །འདི་ནི་གན་རྐྱལ་གྱི་ཀ་ར་ཎའོ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་རྒྱུད་གཞན་དུ་གསུངས་
པའི་ངེས་པའི་དོན་གསལ་བར་བྱ་བ་སྟེ། དཔལ་གསང་བ་ནོར་བུའི་ཐིག་ལེར་གསུངས་པ་ཡང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཤིན་ཏུ་གསང་བ་གསུངས་པར་གྱུར་ཏོ། །རང་གི་སྐུ་ལས་ཕྱུང་ནས་རིགས་ཀྱི་ལྷ་མོ་ཆེན་མོ་
མདུན་དུ་གཞག་པར་གྱུར་ཏོ། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་རང་གི་སྙིང་ལ་ཡིད་དུ་འོང་བའི་ལྷ་མོ་ཕྱུང་ཅིག །དེ་ནས་རྡོ་རྗེའི་བདག་ཉིད་ཀྱིས་རྡོ་རྗེ་གར་གྱི་སྦྱོར་བས་རིགས་ཀྱི་ལྷ་མོ་ཆེན་མོ་ཕྱུང་བར་གྱུར་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་བཞིན་པས་ཞལ་ཅུང་ཟད་བཞད་པ།
གཟུགས་མཛེས་ཤིང་ཡིད་དུ་འོང་བ། སྐལ་བ་བཟང་མོ་སྤྲོས་ནས་མདུན་དུ་བཞག་པར་གྱུར་ཏོ། །པུས་མོ་གཉིས་ཀྱི་ཕྱོགས་སུ་གནས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཨེ་མ་བདག་གི་གསང་བ་གང་ཡིན་པ། འདི་ནི་མཆོག་ཏུ་གསང་བའོ། །དེ་ནས་རྡོ་རྗེ་སྒེག་མོ་རིགས་ཀྱི་ལྷ་མོ་ཆེན་མོ་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དགའ་མ་དེས། བདག་ཉིད་ཀྱི་གསང་བ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །བདེ་བ་ཐམས་ཅད་དང་ལྡན་པ། །བདག་གི་གསང་བ་འདི་གང་ཞིག །ཆོ་ག་ཡིས་ནི་བསྟེན་བྱེད་པ། །དེ་ཡི་མདུན་དུ་ང་གནས་སོ། །ཞེས་སོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་གསང་བ་འདི་བསྟན་དུ་གསོལ། ཅི་ལྟར་བརྟེན་པར་བགྱི། དེ་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྐང་པས་རྐང་པ་མནན་བྱས་ནས། །མཆུ་ནི་ཁ་ལ་གཞག་པར་བྱ། །ལག་པ་དག་གིས་སྦྱར་བྱས་ཏེ།
མགོ་བོ་ལ་ནི་བསྐུལ་བར་བྱ། །སེན་རྩེས་དེ་ཡི་པདྨ་ནི། །ལག་པ་གཡོན་པས་མཉེས་བྱས་ནས། །རྡུལ་ནི་ཀུན་ནས་འབབ་པར་བྱ། །དེ་ནས་སོ་ཡིས་སོ་གཟུང་བྱ། །མཆུ་ཡིས་མཆུ་དང་ལྕེ་ཡིས་ལྕེ། །ཇི་སྲིད་འོ་ཐིགས་མི་རྒྱུའི་བར། །དེ་སྲིད་རྡོ་རྗེ་གནས་པར་བྱ། །དཔལ་གསང་བའི་ཐིག་ལེར་གསུངས་པ་
ཡང་། ཕྱག་ན་རྡོ་རྗེའོ་མའི་ཐིགས། །གསང་བའི་ཐིག་ལེར་ཤེས་པར་བྱ། །དཔལ་འཇིག་རྟེན་གསུམ་གསང་བའི་རྒྱུད་དུ་གསུངས་པ་ཡང་། དེ་ལས་ལངས་ནས་ཉེ་བར་འཇུག་པར་བྱེད་དོ། །ཙོག་བུར་བྱེད་དོ། །དེ་ནས་འཆིང་བ་དེ་ཉིད་ཀྱིས་འཛིན་པར་བྱེད་དོ། །དེ་ནས་པདྨ་དབང་པོའི་གཞུའི་རྣམ་པ་ཅན་
དུ་འགྱུར་རོ། །པདྨའི་དབུས་སུ་ནོར་བུ་གྲུ་གསུམ་བསམ་པར་བྱ་སྟེ། ནོར་བུའི་ཚད་ནི་རྣམ་པ་ནོར་བུའི་ཁ་དོག་མུ་ཏིག་གི་འབྲས་བུ་འདྲ་བའོ། །དེ་ནས་སྔགས་པས་བསྐུལ་བར་བྱ་སྟེ། མགོ་བོ་དང་སྤྱི་གཙུག་དང་རྒྱབ་དང་རྐེད་པའི་ཕྱོགས་དང་། ཕྱག་རྒྱའི་པདྨའི་རྩེ་མོ་ལའོ། །དེ་ནས་སྟེང་དང་འོག་ཏུ་
ཕྱོགས་པར་གནས་ནས་གསང་བའི་དོན་དུ་དེ་རྡོ་རྗེའི་ལྕེ་ཡིས་མྱང་བར་བྱས་ཏེ། ཇི་སྲིད་འོ་མ་ལྟུང་བ་དེ་སྲིད་དུའོ། །དེ་ལས་ལངས་ཏེ་ཟློག་པའི་དགའ་བས་སྔགས་པས་འདོད་པར་བྱའོ། །དེ་ནས་ལྷ་མོ་ཆེན་མོ་བདེ་བའོ་ཞེས་སྨྲ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
རྡོ་རྗེའི་རྣལ་འབྱོར་མ་དེ་ཐར་པའི་རྒྱུར་འདོད་པར་བགྱིའོ། །མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བསྟན་པའི་ཚིག་ནི་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པར་གསུངས་པ་ཡང་། བཅོམ་ལྡན་ཐར་པ་ཞེས་བྱ་བ། །དེ་ནི་ཅི་ལྟར་ཅི་ཞིག་ལགས། །བཅོམ་ལྡན་འདས་
ནི་ཆགས་པ་ཆེ། །དངོས་གྲུབ་ཐམས་ཅད་ཆགས་བྱེད་ཕྱིར། །དངོས་གྲུབ་ཐམས་ཅད་འགྱུར་མེད་བདེ། །བདེ་བ་ཆེན་པོ་ཞེས་པར་བཤད། །ཀ་ར་ཎ་འདི་རྣམས་ཀྱིས་དགའ་བ་བཞིའི་བདག་ཉིད་ཅན་བདེ་བ་ཆེན་པོ་རྣལ་འབྱོར་པ་རྣམས་ཀྱི་དེ་ཉིད་ལ་ཉེ་བར་མཚོན་པར་བྱའོ། །འདི་ཉིད་དུ་ཡང་གསུངས་པ།

དགའ་བས་བདེ་བ་ཅུང་ཟད་ཏེ། །མཆོག་ཏུ་དགའ་བ་དེ་བས་ལྷག །ཁྱད་དགའི་དགའ་བས་ཆགས་བྲལ་འགྱུར། །ལྷག་མ་ལྷན་ཅིག་སྐྱེས་དགའ་འོ། །དཔལ་པདྨའི་ཞབས་ཀྱིས་ཀྱང་། །གསང་བ་གྲུབ་པར་དགའ་བ་བཞིའི་བཤད་པར་གསུངས་པ་དེ་ཉིད་སྟོན་པར་བྱེད་དེ།
ཡང་དག་རིག་པ་སྐྱེད་བྱེད་མཆོག །ཐོག་མ་བར་མཐའ་དྲི་མ་མེད། །དང་པོའི་ལས་ཅན་སེམས་ཅན་རྣམས། །མཚོན་བྱ་ཡིད་ཆེས་བྱེད་པ་ཅན། །མཁའ་དབྱིངས་རྡོ་རྗེ་སྦྱོར་ལས་དང་། །རེག་པ་ལས་ཀྱང་རྨད་བྱུང་ཆེའི། །བདེ་བ་སྐྱེད་པར་བྱེད་པ་གང་། །དེ་ནི་མཆོག་དགའ་བྱེད་པའོ། །དེ་ཟད་པ་ལས་
ཁྱད་དགའི་དགའ། །ཁྱད་དགའི་མཐར་ཡང་གཞན་གང་ཞིག །བསྟན་དུ་མེད་པའི་རང་བཞིན་ཅན། །རང་ཉིད་ཅི་ཡང་སྐྱེ་བ་ནི། །དབང་པོ་ཀུན་གྱིས་རྣམ་པར་གྲོལ། །གཉིས་མེད་མཆོག་ཏུ་ཞི་བ་སྟེ། །ཁྱད་པར་བྱེད་པ་རང་བཞིན་མེད། །བྱང་ཆུབ་གོ་འཕང་མཆོག་དེའོ། །དཔལ་མཚན་ཡང་
དག་པར་བརྗོད་པར་གསུངས་པ་ཡང་། ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོའི་རྒྱ་མཚོ་ཀུན་ལས་རྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་སོ། །ཀུན་དུ་བཟང་པོ་མཆོག་ཅེས་བྱ། །ཁྱད་དགའི་མཐའ་རུ་རྣམ་པར་གནས། །སྒྲུབ་
པ་པོ་ཡི་བདེ་མཆོག་གོ། །གྲོལ་བའི་གནས་སུ་རབ་ཏུ་གྲགས། །དྲུག་གིས་ལེགས་པར་ཡང་དག་ཕྱེ། །དཔལ་འདུས་པར་གང་གསུངས་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཏེ། རང་བཞིན་མེད་པ་མཆོག་ཏུ་ངག །བྱང་ཆུབ་སེམས་ནི་བླ་ན་མེད། །རང་བཞིན་དག་པ་དེ་ཡི་ནི། །རྒྱས་
པར་བསྟན་པ་བདག་གིས་བཤད། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་གང་བཤད་པ། དེ་ནི་ནམ་མཁའི་དབྱིངས་ཀྱི་སྟེང་དུ་རིན་པོ་ཆེ་ལས་གྱུར་པ་རྣམ་པར་གནས་ཏེ། རྡོ་རྗེའི་བདེ་བའི་རང་བཞིན་སངས་རྒྱས་ཉིད་
ཀྱི་འབྲས་བུ་སྟེར་བར་བྱེད་པ་བླ་མའི་བརྒྱུད་རིམ་པས་རྣལ་འབྱོར་པས་ཤེས་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་ཡི་རང་བའི་ལེའུར་གསུངས་པ་ཡང་། ཆོས་རྣམས་ཐམས་ཅད་ནི་རྟོགས་པས་རྣམ་པར་བསྒྲུབས་པ་མ་སྐྱེས་པ་ངེས་པར་མ་སྐྱེས་པ། འོང་བ་

མེད་པ་འགྲོ་བ་མེད་པའོ། །འདི་ལ་ཆོས་འགའ་ཞིག་ཀྱང་སྐྱེས་པ་མེད་དོ། །ཆོས་འགའ་ཡང་སྐྱེ་བར་མི་འགྱུར་རོ། །ཆོས་ཅི་ཡང་མི་སྐྱེའོ། །ཆོས་ཅི་ཡང་འགགས་པ་ཡང་མ་ཡིན་ནོ། །ཆོས་ཅི་ཡང་འགག་པར་མི་འགྱུར་རོ། །ཆོས་ཅི་ཡང་མི་འགག་གོ། །ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་
རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་ཅན་གྱིས་དབང་བཞིའི་ཚིགས་སུ་བཅད་པ་བཀའ་སྩལ་པ། དཔལ་མཚན་ཡང་དག་པར་བརྗོད་པར་བཀའ་སྩལ་པ་ཡང་། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་
པུ་གཡུལ་སེལ་བ། །ཞེས་སོ། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །རྡོ་རྗེ་རབ་ཏུ་གནས་པར་གཟུང་། །ཞེས་པ་ལ་སོགས་པ་ལ། འདིའི་ངེས་པའི་དོན་ནི་དཔལ་དོན་དམ་པའི་བསྙེན་པར་གསུངས་པ་ཡང་། ཤེས་རབ་ལག་ཏུ་རྡོ་རྗེ་འདི་ཅིའི་དོན། །ཐབས་ཀྱི་ལག་ཏུ་རྡོ་རྗེ་དྲིལ་བུ་ཡང་། །བདུད་རྣམས་ཟད་
དོན་བདེ་བ་སྟོན་པའི་དོན། །རྒྱུ་མཚན་ཅན་གྱི་ཚུལ་ཁྲིམས་འཛིན་པའམ་མིན། །ཞེས་སོ། །དཔལ་གདན་བཞི་པར་གསུངས་པ་ཡང་། སློབ་དཔོན་གྱི་ནི་ལམ་གྱིས་ནི། །མཁས་པ་རྣམས་ཀྱིས་བསྟན་པར་བྱ། །རྡོ་རྗེ་བདག་ཉིད་ཅེས་བསྐྱེད་ནས། །དྲིལ་བུ་ཤེས་རབ་ཅེས་སྤྲུལ་ཏེ། མཉམ་པར་ལྟ་བ་གནས་
བྱས་ཏེ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །རྡོ་རྗེའི་རྩེ་མོར་ཤེས་ས་བོན། །བདག་ཉིད་ལྷ་རྣམས་ཚིམ་པ་ཉིད། །རྡོ་རྗེ་དྲིལ་བུ་རང་ལུས་ཀྱི། །ཕྱག་རྒྱ་ཁ་སྦྱོར་སྦྱར་བར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཞིའང་། །དེ་ཁོ་ན་ཉིད་ལས་གཟུང་བྱ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གསོར། །དྲིལ་བུའང་རང་གི་འདོད་
པས་དཀྲོལ། །གཉིས་ཀྱི་ལུས་ནི་དགའ་བྱས་ནས། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱས། །རྣལ་འབྱོར་པ་ལ་དེ་ཉིད་མེད། །གླང་ཆེན་དྲིལ་བུ་དཀྲོལ་དང་མཚུངས། །རྣལ་འབྱོར་དེ་ཉིད་ཀྱིས་དམན་ལ། །དངོས་གྲུབ་རིང་བར་མཚོན་པར་བྱ། །ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་
འདི་ཐམས་ཅད་གོ་སླའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་བ། །གསང་བའི་དབང་བསྐུར་ཆེན་པོ་ཡིས། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་པ་དང་། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་

ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་བ་བྱས་ནས་མཆོད་པ་གྱིས། །ཞེས་པ་ལ་འདིར་བརྗོད་པར་བྱ་སྟེ། དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། དབུས་སུ་སྲོག་ནི་རབ་ཏུ་ཞུགས་པ་སྣ་ཚོགས་ཡུམ་ལ་ཡུལ་དང་རྣམ་བྲལ་འཁྱུད་པ་སྟེ། །པདྨར་ཞུགས་
པ་རང་གི་རྡོ་རྗེ་སྤྲོ་བའང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་ཞུགས་པ། །བདེ་བ་ས་བོན་མ་ལྷུང་བ་ལ་རབ་དགའི་དགར་གནས་རྣལ་འབྱོར་པ་ཡི་རྣལ་འབྱོར་འདི། །ཕྱག་རྒྱའི་དངོས་གྲུབ་དོན་རྒྱུར་ཁྱབ་བདག་གི་ནི་དཔལ་ལྡན་གསང་བ་ལས་ཀྱང་གསང་བའོ། །ཞེས་སོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །
རྡོ་རྗེ་སྙིང་པོ་ནམ་མཁའ་མཚུངས། །རྡུལ་བྲལ་མཐར་སྦྱིན་ཞི་བ་སྟེ། །ཁྱོད་ཀྱི་ཕ་ཡང་ཁྱོད་རང་ཡིན། །ཞེས་པ་ལ་སོགས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པའི་ང་རྒྱལ་གྱི་ལེའུར་གསུངས་པ་ཡང་། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བཞིན་པའི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་རྣམས་ཐམས་ཅད་ལ་གང་མི་འགོང་ཞིང་མི་ཞུམ་པ་འདི་ཉིད་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །ཆུ་དང་ཅོད་པན་དང་རྡོ་རྗེ་དང་། བདག་པོ་དང་མིང་གི་དབང་བསྐུར་རྣམས་ལ་ཚིགས་
སུ་བཅད་པ་རྒྱུད་གཞན་དུ་གསུངས་པ་དང་། དབང་བསྐུར་ལ་གསོལ་བ་འདེབས་པའི་དོན་ནི་བལྟ་བར་བྱའོ་ཞེས་པའོ། །དཔལ་པཊྚི་ཀེ་ར་ཀ་ར་གནས་པའི་དཔལ་གསེར་གྱི་མཆོད་རྟེན་གྱི་གཙུག་ལག་ཁང་ཆེན་པོར་གནས་པ། ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་པ། དགེ་སློང་དམ་པ་དུལ་བའི་
དཔལ་བཤེས་གཉེན་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ཅན་དཔལ་ཁ་ཆེ་ཆེན་པོ་ཤཱཀྱའི་དགེ་སློང་སྙན་གྲགས་བཟང་པོ་བླ་མ་དམ་པ་བརྒྱུད་པའི་མན་ངག་ཐོབ་ཅིང་རྙེད་པས་ཇི་སྐད་བཤད་པའི་གསང་བའི་ལུང་སྣ་ཚོགས་ཀྱེའི་རྡོ་རྗེའི་ཚིག་རྣམས་བསྡུས་ནས། སྐྱེ་བོ་དམ་པའི་ཡིད་
ཀྱི་མཚོར་ངང་པའི་མཆོག་ལྟ་བུར་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་གསང་བའི་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་གསལ་པོར་རབ་ཏུ་གསལ་བར་བྱེད་པའི་དཀའ་འགྲེལ་འདི་བྱས་སོ། །འདིར་ཚིགས་སུ་བཅད་པ་དག་ཏུ་ཡང་འགྱུར་ཏེ། རྡོ་རྗེ་སློབ་དཔོན་བཀའ་དྲིན་དང་། །རྣལ་འབྱོར་མ་རྣམས་མཉེས་བྱེད་པས། །

མན་ངག་ཐོབ་པ་ཁོ་ནས་འདིར། །ཀྱེ་ཡི་རྡོ་རྗེའི་དཀའ་འགྲེལ་བྱས། །དཀའ་འགྲེལ་དེ་ཉིད་བྱས་ནས་ནི། །བདག་གིས་བསོད་ནམས་གང་བསགས་དེས། །བདེ་བ་ཅན་དུ་སེམས་ཅན་རྣམས། །ཇི་ལྟར་འདོད་བཞིན་གནས་གྱུར་ཅིག །དཔལ་ལྡན་བྷཾ་གའི་སའི་བདག་པོ་དཔལ་ལྡན་འཕྲོག་བྱེད་ཚངས་པའི་
ལྷའི་རྒྱལ་སྲིད་རབ་ཏུ་འཕེལ་ཞིང་རྣམ་པར་རྒྱལ་བ་ལ། ལོ་བཅོ་བརྒྱད་པ་ལ་དབོ་ཅན་གྱི་ཟླ་བའི་ཚེས་བདུན་ལ་དཀའ་འགྲེལ་འདི་གྲུབ་པའོ། །ལེའུ་བཅུ་གཉིས་ཀྱི་བདག་ཉིད་ཅན་འདི་སྟེ། །བརྟག་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྒྱུད་དཔལ་ཀྱེའི་རྡོ་རྗེ་ཞེས་བྱའོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་
པོས་རྟོགས་པ་གནས་བརྟན་དུལ་བའི་དཔལ་བཤེས་གཉེན་གྱིས་གསོལ་བ་བཏབ་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྟག་པ་གཉིས་པ་ལེའུ་བཅུ་གཉིས་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོས་དཔལ་
བཀྲ་ཤིས་གསེར་སྡིངས་ཀྱི་གཙུག་ལག་ཁང་དུ་ལེགས་པར་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།སླར་ཡང་དཔལ་ལྡན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ལེགས་བཤད་ལ་སོགས་པའི་མཐུ་ལས། བརྡ་སྤྲོད་པའི་ཚུལ་རིག་པའི་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་བྱང་ཆུབ་སེམས་དཔའི་འགྲེལ་
པ་སྐོར་གསུམ་ཀྱི་ཚུལ་ལ་ཤིན་ཏུ་དད་ཅིང་བློའི་སྣང་བ་རྒྱས་པའི་དགེ་བའི་བཤེས་གཉེན་ར་ལུང་པ་ཆོས་གྲགས་དཔལ་བཟང་པོས། སློབ་དཔོན་ཞི་བ་འཚོའི་ཞབས་དཔོན་སློབ་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་ཆེན་པོ་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱི་གླེགས་བམ་བྲིས་ཏེ་ཡོན་དུ་གནང་ནས། ཡང་
ཡང་དུ་བསྐུལ་བའི་ངོར་ལེགས་པར་བཅོས་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ་དྭི་ཀལྤ་མཱ་ཡཱ་སྱ་པཉྩི་ཀ་སྨྲྀ་ཏི་ནི་པ་ད་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་
གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སློབ་དཔོན་བླ་ཆེན་དང་། །ཧེ་རུ་ཀ་དཔལ་མགོན་བཏུད་དེ། །དགྱེས་པའི་རྡོ་རྗེའི་ཚིག་གསལ་བྱེད། །ཅུང་ཟད་ཙམ་འདི་དྲན་ཕྱིར་བྲི། །དང་པོར་རེ་ཞིག་རྟོག་པ་དང་ལྡན་པ་རྣམས་

གཞུག་པའི་ཕྱིར་བརྗོད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་པར་བྱ་སྟེ། དེ་ལ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ཚོགས་ནི་བརྗོད་པའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དང་
བདག་མེད་མ་ལ་སོགས་པ་ནི་བརྗོད་པར་བྱ་བའོ། །དེ་དག་བརྗོད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་དུ་གནས་པ་ནི་འབྲེལ་བའོ། །དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བས། སྒྲིབ་པ་ཐམས་ཅད་ཡང་དག་པར་བཅོམ་ནས་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་གསུམ་ལྷུན་གྱིས་
རྫོགས་པ་ནི་དགོས་པའོ། །འཁོར་བ་ན་གནས་པའི་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་ཀྱི་ཇི་ལྟར་འདོད་པ་བཞིན་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ཕུན་སུམ་ཚོགས་པར་མཛད་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ཡང་། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུའི་
གཙོ་བོ་དམ་པ་བཞེད། །གཞན་དུ་སངས་རྒྱས་ལ་སོགས་མིན། །དེ་ཕྱིར་དེ་ནི་དེ་འབྲས་བརྗོད། །ཅེས་གསུངས་སོ། །དང་པོར་ཡང་དག་པར་སྡུད་པར་བྱེད་པས་གང་ཞིག་གང་གི་ཚེ། གང་དུ། གང་ལས། གང་དང་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་རྣམ་པ་ལྔ་བསྟན་པར་བྱ་བའི་ཕྱིར་འདི་སྐད་ཅེས་བྱ་བ་ལ་སོགས་
པ་སྨོས་ཏེ། འདི་སྐད་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་རྒྱུད་ཀྱི་དོན་ཐམས་ཅད་ཀྱི་རང་བཞིན་ཏེ་ཐོས་པ་ཞེས་བྱ་བ་དང་འབྲེལ་ཏོ། །བདག་གིས་ཞེས་བྱ་བ་ནི་གཞན་དང་གཞན་ལས་མ་ཡིན་པའོ། །ཐོས་པ་ཞེས་བྱ་བ་ནི་ཉན་པའི་རྣམ་པར་ཤེས་པས་གཟུང་བ་ཡིན་གྱི་མངོན་སུམ་དུ་བྱས་པ་མ་ཡིན་པའོ། །
དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ན་འདི་ཐོས་ལ་གཞན་དུ་ནི་གཞན་དག་ཐོས་པ་སྟེ། དེས་ནི་ཡང་དག་པར་སྡུད་པར་བྱེད་པ་ཐོས་པ་མང་པར་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ནོ། །གང་དུ་ཐོས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་སྟེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དཔག་ཏུ་མེད་པར་བསྟན་པའི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །

རྡོ་རྗེ་བཙུན་མོ་ཞེས་བྱ་བ་ནི་རྣལ་འབྱོར་རྣམས་ཏེ། དེ་རྣམས་ཀྱི་བྷ་ག་ནི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཁང་བུ་བརྩེགས་པའོ། །གང་ལས་ཐོས་ཤེ་ན་བཅོམ་ལྡན་འདས་དེ་ཉིད་ལས་ཏེ་ཆོས་ཐམས་ཅད་རང་བཞིན་གཅིག་པའི་རྡོ་རྗེ་ཅན་ལས་སོ། །གང་དང་ཞེ་ན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་
པ་ཐམས་ཅད་དང་། སྐུ་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བདག་མེད་མ་ལ་སོགས་པའི་རྣལ་འབྱོར་བ་རྣམས་དང་ལྷན་ཅིག་ཏུའོ། །འདི་ནི་འཐད་པ་མ་ཡིན་ནོ། །ཇི་ལྟར་འཐད་པ་མ་ཡིན། །དང་པོའི་ངག་ཇི་སྙེད་པ་འདི་དག་ནི་རྫོགས་པའི་སངས་རྒྱས་ཀྱིས་མངོན་དུ་བྱས་
པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འཆད་པ་པོ་ང་ཞེས་བྱ་བ་ལ་སོགས་པའི་ཚིག་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་པར་བསྟན་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ནི་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། མྱ་ངན་ལས་འདས་སོ་ཞེ་ན། མ་ཡིན་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱིས་ན་བཅོམ་ལྡན་
འདས་ནི་རྟག་ཏུ་འབྱུང་བ་སྟེ། སྐལ་བ་ཇི་ལྟ་བ་བཞིན་གཟུགས་སྣ་ཚོགས་དང་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པས་ན་ཐམས་ཅད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རུང་བ་མ་ཡིན་ནོ། །དེ་ཡང་། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། ཞེས་གསུངས་པ་ཡིན་ཏེ། འགའ་ཞིག་
སྡུད་པ་པོར་བསྟན་པ་ཡིན་ནོ། །དགོངས་པ་འདིའི་དབང་གིས་ན་བཞུགས་སོ་ཞེས་གསུངས་ཏེ། གདུལ་བྱའི་བསམ་པ་རྣམ་པ་སྣ་ཚོགས་པའི་བྱེ་བྲག་གིས་སྤྱོད་ལམ་བཞི་དང་ལྡན་པར་བཞུགས་པའོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ་བཞུགས་སོ། །ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་
ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་དང་ལྡན་པར་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་འདུལ་དབང་གིས་བཙུན་མོར་མཛད་པ་སྟེ། དེ་རྣམས་ཀྱི་བྷ་ག་ནི་བླ་མའི་ཡང་
བླ་མའི་ཆོས་བསྟན་པ་དང་། རྗེས་སུ་མཐུན་པའི་ཁང་བུ་བརྩེགས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྦྱར་རོ། །འདི་ལ་བཅོམ་པ་ཡང་ཡིན་ལྡན་པ་ཡང་ཡིན་པས་ན་བཅོམ་ལྡན་འདས་ཏེ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་

འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དག་ནི་བཅོམ་པར་ཐོབ། །ཅེས་པའོ། །ཡང་ནི་འཇོམས་པས་ན་བཅོམ་པ་སྟེ་བདུད་རྣམ་པ་བཞིའི་དགྲ་བཅོམ་པའི་ཕྱིར་རོ། །ཇི་སྐད་དུ། ཉོན་མོངས་ཤེས་རབ་ཀྱིས་སྤོང་བ། །དེ་ཕྱིར་ཤེས་རབ་བཅོམ་པར་བརྗོད། །ཅེས་པའོ། །
བཅོམ་ལྡན་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། འདི་སྐད་བདག་གིས་ཞེས་བྱ་བ་ཚངས་པའི་གནས་པ་བཞི་ལས་ཐོབ་པ་ཞེས་པ་རྫོགས་པ་སྟེ། གྲགས་པ་ལ་བརྟེན་ནས་མ་ནིང་གི་རྟགས་སུ་བསྟན་པ་ཡིན་ནོ། །དེ་སྐད་དུ། སྒྲིབ་པ་གཉིས་ནི་དེས་བཅོམ་པས། །རྣམ་པ་བཞི་པ་ཚངས་པའི་གནས། །སྐད་ཅིག་
གཅིག་གི་དུས་སུ་ནི། །བཅོམ་ལྡན་འདས་ཀྱིས་མངོན་དུ་མཛད། །ཅེས་གསུངས་པ་སྟེ་ཚད་མེད་པའི་རང་བཞིན་འདི་རྣམས་ཀྱིས་རྒྱུད་ཐམས་ཅད་ལ་ལྷག་པར་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཀུན་དུ་ཆུབ་པ་མངོན་སུམ་དུ་མཛད་པའི་ཞེས་འདིར་གཞན་དག་ཟེར་རོ། །ཡང་འདི་
སྐད་ཅེས་བྱ་བ་ནི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྟོན་པ་དཔེ་བྱད་བརྒྱད་ཅུ་མངའ་བའི་གཙོ་བོའོ། །བདག་གིས་ཞེས་བྱ་བ་ནི་འདོད་ཆགས་ཀྱི་སེམས་ཀྱིས་སོ། །ཐོས་པ་ནི་བསྟན་པའོ། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་ནའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་
ཀྱི་སེམས་ཀུནྡ་ལྟ་བུར་སྣང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་འདི་རྣམས་ཏེ། དེ་རྣམས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཚུལ་དེས་རྡོ་རྗེ་ཡིན་པ་ཡང་དེ་ཉིད་འདོད་ཆགས་ཆེན་པོས་འདུལ་བ་རྣམས་ཀྱི་དབང་གིས་བཙུན་མོའོ། །དེའི་བྷ་ག་ནི་ཨེའི་རྣམ་པ་ཅན་དེ་
ཁང་བུ་བརྩེགས་པ་དེར་གནས་པའོ། །བཞུགས་སོ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོས་འདུལ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་གནས་པར་མཛད་པའོ། །དེ་ཡང་གསུངས་པ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །དཔེ་བྱད་བརྒྱད་ཅུ་མངའ་བའི་གཙོ། །བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བའི་རྣམ་
པས་ཡང་དག་གནས། །དེ་མ་རྟོགས་པར་བདེ་ཡོད་མིན། །བདེ་སྤངས་དངོས་མེད་པར་དེ་མིན། །ཞེས་གཞན་དག་ཟེར་རོ། །ཡང་འདི་སྐད་ཅེས་བྱ་བ་ནི་ཆོས་ཀྱི་སྐུའོ། །བདག་གིས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐོས་པ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །དུས་གཅིག་ན་ཞེས་བྱ་བ་ནི་

ལྷན་ཅིག་སྐྱེས་པའི་འབྱུང་བ་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐུ་གསུམ་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཞུགས་སོ་ཞེས་བྱ་བ་ནི་གནས་པ་དང་ལྡན་པའོ། །དེ་ཡང་གསུངས་པ། རྡོ་རྗེ་བཙུན་མོ་དམ་པ་
ཡི། །བྷ་ག་ཨེ་ཡི་རང་བཞིན་ཅན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་དུ་དེ་བཞུགས་སོ། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་བྱའོ། །འཆང་པ་པོ་ང་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུས་སོ། །ཆོས་ཀྱང་ང་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ཚུལ་གྱིས་རྟོགས་པར་བྱ་བའི་ཆོས་
ཀྱི་རང་བཞིན་ནོ། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་བྱ་བ་ནི་སྤྲུལ་པའི་སྐུས་སོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཆོས་ཀྱི་འབྱུང་གནས་ཀྱི་ཁང་བུ་བརྩེགས་པའི་བདག་ཉིད་ལ་བཅོམ་ལྡན་འདས་སྐུ་གསུམ་གྱི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་མ་
རྣམས་ཀྱི་སེམས་ལ་ཀུན་དུ་འཁོར་བ་ཇི་སྲིད་པར་དེའི་བདག་ཉིད་ཀྱིས་གནས་པ་དང་ལྡན་པ་སྟེ། གང་རྒྱུར་གྱུར་པའི་བདག་པོ་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུའོ། །དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གང་ཡང་ཚུལ་སྣ་ཚོགས་ཀྱིས་
ཕྱོགས་བཅུར་འགྲོ་བའི་དོན་བྱེད་པ་དེ་རྣམས་ནི་སྤྲུལ་པའི་སྐུའི་རང་བཞིན་ནོ། །དེ་ཡང་གསུངས་པ། རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་རྣམས། །ཞེས་བྱ་བ་ལ་འདིའི་དོན་ནི་རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །དེ་བཞིན་དུ་སངས་རྒྱས་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །
མ་མོ་རྣམས་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ་ཞེས་བྱ་བ་སྟེ། འདི་སྐད་ཅེས་བྱ་བ་ལ་སོགས་པའི་ཚིག་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་གི་རིམ་པར་བཤད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འོ་ན་མ་ཞུས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་
བའི་ཉེ་བར་དགོང་པ་ཅིའི་ཕྱིར་མཛད་ཟེར་བ་དེ་ལ་གཞན་དག་ན་རེ་དགྱེས་པའི་རྡོ་རྗེ་བརྟག་པ་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་བརྟག་པ་གཉིས་པ་འདི་བྱུང་བའི་ཕྱིར་ཏེ། དེར་དང་པོ་འཁོར་གྱིས་ཞུས་པ་ལ་སོགས་པ་གསུངས་པས་ན། འདི་ཐམས་ཅད་ལེགས་པར་གནས་པའོ། །ཞེས་ཟེར་ན་དེ་དག་ནི་འཐད་པ་མ་

ཡིན་ཏེ། འདི་སྐད་ཅེས་བྱ་བ་ལ་སོགས་པ་དང་པོའི་ཚིག་གི་བདག་ཉིད་ཀྱིས་བཤད་པའི་ཕྱིར་དང་། མཁའ་འགྲོ་མ་རྡོ་རྗེ་དྲ་བ་ལས་ཀྱང་། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་དང་པོའི་རྟག་པའི་བདག་ཉིད་དུ་བསྟན་པའི་ཕྱིར་རོ། །ཡང་བཅོམ་ལྡན་འདས་ནི་སྔགས་ཀྱི་སྐུས་རྟག་
ཏུ་འབད་པ་མེད་པར་གཞན་གྱི་དོན་ལ་འཇུག་པ་སྟེ། དེས་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་བདག་ཉིད་ཀྱི་སྐལ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པར་མཛད་པ་ཡིན་ན་ཞུ་བ་པོ་ལ་སོགས་པ་རྣམས་ཀྱིས་འདིར་ཅི་ཞིག་བྱ། ཡང་གསུངས་པ། ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །ང་ཡིས་གསང་བྱས་དེ་ཉིད་གང་། །སངས་
རྒྱས་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །འདོད་པ་བཤད་པར་བྱ་ཡིས་ཉོན། །ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ནམ་མཁའ་དང་མཉམ་པར་བཤད་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་
དང་ཐུགས་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པས་ན་སྙིང་པོའོ། །ཇི་ལྟ་བུ་ཞིག་ཅེ་ན། རྗེ་བཙུན་ཏེ་གུས་པ་རྣམས་སྒྲོལ་བའི་ཕྱིར་རོ། །གསང་བ་ལས་ཀྱང་མཆོག་ཏུ་གསང་བ་ཞེས་བྱ་བ་ལ་གསང་བ་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ལ་ཡང་ཤིན་ཏུའང་སྦས་པའི་ཕྱིར་རོ། །དེ་ལས་ཀྱང་མཆོག་
ཏུ་གསང་བར་གྱུར་པ་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་དཔལ་ཧེ་རུ་ཀའི་བདག་ཉིད་དེ། གཞན་གྱི་དོན་གྱི་ཐབས་ཉིད་ཀྱི་ཕྱིར་སྙིང་པོ་ཞེས་བྱའོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་མི་དམིགས་པའི་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་ཏེ། དེ་ཉོན་ཅིག་པའོ། །སུ་ཞེ་ན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའོ། །ཚིག་
འདི་དག་ཞུ་བ་སྔོན་དུ་སོང་བས་བཤད་པ་ཡིན་ཏེ། མི་ཕྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་སེམས་སོ། །སྲིད་གསུམ་གཅིག་གྱུར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་ཀྱིས་སོ། །ཤེས་རབ་ཅེས་བྱ་བ་ནི་ཕྱག་རྒྱའོ། །རིགས་པ་ཞེས་བྱ་བར་སྦྱར་ཏེ་སྙོམས་པར་འཇུག་པ་ཞེས་བྱ་བའི་བར་དུའོ། །འདི་
ཞེས་བྱ་བ་ནི་བློ་ལ་གནས་པས་སོ། །ཡང་ན་འདིས་ཞེས་བྱ་བ་ནི་མི་དམིགས་པའོ། །ཤེས་རབ་རིགས་པའི་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་ཀྱིས་སོ། །དེས་ནི་ཆོས་ཀྱི་སྐུ་བསྟན་པར་འགྱུར་རོ། །ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །

བསོད་ནམས་དང་ཡེ་ཤེས་མཐར་ཕྱིན་པ་དང་ལྡན་པའི་རྒྱུད་ཀྱི་མཐར་ཐུག་པ་རྣམས་ཀྱིས་མངོན་པར་བྱང་ཆུབ་པ་མ་ཐོབ་པ་རྣམས་མྱུར་དུ་མངོན་པར་བྱང་ཆུབ་པ་རྫོགས་པར་བྱེད་པའི་ཕྱིར་ཆེན་པོ་སྟེ། དེའི་རོ་ནི་བླ་ན་མེད་པའི་བདེ་བ་ཆེན་པོ་ཡིན་ལ་དེས་གང་བའོ། །དེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏོ། །རྟག་ཏུ་
ཞེས་བྱ་བ་ལ་སོགས་པ་ལ་རྟག་ཏུ་ནི་དུས་ཐམས་ཅད་དུའོ། །དམ་ཚིག་ནི་གདུལ་བྱ་རྣམས་སོ། །དེ་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཅིག་ཅར་རྫོགས་པར་མཛད་པའི་ཕྱིར་འཇུག་པ་སྟེ་སྤྲུལ་པའི་སྐུ་མདོར་བསྡུས་ནས་བསྟན་པའོ། །དགྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་རྗེ་ནི་ཀཱ་རུ་ཎ་
སྟེ། དེ་ལ་ཀཱ་ནི་བདེ་བའོ། །རུ་ནི་འཛིན་པའོ། །མཁའ་དང་འགྲོ་བ་དང་སྐྱེ་གནས་ཀྱི་རྣམ་པ་ཐ་དད་པ་མ་ལུས་པ་རྣམས་སམ། ཡང་མཛའ་བཤེས་དང་དགྲ་དང་བར་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་མི་དམིགས་ཤིང་ལན་དུ་ཕན་འདོགས་པའི་རེ་བ་མེད་པར་མཉམ་པར་འཇུག་པས་བདག་ཉིད་
ཆེ་བའི་ཕྱིར་འདི་ནི་ཆེན་པོའོ། །ཤེས་རབ་ཅེས་བྱ་བ་ནི་ཀུན་དུ་ཕྱིན་ཅི་མ་ལོག་པའི་བདག་ཉིད་ཅན་ནོ། །དེ་སྟོན་པར་བྱེད་པ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་འབྱུང་བ་ལྟ་བུའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་
ཅན་ནི་རྒྱུད་དོ། །ལྟ་སྟངས་ཞེས་བྱ་བ་ལ་སོགས་པ་ལ། །ལྟ་སྟངས་ནི་ལྟུང་བ་ལ་སོགས་པའོ། །དགུག་པ་ནི་དྲང་བའོ། །བརྡ་ཆེན་པོ་ནི་རྣལ་འབྱོར་མ་རྣམས་ཀྱིས་ལུས་དང་ངག་གི་ཐ་སྙད་དུ་བྱས་པའོ། །མཐུ་ནི་ནུས་པའོ། །གཞན་དག་ནི་གོ་སླ་བ་ཁོ་ནའོ། །རྣལ་འབྱོར་མའི་ཞེས་བྱ་བ་ལ་སོགས་པ་ལ་ཇི་
ལྟར་ཚུལ་ཞེས་བྱ་བ་ནི་ཇི་ལྟ་བའི་ཆོ་གའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་སྔོན་དུ་འགྲོ་བའི་ས་བོན་ཡོངས་སུ་གྱུར་པའི་ས་བོན་ནི་བསྐྱེད་པའི་རྒྱུ་ཡིན་ལ། དེའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་སྙིང་རྗེ་སྤྲོ་བར་བྱེད་པའི་ས་བོན་སྙིང་གར་གནས་པ་ནི་གནས་པའི་རྒྱུའོ། །
ཡང་མཐུ་ཞེས་བྱ་བ་ནི་རྫུ་འཕྲུལ་ལོ། །ཡེ་ཤེས་ནི་དེ་ཁོ་ན་ཉིད་དོ། རྣམ་པར་ཤེས་པ་ནི་རྡོ་རྗེ་གཙུག་ལག་ལ་སོགས་པའོ། །ལྷ་རྣམས་ཞེས་བྱ་བ་ནི་ཧེ་རུ་ཀའི་གཟུགས་སོ། །ཇི་ལྟར་འབྱུང་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་བསྐྱེད་པར་བྱ་བའོ། །དང་པོར་ཞེས་བྱ་བ་ལ་སོགས་པ་ལ་གཅིག་ཅེས་བྱ་བ་

ནི་རྡོ་རྗེ་སེམས་དཔའི་གཟུགས་ཏེ་ཐོག་མར་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་ཅན་ནོ། །ཧེ་རུ་ཀའི་བསྐྱེད་པའི་རྒྱུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་རྣལ་འབྱོར་མ་རྣམས་ཀྱི་རྒྱུད་བྱེད་པ་ཡང་ཡིན་ནོ། །དངོས་པོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་ཐ་མལ་པའི་མི་མཐུན་པའི་ཕྱོགས་སུ་
གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་གདུལ་བའི་སྐྱེ་བོ་རྣམས་ཀྱིས་མངོན་པར་དད་པའི་སྐུ་དཔལ་ཧེ་རུ་ཀའི་གཟུགས་ནི་དངོས་པོ་སྟེ་དེས་གྲོལ་བར་འགྱུར་བའོ། །དངོས་པོའི་འཆིང་བས་བཅིངས་པའོ། །ཞེས་བྱ་བ་ལ་དངོས་པོ་ནི་ཕུང་པོ་ལ་སོགས་པ་ཕྱིན་ཅི་ལོག་པ་རྣམས་སོ། །དེ་ཉིད་འཆིང་བ་སྟེ་དེས་བཅིངས་
པའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་ཤེས་ན་གྲོལ་བར་འགྱུར་ཞེས་བྱ་བ་ལ། དེ་སྟེ་དངོས་པོ་ཡོངས་སུ་ཤེས་པ་སྟེ་གཟུང་བ་དང་། འཛིན་པ་ལས་ཡང་དག་པར་གྲོལ་བར་འགྱུར་ཏེ། ཕྱིར་དངོས་པོས་འཆིང་བ་ཡིན་ཞེ་ན་གང་གི་ཕྱིར་འཁོར་བའི་དངོས་པོ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་རོ། །
དེ་བས་ན་དངོས་པོ་བསྒོམ་པར་བྱ་ཞེས་བྱ་བ་ལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ལྷ་རྣམས་ནི་དངོས་པོའོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་རྣམ་པར་གོམས་པར་བྱ་བའོ། །དངོས་པོ་མེད་པའང་ཡོངས་སུ་ཞེས་བྱ་བ་ལ་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ནི་དངོས་པོ་མེད་པ་སྟེ། གཉིས་པོ་མེད་པའི་རང་བཞིན་
ཡིན་པའི་ཕྱིར་རོ། །འདི་ཉིད་ནི་རང་གི་རིག་པའི་ཚུལ་གྱིས་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཧེ་རུ་ཀ་ཞེས་བྱ་བ་ལ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་རང་གི་ལུས་དང་ངག་དང་སེམས་གཉིས་སུ་མེད་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དངོས་མེད་པ་ནི་ཡོངས་ཤེས་སོ། །ཞེས་བྱ་བ་
ལ་དངོས་པོ་ཉིད་རྣམ་པར་མི་རྟོག་པར་བསྒོམས་པས་དངོས་པོ་མེད་པར་གསུངས་སོ། །དེ་ཡང་གསུངས་པ། ཁ་དོག་དངོས་པོར་ལྷུང་འགྱུར་ཏེ། །དངོས་མེད་པས་ཀྱང་དེ་བཞིན་ནོ། །དངོས་པོ་ཤེས་ནས་ཡོངས་གྲོལ་ཏེ། །དངོས་མེད་པས་ཀྱང་དེ་བཞིན་ནོ། །ཞེས་བྱ་བའོ། །ལུས་ལ་གནས་པ་ཞེས་བྱ་
བ་ལ་སོགས་པ་ལ། ལུས་ལ་གནས་པ་ནི་དམིགས་པ་དང་བཅས་པ་སྟེ་དེ་བཞིན་གཤེགས་པའི་དབུགས་དབྱུང་བར་གྱུར་པའོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་མི་དམིགས་པ་སྟེ། རྡོ་རྗེ་འཛིན་པ་ཆེན་པོས་དབུགས་དབྱུང་བའི་རང་བཞིན་ནོ། །རྣམ་རྟོག་ཐམས་ཅད་སྤངས་པ་སྟེ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་

ཏིང་ངེ་འཛིན་གྱི་ཚུལ་གྱིས་སོ། །དངོས་པོ་ཐམས་ཅད་ཁྱབ་པའི་བདག །ཅེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པའི་ཚུལ་གྱིས་སོ། །ལུས་གནས་ཀྱང་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ལ་གནས་ཀྱང་ངོ་། །ལུས་ཀྱིས་མི་སྐྱེད་ཅེས་བྱ་བ་ནི་དེ་ལས་ལྷག་པར་གྱུར་པ་
གཞན་མེད་པའི་ཕྱིར་རོ། །ཡང་ན་ལུས་ལ་གནས་ཞེས་བྱ་བ་ནི་རྒྱ་ཆེ་བའི་རང་བཞིན་ཏེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་དོ། །ཡེ་ཤེས་ཆེ་ཞེས་བྱ་བ་ནི་མི་དམིགས་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །རྣམ་རྟོག་ཐམས་ཅད་སྤངས་པ་སྟེ། ཞེས་བྱ་བ་ནི་རྣམ་པར་རྟོག་པའི་
རང་བཞིན་མ་ལུས་པར་ནུབ་པས་སོ། །དངོས་པོ་ཐམས་ཅད་ཁྱབ་པའི་བདག །ཅེས་བྱ་བ་ནི་ཐོགས་པ་མེད་ཅིང་མི་མཉམ་པ་དང་། མཉམ་པར་གྱུར་པ་ཉིད་ཀྱིས་ནམ་མཁའ་ལྟ་བུ་སྟེ་ཆོས་ཐམས་ཅད་ལ་ཁྱབ་ཅིང་མཆོག་ཏུ་ཟབ་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུའོ། །ལུས་གནས་ཀྱང་ཞེས་བྱ་བ་ནི་ལུས་ཀྱི་
རྣམ་པར་སྣང་ཡང་ངོ་། །ལུས་ཀྱིས་མི་སྐྱེད་ཅེས་བྱ་བ་ནི་ལུས་སུ་གྲུབ་པ་མེད་པ་སྟེ། སྟོན་པ་ནི་གདུལ་བྱ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་དེ་དང་དེའི་གཟུགས་སུ་སྣང་ཡང་དེ་དེ་བཞིན་དུ་མ་ཡིན་ནོ། །མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་པོ་དབྱེར་མེད་ཕྱིར། །མི་ཕྱེད་མ་ཞེས་དེ་རབ་གྲགས། །
སྐྲ་རྩེ་ལ་སོགས་དབྱེ་བ་ཡིས། །དེ་ནི་ཕྲ་བར་རབ་ཏུ་བཤད། །བེམས་པོས་བཅིངས་པ་ཉིད་ཀྱི་ཕྱིར། །དེ་ཉིད་གཟུགས་མར་ཡང་དག་བསྟན། །གང་ཕྱིར་ལུས་ལས་བྱུང་བས་ན། །དེ་ནི་བཟང་མོར་རབ་ཏུ་བསྟན། །གཡོན་གྱིས་གང་ཞིག་འཁོར་བ་ནི། །གཡོན་པ་མ་ཞེས་བརྗོད་པ་ཡིན། །ལྷ་མོ་གང་
ཞིག་རྟག་དུ་ཟླུམ། །གཡོ་ལྡན་མ་ཞེས་དེ་རབ་བརྗོད། །གང་ཞིག་རུས་སྦལ་རྣམ་པ་ལྟར། །སྐྱེས་པ་རུས་སྦལ་སྐྱེ་བར་གསུངས། །དངོས་ལ་དངོས་པོ་གང་གནས་པ། །དེ་འདིར་དངོས་པོ་མི་བརྗོད་དོ། །གང་ཕྱིར་ཀུན་དུ་འཁྲུ་བས་ན། །མཁས་པས་དབང་བསྐུར་མ་ཞེས་བསྒྲགས། །ཉོན་མོངས་སུན་
འབྱིན་བྱེད་པའི་ཕྱིར། །ཉེས་པ་མ་ཞེས་རབ་ཏུ་བསྟན། །གང་ཞིག་ལུས་ལ་འདེབས་བྱེད་པ། །ངེས་དེ་འདེབས་མར་རབ་ཏུ་གསུངས། །མ་དང་རྗེས་སུ་མཐུན་པའི་ཕྱིར། །རྟག་ཏུ་མ་མོ་ཞེས་བྱར་བཞེད། །གང་ཕྱིར་ཀུན་དུ་འགྲོ་བ་ན། །ཐམས་ཅད་མ་ཞེས་ཡང་དག་བསྟན། །བསིལ་བ་སྟེར་བས་

བསིལ་སྟེར་མ། །ཚ་བ་སྟེར་ཕྱིར་དྲོད་མ་ཡིན། །ཆོག་ཤེས་མེད་པའི་རང་བཞིན་ཕྱིར། །བུད་མེད་ཅེས་བྱར་རབ་ཏུ་གྲགས། །རང་བཞིན་མེད་པའི་ཚུལ་གྱིས་ནི། །སྡིག་སེལ་མ་ཞེས་རབ་བསྟན་ཏོ། །རོ་རྣམས་ཐམས་ཅད་སྟེར་བའི་ཕྱིར། །རོ་བཅུད་མ་ཞེས་དེ་
བཞིན་བརྗོད། །ཟླ་བ་ལྟ་བུར་གཟུགས་ཅན་གང་། །མཁས་པས་ཚད་མ་ཞེས་བྱར་བསྟན། །བཞིན་བཟང་མ་ཞེས་རབ་ཏུ་བསྟན། །མུན་ནག་ཐིབས་པོའི་ཚུལ་གྱིས་ནི། །མདོག་སྔོན་མ་ཞེས་རབ་ཏུ་བསྟན། །སེམས་ནི་མཉམ་པར་སྦྱོར་བས་ན། །ཐུན་མོང་མ་ཞེས་རབ་ཏུ་བརྗོད། །གང་ཚེ་རྒྱུ་ཀུན་
རབ་སྟེར་བས། །དེ་ལ་རྒྱུ་རབ་སྦྱིན་མར་བརྗོད། །སྡུག་བསྔལ་རྒྱུ་དང་བྲལ་བས་ན། །དེ་འདིར་བྲལ་མར་རབ་ཏུ་གསུངས། །ཆགས་པས་རྗེས་སུ་བཅིངས་ཚུལ་གྱིས། །བྱམས་མ་ཞེས་བྱར་རབ་ཏུ་བསྟན། །ཡིད་འོང་འདོད་པ་གྲུབ་པའི་ཕྱིར། །གྲུབ་མ་ཞེས་བྱར་རབ་ཏུ་གྲགས། །མེ་ཡི་ཁམས་ཀྱི་རང་
བཞིན་ཕྱིར། །བྱིན་ཟ་མ་ཞེས་རབ་ཏུ་བསྟན། །ཆུ་ཡི་ཁམས་ཀྱི་རང་བཞིན་པས། །ཤིན་ཏུ་ཡིད་འོང་མ་ཞེས་བརྗོད། །རྣམ་པ་གསུམ་དུ་གང་བསྐོར་བ། །གསུམ་སྐོར་མ་ཞེས་བྱ་བར་བསྟན། །འདོད་པ་ཀུན་དང་ལྡན་པའི་ཕྱིར། །རླུང་གི་འདོད་མ་ཞེས་བྱར་འདོད། །ཁྱིམ་གྱི་བདག་པོར་བརྗོད་པ་ཡིས། །
ཁྱིམ་པ་ཞེས་ནི་དེ་ནས་བསྟན། །གཏུམ་པའི་ལས་ལ་གནས་ལྷ་མོ། །དེ་ནི་གཏུམ་མོ་ཞེས་བྱར་བསྟན། །གཞོན་ཞིང་གཡོ་མ་ཉིད་ཀྱི་ཕྱིར། །བདུད་ཀྱི་བུ་མོ་ཉིད་དུ་འདོད། །འདི་རྣམས་ཉིད་བརྟག་པ་གཉིས་པའི་ལེའུ་བཞི་པ་ལས། གཉིས་གཉིས་རྩ་ལ་ལྷ་མོ་ནི། །རིམ་པ་བཞིན་དུ་རེ་རེ་དགོད། །
ཅེས་བྱ་བ་འདིས་སོ་སོར་བསྟན་པ་ཡིན་ནོ། །དངོས་པོ་གསུམ་ནི་ཡོངས་སུ་འགྱུར། །ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཐོབ་པས་སོ། །གཟུང་དང་འཛིན་པ་སྤངས་པའོ། །ཞེས་བྱ་བ་ནི་དོན་དམ་པའི་ཚུལ་གྱིས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་ཡང་ན་ཐམས་ཅད་ཅེས་བྱ་བ་ནི་
འདི་དག་གོ། །ལྷག་པར་གནས་པའི་སེམས་དང་བཅས་པས་དངོས་པོའི་མཚན་ཉིད་དེ། །བདེ་བའི་རྒྱུར་བརྟགས་པའི་རྟོགས་པའི་བློའི་སྤྱོད་ཡུལ་དུ་གྱུར་པའོ། །སྡོམ་པའི་དབྱེ་བ་བཤད་པར་བྱ། །ཞེས་བྱ་བ་ལ་ལྟ་བ་ངན་པ་ཐམས་ཅད་ལས་སྡོམ་པས་ན་སྡོམ་པའོ། །དབྱེ་བ་ནི་ཁྱད་པར་དུ་གྱུར་པ་སྟེ་

དེ་ཉིད་ཉན་ཐོས་ལ་སོགས་པའི་ལམ་ལས་འཕགས་པའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་མ་ལུས་པའི་ཡོན་ཏན་རྫོགས་པར་བྱེད་པ་སྟེ་དབྱངས་དང་གསལ་བྱེད་ཀྱི་ཚོགས་སོ། །ཤེས་རབ་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ངོ་བོ་ཉིད་མེད་པའི་རང་བཞིན་དུ་རྟོགས་པའོ། །ཐབས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའོ། །ཆོས་
དང་ལོངས་སྤྱོད་དང་སྤྲུལ་པ་ཞེས་བྱ་བ་ནི་དེ་དག་གི་འབྲས་བུའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་སྒྲུབ་ཐབས་སོ། །ཨེ་ཝཾ་མ་ཡཱ་ཞེས་བྱ་བ་ནི་ཡི་གེ་བཞིའི་འབྱུང་བ་རྣམ་པར་དག་པའི་ལྷ་མོ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཅན་ནོ། །སྤྲུལ་པའི་འཁོར་ལོ་
ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོའི་གྲངས་ཉེ་བར་དགོད་པ་བསྟན་པ་སྟེ། བརྟག་པ་གཉིས་པའི་ལེའུ་གསུམ་པ་ལས་རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པས་སོ་སོར་བསྟན་པ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ནི་ཞེས་བྱ་བ་ལ་སོགས་པ་ལ། །འཕགས་པའི་བདེན་པ་བཞི་ཞེས་བྱ་བ་དེ་གང་
ཞེ་ན། སྡུག་བསྔལ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་ནི་ཁམས་གསུམ་པོ་རྣམས་ཀྱི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤིའི་རང་བཞིན་རྣམས་ཏེ། ཡོངས་སུ་ཤེས་པར་བྱའོ། །ཀུན་ནས་འབྱུང་བས་ན་ཀུན་
འབྱུང་སྟེ། མ་རིག་པ་དང་། འདུ་བྱེད་དང་། སྲེད་པ་དང་། སྲིད་པའི་བདག་ཉིད་དེ་སྤང་བར་བྱའོ། །འགོག་པ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤིན་ཏུ་ཡང་སྐྱེ་བ་མེད་པ་
སྟེ། མངོན་སུམ་དུ་བྱའོ། །ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་སྔོན་དུ་འགྲོ་བའི་སྒོམ་པ་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པའི་རང་བཞིན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བ་གཉེན་པོར་གྱུར་པ་ལམ་སྟེ་བསྒོམ་པར་བྱའོ། །དེ་
ཡང་དེ་ལ་བྱེ་བྲག་སྨྲ་བ་བཤད། །ཅེས་གང་འོག་ནས་འཆད་པའོ། །ཡང་ན་འདུ་བྱེད་རྣམ་པར་འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་གསུམ་དང་ལྡན་པའི་ཕྱིར་ཁམས་གསུམ་པའི་ཕུང་པོ་རྣམས་ནི་སྡུག་བསྔལ་ཏེ། འདི་ནི་ཤེས་པར་བྱ་སྟེ། རྟེན་དང་བརྟེན་པར་གྱུར་པའི་ཉེ་བར་ལེན་པའི་ཕུང་

པོ་ལྔ་ལས་དང་ཉོན་མོངས་པ་ཡང་དག་པར་ལྡན་པའི་བག་ཆགས་དང་བཅས་པ་ནི་ཀུན་ནས་འབྱུང་བས་ན་ཀུན་འབྱུང་སྟེ་སྤང་བར་བྱ་བའོ། །སྤྲོས་པ་ཐམས་ཅད་དང་བྲལ་ཞིང་བླ་ན་མེད་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ལྷའི་རྣམ་པ་ནི་དགོག་པ་སྟེ་མངོན་དུ་བྱ་བའོ། །ཐ་མལ་པའི་རྣམ་
པའི་གཉེན་པོར་གྱུར་པའི་ལྷའི་རྣམ་པར་དག་པ་སྔོན་དུ་འགྲོ་བའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པ་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་དོན་ཕུན་སུམ་ཚོགས་པའི་ནུས་པ་ཅན་ཐབས་དང་ཤེས་རབ་དྲི་མ་མེད་པའི་ཏིང་ངེ་འཛིན་ནི་ལམ་སྟེ་བསྒོམ་པར་བྱ་བའོ། །བདག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་
སྟོང་པའོ། །སྔགས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་མནོ་ཞིང་བསམ་པས་ན་མ་སྟེ་སེམས་ཡིན་ལ། ཏྲ་ནི་སྐྱོབ་པ་སྟེ་སྙིང་རྗེ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར་སྤྲོས་པ་དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་ལྷ་རྣམས་རྣམ་པར་དག་
པ་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཕྱིན་ཅི་མ་ལོག་པའི་ཕྱིར་དེ་ཁོ་ན་ཉིད་དོ། །དགའ་བ་བཞི་ནི་ཞེས་བྱ་བ་ལ་སོགས་པ་བསྟན་པ་སྟེ། འདི་ཉིད་ནི་ལེའུ་བརྒྱད་པ་ལས། ཅུང་ཟད་བདེ་བ་དགའ་བ་སྟེ། ཞེས་བྱ་བ་ལ་སོགས་པས་སོ་སོར་བཤད་པར་
བྱའོ། །སྡེ་པ་བཞི་ཞེས་བྱ་བ་ཡང་བསྟན་པ་ཙམ་སྟེ། དེ་ཉིད་བརྟག་པ་གཉིས་པའི་ལེའུ་བཞི་པ་ལས། སྤྲུལ་པའི་འཁོར་ལོ་གནས་བརྟན་པ། །ཞེས་བྱ་བ་ལ་སོགས་པས་སོ་སོར་བཤད་པར་བྱའོ། །ཟླ་བ་དང་ཉི་མ་ཞེས་བྱ་བ་ནས་བརྩམས་ཏེ་ཐུན་ཚོད་ཅེས་བྱ་བའི་བར་དུ་ནི་ཉིན་མོ་དང་མཚན་མོའི་
དབྱེ་བས་བསྟན་པས་སྔགས་ཀྱི་བདག་ཉིད་ཀྱི་འཁོར་ལོ་བཞིའི་རྣམ་པར་དག་པ་བསྟན་པ་སྟེ། ཟླ་བ་དང་ཉི་མ་ཞེས་བྱ་བ་ནི་མཚན་མོ་དང་ཉིན་མོའི་དབྱེ་བའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བ་སྟེ་མཚན་མོ་དང་ཉིན་མོ་ལའོ། །དེ་ལ་སྙིང་ག་དང་མགོ་བོའི་འཁོར་ལོ་དག་ནི་ཟླ་བ་དང་ཐབས་
སོ། །ལྟེ་བ་དང་མགྲིན་པའི་འཁོར་ལོ་ནི་ཉིན་མོ་དང་ཤེས་རབ་བོ། །འཕོ་བ་བཅུ་དྲུག་ཅེས་བྱ་བ་ལ་རླུང་རྣམས་ཡང་དག་པར་འཕོ་བ་སྟེ། རླུང་གི་ཤིང་རྟ་ལ་ཤེས་རབ་ཀྱི་རང་བཞིན་གྱི་ཡེ་ཤེས་ཀྱི་སྣང་བ་ཞོན་ནས་རྩ་གཉིས་གཉིས་སུ་ཡང་དག་པར་འཕོ་བའོ། །དུས་འཕོ་བ་བཅུ་དྲུག་ཅེས་བྱ་བ་ནི་ཉིན་མཚན་

ལ་བྱ་སྟེ། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ནི་འཕོ་བ་བཅུ་དྲུག་རྣམ་པར་དག་པས་ན་འདབ་མ་བཅུ་དྲུག་གོ། །སྤྲུལ་པའི་འཁོར་ལོ་ནི་དབྱུག་ཚོད་དྲུག་ཅུ་རྩ་བཞི་རྣམ་པར་དག་པས་འདབ་མ་དྲུག་ཅུ་རྩ་བཞིའོ། །བདེ་བ་ཆེན་པོའི་འཁོར་ལོ་ནི་རྩ་ཆུ་ཚོད་སུམ་ཅུ་རྩ་གཉིས་རྣམ་པར་དག་པས་འདབ་མ་སུམ་ཅུ་རྩ་གཉིས་སོ། །
ཐུན་ཚོད་བཞི་ཞེས་བྱ་བ་ནི་ཉིན་མོ་དང་མཚན་མོ་དག་ལ་སྟེ་ཆུ་ཚོད་བཞི་པོ་གཉིས་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོ་ནི་འདབ་མ་བརྒྱད་པའོ། །དེ་དག་ཐམས་ཅད་ནི་བཞི་བཞིའོ་ཞེས་བྱ་བ། ཨེ་བཾ་མ་ཡཱ་ཞེས་བྱ་བ་ནས་བརྩམས་པ་ཐམས་ཅད་ནི་བཞིའོ། །ལྟེ་བར་ཞེས་བྱ་བ་ལ་སོགས་པ་ལ་ལྟེ་བ་ཞེས་བྱ་བ་ནི་སྤྲུལ་པའི་
འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་པདྨའི་ལྟེ་བར་རོ། །ཨཾ་ཡིག་གི་གཟུགས་ཅན་མའི་ཤེས་རབ་མ་ནི་རེག་ཏུ་མི་རུང་བས་ན་གཏུམ་མོ་སྟེ། རྟོག་པ་ཐམས་ཅད་ཀྱིས་རེག་པར་མི་ནུས་ཤིང་ཆོས་ཐམས་ཅད་དབྱེར་མེད་པའི་རང་བཞིན་ཅན་ནོ། །འོད་དང་ལྡན་པས་ནི་འབར་བ་སྟེ། ངོ་བ་དང་དུ་བ་དང་། འོད་ཟེར་
འཕྲོ་བ་དང་། འབར་བ་ལ་སོགས་པའི་རང་བཞིན་ཅན་ནོ། །དེས་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པའི་དབུས་སུ་སོང་སྟེ། དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ལ། སྤྱན་ལ་སོགས་པ་ཡང་ཞེས་བྱ་བ་ཕུང་པོ་ལྔའི་རང་བཞིན་དང་འབྱུང་བ་ཆེན་པོ་བཞིའི་རྣམ་པར་རྟོག་པའི་རྣམ་པ་རང་བཞིན་གྱི་གཟུགས་ཅན་
པདྨའི་ལྟེ་བ་ལ་གནས་པའི་ཧཱུཾ་དུ་གྱུར་པ་བསྲེགས་ཞེས་བྱ་བ་རོ་གཅིག་ཏུ་ཡང་དག་པར་བསྡུས་པ་སྟེ། ཇི་ལྟར་ཁ་དོག་སྣ་ཚོགས་པའི་རས་བསྲེགས་པར་གྱུར་པས་ཐལ་བའི་རང་བཞིན་དུ་གྱུར་པ་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པ་རྣམས་སྣང་བ་མེད་ཅིང་རྣམ་པར་མི་རྟོག་པའི་ཡེ་ཤེས་
འབྱུང་གནས་སུ་གྱུར་པས་བསྲེགས་པའོ། །དེའི་རྗེས་ལ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པའི་པདྨ་མཆོག་ཏུ་དགའ་བའི་འབྱུང་གནས་སུ་གྱུར་ཅིང་། ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་གྱིས་ཡང་དག་པར་ཐིམ་ནས་དེའི་རྗེས་ལ་བདེ་བ་ཆེན་པོའི་གནས་སུ་རྟོག་པའི་བུད་ཤིང་མ་ལུས་
པ་བསྲེག་པར་བྱའོ། །ཧཾ་ནི་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བའི་མི་ཤིགས་པའོ། །རི་བོང་ཅན་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདུད་རྩིའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་སྟེ། འཁོར་བ་ཇི་སྲིད་པའི་བར་དུ་རང་གཞན་གྱི་དོན་མཛད་པ་མཆོག་ཏུ་བདེ་བ་

ཆེན་པོའི་རང་བཞིན་ཅན་ནོ། །དེ་ཉིད་ནི་སྟོབས་བཅུ་དང་མི་འཇིགས་པ་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་ཆ་ཤས་རྣམས་ཡོངས་སུ་རྫོགས་ཤིང་གང་ལ་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་མུན་པ་དང་བྲལ་བས་ན་རི་བོང་ཅན་ཡིན་གྱི། གཞན་ཐུན་མོང་གི་
དངོས་གྲུབ་རྨོངས་པའི་ལས་ཀྱི་བདག་ཉིད་ཅན་ནི་མ་ཡིན་ནོ། །ཁ་ཅིག་ན་རེ་ལུས་ཀྱི་སྦྱིན་སྲེག་བསྟན་པར་བྱ་བའི་ཕྱིར། ལྟེ་བར་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་ཟེར་ཏེ། དེ་ལ་ལྟེ་བ་ནི་ཐབ་ཁུང་ངོ་། །རང་རིག་པའི་རང་བཞིན་གྱི་ཤེས་རབ་ཀྱི་བྱིན་ཟ་ནི་གཏུམ་མོ་སྟེ། ཡང་དག་པར་སྦྱོར་བའི་རླུང་གིས་
གྱེན་དུ་བསྐྱོད་པ་ནི་འབར་བའོ། །དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔའི་རྣམ་པར་རྟོག་པ་ཡིན་ལ། བསྲེགས་པ་ནི་གསལ་བའོ། །སྤྱན་ལ་སོགས་པ་ཡང་ཞེས་བྱ་བ་ནི་ཁམས་དང་སྐྱེ་མཆེད་རྣམས་ཀྱང་སྟེ། དེས་ནི་ཕུང་པོ་ལ་སོགས་པའི་རྫས་སུ་གྱུར་པའི་སྲེག་བླུགས་བསྟན་པར་འགྱུར་རོ། །
བསྲེགས་ཞེས་བྱ་བ་ནི་མ་ལུས་པའི་སྲེག་བླུགས་དང་བུད་ཤིང་སྟེ། ཧྃ་གི་ས་བོན་དང་ལྡན་པའི་སྐུ་རྡོ་རྗེར་བྱའོ། །ཁ་ཐུར་དུ་བལྟས་པའི་ཧྃ་ནི་གཟར་བུའི་རང་བཞིན་ནོ། །འཛག་ཅེས་བྱ་བ་ནི་གང་བའི་སྦྱིན་སྲེག་གི་རང་བཞིན་ཏེ། དེ་ལས་བྱང་ཆུབ་སེམས་ཀྱི་ཁུ་བའི་རྒྱུན་འབབ་པས་མཉེས་པར་གྱུར་ཅིང་
འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ། །རྡོ་རྗེ་རིགས་ཀྱི་ལེའུ་ཞེས་བྱ་བ་ལ་རྡོ་རྗེ་ནི་སེམས་སོ། །དེ་ཉིད་ནི་རིགས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེའི་ཏིང་ངེ་འཛིན་ནི་སྣམ་བུ་དང་འདྲ་བ་སྟེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་སྒྲིབ་ཅིང་སྐྱོབ་པར་བྱེད་པའི་ཕྱིར་རོ། །ལེན་ཅིང་འཛིན་
པར་བྱེད་པས་ན་སྟེ་གཞུང་གི་ཚོགས་གང་ཡིན་པ་དེ་རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་དང་པོའི་བཤད་པའོ།། །།འཇིག་རྟེན་པའི་རབ་ཏུ་སྦྱོར་བ་མེད་པར་འཇིག་རྟེན་ལས་འདས་
པའི་ཆོས་ལ་སེམས་ཅན་རྣམས་གཞུག་པར་མི་ནུས་སོ། །ཞེས་བསྟན་པའི་ཕྱིར་སྔགས་ཀྱི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་ལེའུ་ནི་སྔགས་ཀྱི་ཚོགས་སོ། །བཤད་པར་བྱ་ཞེས་བྱ་བ་ནི་དེ་དག་གི་ཆོ་ག་ཇི་ལྟ་བ་བཞིན་དུའོ། །ཞི་བ་ལ་སོགས་པའི་ལས་ཐམས་ཅད་ལ་སྔགས་

པས་དང་པོ་གཏོར་མ་ཕུལ་ཏེ་འཇུག་པར་བྱའོ། །ཞེས་བསྟན་པར་བྱ་བའི་ཕྱིར་སྔགས་ཀྱི་ལེའུ་དེ་ལས་དང་པོར་གཏོར་མའི་སྔགས་སྟོན་པར་མཛད་པ་ཡིན་ཏེ། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་ནི་གཏོར་མ་རྣམ་པར་དག་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་གང་ཅུང་ཟད་ཞི་བ་ལ་སོགས་པའི་ལས་རྣམས་ལ་
དེ་ལྟར་བསྒོམ་ཞིང་དེའི་སྔགས་བཟླས་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་གཙོར་བྱའོ། །ཞེས་བསྟན་པའི་ཕྱིར། བྲུྃ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་ས་བོན་གསུངས་པ་ཡིན་ནོ། །རྒྱུད་འདི་ལས་རྣམ་པར་དག་པ་ཐམས་ཅད་གསུངས་པའི་ཕྱིར་གཙོ་བོ་ཉིད་དུ་གྱུར་པས་དེའི་འོག་ཏུ། ཨོཾ་དེ་ཝ་བི་ཙུ་བཛྲ་ཞེས་
བྱ་བ་ལ་སོགས་པ་ཕྱག་བཅུ་དྲུག་པའི་སྔགས་གསུངས་པ་ཡིན་ཏེ། ཕྱག་གཉིས་པ་ལ་སོགས་པ་ལྷག་མ་རྣམས་ནི་འདུལ་བའི་དབང་གིས་བསྟན་པར་མཛད་པ་ཡིན་ནོ། །སྔགས་ཀྱི་ཚིག་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་བསྟན་པ་ཡིན་ནོ། །ཨ་ཕུཿཞེས་བྱ་བ་
ལ་སོགས་པ་ནི་ཆར་འབབ་པའི་ཆོ་ག་གསུངས་པ་ཡིན་ཏེ། ཨ་ཕུཿགཉིས་ཀྱིས་མཐའ་ཡས་ཀྱི་གཟུགས་བརྙན་སྔོན་དུ་སྤྲུལ་ལ་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་མཐའ་ཡས་མནན་པའི་ཕྱག་བཅུ་དྲུག་པ་བྲིའོ། །དཀྱིལ་འཁོར་པ་རྣམས་ཀྱིས་ཀྱང་རང་རང་གི་ཕྱོགས་
སྐྱོང་བ་མནན་པ་བྲིའོ་ཞེས་ཁ་ཅིག་འདོད་དོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཞལ་བརྒྱད་པའི་རྣལ་འབྱོར་སྔོན་དུ་འགྲོ་བས། གྷུ་ཊྱ་གྷུ་ཊྱ་ཞེས་བྱ་བ་ལ་སོགས་པ་ཀླུ་རྣམས་སྐྱོད་པར་བྱེད་པའི་སྔགས་བཟླས་པས་དབབ་པར་བྱའོ། །རྡོ་རྗེ་མ་དང་ཞེས་བྱ་བ་ལ་སོགས་པ་ལས་གནོད་པ་ལ་སོགས་པའི་
ལས་རྣམ་པ་བདུན་ལ་རྡོ་རྗེ་མ་ལ་སོགས་པ་རྣལ་འབྱོར་མ་བདུན་རང་རང་གི་ས་བོན་དང་མཚན་མ་ལས་ལས་དང་རྗེས་སུ་མཐུན་པའི་གཟུགས་དང་ཁ་དོག་དང་། ཉམས་དང་ལྡན་པའི་རང་བཞིན་གདན་ལ་རྣམ་པར་བསྒོམ་པར་བྱས་པ་ལས་དེ་དག་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །གསད་པ་ནི་འདིར་སྤྱིར་
བསྟན་པ་སྟེ། རྒྱུད་འདི་ཉིད་ཀྱི་ལེའུ་གཞན་དག་ལས་ཆོ་ག་ཇི་ལྟ་བ་བཞིན་སོ་སོར་བསྟན་པས་འཆད་པར་འགྱུར་རོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་གཉིས་པའི་བཤད་པའོ།། །།ལྷའི་རྣལ་འབྱོར་མ་རྟོགས་པས་

རྣམ་པ་ཐམས་ཅད་དུ་ཐ་མལ་པའི་རྣམ་པ་བཟློག་པར་མི་ནུས་སོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར་དེ་ནས་ལྷའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་བྱམས་པ་བསྒོམ་པར་བྱ། ཞེས་བྱ་བ་ལ། མཛའ་བོ་དང་། བར་མ་དང་། དགྲར་གྱུར་པ་རྣམས་ལ་ཁྱད་པར་
མེད་པར་ཕན་པ་དང་བདེ་བས་ཉེ་བར་ཡང་དག་པར་སྡུད་པའི་སེམས་ནི་བྱམས་པའོ། །གཉིས་པ་སྙིང་རྗེ་རྣམ་པར་བསྒོམ། །ཞེས་བྱ་བ་ལ། གང་ཡང་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་འདོད་པ་ནི་སྙིང་རྗེའོ། །གསུམ་པ་དགའ་
བ་བསྒོམ་པར་བྱ། །ཞེས་བྱ་བ་ལ། བརྩེ་བ་དང་། ཕན་པ་དང་ལྡན་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་མ་ལུས་པ་ལས་གྲོལ་བར་བྱེད་པའི་བླ་ན་མེད་པའི་ཐབས་སུ་གྱུར་པའི་ལྷའི་རྣལ་འབྱོར་གྱིས་ལམ་རྙེད་པར་གྱུར་ཏོ་སྙམ་པ་ནི་དགའ་བའོ། །ཀུན་གྱི་མཐར་ནི་བཏང་སྙོམས་
སོ། །ཞེས་བྱ་བ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་མ་གཏོགས་པར་སེམས་ཅན་མ་ལུས་པའི་སྡུག་བསྔལ་རྣམས་བསལ་བར་མི་ནུས་སོ་ཞེ་ན། ཇི་སྲིད་དེ་མངོན་དུ་མ་གྱུར་གྱི་བར་དུ་སེམས་ཅན་རྣམས་ཡལ་བར་བཞག་སྟེ། བདག་ཉིད་ཧེ་རུ་ཀར་མངོན་དུ་བྱས་ལ།
དེའི་འོག་ཏུ་དེ་རྣམས་གོ་འཕང་དེ་ཉིད་ལ་གཞག་པར་བྱའོ་སྙམ་པ་ནི་བཏང་སྙོམས་སོ། །དེ་ལྟར་ཚངས་པའི་གནས་བཞི་བསྒོམས་པའི་རྗེས་ལ་ནམ་མཁར་རྗེ་བཙུན་མ་ལ་ཞེས་བྱ་བ་ལ་སོགས་པ་ནས། ཆགས་ཆེན་རྗེས་སུ་ཆགས་ཞེས་བྱ་བའི་བར་དུ་གསུངས་པ་འདི་བསྒོམ་པར་བྱས་ནས།
དེའི་འོག་ཏུ། དང་པོར་བསྟོད་པའི་བྱང་ཆུབ་སྟེ། །ཞེས་བྱ་བ་འདི་བལྟ་བར་བྱ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ནི་སྟོང་པའོ། །བྱང་ཆུབ་ཅེས་བྱ་བ་ནི་སེམས་སོ། །དེ་ལས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་ཙམ་འདིས་ངེས་པར་རྟོག་པ་སྟེ་སེམས་ལ་དམིགས་པའོ། །
གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་བྱ་བ་ལ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པས་ན་ས་བོན་ཏེ། ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཇི་ལྟ་བུའི་མདོག་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེར་བསྡུས་པ་ནི་མ་ལུས་པའི་དེ་བཞིན་གཤེགས་པ་རྣམས་གཞུག་པ་སྔོན་དུ་འགྲོ་བས་སྔགས་ཀྱི་གཟུགས་

ལ་ངེས་པར་རྟོག་པ་སྟེ། སྔགས་ལ་དམིགས་པའོ། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། ཞེས་བྱ་བ་ལ་དེའི་ས་བོན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རྣམ་པར་རྫོགས་ཤིང་བཞེངས་པ་སྟེ་ལུས་ལ་དམིགས་པའོ། །བཞི་པ་དགོད་པའི་ཞེས་བྱ་བ་ལ་ཉེ་བར་བཀོད་པས་དགོད་པ་
སྟེ། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ལྷ་རྣམས་ཀྱིས་དག་པར་བྱའོ། །ཡི་གེའོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་དེས་མི་འགྱུར་ཞིང་མི་གཡོ་བས་ན་ཡི་གེ་སྟེ། བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ལ། སེམས་ཀྱི་རིན་པོ་ཆེ་དེའི་