Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 4
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
བདག་ཉིད་དུ་ བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། དང་པོར་རེ་ཕ་ཞེས་བྱ་བ་ལ་སོགས་པའོ། །དང་པོར་རོ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པས་ས་དང་ཆུ་དང་མེ་དང་རླུང་རྣམས་དང་། བདག་ཉིད་ཡོངས་སུ་གྱུར་པ་ལས་ ཁང་བུ་བརྩེགས་པ་ཕྱོགས་དང་མཚམས་རྣམས་སུ་ལྷ་རྣམས་ཀྱི་རོའི་གདན་དང་ལྷན་ཅིག་བསྐྱེད་ལ། དབུས་ཀྱི་རོའི་གདན་གྱི་སྙིང་གར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རོ། །དེ་ཉིད་ལ་ནི་ཧཱུྃ་གི་གཟུགས། །ཤེས་རབ་ཐབས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་ཨཱ་ལི་དང་ཀཱ་ལི་ཡོངས་སུ་ གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཏེ། དེའི་འོག་ཏུ་དེའི་དབུས་སུ་ས་བོན་དང་མཚན་མ་བསྒོམ་ཞིང་། དེའི་འོག་ཏུ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་བདག་ཉིད་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན། ཞེ་སྡང་རྣམ་པར་དག་པས་མདོག་ནག་པོར་གྱུར་པའམ། ཡང་ན་ཤེས་ རབ་དང་ཐབས་ཡོངས་སུ་དག་པས་སྔོ་ཞིང་དམར་བའི་མདོག་ཅན་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པའི་མཆོག་གི་བདག་ཉིད་རྣམས་སྲས་དང་འདྲ་བར་བལྟའོ། །དེ་ཉིད་སེམས་དཔའ་ཞེས་བྱ་བ་ནི་དང་པོར་བསྐྱེད་པའི་ཧེ་རུ་ཀ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །མཆོག་ཏུ་ དགའ་བའི་རང་བཞིན་ནོ། །ཞེས་བྱ་བ་ལ་མཆོག་ཏུ་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་གཟུགས་ཉེ་བར་འབྱིན་པའི་རང་བཞིན་ཅན་ནོ། །རྣམ་པར་སྤྲོས་པ་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་ པར་སྤྲུལ་པའོ། །རང་ལུས་འོད་ཅེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་རང་རང་གི་ལུས་དང་མདོག་ལ་སོགས་པ་སོ་སོར་སྣང་བ་སྟེ། འདི་རྣམས་ཀྱི་རང་རང་གི་ལུས་དང་མདོག་དང་ཉམས་ལ་སོགས་པ་ནི་བརྟག་པ་གཉིས་པ་ལས་ཤེས་པར་བྱའོ། །ནམ་མཁའི་དཀྱིལ་འཁོར་ གཡོགས་པ་ཞེས་བྱ་བ་ནི་དེར་ཁྱབ་པར་བྱས་པའོ། །བསྡུས་ནས་ཞེས་བྱ་བ་ནི་དེ་ཉིད་སླར་ཡང་བསྡུ་བའོ། །སྙིང་གར་ཞེས་བྱ་བ་ནི་རང་གི་ས་བོན་ལའོ། །གཞུག་པར་བྱ་ཞེས་བྱ་བ་ནི་བསྟིམ་པར་བྱས་ལ་ཡང་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་སེར་མོ་ལ་སོགས་པའི་ལྷ་མོ་རྣམས་གནས་ ཇི་ལྟ་བ་བཞིན་དུ་རང་གི་གདན་ལ་ཕྱག་དང་ཞལ་དང་མདོག་དང་དབྱིབས་རྣམས་ཇི་ལྟ་བ་བཞིན་དུ་སྐད་ཅིག་ལ་རྫོགས་པར་བྱའོ། །དེའི་འོག་ཏུ་དྲི་ཟའི་སེམས་ཅན་ལྟ་བུའི་ཡི་གེ་གསུམ་པོ་ཧོཿགཉིས་ཀྱི་བར་དུ་བཅུག་པ་བཀུག་སྟེ། རང་ཉིད་ལ་ཞུགས་ནས་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ ཀྱི་གཟུགས་ཀྱིས་སྤྲོས་ལ། དེའི་སྟོབས་ཀྱིས་བདག་དང་རིག་མར་བཅས་པ་ལྷན་ཅིག་ཏུ་ཞུ་བར་གྱུར་པར་བལྟའོ། །དེ་ནས་ལྷ་མོ་རྣམས་ཀྱིས་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་བཞིས་མངོན་པར་བསྐུལ་བའི་མཐར་བཅོམ་ལྡན་འདས་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་བསྒོམ་ པར་བྱ་བ་ནི། རྣལ་འབྱོར་ཞེ་སྡང་བདག་ཉིད་འགྱུར། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཞེ་སྡང་རྣམ་པར་དག་པའི་རིགས་ཡིན་པས་མི་བསྐྱོད་པས་དེའི་དབུར་བརྒྱན་པའོ། །གཞན་སེར་མོ་ལ་སོགས་པ་ནི་རིགས་བཞིའི་རྣམ་པར་དག་པའི་བདག་ཉིད་ཅན་དུ་ཤེས་པར་བྱའོ། །གཞན་དག་ནི་ གང་འོག་ནས་འབྱུང་བ་སྐྱེས་ཚེ་དགེ་སློང་དབྱངས་ཉིད་སྔགས་ཞེས་གསུངས་པའི་ཕྱིར། ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཕྱག་གཉིས་པར་བསམས་ཏེ། ཕྱག་དང་ཞལ་དང་སྤྱན་གྱི་དབྱེ་བ་ཡང་མེད་ཅིང་རང་གི་བཙུན་མོ་དང་དཀྱིལ་འཁོར་པ་ཡང་མེད་དོ་ཞེས་ཟེར་རོ། །སློབ་དཔོན་ནག་པོས་མཛད་ པའི་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།བསྐྱེད་པའི་རིམ་པའི་ཕྱོགས་ལ་དབང་བསྐུར་བ་མ་གཏོགས་པར་ཡན་ལག་བཞི་པ་རྫོགས་པར་མི་འགྱུར་བས་དེ་བས་ན་རྫོགས་པར་བྱ་བའི་ཕྱིར་དབང་བསྐུར་བའི་ལེའུ་བཤད་ པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་སྙིང་གའི་ས་བོན་ལས་ཞེས་བྱ་བ་ནི་འབྲས་བུར་གྱུར་པའི་ཧེ་རུ་ཀའི་གཟུགས་ཀྱི་སྙིང་གའི་ས་བོན་ལས་སོ། །འབར་བ་ནི་དེའི་འོད་དང་འདྲ་བར་འབར་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་མ་མོ་ཞེས་བྱ་བ་སེར་མོ་ལ་སོགས་པ་རྣམས་ ཀྱིས་ཡང་དག་པར་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་ཅིག་ཅེས་བྱ་བ་འདིས་གསོལ་བ་བཏབ་པར་བྱའོ། །དེའི་འོག་ཏུ་ཇི་ལྟར་གསུངས་པའི་མདོག་དང་གཟུགས་ཅན་དེ་དག་གིས་གསེར་གྱི་བུམ་པ་ནས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རྒྱུན་གྱིས་ དབང་བསྐུར་ཏེ། ཐུགས་རྡོ་རྗེའི་དབུ་རྒྱན་བསྒོམ་པར་བྱའོ། །སེར་མོ་ལ་སོགས་པ་རྣམ་པ་བཞི་ནི་མི་བསྐྱོད་པ་དང་། རྟག་པ་དང་། རིན་པོ་ཆེ་དང་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན་དུའོ། །མཚམས་རྣམས་སུ་སྦོས་མོ་ལ་སོགས་པ་བཞི་ལ་ཡང་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་ དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་རྣམས་ཀྱི་དབུ་རྒྱན་ཅན་ཏེ་དེ་དག་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་རྣམ་པར་དག་པའོ། །དེའི་འོག་ཏུ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་ཅིང་ཡན་ལག་དྲུག་སྒོམ་པ་སྔོན་དུ་འགྲོ་བས་མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ལ་སྒོམ་ པ་དང་། བཟླས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་རང་ཉིད་ཀྱི་ཡིད་ཇི་ལྟར་དུབ་པ་མེད་པར་དུས་ཚིགས་གསུམ་དུ་བྱའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཞི་པའི་བཤད་པའོ།། །།དེ་ཁོ་ན་ཉིད་མ་རྟོགས་པར་མངོན་ པར་ཞེན་པའི་བག་ཆགས་ཐམས་ཅད་སྤོང་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་ཞེས་བྱ་བ་གསུངས་སོ། །དངོས་ཚུལ་གཟུགས་མེད་ཅེས་བྱ་བ་ལ། གཟུགས་སུ་རུང་བས་ན་གཟུགས་ཏེ་བེམས་པོ་ཡིན་ལ། དེ་ཡང་གཅིག་དང་དུ་མའི་སྦྱོར་བས་དམིགས་ན་མ་ གྲུབ་པའི་ཕྱིར་དང་། བེམས་པོ་ནི་སྣང་བར་མི་དམིགས་པའི་ཡང་ཕྱིར་རོ། །དེ་བས་ན་རྣམ་པར་ཤེས་པ་ཉིད་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་སོ་སོར་སྣང་བ་ཡིན་ནོ། །ལྟ་བ་ཡང་མེད་ཅེས་བྱ་བ་ལ་བལྟ་བར་བྱ་བ་ངོ་བོ་ཉིད་མེད་པས། ལྟ་བ་རྣམ་པར་ཤེས་པ་ཡང་འཛིན་པ་པོར་མེད་པ་སྟེ། དེ་གཉིས་ནི་ཕན་ཚུན་ལྟོས་པའི་ཕྱིར་རོ། །བདག་ལ་སོགས་པ་ཡང་མེད་དེ་འོག་ནས་འབྱུང་བ། །མིག་གིས་གཟུགས་ལ་འཛིན་པར་བྱ། །ཞེས་བྱ་བ་ལ་སོགས་པ་འདིས་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་བདག་ཉིད་ཙམ་དུ་གསུངས་པའི་ཕྱིར་རོ། །སྦྱོར་བ་དེ་ལྟར་སྒྲ་ལ་སོགས་པ་ རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་རང་བཞིན་མེད་པར་བསྟན་པ་འདིས་དངོས་པོ་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །སྐྱེད་མ་དང་ནི་ཞེས་བྱ་བ་ལ་སོགས་པས་ནི་མ་དང་བུ་མོ་ལ་སོགས་པའི་འབྲེལ་པ་མེད་པར་སྟོན་པར་ འགྱུར་ཏེ། འདི་ལྟར་མ་ལ་སོགས་པའི་ཁྲག་དང་ཁུ་བ་དག་ནི་ལས་ཀྱིས་མངོན་པར་བསྒྲུབས་ཤིང་བསྐྱེད་པ་སྟེ། སྐྱེ་བ་དང་། གནས་པ་དང་། རྒ་ཤི་དང་། བདེ་བ་དང་། སྡུག་བསྔལ་རྣམས་ནི་ལས་ལ་གནས་པ་ཡིན་ན། བུ་ལ་སོགས་པ་ཕན་ཚུན་དུ་འབྲེལ་བ་གང་དག་གིའམ་གང་ གིས་འབྲེལ་པར་བརྗོད་དེ་མ་གྲུབ་པ་དེ་ཁོ་ནའོ། །དེས་ན་སྔགས་དང་ཕྱག་རྒྱས་བསྐྱེད་པའི་བདག་མེད་མ་ལ་སོགས་པའི་གཟུགས་རྣམས་དབྱེར་མེད་ཅིང་ཐ་མལ་པའི་ཚུལ་གྱི་རྣམ་པར་རྟོག་པ་རྣམས་ཀྱི་སྟོང་པ་ཉིད་ནི་སྐྱེད་མ་ལ་སོགས་པ་ཡིན་ཏེ། དེ་ཉིད་ཇི་ལྟར་བསྟན་པའི་ཆོ་གས་མཆོད་ ནས་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པ་ལ་མངོན་པར་གཞོལ་བར་འགྱུར་རོ། །རིགས་རྣམས་ཀྱང་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་གར་མཁན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གར་མཁན་ལ་སོགས་པའི་རིགས་སུ་སྐྱེ་བ་ངོ་བོ་ཉིད་མེད་པ་སྟེ། འདི་ལྟར་བྲམ་ཟེ་ལ་སོགས་ པའི་རིགས་ཀྱི་མདོག་དང་། དབྱིབས་དང་། སེམས་དང་སེམས་ལས་བྱུང་བ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་ཐ་དད་པར་མ་མཐོང་བའི་ཕྱིར་རོ། །དེ་ལྟར་མཆོག་གི་དེ་ཁོ་ན་ཉིད་མཐོང་བའི་རྣལ་འབྱོར་པས་ཁམས་གསུམ་མ་ལུས་པ་འདི་དག་དབྱིབས་ལ་སོགས་ པ་ཙམ་གྱིས་རྣམ་པར་ཕྱེ་བ་ལྷའི་རིགས་ཀྱིས་མ་ཡིན་ནོ། །གཟུགས་དང་། ལང་ཚོ་དང་ལྡན་པའི་བུ་མོ་རྣམས་གཟུང་བར་བྱ་སྟེ། ཞེས་བྱ་བ་ནི་འཇུག་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །གཞན་དུ་རིགས་ལྟར་དབྱིབས་དང་། ཁ་དོག་ལ་སོགས་པ་མནན་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཟག་པ་མེད་ པའི་བདེ་བ་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་རིགས་དང་འབྲེལ་བའི་མདོག་དང་དབྱིབས་ལ་སོགས་པ་དང་། བདག་དང་བདག་གི་བ་སྣ་ཚོགས་པ་རྣམས་སྤངས་ཏེ། ཁ་ཅིག་ཏུ་ཐོགས་པ་དང་བཅས་ཤིང་ཁ་ཅིག་ཏུ་བགྲོད་པ་མ་ཡིན་པ་གཞན་དུ་རྣལ་འབྱོར་མ་རྣམས་ལ་དཔྱད་པ་མེད་པར་རང་གི་ལུས་བཞིན་ དུ་རེག་པར་བྱ་ཞིང་སྤྱད་ལ་བཏུང་བ་དང་། བཟའ་བ་དང་བགོ་བ་དང་། རྒྱན་དང་ཙནྡན་དང་། གུར་གུམ་ལ་སོགས་པའི་དྲི་ཞིམ་པོ་དང་། བཟང་པོ་རྣམས་ཀྱིས་མཆོག་ཏུ་བཀུར་སྟི་བྱ་ཞིང་མཆོད་པར་བྱའོ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་རྡོ་རྗེ་དང་པདྨ་ བྱིན་གྱིས་བརླབ་པའི་ཆོ་ག་སྟེ་བླ་ན་མེད་པའི་སྙོམས་པར་འཇུག་པས་སོ། །དེ་ཉིད་འདོད་པ་སྟེ་ཆོས་ཐམས་ཅད་དབྱེར་མེད་པའི་དེ་ཉིད་རྟོགས་པས་མཆོད་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱའོ། །རབ་ཏུ་འབད་པ་ཞེས་བྱ་བ་ནི་མ་གུས་པས་མ་ཡིན་པའོ། །བྱེ་བྲག་ཅི་ནས་ ཤེས་མི་བྱ། །ཞེས་བྱ་བ་ནི་སྐལ་བ་མེད་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་མི་བྱའོ། །མ་སངས་སྦྲུལ་དང་རྐུན་པོ་མེ། །ཞེས་བྱ་བ་ལ་སོགས་པ་སྐལ་བ་མེད་པའི་སྐྱེ་བོའི་མངོན་སུམ་དུ་བྱས་ན་ནི། འདི་དང་ཕ་རོལ་རྣམས་སུ་ཡང་སྤྲུལ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་སྡུག་བསྔལ་བར་ བྱེད་པར་འགྱུར་རོ། །རིགས་ལྔ་རྣམས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པའི་ཕྱིན་ཅི་ལོག་གི་རྟོག་པ་རབ་ཏུ་ཞི་བར་བྱ་བའི་རྒྱུར་གསུངས་སོ། །རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་སྟེ་དེས་འདེབས་སོ་ཞེས་ བྱ་བའི་དོན་ཏོ། །རིགས་དྲུག་ཏུ་ནི་རྟག་ཏུ་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རིགས་དང་བཅས་ནས་སོ། །སྒོམ་པ་པོ་མེད་ཅེས་བྱ་བ་ནི་སེམས་ལས་ཐ་དད་པར་གྱུར་པ་ནི་སྒོམ་པ་སྟེ་ལུས་མེད་པའོ། །བསྒོམ་བྱ་མེད་ཅེས་བྱ་བ་ནི་དེ་ལས་མ་གཏོགས་པའི་བསྒོམ་པར་བྱ་བའི་རང་བཞིན་ཡང་མེད་པར་ཤེས་པར་ བྱའོ། །སྔགས་ཀྱང་མེད་ཅིང་ལྷ་ཡང་མེད། །ཅེས་བྱ་བ་ལ་སེམས་ལས་མ་གཏོགས་པའི་དོན་མེད་པའི་ཕྱིར་བརྗོད་པ་དང་། བརྗོད་པར་བྱ་བ་མ་ཡིན་པའི་སྔགས་ཞེས་བྱ་བ་ཡང་མེད་པ་ཡིན་ལ། དེ་བཞིན་དུ་ཞལ་དང་ཕྱག་ལ་སོགས་པའི་རང་བཞིན་ཅན་གྱི་ལྷ་ཡང་གུད་ན་མེད་པ་ཡིན་ནོ། །གལ་ཏེ་དེ་ ལྟར་ན་ཆོས་ཐམས་ཅད་བཙལ་བར་བྱས་པས་ཤིན་ཏུ་སྟོང་པའི་བདག་ཉིད་དུ་འགྱུར་རོ་ཞེ་ན། འདིར་གསུངས་པ། སྤྲོས་དང་བྲལ་བའི་རང་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྟེ། སྤྲོས་དང་བྲལ་བའི་རང་བཞིན་དུ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་སེམས་ཙམ་གྱི་བདག་ཉིད་དོ། །དེའི་ ཚུལ་དུ་ལྷ་དང་སྔགས་དག་གནས་པ་སྟེ། གཞན་འདུལ་བའི་དབང་གིས་ལྷ་དང་སྔགས་རྣམས་སུ་ཀུན་དུ་བརྟགས་ནས་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེས་ན་འདིར་ཆོས་ཐམས་ཅད་དབྱེར་མེད་པའི་ཆོས་ཀྱི་སྐུའི་བདག་ཉིད་དུ་སྔགས་དང་ལྷ་དག་ཤེས་པར་བྱའོ། །སྤྲོས་པ་མེད་པ་ཉིད་ཡིན་ཡང་ བསྒྲུབ་པར་བྱ་བ་དང་བྱེད་པའི་བྱེ་བྲག་གིས་གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྟེ། གཟུང་བ་དང་འཛིན་པ་མེད་པའི་ཚུལ་གྱིས་ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་རང་བཞིན་གྱིས་ཐམས་ཅད་མི་གཡོ་ཞིང་མི་འཁྲུགས་པས་ན་མི་བསྐྱོད་པའོ། ། སེམས་ཅན་རྣམས་ལ་གདོན་མི་ཟ་བར་འབྲས་བུ་སྩོལ་བས་ན་དོན་ཡོད་པའོ། །རྙེད་པར་དཀའ་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པས་ན་རིན་ཆེན་འབྱུང་ལྡན་ནོ། །རོལ་ནི་ཕན་ཚུན་དུ་རྩོད་པ་སྟེ་དེ་མེད་པས་ཨཱ་རོ་ལྀ་ཀ་གོ། །འཇིག་རྟེན་ལ་དེ་ཁོ་ན་ཉིད་ཀྱིས་གཟིགས་པས་ན། དེ་ཉིད་སེམས་ པའི་བདག་ཅེས་བྱ་བར་གསུངས་སོ། །དེ་བཞིན་དུ་ཚངས་པ་ལ་སོགས་པའི་སྒྲར་བརྗོད་པར་བྱ་བ་བསྟན་པའི་ཕྱིར། །ཚངས་པ་ལྡོག་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དོན་དང་འབྲེལ་པ་དང་རིགས་དང་ཕྱི་རོལ་གྱི་སྔགས་དང་ལྷ་རྣམས་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པའི་རྣལ་ འབྱོར་པ་ཆེན་པོས་གང་ཅུང་ཟད་ལུས་དང་ངག་དང་ཡིད་ཀྱི་ལས་སུ་གྱུར་པ་དེ་ཐམས་ཅད་སྔགས་དང་ཕྱག་རྒྱ་དང་། བསམ་གཏན་གྱི་བདག་ཉིད་དུ་གསུངས་པ། བརྗོད་པ་རྣམས་ནི་བཟླས་པར་བཤད། །ཅེས་བྱ་བ་ལ་སོགས་པ་སྟེ། དེ་བསམ་གཏན་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་ བའི་མཚན་ཉིད་ཀྱི་བསམ་པ་གང་ཡིན་པ་དེ་ནི་དེའི་བསམ་གཏན་ནོ། །ཅི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་བ་ཞིག་གམ་སྙམ་པ་ལ། མ་ཡིན་ཏེ་ཕ་ལས་ཞེས་བྱ་བ་ལ་སོགས་པ་ལ་ཕ་ནི་རང་གི་སེམས་ཙམ་གྱི་བདག་ཉིད་དོ། །ཇི་ལྟར་བདེ་བ་ནི་བདེ་བ་ཙམ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་ པའི་མཚན་ཉིད་དོ། །རྙེད་པ་ནི་དེ་ལས་ཐོབ་པའོ། །བདེ་དེ་རང་གི་ལོངས་སྤྱོད་བྱ། །ཞེས་བྱ་བ་ལ་རང་གི་རང་བཞིན་གྱིས་སྟོང་པ་ཉིད་དང་། སྙིང་རྗེའི་རང་བཞིན་བླ་ན་མེད་ཅིང་ཐོག་མ་དང་ཐ་མ་མེད་པ་སྟེ། དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའོ། །བདེ་བ་དེ་ཇི་ལྟ་བུ་ཞེ་ན། གསུངས་པ་འཆི་བ་ ཞེས་བྱ་བ་ལ་སོགས་པ་སྟེ། བདེ་བ་གང་གིས་འཆི་བ་སྟེ་སྲོག་དང་བྲལ་བ་ལྟར་ལུས་དང་ངག་དང་ཡིད་ཀྱི་བྱ་བ་འདི་ཐམས་ཅད་སྲོག་སྟེ་རླུང་དང་བཅས་པར་ལོག་པ་ཡིན་ནོ། །བདེ་བ་དེ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ནོ། །བསམ་གཏན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པར་རྩེ་གཅིག་ཏུ་གྱུར་པའི་ ཕྱིར་རོ། །བརྗོད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་རྣམ་པར་བཤད་པ་ཡིན་ནོ། །ཡང་ན་ཕ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ཕུན་སུམ་ཚོགས་པའོ། །བདེ་བ་ཞེས་བྱ་བ་ནི་དགའ་བ་དང་བཅས་པ་ཁམས་གསུམ་བདེ་བ་ཆེན་པོར་རོ་གཅིག་པའི་རང་ བཞིན་ནོ། །བདེ་དེ་རང་གི་ལོངས་སྤྱོད་བྱ། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་བླ་ན་མེད་པའི་བདེ་བ་ཆེན་པོ་དེ་ལས་ཀྱི་ཕྱག་རྒྱ་ལ་ལྟོས་པ་མེད་པར་བསམ་གཏན་གྱིས་ཀྱང་ཁོང་དུ་ཆུད་པར་བྱའོ། །འཆི་བ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཤིན་ཏུ་སྐྱེ་བ་མེད་པར་ འགྱུར་བའོ། །བདེ་བ་གང་ཞིག་གིས་ཞེས་བྱ་བ་ནི་བདེ་བའི་རང་བཞིན་གང་ཞིག་ཤར་བར་གྱུར་པས་སོ། །བདེ་དེ་བསམ་གཏན་ཞེས་བྱ་བ་ལ་བསམ་གཏན་ནི་རབ་ཀྱི་མཐའ་ལས་སྐྱེས་པའི་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནོ། །དེ་དག་ནི་རང་གི་སེམས་ཙམ་གྱི་བདག་ཉིད་དུ་བླ་མ་རྣམས་ ཀྱིས་བསྟན་ཅིང་བཤད་པ་ཞེས་བྱ་བའི་བར་དུའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་ལྔ་པའི་བཤད་པའོ།། །།བརྟུལ་ཞུགས་ཀྱི་སྤྱོད་པ་མ་རྟོགས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་རྫོགས་པར་མི་ འགྱུར་བས་དེའི་ཕྱིར་སྤྱོད་པའི་ལེའུ་གསུངས་པ། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཁོ་ན་ཉིད་ཐོབ་པར་བྱ་བའི་ཐབས་སུ་གྱུར་པའི་ལུས་དང་ངག་དང་སེམས་ཀྱི་བྱ་བ་རྣམས་ནི་སྤྱོད་པ་སྟེ། དེ་ཉིད་ཤིན་ཏུ་བསྔགས་པས་མཆོག་གོ། །དེའི་ཕ་རོལ་ཏུ་སོན་པ་ནི་རྣམ་པར་མི་རྟོག་ཅིང་གསལ་ བའི་མཐར་ཐུག་པས་སོན་པའོ། །གང་གིས་ཞེས་བྱ་བ་ནི་གང་ཞིག་གིས་སོ། །གྲུབ་མཐའ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུའོ། །བགྲོད་པ་ཞེས་བྱ་བ་ནི་ལྷག་པར་སོང་བར་གྱུར་པའོ། །དགྱེས་པའི་རྡོ་རྗེའི་དངོས་གྲུབ་རྒྱུ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་མཚན་དུ་གྱུར་པ་ སྟེ། དེས་ན་དེ་ལྟ་བུའི་སྤྱོད་པ་རབ་ཏུ་སྤྱད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བགྲོད་པར་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེས་བྱ་བ་ལ། སྒོམ་པ་པོ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོམ་པ་སྟོབས་ཅན་དུ་གྱུར་པའི་སེམས་སོ། །གཟུང་བྱ་བ་ཞེས་བྱ་བ་ནི་ཚུལ་རྣམ་པ་སྣ་ཚོགས་ཀྱིས་རང་གི་ཉེས་པ་ བསལ་བའི་ཕྱིར་དང་། གདུལ་བྱ་སྐྱེ་བོ་རྣམས་གཞུག་པར་བྱ་བའི་ཕྱིར་གང་ཞིག་འཆང་བའོ། །རྣ་བ་དག་ལ་འཁྱིལ་པ་བཟང་། །ཞེས་བྱ་བ་ལ་ཀུན་ནས་ཟླུམ་པས་ན་འཁྱིལ་པའོ། །ལེགས་པར་བཟོ་བྱས་ཤིང་འབར་བས་ན་བཟང་བ་སྟེ། གང་ཡང་འོག་ནས་གསུངས་པ། འཁོར་ལོའི་གཟུགས་ ཀྱིས་མི་བསྐྱོད་པ། །ཞེས་བྱ་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་མན་ངག་ཇི་ལྟ་བར་གཟུང་བར་བྱ་བའི་གཞན་དུ་ནི་མ་ཡིན་ནོ། །ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་ལ་གལ་ཏེ་འདིར་བྱ་བའི་རྒྱུད་ལ་སོགས་པ་ལས་གསུངས་པ་བཞིན་སྒོམ་པའི་གནས་ངེས་པར་གཟུང་ ངམ་ཞེ་ན། བདེན་ཏེ་ཁྱད་པར་བསྒོམས་པ་ལ་མངོན་པར་འདོད་པའི་རྣལ་འབྱོར་པ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱི་འདུ་བའི་གནས་སུ་བལྟ་བར་བྱའོ། །ཤིང་གཅིག་ཅེས་བྱ་བ་ནི་གནོད་སྦྱིན་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །དུར་ཁྲོད་ནི་རོའི་གནས་སོ། །མ་མོ་ནི་ ལྷ་མོ་རྣམས་ཀྱི་སྟེ་དེ་རྣམས་ཀྱི་གནས་ནི་ཁྱིམ་མོ། །མཚན་མོའི་དུས་སུ་སྐྱེ་བོ་རྣམས་གཉིད་ལོག་པར་འགྱུར་བ་ནི་དབེན་པ་སྟེ། སྐྱེ་བོས་དབེན་པའོ། །བས་མཐའ་ཞེས་བྱ་བ་ནི་གྲོང་གི་མི་རྣམས་ཀྱི་སྐད་གང་དུ་མི་ཐོས་པའོ། །ཡང་ན་ལག་པ་ལ་སོགས་པའི་ཡལ་ག་དང་ལྡན་པའི་ཕྱིར་ལུས་ ཉིད་ཤིང་གཅིག་པའོ། །དབུགས་དང་ལྡན་པའི་རིགས་པ་འདིས། །ལུས་ལ་དུར་ཁྲོད་ཅེས་བྱར་བརྗོད། །ཅེས་གསུངས་པས། དུར་ཁྲོད་ཀྱང་དེ་ཉིད་དོ། །མ་མོའི་ཁྱིམ་ཡང་དེ་ཉིད་ཡིན་ཏེ་ཁམས་རྣམ་པ་བདུན་ནི་སྐྱེ་བའི་གནས་པས་མ་མོ་ཡིན་ལ། ཁྱིམ་ལྟར་དེ་འཛིན་པར་བྱེད་པས་ཁྱིམ་ མོ། །འདོད་ཆགས་ལ་སོགས་པའི་གཉིད་ལོག་པས་ན་དབེན་པ་སྟེ། རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་འབྱུང་བའི་ལྟེ་བ་ནི་བས་མཐའོ། །ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གྱིས་དྲོད་ལ་སོགས་པའི་མཚན་མ་གང་རྙེད་ནས་སོ། །གལ་ཏེ་སྤྱོད་པ་བྱེད་འདོད་ཅིང་། །དངོས་ གྲུབ་ཐོབ་ཕྱིར་ཞེས་བྱ་བ་ལ་དངོས་གྲུབ་ནི་ཐུན་མོང་དང་། མཆོག་གི་དངོས་གྲུབ་དག་སྟེ། འདོད་པའི་བསམ་པ་དང་ལྡན་པ་གང་ཡིན་པ་དེས་ཇི་སྐད་གསུངས་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་ལ་སྤྱད་པར་བྱའོ། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཞེས་བྱ་བ་ནི་བརྟག་པ་ གཉིས་པའི་ལེའུ་བཅུ་པ་ལས་གསུངས་པའི་མདོག་དང་། མཚན་ཉིད་དང་ལྡན་པའི་ལྷ་མོ་ནི། །རང་འདོད་ལྷའི་རིགས་ཏེ་དེ་དང་ངོ་། །བྱ་བ་ནི་བྱང་ཆུབ་ས་བོན་གཞག་བྱ་སྟེ་ཞེས་བྱ་བའོ། །མངོན་པར་སྦྱངས་ལ་ཞེས་བྱ་བ་ནི་སྔགས་དང་རྒྱུད་དང་དམ་ཚིག་དང་བརྡ་རྣམས་ཀྱིས་སོ། །སྨན་ནི་ཆོ་ག་བཞིན་ དུ་རྟག་ཏུ་གོམས་པར་བརྟེན་པ། སྨན་ནི་བཟའ་བར་བྱ་ཞེས་བྱ་བ་ལ་སྨན་ནི་དྲི་ཞེས་བྱ་བར་གང་གྲགས་པའོ། །ཆུ་ནི་དྲི་ཆུའི་རྫས་ཏེ་དེ་དག་གི་དབུས་ན་གནས་པ་ཁྲག་དང་ཁུ་བ་དང་ཤ་རྣམས་ཀྱང་གཟུང་བར་བྱའོ། །རྒ་དང་ཤི་བས་གནོད་མི་འགྱུར། །ཞེས་བྱ་བ་ནི་ཆོ་ག་བཞིན་དུ་རྟག་ཏུ་ གོམས་པར་བསྟེན་པས་སོ། །རྟག་ཏུ་བསྲུངས་པ་ཞེས་བྱ་བ་ནི་ཆོ་ག་འདིས་ཕ་རོལ་ཕྱིར་རྒོལ་བ་རྣམས་ལས་རྟག་ཏུ་བསྲུང་བར་འགྱུར་བའོ། །གཞན་དག་ནི་གོ་སླའོ། །འདོད་པ་ཞེས་བྱ་བ་ནི་གཞན་ལ་རྙེད་པ་དང་བཀུར་སྟི་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་ལ་སློབ་པའོ། །གཏི་མུག་ཅེས་བྱ་བ་ནི་ཕན་པ་དང་ གནོད་པ་ལ་སོགས་པ་བདག་དང་བདག་གིར་འཛིན་པའོ། །འཇིགས་པ་ཞེས་བྱ་བ་ནི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་འབྲས་བུའི་བར་ཆད་བྱ་བའི་ཕྱིར་གཞན་དག་གིས་བྱས་པའི་སྒྲིབ་པའི་ཁྱད་པར་རོ། །ཁྲོ་བ་ཞེས་བྱ་བ་ནི་གཞན་དག་གམ་བདག་ལ་ཡང་རུང་སྟེ་དབྱིག་པ་ལ་སོགས་པས་བསྣུན་ པར་བརྩོན་པས་སེམས་ཁོང་ནས་འཁྲུགས་པའོ། །ངོ་ཚ་ཞེས་བྱ་བ་ནི་གཞན་གྱི་སྤྱོད་པ་ལ་ལྟོས་ནས་བདག་ཉིད་སྤ་བཀོང་བར་བྱེད་པའོ། །གཉིད་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྒོད་པ་དང་། འགྱོད་པ་དང་། རྨུགས་པ་དང་། སོམ་ཉིའི་བར་དུ་སྤང་བར་བྱའོ། །ཐེ་ཚོམ་མེད་པས་སྤྱོད་པ་བྱ། ། ཞེས་བྱ་བ་ནི་བདག་ཉིད་ངེས་པར་བཏང་བས་སོ། །ལུས་ནི་སྦྱིན་པར་བཏང་བ་ཡིས། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྐྱང་བའི་ཕྱིར། །བླ་མ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་བདག་ཉིད་ངེས་པར་ཕུལ་ཞིང་བཏང་ནས་དེའི་འོག་ཏུ་སྤྱོད་པ་བརྩམ་པར་བྱའོ། །ཆ་དང་ ཆ་མིན་རྣམ་དཔྱད་ནས། །ཞེས་བྱ་བ་ནི་རྣམ་པར་དཔྱད་ན་གཅིག་དང་དུ་མ་བྲལ་ཞིང་སྦྱིན་བདག་དང་། ལེན་པ་པོ་དང་། སྦྱིན་པ་དམིགས་སུ་མེད་པའོ། །དེ་ནས་སྦྱིན་པ་གཏང་མི་བྱ། །ཞེས་བྱ་བ་ནི་དོན་དེ་ཉིད་སྟོན་པར་བྱེད་པ་སྟེ། སྦྱིན་པ་ལ་སོགས་པའི་འདུ་ཤེས་མི་བྱའོ་ཞེས་བྱ་བའི་དོན་ཏོ། །བཟའ་བ་ ཞེས་བྱ་བ་ལ་སོགས་པ་ལ། བཟའ་བ་ནི་ཟན་ལ་སོགས་པ་སྟེ། དེ་དག་གི་རོ་མྱང་བ་ལ་ལྟོས་པ་མེད་པར་ལོངས་སྤྱོད་ཅིང་ཞིམ་པ་དང་། མི་ཞིམ་པར་འཛིན་པ་དག་སྤང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་དང་མི་འདོད་རྣམ་པར་རྟོག །ཅེས་བྱ་བ་ནི་ཡོངས་སུ་ལེན་པ་དང་། སྤོང་བ་ནི་རྟོག་པའི་ངོ་བོ་ཉིད་དེ་ སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འཕེལ་བར་བྱེད་དོ། །གཞན་དག་ནི་ཁོང་དུ་ཆུད་པར་ཟད་དོ། །བསླབ་དང་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པ་ནི་དགེ་བ་དང་། མི་དགེ་བ་རྣམས་ལ་འཇུག་པ་དང་ལྡོག་པའི་མཚན་ཉིད་དོ། །ཆོ་ག་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་པ་ལ་སོགས་པའོ། །ངོ་ཚ་ཞེས་བྱ་བ་ནི་ རང་དང་རྗེས་སུ་མཐུན་པའི་བྱ་བ་མི་བྱེད་པའོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཚུལ་གྱིས་སོ། །རྣམ་སྤྱོད་ཅེས་བྱ་བ་ནི་སྤྱོད་ལམ་རྣམ་པ་སྣ་ཚོགས་དག་ཏུའོ། །རྣལ་འབྱོར་ཞེས་བྱ་བ་ནི་རྣ་ཆ་ལ་སོགས་པའི་བརྟུལ་ཞུགས་ ཀྱི་སྦྱོར་བ་ཤེས་པའོ། །བརྩེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ། །སྦྱིན་སྲེག་མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པ་ནི་འདིའི་དོན་གྱི་སྦྱིན་སྲེག་ལ་སོགས་པའི་སྤྲོས་པ་རྣམས་སྤངས་ཤིང་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལས་གྲོལ་པས་དེ་ཁོ་ན་ཉིད་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་ཡང་དག་པར་ ལྡན་པས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱ་བ་ཡིན་ནོ། །ཤིན་ཏུ་སྦྱོར་ལྡན་ཞེས་བྱ་བ་ནི་སེམས་བརྟན་པོར་གྱུར་ནའོ། །ཡང་ན་རྣལ་འབྱོར་པ་གང་དག་སྦྱིན་སྲེག་ལ་སོགས་པའི་ལས་ཙམ་གྱིས་བདག་ཉིད་དག་པར་སེམས་པ་དེ་དག་གི་དབང་དུ་བྱས་ནས་གསུངས་པ། སྦྱིན་སྲེག་མཆོད་སྦྱིན་ ཞེས་བྱ་བ་ལ་སོགས་པ་སྟེ། བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་མ་གཏོགས་པར་ཕྱི་དང་ནང་གི་སྦྱིན་སྲེག་ལ་སོགས་པའི་རྟོག་པ་རྣམས་ཀྱིས་དངོས་གྲུབ་ཆེན་པོར་མི་འགྱུར་རོ། །ཞེས་བྱ་བ་ཡིན་ནོ། །མི་བྱ་ཅི་ཡང་ཡོད་མ་ཡིན། །ཞེས་འོག་ནས་གསུངས་པས་ན། དམ་ཚིག་སྡོམ་ལས་ རྣམ་པར་གྲོལ་ལོ། །བརྒྱ་བྱིན་མཚུངས་པ་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་གཟུགས་དང་སྟོབས་དང་། བརྩོན་འགྲུས་དང་། མཐུ་དང་ལྡན་པའི་གདོན་སུ་ཡང་རུང་བ་དག་གལ་ཏེ་མདུན་དུ་མཐོང་ན་དེ་ལ་འཇིགས་པར་མི་བྱ་སྟེ། རང་གི་ཏིང་ངེ་འཛིན་ལས་ཉམས་པར་མི་བྱའོ། །དེ་ལ་ཞེས་བྱ་བ་ནི་དེ་ལ་ ཡང་འཇིགས་པར་མི་བྱ་ན་ཡི་དགས་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། འོ་ན་ཇི་ལྟར་བྱ་ཞེ་ན་གསུངས་པ། སེང་གེའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། སེང་གེ་ནི་བཅོམ་ལྡན་འདས་ཏེ་ཉོན་མོངས་པ་རི་དགས་ཀྱིས་མི་བརྫི་བའི་ཕྱིར་རོ། །དེ་དང་འདྲ་བ་ནི་དེའི་ཚུལ་ཏེ་གནས་སྐབས་ཐམས་ ཅད་དུ་རང་གི་ཏིང་ངེ་འཛིན་རྟོགས་པར་བྱ་བའི་ཕྱིར་རོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་རྟག་ཏུ་རྒྱུན་མི་འཆད་པའོ། །སྙིང་རྗེའི་བཏུང་བ་ནི་གང་གི་ཕྱིར་ལོངས་སྤྱོད་དང་། སྤྲུལ་པ་རྫོགས་ནས་སེམས་ཅན་རྣམས་ཀྱི་ཉེས་པ་མ་ལུས་པ་བསལ་བ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པའི་ཡེ་ ཤེས་ཐོབ་པའི་ཐབས་སུ་གྱུར་པ་འདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་དག་ཏུ་གཟུགས་རྣམ་པ་སྣ་ཚོགས་དག་ཏུ་སྤྲུལ་ཏེ་ཆོས་སྟོན་པ་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བའོ། །སྦྱོར་བའི་བཏུང་བ་ཞེས་བྱ་བ་ལ་ སྦྱོར་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་བཏུང་བ་སྟེ། ཆོས་རྣམས་དབྱེར་མེད་པའི་མཚན་ཉིད་ཆོས་ཀྱི་སྐུས་སོ། །མྱོས་པ་ནི་ཆོས་ཐམས་ཅད་དོ། །བཏུང་བ་གཞན་གྱིས་མྱོས་པ་མིན། །ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདུད་རྩིའི་བཏུང་བ་མ་ གཏོགས་པར་གཞན་དུ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་སྐུས་མྱོས་པ་མ་ཡིན་པའོ། །དེའང་གསུངས་པ། མཚན་དང་དཔེ་བྱད་གཟུགས་སྐུ་རྫོགས་པར་མངོན་འདོད་པ། །བསམ་གཏན་ཙམ་གྱིས་མ་ཡིན་བརྩོན་འགྲུས་ལྡན་པས་ཐོབ། །མ་འདྲེས་ལ་སོགས་སངས་རྒྱས་ ཆོས་ཀུན་འབད་མེད་པར། །ཆོས་སྐུ་མངོན་རྟོགས་འདོད་པ་རྫོགས་ལ་བསྟེན་པར་འགྱུར། །ཞེས་བྱའོ། །ཡང་ན་སྙིང་རྗེའི་བཏུང་བ་ཞེས་བྱ་བ་ནི་ཆང་གི་བཏུང་བ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྙིང་རྗེ་དང་ལྡན་པས་རྟག་ཏུ་སྤྱོད་པ་ རྣམ་པར་དག་པ་ཉེ་བར་བསྟན་པར་བྱ་ཞིང་། སྔགས་ཀྱིས་སྦྱངས་པའི་དུག་དང་འདྲ་བ་ཉོན་མོངས་པ་རྣམས་ཀྱིས་མ་གོས་པར་ཡོངས་སུ་བཟུང་ལ་སྤྱད་དེ། ཕུང་པོ་ལ་སོགས་རྣམ་པར་དག་པའི་དེ་བཞིན་གཤེགས་པ་ཐམས་ཅད་བདུད་རྩིའི་ཏིང་ངེ་འཛིན་གྱིས་ཚིམ་པར་བྱའོ། །སེམས་ཅན་རྣམས་ཀྱི་ དོན་གྱི་ཕྱིར། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ཡང་དག་པར་འཇུག་པ་གང་ཅུང་ཟད་ཅི་ཡོད་པ་དེ་དག་ཐམས་ཅད་མཆོག་གི་ཐེག་པ་འདི་ལ་མངོན་པར་དགའ་བར་བྱ་བའི་ཕྱིར་འཇུག་པའོ། །སྦྱོར་བའི་བཏུང་དགའ་ཞེས་བྱ་བ་ལ་སྦྱོར་བ་ནི་ཐབས་དང་ཤེས་རབ་དབྱེར་མེད་པའི་ ཏིང་ངེ་འཛིན་གྱི་ཚུལ་གྱིས་སོ། །འདིའི་བཏུང་བ་ནི་རྟག་ཏུ་རྒྱུན་མི་འཆད་པར་ཡིད་ལ་བྱའོ། །རྣལ་འབྱོར་པ་ནི་ཞེས་བྱ་བ་ནི་དམ་ཚིག་དང་ཏིང་ངེ་འཛིན་གྱི་ཆོ་ག་ཐམས་ཅད་ལ་མཁས་པའོ། །བཏུང་བ་གཞན་མིན་ཞེས་བྱ་བ་ནི་བདག་ཉིད་དམ་ཚིག་ཉམས་པར་འགྱུར་བས་སྐྱེ་བོ་རྣམས་མངོན་པར་མ་དད་པ་ བསྲུང་བར་བྱ་བའི་ཕྱིར་བཏུང་བ་གཞན་ལ་བརྟེན་པར་མི་བྱའོ། །མྱོས་པ་ཞེས་བྱ་བ་ནི་ལུས་དང་ངག་གི་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བས་རྒྱལ་བར་འགྱུར་བའོ། །དེ་ཡང་གསུངས་པ། ང་རྒྱལ་བསྐྱེད་པར་བྱ་བའི་ཕྱིར། །ཉུང་ངུ་འདི་ལ་གོམས་པར་བྱ། །ཇི་ལྟར་མྱོས་པར་མི་འགྱུར་ཞིང་། །མཆོག་ཏུ་ དགའ་བའི་སེམས་ཀྱིས་བྱ། །ཞེས་སོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་དྲུག་པའི་བཤད་པའོ།། །།སྐལ་པ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་བརྡ་མ་རྟོགས་པར་རང་གི་དམ་ཚིག་ཅན་རྣམས་ཁོང་དུ་ཆུད་པར་ མི་འགྱུར་རོ། །ཞེས་བསྟན་པའི་ཕྱིར་དེ་ནས་བརྡའི་ལེའུ་ཞེས་བྱ་བར་གསུངས་ཏེ། བརྡ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ལུས་དང་ངག་གི་ཐ་སྙད་དོ། །དེ་ལ་ཕྱི་རོལ་འདུ་བ་ཞེས་བྱ་བ་ལ་སོགས་པ་ལ་འདུ་བའི་ས་དེ་རྣམས་སུ་མཆོག་ཏུ་གྱུར་པའི་ཐུགས་རྗེས་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་ ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་རང་བཞིན་གྱིས་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོ་རྗེས་སུ་གཟུང་བའི་ཕྱིར། གང་ཞིག་སྨྲས་པའི་བཟའ་བ་དང་བཏུང་བ་དང་མལ་ཆ་ལ་སོགས་པ་རྣམས་མཆོག་ཏུ་དགའ་བའི་སེམས་ཀྱིས་དེ་དག་ཐམས་ཅད་ཕུན་སུམ་ཚོགས་པར་བྱའོ། །དེ་ནས་ རང་གི་དམ་ཚིག་ཅན་དེ་རྣམས་ལ་ཡང་གུས་པས་སྤྱི་བོས་འདུད་པར་བྱས་ནས་སྐལ་པ་ཇི་ལྟ་བ་བཞིན་དུ། དེས་ཆོས་བསྟན་པ་སྔོན་དུ་འགྲོ་བའི་མིག་སྨན་དང་། །རྐང་བྱུག་ལ་སོགས་པའི་དངོས་གྲུབ་རྣམས་ཀྱང་རབ་ཏུ་སྟེར་ཞིང་། །ཡུལ་ཐམས་ཅད་ཀྱི་རྣལ་འབྱོར་མ་ཞིང་སྐྱེས་མ་དང་། །སྔགས་ སྐྱེས་མ་དང་། ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་རྣམས་ལ་ཡང་གུས་པས་སྤྱི་བོར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེར་བ་ལ་མངོན་པར་གཞོལ་བར་བསོད་ནམས་བྱས་པའི་སྒྲུབ་པོས་ཡང་དག་པར་མཐོང་བར་འགྱུར་བའི་ཕྱིར་དེ་རྣམས་ལ་ཡང་དག་པར་བསྡུས་ཏེ་སྟོན་པར་མཛད་པ་ཡིན་ ནོ། །གནས་དང་ཉེ་བའི་གནས་དང་ནི། །ཞེས་བྱ་བ་ལ་སོགས་པ་ལ། འདི་རྣམས་སུ་རྣམ་པ་བཅུ་གཉིས་ཏེ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་རྣམས་སོ། །འདི་རྣམས་ཉིད་རིགས་ལ་སོགས་པའི་ས་སྟེ། སེམས་ཅན་གྱི་བསམ་པའི་དབྱེ་བས་སོ། །གནས་ལ་ཛ་ལནྡྷ་ར་ལ་སོགས་པའི་ཐ་སྙད་ནི་སངས་ རྒྱས་དང་། རྡོ་རྗེ་འཛིན་པ་རྣམས་ཀྱི་སྟེ། གདུལ་བྱའི་དབང་གིས་གཞན་ཡང་བདག་མེད་མ་ལ་སོགས་པ་མངོན་པར་བརྗོད་པ་རྣམས་ཀྱི་འདུ་བའི་གནས་ཏེ། འབྲས་བུ་རྡོ་རྗེ་འཛིན་པའི་ས་ཐོབ་པར་མཛད་པ་ཡིན་ནོ། །ས་བཅུའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་འདིས་ནི་རབ་ཏུ་དགའ་བས་ན། ཆོས་ ཀྱི་སྤྲིན་གྱི་མཐར་ཐུག་པ་འདི་རྣམས་ཉིད་རྒྱུར་གྱུར་པའི་རྡོ་རྗེ་སེམས་དཔའི་སྟོན་པ་ཡིན་ནོ། །འདི་ལ་གཞན་དུ་ཞེས་བྱ་བ་ནི་རབ་ཏུ་དབྱེ་བ་མེད་པའོ། །ཉི་མ་ཞེས་བྱ་བ་ནི་ཉིན་ཞག་གོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི། ཞིང་ལས་སྐྱེས་པ་དང་། སྔགས་ལ་སྐྱེས་པ་དང་། ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་རྣམས་སོ། །རབ་ཏུ་འདུ་བ་ཞེས་བྱ་བ་ནི་ངེས་པར་གཟུང་བར་གྱུར་པའོ། །རྒྱལ་ མཚན་ཞེས་བྱ་བ་ནི་སྒྱེགས་པའོ། །མཚོན་བསྣུན་ཞེས་བྱ་བ་ནི་གཞན་གྱིས་བསད་པའོ། །བདུན་འཁོར་ཞེས་བྱ་བ་ནི་སྐྱེ་བ་བདུན་དུ་མི་རྣམས་ཀྱི་ནང་དུ་འཁོར་བ་སྟེ། འོག་ནས་འབྱུང་བའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རོ། །འོ་ན་གལ་ཏེ་རང་ཉིད་དུས་བྱས་པར་མ་གྱུར་ན་དེའི་ཚེ་འོག་ ནས་འབྱུང་བའི་ཁ་སྦྱོར་དྲལ་བའི་ཆོ་ག་མི་བྱ་བའམ། ཅི་ཞེ་ན། མ་ཡིན་ཏེ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ངེས་པར་སྡུག་བསྔལ་གྱི་རྒྱུ་ལ་གནས་ཤིང་གཞན་གྱིས་འདུལ་བར་མི་ནུས་པ་རྣམས་སྙིང་རྗེས་སྡུག་བསྔལ་ཆེན་པོ་ཞི་བར་བྱ་བའི་ཕྱིར་བསྟེན་པའོ། ། འབད་པ་ཡིས་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་ཆོ་གས་སོ། །མཁས་པ་ཞེས་བྱ་བ་ནི་སྦྱོར་བ་ཤེས་པས་སོ། །དེའི་ཕྱིར་གསུངས་པ། སྙིང་རྗེ་དམན་པས་གྲུབ་མི་འགྱུར། །ཞེས་བྱ་བ་སྟེ། དངོས་གྲུབ་ཐམས་ཅད་ནི་སྙིང་རྗེའི་རྩ་བ་ཅན་ནོ། །དེས་ན་དེ་སྤངས་པ་རྣམས་དངོས་གྲུབ་ ཏུ་མི་འགྱུར་རོ། །དོན་དེ་ཉིད་རབ་ཏུ་གསལ་བར་བྱ་བའི་ཕྱིར་དེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་འབད་དེ་རབ་ཏུ་སྙིང་རྗེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་འོག་ནས་འབྱུང་ བའི་ཁ་སྦྱོར་དྲལ་བའི་ཆོ་ག་སུས་ཀྱང་ནམ་ཡང་མི་བྱའོ་ཞེ་ན། མ་ཡིན་ཏེ། གདུག་པ་ཐམས་ཅད་གདུལ་བའི་ཕྱིར། །ཞེས་བྱ་བ་ལ། གདུག་པ་ནི་དཀོན་མཆོག་གསུམ་ལ་གནོད་པ་དང་། བླ་མ་དང་དམ་ཚིག་ཅན་གྱི་སེམས་ཅན་ལ་གནོད་པ་རྣམས་གཞུག་པའི་ཕྱིར་རོ། །དེ་ཡང་ བཀུར་སྟི་བྱས་ཤིང་སྦྱིན་པ་ལ་སོགས་པས་མངོན་པར་བསྐུལ་ནས་འོག་ནས་འབྱུང་བའི་བསྙེན་གནས་ལ་སོགས་པ་སྦྱིན་པ་འདིས་མངོན་པར་དད་པར་བྱས་ལ་ཐེག་པ་གསུམ་གྱི་སྣོད་ཇི་ལྟ་བ་བཞིན་དུ་གཞུག་པར་བྱ་སྟེ། དེས་ཀྱང་གཞུག་པར་མ་ནུས་ན་དེའི་ཚེ་འོག་ནས་འབྱུང་བ་འདིས་ཁ་སྦྱོར་དྲལ་ བའི་དབྱེ་བའི་མཚན་ཉིད་ཆོ་ག་བཞིན་དུ་བྱའོ། །དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས་གསུངས་པ། འདི་ནི་བྱང་ཆུབ་སེམས་དཔས་ཇི་སྲིད་དུ་སྲོག་གཅོད་པ་ལས་ཕྱིར་ལྡོག་པར་བྱ་སྟེ། གཞན་དུ་སེམས་ཅན་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་རྒྱས་ པར་འབྱུང་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཐབས་མྱུར་བའི་ཆོ་ག་འདིས་ཐམས་ཅད་བྱ་བའོ་ཞེ་ན་མ་ཡིན་ཏེ། གཙོ་བོ་རབ་ཏུ་དགག་པར་བྱ། །ཞེས་བྱ་བ་ལ། གདུག་པ་མ་ཡིན་པའི་རྒྱུ་ཐམས་ཅད་ལ་དགག་པར་བྱའོ། །ཞེས་བྱ་བའོ། །དེ་ལ་འདི་ལྟར་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་ཉིན་མོ་ དང་མཚན་མོ་ནི་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པར་གསུངས་པ་ཡིན་ནོ། །མི་བྱ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་ལ་གང་ཡང་སྲོག་གཅོད་པ་ལ་སོགས་པ་མི་བྱ་བ་ཅུང་ཟད་ཀྱང་མེད་པའོ། །མི་བཟའ་ཞེས་བྱ་བ་ནི་འཇིག་རྟེན་པས་སྨད་པ་རྣམས་སོ། །འདིར་ནི་མི་བསམ་ཡོད་མ་ཡིན། །ཞེས་ བྱ་བ་ནི་བརྣབ་སེམས་ལ་སོགས་པའོ། །མི་སྨྲ་དགེ་སྡིག་ཅེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པ་དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་གཞན་གྱི་དོན་ལ་ཞུགས་པ་རྣམས་སོ། །དེ་ཡང་གསུངས་པ། སྙིང་རྗེར་ལྡན་པ་མི་དགེ་མེད། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་བྱ་བའོ། ། བདག་ཇི་བཞིན་སེམས་ཅན་ཇི་བཞིན། །ཞེས་བྱ་བ་ནི་རང་དང་གཞན་ལ་འདིར་བདེ་བ་དང་སྡུག་བསྔལ་དང་། ཁུ་བ་དང་ཁྲག་ལ་སོགས་པའི་བྱེ་བྲག་གང་ཡང་མེད་དོ། །བདག་གི་བདག་ལྟར་གཞན་དེ་བཞིན། །ཞེས་བྱ་བ་ནི་ཕྱིན་ཅི་ལོག་གིས་བརྟགས་པའི་ཕུང་པོ་ཙམ་སྟེ། བདག་དང་གཞན་ཞེས་བྱ་བའི་ དངོས་པོ་ཐམས་ཅད་ནི་སྟོང་པར་ཤེས་པར་བྱའོ། །དེས་ན་ཆོས་ཐམས་ཅད་ནི་མཉམ་པ་ཉིད་དང་། མ་ལུས་པའི་སེམས་ཅན་གྱི་ཁམས་བསྒྲལ་བར་འདོད་པའི་དཔལ་ཧེ་རུ་ཀའི་ཚུལ་ཅན་ལ་ཇི་ལྟར་བསྟན་པ་ཐམས་ཅད་ཁ་ན་མ་ཐོ་བ་མེད་པ་ཉིད་དོ། །འདི་ལྟར་ཀུན་སེམས་སྦྱོར་བའི་བདག །ཅེས་བྱ་ བ་ནི་འགྲོ་བ་ཐམས་ཅད་ཀྱི་བདག་ཉིད་ཐབས་དང་ཤེས་རབ་དྲི་མ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་དུ་རྣམ་པར་སེམས་པའོ། །བདག་ཉིད་བཟའ་བཏུང་ཞེས་བྱ་བ་ལ་སོགས་པ་ལ་གང་ཅུང་ཟད་ཟ་བ་དེ་ཐམས་ཅད་བདུད་རྩི་བཅུར་བྱས་ལ་བཏུང་བ་རྣམས་ནི་བྱང་ཆུབ་ཀྱི་སེམས་སུ་བྱའོ་ཞེས་པ་སྟེ། བཟའ་བར་བྱ་བ་དང་བཟའ་བ་དང་། ཟ་བ་པོའི་རྣམ་པར་རྟོག་པ་སྤངས་པས་སྔགས་དང་ལྷ་དག་གཉིས་སུ་མེད་པར་བྱས་ཏེ་མཆོད་པར་བྱ་བ་དང་། མཆོད་པ་པོ་དང་། མཆོད་པའི་རྟོག་པ་དང་བྲལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེས་ལྷག་པར་ སྤྲུལ་པའི་བདག་ཉིད་དུ་བསྒོམས་ནས་མཆོད་པ་བརྩམ་པར་བྱའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ་གང་ཅུང་ཟད་ལུས་ཀྱི་རྣམ་པའི་ལས་དང་གང་ཡང་ངག་གི་རང་བཞིན་དེ་ཐམས་ཅད་སྔགས་དང་ཕྱག་རྒྱའོ། །གང་དུ་ཞེ་ན་ཧེ་རུ་ཀ་དཔལ་བཞིར་གནས་ན་སྟེ། ཧེ་རུ་ཀའི་དོན་ནི་ཤྲཱི་གཉིས་ མེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྐྱེ་བོ་གང་དང་ཞེས་བྱ་བ་ལ་སོགས་པ་ལ། པི་ཤི་ཏཾ་ཞེས་བྱ་བ་ནི་ཤའོ། །བློ་དང་ལྡན་པས་ཞེས་བྱ་བ་ནི་སྦྱོར་བ་ལ་མཁས་པས་སོ། །སེམས་ཅན་དེ་དག་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་སྔགས་དང་ལྷའི་སྦྱོར་བས་ལྷ་དང་མིར་སྐྱེས་ ཤིང་ཚེ་རབས་དྲན་པ་དང་། བདེ་བ་དང་ལྡན་པར་རྣལ་འབྱོར་པའི་དབང་དུ་འགྱུར་རོ། །རྡོ་རྗེ་ཐོད་པའི་སྦྱོར་བས་སོ། །ཞེས་བྱ་བ་ལ། རྡོ་རྗེ་ནི་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་སྟེ་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡེ་ཤེས་ལྔའི་བདག་ཉིད་དོ། །ཐོད་པ་ནི་ཨ་ཡོངས་སུ་གྱུར་པའི་པདྨའི་སྣོད་དོ། །སྦྱོར་བ་ ཞེས་བྱ་བ་ལ་འོག་ཏུ་རླུང་གི་སྟེང་དུ་མེའི་དཀྱིལ་འཁོར་ལ་པདྨའི་སྣོད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནོ། །དེའི་སྟེང་མཐོ་གང་གི་སྤགས་པའི་བར་སྣང་ལ་ཁ་ཊྭཱཾ་གའི་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ནས་དམ་ཚིག་གི་བདུད་རྩི་དང་གཅིག་ཏུ་བྱས་ཏེ། ཧོཿ གཉིས་ཀྱི་བར་དུ་ཆུད་པའི་ཡི་གེ་གསུམ་གྱི་སྦྱོར་བས་གཏོར་མ་སྔོན་དུ་འགྲོ་བའི་ཚུལ་གྱིས་བཟའ་བར་བྱའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བདུན་པའི་བཤད་པའོ།། །།བརྡའི་ལེའུའི་འོག་ཏུ་རྣལ་འབྱོར་ མའི་འཁོར་ལོ་བཤད་པར་བཞེད་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཟེའུ་འབྲུ་ཞེས་པ་ནི་ཟེའུ་འབྲུ་ཡོངས་སུ་གྱུར་པ་སྟེ་ནང་གི་རིམ་པ་ཟླུམ་པོའོ། །གྲུ་གསུམ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཡོངས་སུ་གྱུར་པ་སྟེ། ཕྱིའི་དཀྱིལ་འཁོར་གྲུ་བཞི་པའོ། །འདི་ དག་ནི་དཀྱིལ་འཁོར་སྤྱིའི་མཚན་ཉིད་དེ། དེ་ཡང་། རིགས་གཅིག་སྒོ་ནི་བཞི་པ་སྟེ། །ཞེས་ཇི་སྐད་གསུངས་པའི་པི་ཙུ་བཛྲའི་རི་མོའི་དཀྱིལ་འཁོར་མ་གཏོགས་པའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ཨཱ་ལི་ཀཱ་ལི་དག་དེ་ཁོ་ན་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པའི་ཟླ་བ་དང་ ཉི་མའོ། །ས་བོན་ཕྱག་མཚན་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་དབུས་སོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ནི་རྒྱུར་གྱུར་པའི་འོ། །གདན་ཞེས་བྱ་བ་ནི་བསྐྱེད་པའི་གནས་ཏེ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་ཞེས་བྱ་བའི་དོན་ཏོ། །ཡི་གེ་ལས་བྱུང་གོང་བུ་ལ། །ཞེས་བྱ་བ་ལ་གོང་བུ་ ནི་ལུས་ཏེ། འདི་ནི་ཡི་གེ་ལས་བྱུང་བ་ཡིན་གྱིས་གང་དུ་ལ་ལའི་ཡང་གཟུགས་ལས་ནི་རྡོ་རྗེ་སེམས་དཔའ་མ་ཡིན་ནོ། །ཧཱུཾ་དང་ཕཊ་སོགས་འདོད་མི་བྱ། །ཞེས་བྱ་བ་ལ་སོགས་པ་ལ་སོགས་ཀྱིས་ནི་རིགས་ལྔས་བྱིན་གྱིས་བརླབས་པ་ཡིན་ནོ། །རྡོ་རྗེ་དང་པདྨོ་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་འདོད་པར་ མི་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་བཅིང་བའི་ཆོ་ག་ཡིན་པའི་ཕྱིར་རོ། །སེམས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་མཚན་ཞལ་སོགས་སྲས་ལྟ་བུ། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གཞན་ཞབས་ལ་སོགས་པ་ཡང་གཟུང་བར་བྱའོ། །ཟླ་བའི་གཟུགས་ཅན་ ནོར་བུའི་འོད། །ཅེས་བྱ་བ་ནི་སྐུ་མདོག་དཀར་པོའོ། །ཡང་ན་ཟླ་བའི་རང་བཞིན་ཅན། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཏེ། ཀུན་ད་ལྟ་བུ་ཡིན་པའི་ཕྱིར་རོ། །ནོར་བུ་ཞེས་བྱ་བ་ནི་ནོར་བུའི་ནང་དུ་ཆུད་པའོ། །འོད་ཅེས་བྱ་བ་ནི་རབ་ཏུ་སྣང་བ་སྟེ་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་ཀྱི་ཕྱག་རྒྱ་དང་། ཞལ་དང་དབྱིབས་ལ་སོགས་པ་མ་གྲུབ་པས་ན་སྲས་ལྟ་བུ་ཞེས་གསུངས་ཏེ། འདིའི་དོན་ནི་བཅོམ་ལྡན་འདས་འདི་ཉིད་ལས་ཆོས་ཐམས་ཅད་དབྱེར་མེད་པའི་རང་བཞིན་གྱི་རྡོ་རྗེ་ཅན་ལོངས་སྤྱོད་ རྫོགས་པའི་སྐུ་ཡོངས་སུ་གཟུང་བའི་ཕྱིར། འོག་ནས་འབྱུང་བའི་ལྷ་མོ་བཞིའི་དབྱངས་ཀྱིས་ཡང་དག་པར་བསྐུལ་བས་སྐུ་གསུམ་པོ་རིམ་གྱིས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སེར་མོ་ལ་སོགས་འདི་ལས་འབྱུང་། །ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྡོ་རྗེ་སེམས་དཔའ་ལས་སོ། །དེ་དག་ཀྱང་ཧེ་རུ་ཀ་ མངོན་པར་འབྱུང་བའི་ལེའུ་ལས་ཐམས་ཅད་གསལ་བར་སྟོན་པར་འགྱུར་རོ། །ཡི་གེ་གཞན་ལས་ཐ་དད་པ། །ཞེས་བྱ་བ་ལ་ཡི་གེ་ནི་ས་བོན་ཏེ། ས་བོན་དང་མཚན་མས་གཞན་ལ་སྟེ། ཕན་ཚུན་དུ་ཕྱེ་བས་ཡིན་གྱི། རྒྱུ་ནི་མ་ཡིན་ནོ། །དྲག་ཆེན་ཞེས་བྱ་བ་ནི་དྲག་པོའི་ ཉམས་ཀྱི་གར་དང་ལྡན་པའོ། །དང་པོར་ནག་པོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་མིག་ལ་སོགས་པའི་རྣལ་འབྱོར་མ་དྲུག་པོ་རྣམས་ཀྱི་རིམ་པ་བཞིན་དུ་སྐུ་མདོག་བསྟན་པ་ཡིན་ནོ་ཞེས་ལ་ལ་དག་ཟེར་རོ། །གཞན་དག་ནི་འགྲོ་བ་དྲུག་པོས་དབྱེ་བས་འཁོར་ལོ་བསྒོམ་ པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །ཡན་ལག་དྲུག་ཅེས་བྱ་བ་ནི་ཁ་དོག་དྲུག་གི་བདག་ཉིད་ཅན་ནོ། །རྣམ་པར་དགའ་མཐའ་ཡས་དེ་བཞིན། །ཞེས་བྱ་བ་ལ་མཆོག་ཏུ་དགའ་བ་དང་རྣམ་པར་དགའ་བ་དག་གི་དབུས་ནི་མཐའ་སྟེ། དེ་ཁོ་ན་ཉིད་དོ། །ཡང་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པའོ། ། དེ་བཞིན་ཞེས་བྱ་བ་ནི་ཡན་ལག་དྲུག་དང་ལྡན་པ་དེས་སོ། །དེ་སྐད་དུ་ཡང་གསུངས་པར་གྱུར་པ། །ལྷ་ཡི་འཁོར་ལོ་ཐམས་ཅད་ཁ་དོག་གཅིག་པ་སྟེ། །བདེ་བ་ཆེན་པོའི་རང་བཞིན་དུ་ནི་བསྒོམ་པར་བྱ། །ཞེས་པའོ། །ཡང་ན་རྣམ་པར་དགའ་མཐའ་ཞེས་བྱ་བ་ནི་མཐའ་སྟེ་ཡོད་པར་གྱུར་ པའོ། །ཡང་ཞེས་བྱ་བ་ནི་ཕྱི་ནས་སོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཤེས་རབ་ཀྱི་ཡེ་ཤེས་དེ་བཞིན་དུ་དེའི་འོག་ཏུ་བསྒོམ་པར་བྱའོ། །ཞེས་འོག་ནས་ཚིགས་སུ་བཅད་པས་སྟོན་པར་འགྱུར་རོ། །རྫོགས་པའི་རིམ་པའི་སྦྱོར་བར་བྱ་བའི་ཕྱིར་གསུངས་པ། ནམ་མཁའི་དབྱིངས་ཞེས་ བྱ་བ་ལ་སོགས་པའོ། །གལ་ཏེ་ན་བསྐྱེད་པའི་རིམ་པའི་ཐ་མལ་པའི་རྣམ་པ་བཟློག་སྟེ། ལྷའི་རྣམ་པར་དག་པ་མ་ལུས་པའི་ཚུལ་གྱིས་དངོས་གྲུབ་ཆེན་པོར་གྱུར་པ་མ་ཡིན་ནོ་ཞེ་ན། བདེན་ཏེ་གང་ཡང་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་སྟོང་པ་ཉིད་བླ་ན་མེད་པའི་བདེ་བ་ཆེན་པོ་ཐབས་དང་ ཤེས་རབ་ཀྱི་རང་བཞིན་གྱི་བསྒོམ་པར་བྱ་བར་མི་ནུས་པ་རྣམས་ཀྱི་ཕྱིར། ཕུང་པོ་ལ་སོགས་པའི་རྣམ་པར་དག་པའི་དབྱེ་བ་མདོར་བསྡུས་པ་དང་། བར་མ་དང་རྒྱས་པའི་ཚུལ་གྱི་བསྐྱེད་པའི་རིམ་པའི་དབྱེ་བ་བསྟན་པ་ཡིན་ནོ། །དེ་ཡང་གསུངས་པ། བློ་བཟངས་རྣམས་ཀྱིས་ཐོག་མར་བསྐྱེད་ པའི་རིམ་པ་བསྒོམ་པར་བྱ་སྟེ་རྟག་ཏུ་ནི། །སྔགས་དང་ཕྱག་རྒྱ་རྣམ་དག་རྒྱན་དང་གོ་ཆ་ཐམས་ཅད་ངེས་པར་བརྗོད་མི་བྱ། །ཕྱི་ནས་གསལ་བར་ལྡན་ཞིང་རྒྱུན་དུ་སྐད་ཅིག་གཅིག་ཀྱང་དེ་ཉིད་སེམས་གཅིག་གིས། རྫོགས་པའི་རིམ་པའི་སྒོམ་པ་བདེ་ཆེན་སྲིད་པ་འཇིག་བྱེད་ལྷན་ཅིག་རྟག་ བསམ་བྱ། ཞེས་གསུངས་ཏེ། དེ་ལྟར་རྫོགས་པའི་རིམ་པ་བསྒོམ་པ་ཉིད་ཀྱིས་རྣལ་འབྱོར་པ་མཆོག་རྣམས་ཀྱི་དངོས་གྲུབ་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཁ་ཅིག་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དེ་དབྱེར་མེད་པར་བྱའོ་ཞེས་འཆད་དེ། གང་ཡང་གསུངས་པ། ལུས་མེད་བདེ་བ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་པས་སོ་ཞེས་ཟེར་རོ། །ལྷན་ཅིག་སྐྱེས་པའི་དབྱེ་བ་རྣམ་པ་བཞི་བསྟན་པའི་ཕྱིར་ཀུན་དུ་དགའ་བ་སྟེ། ཞེས་པ་ལ་སོགས་པ་གསུངས་ཏེ་ཐ་མལ་པའི་རྣམ་པར་རྟོག་པ་བཟློག་སྟེ། ཡེ་ཤེས་རྣམ་པ་ ལྔའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་ཀུན་དུ་དགའ་བའོ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་བྱ་བའི་རྣལ་འབྱོར་མའི་སྦྱོར་བས་མཆོག་ཏུ་དགའ་བ་འབྱུང་བར་འགྱུར་བས་ན། དེ་ལ་ཡང་དེ་སྐད་ཅེས་བརྗོད་དོ། །ཆགས་པའི་དགའ་བ་ མ་ལུས་ཉིད། །ཅེས་བྱ་བ་ནི་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བས། ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་འབྱུང་སྟེ་དཀྱིལ་འཁོར་པ་ཐམས་ཅད་དུ་གྱུར་པ་འདི་ནི་རྣམ་པར་དག་པའོ། །བདེ་དེའི་ཐབས་ཀྱིས་ཐམས་ཅད་རིག །ཅེས་བྱ་བ་ནི་ཤེས་ རབ་ཡེ་ཤེས་ཀྱི་ཐབས་ཀྱིས་བདེ་བ་དེ་ཐམས་ཅད་རིག་པ་སྟེ། དེ་ཉིད་འབྲས་བུར་གྱུར་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། རྟག་ཏུ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་ཡིན་ནོ། །མཆོག་ཏུ་དགའ་བ་སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཏུ་དགའ་བ་ནི་འདོད་ཆགས་ཀྱི་རང་བཞིན་གྱི་ཕྱིར་མཆོག་ཏུ་དགའ་བ་ལས་སྲིད་པ་སྟེ། འདི་ལྟར་ཆགས་པ་དང་ལྡན་པའི་འདོད་པ་དང་མི་འདོད་པའི་ལས་རྣམས་རབ་ཏུ་བརྩམས་ནས་བདེ་འགྲོ་དང་ངན་འགྲོའི་སྲིད་པར་འགྱུར་རོ། །མྱ་ངན་འདས་པ་རྣམ་དག་པ། །ཞེས་བྱ་བ་ལ་རྣམ་པར་དག་ པའི་མཚན་ཉིད་ནི་འདོད་ཆགས་དང་བྲལ་བ་དབང་པོ་ཐམས་ཅད་རྒྱས་པའི་ཡེ་ཤེས་ཏེ། ཆགས་པའི་བདག་ཉིད་ཀྱི་སྲིད་པ་དག་ལ་ཆགས་པ་དང་བྲལ་བར་འགྱུར་བ་ཡིན་ནོ། །འདི་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་འདོད་ ཆགས་དང་བྲལ་ནས་ལས་རྣམས་མངོན་པར་ཡང་སྤང་དུ་མེད་དོ། །དེ་ལྟར་ལས་དང་ཉོན་མོངས་པར་མ་བསམས་པས་ཕུང་པོ་ལ་སོགས་པ་ལོག་པ་ཙམ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །དབུས་ནི་ཀུན་དུ་དགའ་ཙམ་ཉིད། །ཅེས་བྱ་བ་ནི་ཀུན་དུ་དགའ་བ་ཡང་བདེ་བ་ཙམ་གྱི་ ཕྱིར་ཆགས་པ་ཉིད་དོ། །ལྷན་ཅིག་སྐྱེས་པས་འདི་དག་སྤངས། །ཞེས་བྱ་བ་ལ་ཀུན་དུ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། རྣམ་པར་དགའ་བ་རྣམས་སྤངས་པ་ནི་བྲལ་བའོ། །དེ་ལྟ་མོད་ཀྱི་ལྷན་ཅིག་སྐྱེས་པའི་རང་བཞིན་བསྟན་པའི་ཕྱིར་གསུངས་པ། གཞན་གྱི་བསྟན་མིན་ ལྷན་ཅིག་སྐྱེས། །ཞེས་བྱ་བ་ལ་སོགས་པ་སྟེ། བླ་མ་ལ་སོགས་པས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་བསྟན་པར་ནུས་པ་མ་ཡིན་ཏེ། ངག་གི་རྟོག་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། བསོད་ནམས་ལས་ནི་བདག་ཅེས་ བྱ། །ཞེས་བྱ་བ་ལ་སོགས་པ་སྟེ། རང་གི་བསོད་ནམས་ལས་ནི་བླ་མ་བརྒྱུད་པ་ཉེ་བར་བསྟན་པ་ཡིན་ལ། དེ་ལ་སྔགས་ཀྱི་ལས་གོ་བཟློག་བའི་མན་ངག་ཤེས་པར་བྱ་བ་སྟེ་རང་གི་ཉམས་སུ་མྱོང་བར་བྱ་བའོ། །ཡང་ན། །བསོད་ནམས་ལས་ནི་བདག་ཅེས་བྱ། །ཞེས་བྱ་བ་ནི་ལེགས་པར་ བྱས་པའི་རང་གི་རྒྱུད་ལས་གསུངས་པ་ཕྱག་རྒྱ་རྙེད་པ་ཡིན་ནོ། །དེ་ལ་བླ་མ་བརྒྱུད་པ་ཉེ་བར་བསྟེན་པ་ཞེས་བྱ་བ་ནི་བླ་མའི་མན་ངག་དག་ལས་དེ་ཉིད་ཀྱི་གོམས་པས་ཉེ་བར་རྙེད་པའི་སྡིག་བསྐྱོད་ཅེས་བྱ་བའི་རྩ་སོར་མོ་དང་ལྕེས་ཅུང་ཟད་བསྐྱོད་ནས་ཆོ་ག་ཇི་ལྟ་བ་བཞིན་དུ་རང་གི་རྡོ་རྗེ་མངོན་པར་ཕྱོགས་པར་ གྱུར་པ་དང་། བསོད་ནམས་ཆེན་པོ་དང་ལྡན་པ་རྣམས་ལ་ངེས་པར་བདེ་བ་ཆེན་པོ་སྐྱེད་པར་འགྱུར་རོ་ཞེས་བྱའོ། །གང་ཕྱིར་འགྲོ་ཀུན་ང་ལས་བྱུང་། །ཞེས་བྱ་བ་ནི་རྒྱུ་གཞན་ནམ། རྒྱུ་མེད་པའམ་གཞན་གྱིས་ཁྱབ་པའམ་རང་བཞིན་གཞན་པའམ་རང་བཞིན་མེད་པ་ཞེས་བྱ་བ་རྣམས་མ་ ཡིན་ནོ་ཞེས་འདིར་རབ་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་བསྟན་པའི་རྫོགས་པའི་རིམ་པ་ཡོངས་སུ་ཤེས་ནས་གོམས་པར་བྱ་སྟེ་བསྒོམས་པ་དང་། རྗེས་སུ་མཐུན་པས་སེམས་དང་ལུས་བག་ཡངས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མཉམ་ གཞག་ཅེས་བྱ་བ་ནི་དབང་པོ་རྣོན་པོ་དང་ལྡན་པའོ། །གྲུབ་པར་འགྱུར་བ་ནི་ཇི་ལྟར་བསྟན་པ་དེར་ཚེ་འདི་ཉིད་ལ་བདེ་བའི་རང་བཞིན་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟ་བུ་ཞིག་ཅེ་ན། བསོད་ནམས་ཆུང་བའི་མི་ཡིས་ཀྱང་། །ཞེས་བྱ་བ་སྟེ། བསོད་ནམས་སྟོབས་ཆུང་བས་ཀྱང་ངོ་། ། ཅི་ཞིག་བྱས་པས་ཞེ་ན། གནས་སྐབས་ཐམས་ཅད་དུ་ཆོས་ཐམས་ཅད་རང་རིག་པའི་དེ་ཁོ་ན་ཉིད་བསྒོམས་པས་སོ། །འདི་ལྟར་ཡང་སྔོན་གྱི་བདེ་བ་ཞེས་བྱ་བ་ལ་སོགས་པས་གསལ་བར་སྟོན་པར་འགྱུར་རོ། །བརྟན་དང་ཞེས་བྱ་བ་ལ་སོགས་པ་ལ་བརྟན་པ་དང་གཡོ་བའི་ཆོས་གང་ཡིན་པ་ རང་གི་རྒྱུད་ལས་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་བསྒོམ་པའོ། །དེ་ཡང་གསུངས་པ། རང་གི་གཟུགས་དང་ལྷན་ཅིག་ཅེས་བྱ་བ་དེ་ཉིད་ཀྱིས་བདག་ཉིད་ལྷའི་བདེ་བའི་རང་བཞིན་བསམ་པར་བྱ། །ཞེས་བྱ་བའོ། གལ་ཏེ་དེ་ལྟར་ན་རྩ་ལ་སོགས་པ་རང་ཉིད་ཀྱིས་བླ་ན་མེད་པའི་ བདེ་བ་ཆེན་པོའི་རང་བཞིན་རང་རིག་པ་མ་ཡིན་པར་འགྱུར་ཏེ། སེམས་མེད་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་རྣམས་གཅིག་ཏུ་གཞན་ཡོད་མིན། །ཞེས་བྱ་བ་སྟེ་གོ་སླའོ། །རང་རིག་པ་ལས་དངོས་གྲུབ་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ་གལ་ ཏེ་རང་རིག་པ་ཞེས་རྫོགས་པའི་རིམ་པ་སྒོམ་པ་དེ་ཉིད་ཀྱིས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཏུ་འགྱུར་ན་དེའི་ཚེ། ཤིན་ཏུ་རིང་མིན་ཐུང་བ་མིན། །ཤིན་ཏུ་གནག་ཅིང་དཀར་བའང་མིན། །ཞེས་བྱ་བ་ལ་སོགས་པའི་བདག་ཉིད་ཅིའི་ཕྱིར་བསྟན་སྙམ་ན། བདེན་ཏེ། གང་ཡང་དབང་ པོ་དམན་ཞིང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བདེ་བར་གྱུར་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ་བར་མི་ནུས་པ་རྣམས་ལ་རྒྱུད་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་མངོན་པར་ཤེས་པ་ཇི་ལྟར་རྙེད་པའི་ལས་ཀྱི་ཕྱག་རྒྱ་འདི་བསྟན་ ཅིང་གཞན་དག་ལ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་པ་ཡིན་ནོ། །ཡང་གསུངས་པ། ཡེ་ཤེས་ཕྱག་རྒྱ་གོམས་པ་ཡིས། །བྱང་ཆུབ་ཅན་གྱི་བུད་མེད་སྤངས། །རྫོགས་པའི་ཡེ་ཤེས་དེ་ཉིད་ལས། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །ཞེས་བྱའོ། །ལས་རྣམས་ རང་བཞིན་རང་རིག་སྟེ། །ཞེས་བྱ་བ་ནི་གང་ཅུང་ཟད་ལུས་དང་ངག་དང་ཡིད་ཀྱི་ལས་ཉོན་མོངས་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རང་རིག་པ་ཁོ་ནའོ། །གནོད་པའི་ལས་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་གཞན་དག་གི་ནི་ཐོས་པ་དང་དྲན་པ་དང་། མཐོང་བ་དང་ཐོས་པ་དང་རེག་པ་རྣམས་ཀྱིས་སེམས་ཅན་ ལ་གནོད་པར་འགྱུར་ཞིང་། རང་གི་ཏིང་ངེ་འཛིན་ལས་ཉམས་པ་ལས། དེའི་རྒྱུས་སྲིད་པ་གཞན་དང་གཞན་དག་ཏུ་སྐྱེ་བ་ཞེས་བྱ་བ་ཚེ་རབས་དུ་མར་འགྱུར་བའོ། །རང་ཉིད་བྱེད་པ་པོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་བདག་ཉིད་ལས་སྐྱོ་བར་བྱེད་པའོ། །རང་གིས་བསྡུས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བདེ་ བ་ཆེན་པོའི་རང་བཞིན་དུ་ཡང་དག་པར་འདུས་པའོ། །རང་རྒྱལ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ཡིན་པའི་ཕྱིར་རོ། །རང་ཉིད་གཙོ་བོ་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པ་ཐམས་ཅད་ལ་དགེ་བ་རྣམས་ཀྱིས་ཡིད་སྦྱོར་བའི་མཐུ་དང་ལྡན་པའི་ཕྱིར་རོ། །འདོད་ཆགས་ཞེ་སྡང་ཞེས་བྱ་བ་ནི་འདོད་ ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྣམས་ཀྱིས་སོ། །དེར་ཞེས་བྱ་བ་ནི་མི་མཐུན་པ་མེད་པར་ཆོས་ཀྱི་སྐུའི་རང་བཞིན་ནོ། །གནས་ཞེས་བྱ་བ་ནི་ཡེ་ཤེས་དྲི་མ་མེད་པའི་བདག་ཉིད་ཀྱིས་ལོངས་སྤྱོད་པའོ། །ཉམས་དགའ་བ་ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །བཅུ་དྲུག་ ཆར་ཡང་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་ཆ་ཤས་ཙམ་དུའང་བསྐྲུན་དུ་མི་རུང་བ་སྟེ། ཇི་ལྟར་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བའི་ཉི་མའི་འོད་ལ་སྲིན་བུ་མེ་ཁྱེར་གྱི་འོད་ཀྱིས་ཆ་ཙམ་དུ་ཡང་བསྐྲུན་དུ་མི་ཕོད་པ་བཞིན་ནོ། །ཆོས་འབྱུང་ལས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་འབྱུང་གནས་ལས་གང་ཞིག་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། ། ཡེ་ཤེས་ཞེས་བྱ་བ་ནི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། མཁའ་མཉམ་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཕྱིར་རོ། །ཐབས་དང་བཅས་པ་ཞེས་བྱ་བ་ནི་སྙིང་ལས་བསྒྲུབ་པའི་སྐུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས་ཞེས་བྱ་བ་ནི་འཇིག་རྟེན་པའི་མཚན་ཉིད་ལས་ཡང་དག་ པར་འབྱུང་བའོ། །ཤེས་རབ་ཐབས་ཀྱི་རང་བཞིན་ཏེ། ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པའི་རྣམ་པས་སོ། །ཁུ་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ་ཁུ་བ་ཉིད་རྣམ་པ་སྟེ་དེ་ཉིད་ནི་བཅོམ་ལྡན་འདས་སོ། །དེ་ཡི་བདེ་བ་འདོད་མར་བརྗོད། །ཞེས་བྱ་བ་ཁྱད་པར་དུ་སྡོམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནི་འདོད་ མ་སྟེ་ཤེས་རབ་བོ། །བདེ་བ་དེའི་ཚེ་གང་ཞིག་རྣམ་པར་གྱུར་པ་སྟེ། ཐམས་ཅད་བཅོམ་ལྡན་འདས་ཏེ་ཐབས་ཡིན་ལ་བདེ་བ་དང་དབྱེར་མེད་པའི་ཕྱིར་ཁུ་བ་ཡང་ཡིན་ནོ། །གཅིག་དང་དུ་མ་བྲལ་བ་འདི། །ཞེས་བྱ་བ་ནི་རྣམ་པ་འདི་དག་ནི་བྱེ་བྲག་སོ་སོར་སྣང་བའི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་སྟོང་པ་ཉིད་ཡིན་ ནོ། །སྐད་ཅིག་གཅིག་ནི་མཆོག་ཏུ་དགའ། །ཞེས་བྱ་བ་ལ་སྐད་ཅིག་གཅིག་ནི་རྣམ་པའི་མཚན་ཉིད་དོ། །མཆོག་ཏུ་དགའ་བ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བའོ། །རང་རིག་པ་ཞེས་བྱ་བ་ལ། འདི་དག་ནི་རང་གི་རང་བཞིན་གྱིས་གསལ་བ་སྟེ། རྟག་ཏུ་དེ་ལྟར་བྱུང་བའི་རང་བཞིན་ གྱི་ཕྱིར་རོ། །ཡེ་ཤེས་ཞེས་བྱ་བ་ནི་བེམས་པོ་མ་ཡིན་པ་སྟེ་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་དོ། །ངག་གི་ལམ་འདས་ཞེས་བྱ་བ་ནི་མིང་དང་མཚན་མ་དང་ངག་གི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་རྣམ་ པར་དག་པ་རྣམས་ནི་རང་གི་རང་བཞིན་གྱིས་སེམས་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྟེ། འདི་དག་ཀྱང་དེའི་རང་བཞིན་ནོ། །ས་དང་ཞེས་བྱ་བ་ལ་སོགས་པ་ལ་སྐད་ཅིག་ལ་ཞེས་བྱ་ བ་ནི་མངོན་པར་བྱང་ཆུབ་པའི་སྐད་ཅིག་ལའོ། །ས་ལ་སོགས་པས་མི་གནོད་ཅེས་བྱ་བ་ནི། ཡེ་ཤེས་རང་གི་རྣམ་པའི་ཡུལ་དང་གཞན་གྱི་རྣམ་པའི་ཡུལ་ཅན་ཡང་མི་སྐྱེའོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་རང་བཞིན་བསྟན་པའི་ཕྱིར། གསུངས་པ། མཐོ་རིས་མི་ཡུལ་ཞེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་མའི་མཆོག་ དེར་འཇིག་རྟེན་གསུམ་པོ་རྣམས་ཀྱང་རྣམ་པ་གཅིག་ཏུ་རྫོགས་པར་འགྱུར་བའོ། །རང་གཞན་ཐ་དད་ཅེས་བྱ་བ་ལ་སོགས་པ་ལ་དེར་བདག་དང་གཞན་དུ་རྣམ་པར་རྟོག་པ་རྣམས་ཀྱིས་གནོད་པར་བྱ་བར་མི་ནུས་པ་ཁོ་ནའོ། །རིག་བྱེད་གྲུབ་མཐའ་ཐམས་ཅད་ཅེས་བྱ་བ་ནི། གཞན་གྱིས་ཡོངས་སུ་ རྟོགས་པའི་མཐའ་ལས་ཀྱང་ངོ་། །ལས་ཀྱི་ཚོགས་ཞེས་བྱ་བ་ནི་གཞན་གྱི་ཡོངས་སུ་གྲུབ་པའི་མཐའ་ཀྱང་ངོ་། །ལས་ཀྱི་ཚོགས་ལ་སོགས་པའི་རབ་ཏུ་སྦྱོར་བའོ། །དེ་དག་གིས་མི་འགྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུའོ། །སྲིད་པ་དག་པར་ འགྱུར་ཞེས་བྱ་བ་ནི་དེ་དག་གིས་དག་པ་བསྐྱེད་པ་ཙམ་ལེགས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །དེ་མ་རྟོགས་པར་ཞེས་བྱ་བ་ལ་སོགས་པ་སྔོན་དུ་བསྟན་པའི་ཡེ་ཤེས་མ་རྟོགས་པར་སྐྱེ་བ་འདི་དང་གཞན་དག་ཏུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དངོས་གྲུབ་མེད་པ་ཡིན་ནོ། །དེའི་ ཕྱིར་གསུངས་པ་དགྱེས་པའི་རྡོ་རྗེ་མི་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་གྲུབ་ཀྱི་ཡོན་ཏན་ཐམས་ཅད་མྱུར་དུ་རྫོགས་པར་འགྱུར་བའི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ནི་དགྱེས་པའི་རྡོ་རྗེའོ། །མི་ཤེས་པ་ཞེས་བྱ་བ་ནི་ལྷག་པར་མོས་པ་ཙམ་ཡང་མི་ཤེས་པ་སྟེ། རྒྱུད་གཞན་དག་ གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་འབད་པ་དེ་དག་གི་ངལ་བ་འབྲས་བུ་མེད་པ་ཡིན་ནོ་ཞེས་བྱ་བའོ། །ལྟེ་བར་གཏུམ་མོ་འབར་བ་ཞེས་བྱ་བ་འདི་ཡང་རྫོགས་པར་བྱ་བའི་ཕྱིར། ཆུ་བོ་རྒྱུན་དུ་འབབ་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་བོ་རྒྱུན་དུ་འབབ་པ་སྟེ་ཞེས་བྱ་བ་ནི་ཧཾ་གི་ གཟུགས་ཅན་གྱི་མི་ཤིགས་པ་རྟག་ཏུ་འོག་ཏུ་བལྟས་ནས་སོ། །མཚམས་ནས་བདུད་རྩིའི་རྒྱུན་འཛག་པའོ། །མར་མེ་རྒྱུན་དུ་འབར་བ་ཞེས་བྱ་བ་ནི་ཨཾ་གི་གཟུགས་ཅན་མ་བར་ཆད་མེད་པར་འབར་བ་རང་བཞིན་གྱིས་འོད་གསལ་བའི་ཤེས་རབ་སྟེང་དུ་བལྟས་པར་བསམ་པ་སྟེ། འདི་དག་ནི་སྔགས་ ཀྱི་བདག་ཉིད་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །རྟག་ཏུ་དེ་ཉིད་ཅེས་བྱ་བ་ནི་ཇི་ལྟར་བསྟན་པའི་གཟུགས་ཀྱི་སྐུའི་སྒོམ་པས་སོ། །གནས་པར་བྱ་ཞེས་བྱ་བ་ནི་སྐད་ཅིག་གཅིག་ཀྱང་སེམས་གཞན་དུ་མི་གནས་པས་སོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་ འབྱུང་གནས་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།རྣམ་པར་དག་པ་མ་རྟོགས་པར་ལྷའི་འཁོར་ལོ་བསྒོམ་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་གསུངས་པ། དེ་ནས་གཞན་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་དག་པ་ ནི་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་དང་། ལྷའི་རྣམ་པར་དག་པའི་དབྱེ་བས་སོ། །དང་པོར་དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་གསུངས་པ། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཕྱི་དང་ནང་གི་རྣམ་པར་དག་པའི་དངོས་པོ་མཐའ་དག་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། འཕགས་ པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕགས་པ་མ་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་དྲི་མ་མེད་པ་འདིས་རྟག་ཏུ་གནས་པའི་ནམ་མཁའ་ལྟར་རྟག་ཏུ་འདུས་མ་བྱས་པའི་རང་བཞིན་ནོ། །བརྗོད་ཅེས་བྱ་བ་ནི་ཐམས་ཅད་དུ་དེའི་ཚུལ་གྱིས་གོམས་པར་བྱ་བ་རྣམས་ཀྱིས་ཁྱད་པར་མེད་པའི་རྣམ་པར་ དག་པ་སྟེ། དེ་བཞིན་ཉིད་དུ་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །ཕྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། རེ་རེ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དབྱེ་བས་ལྷ་རྣམས་ཀྱི་རྣམ་པར་དག་པ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །འོ་ན་ཅིའི་ཕྱིར་དབང་པོ་ ལ་སོགས་པ་རྣམས་རྣམ་པར་དག་པར་བརྗོད་ཅེ་ན། འདིར་གསུངས་པ། མི་ཤེས་པ་དང་ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་ལ། མི་ཤེས་པ་ནི་མ་རིག་པ་སྟེ་བདག་དང་བདག་གིར་འཛིན་པའོ། །འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུར་གྱུར་པའི་སེམས་ཀྱི་ཁྱད་པར་ནི་ཉོན་མོངས་པའོ། ། སྒྲིབ་གཡོགས་ནི་འདི་རྣམས་ཀྱིས་རྣམ་པར་བཀབ་པ་སྟེ་དེ་རྣམས་དག་པར་བྱེད་པའོ། །དེ་ཉིད་གསུངས་པ། རང་རིག་དག་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རང་རིག་པའི་ཡེ་ཤེས་ཉིད་ཀྱིས་མ་རིག་པའི་དྲི་མ་བསལ་ནས་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པའི་བདག་ཉིད་དེ། བསྒོམ་པ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཡུལ་རྣམས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པ་རང་བཞིན་གྱི་རྣམ་པར་དག་པའི་ཕྱིར་རང་རིག་པ་ཞེས་བྱ་བ་མཆོག་ཏུ་སྟེ། ཁྱད་པར་དུ་བདེ་བ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་ གཞན་ཡང་གཟུགས་ལ་སོགས་པ་རྣལ་འབྱོར་པའི་རྒྱུད་ལས་གང་ཞིག་སྣང་བར་གྱུར་པ་དེ་རྣམས་རྣམ་པར་དག་པ་སྟེ། འགྲོ་བའི་དངོས་པོ་རྣམས་བྱང་ཆུབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་གང་རྣམས་ཀྱི་རྣམ་པར་དག་པ་བརྗོད་མ་ཐག་པར་ གྱུར་པ་དེ་དུ་ཞིག་མཆིས་སྙམ་པ་ལ། འདིར་གསུངས་པ། གཟུགས་ལ་སོགས་པའོ་ཞེས་བྱ་བའོ། །ཅིའི་སླད་དུ་ཞེ་ན། གཟུང་དང་འཛིན་པར་འགྱུར་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ནི་རང་བཞིན་གྱིས་དབྱེར་མེད་ཅིང་གཉིས་སུ་མེད་པའི་བདག་ཉིད་ལ་ གཟུགས་ལ་སོགས་པའི་དབྱེ་བས་སོ་སོར་སྣང་བའི་ཕྱིར་རྣམ་པར་མ་དག་པ་ཡིན་ནོ་ཞེས་བྱ་བའོ། །དེ་བས་ན་དེ་རྣམས་ཀྱི་སོ་སོར་ལྷ་རྣམས་ཀྱི་དག་པ་བརྗོད་པར་བྱ་བའི་ཕྱིར། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་མ་ལ་སོགས་པ་འདི་རྣམས་ཀྱི་རྣམ་པར་དག་པའི་ དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་ནི་འགྲུབ་པར་འགྱུར། ཞེས་བྱ་བ་ཡིན་ནོ། །དབང་ལྡན་དུ་ནི་སྦོས་མོ་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་མའི་འཁོར་ལོའི་ལེའུ་འདི་རྣམས་ཀྱིས་ཕྱོགས་ཀྱི་རྣམ་པར་དབྱེ་བ་མ་བསྟན་པ་དེ་འདིར་བསྟན་པར་མཛད་པ་ཡིན་ཏེ། འདི་དག་གིས་ནི་ཐ་མལ་པའི་ང་རྒྱལ་བཟློག་ པའི་ཕྱིར་ལྷའི་ང་རྒྱལ་བྱ་ཞིང་རྣམ་པར་དག་པ་དེ་ལས་ཡང་དག་པར་བསྐྱེད་པའི་ལྷའི་རྣམ་པ་རྣམས་ཀྱིས་ཐ་མལ་པའི་ང་རྒྱལ་སྤངས་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་རོ་གཅིག་པར་དམིགས་ན་བདེ་བ་ཆེན་པོའི་རང་བཞིན་གྱི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བར་སྟོན་པ་ཡིན་ཏེ། དེ་ཡང་ གསུངས་པ། སྔོན་གྱི་ང་རྒྱལ་སྤང་བྱའི་ཕྱིར། །བདག་ཉིད་ལྷ་ཡི་ང་རྒྱལ་བྱ། །ང་རྒྱལ་དེ་ཡང་སྤང་བྱའི་ཕྱིར། །དམིགས་པ་མེད་པར་བསྒོམ་པར་བྱ། །སྔ་བ་སྔ་བ་སྤང་བྱའི་ཕྱིར། །གོང་ནས་འོག་ཏུ་ང་རྒྱལ་བྱ། །གང་ཚེ་སེམས་ནི་མཉམ་གཞག་ནས། །དེ་ཚེ་དེ་ཉིད་ཅེས་བྱར་བཤད། ། ཅེས་སོ། །དེ་ལྟར་སྔགས་དང་ལྷའི་རྣམ་པས་འདིས་རྣམ་པར་བྱས་ཤིང་། དེ་ཡང་དོན་དམ་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ལ་གཞུག་པར་བྱ་བའི་དོན་ཏོ། །དེ་ཡང་འོག་ནས་གསུངས་པ། སྤྲོས་པ་སྤྲོས་པ་མེད་པར་བྱ། ཞེས་བྱ་བ་སྟེ་འདིའི་དོན་སྤྲོས་པ་ཞེས་བྱ་བ་ནི་ལྷའི་རྣམ་པའི་ཚུལ་གྱིས་ ཕུང་པོ་ལ་སོགས་པ་རྣམ་པར་དག་པའོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་དེ་ཐབས་ཤེས་རབ་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འོག་ནས་འབྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་ལ་སོགས་པའི་རྣམ་པར་དག་པ་གསུངས་ པ། ཕྱག་རྣམས་སྟོང་པའི་རྣམ་པར་དག །ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ཆུའི་ཁམས་དང་གསེར་དང་ནམ་མཁའ་རྣམ་པར་དག་པ་ལྟར་འདི་དག་ཀྱང་ཀུན་དུ་རྟོག་པས་གཞག་པའི་རྣམ་པ་ཙམ་ལོག་ཅིང་རང་བཞིན་གྱིས་རྣམ་པར་དག་ཅིང་རང་རིག་པའི་བདེ་བ་ཆེན་པོ་རྟོག་པའི་དྲི་མ་ཐམས་ ཅད་དང་བྲལ་བའི་བདག་ཉིད་དོ། །དེ་ཉིད་ཀྱིས་ནི་རྣམ་པར་དག་པ་འདིས་མངོན་པར་ཞེན་པ་ཐམས་ཅད་ལས་གྲོལ་བར་འགྱུར་བ་ཡིན་གྱི། ཡང་བརྟགས་པ་ཙམ་གྱིས་དག་པ་ནི་མ་ཡིན་ནོ། །ཕྱག་རྣམས་ཞེས་བྱ་བ་ལ་སོགས་པ་ལ་སྟོང་པ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་ དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་སྟེ་སྟོང་པ་འདི་དག་གི་རྣམ་པར་དག་པ་ནི་ཕྱག་བཅུ་དྲུག་པོ་རྣམས་སོ། །ཞབས་ནི་ཞེས་བྱ་བ་ནི་གཉིས་ པ་གཅིག་ལྷག་པའི་ཞབས་སོ། །བདུད་རྣམས་དག་པ་ཞེས་བྱ་བ་ནི་ལྷའི་བུའི་བདུད་དང་། ཉོན་མོངས་པའི་དང་། ཕུང་པོ་དང་། འཆི་བདག་གི་བདུད་རྣམས་ཏེ། དེ་ལ་ལྷའི་བུའི་བདུད་ནི་རྨུགས་པ་དང་གཉིད་གཉིས་དང་། འགྱོད་པ་དང་ཐེ་ཚོམ་གྱི་མཚན་ཉིད་དོ། །ཉོན་མོངས་པའི་ བདུད་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །ཕུང་པོའི་བདུད་ནི་ན་བ་དང་རྒས་པ་ལ་སོགས་པའོ། །འཆི་བདག་གི་བདུད་ནི་ཚེ་དང་དབང་པོ་རྣམས་འགགས་པའོ། །འདི་རྣམ་པར་དག་པ་ཡོངས་སུ་གྱུར་པ་ནི། ཞབས་རྣམ་པ་བཞི་པོ་རྣམས་སོ། །ཞལ་རྣམས་རྣམ་པར་ཐར་པ་ བརྒྱད། །ཅེས་བྱ་བ་ལ། གཟུགས་ཅན་གཟུགས་ལ་ལྟ་བ་ཞེས་བྱ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས། གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི་བདུན་པའོ། །འགོག་ པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི་ཞལ་བརྒྱད་པོ་རྣམས་སོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་ནམ་མཁའ་ལ་སྤྱོད་པ་དང་། ས་ལ་སྤྱོད་པ་དང་། བདག་མེད་མ་རྣམས་སོ། །འདི་དག་གིས་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་ཏེ། གོ་རིམས་ བཞིན་དུ་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་དག་པར་ཤེས་པར་བྱའོ། །བླ་ན་མེད་པའི་རྣམ་པར་དག་པ་གསུངས་པ། གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ལས་དང་ཉོན་མོངས་པས་ཡང་དང་ཡང་དུ་སྐྱེ་བོ་རྣམས་བཅིངས་ པ་ཡིན་ནོ། །དེ་དང་དེ་ཞེས་པ་ནི་ཕུང་པོ་ལ་སོགས་པ་ལྷའི་རང་བཞིན་རྣམ་པར་དག་པ་སྟེ། དེས་སྲིད་པའི་བཅིང་བ་ལས་གྲོལ་བར་འགྱུར་བའོ། །འདིའི་དོན་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་དང་གླང་པོ་ཆེ་དང་གྲོང་ཁྱེར་ལྟ་བུའི་དངོས་པོ་ཐམས་ཅད་ཀྱི་སྒྱུ་མའི་རང་བཞིན་མི་ཤེས་པ་གང་ ཡིན་པ་བཅིངས་པའི་གཟུགས་ལ་སོགས་པ་དེ་ཉིད་ཀྱིས་གྲོལ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །རྨོངས་པ་ཉིད་ནི་དེ་ཁོ་ན་ཉིད་མི་ཤེས་པ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་སྙིང་འཁྲིན་ཅན་དེས་དངོས་གྲུབ་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་རྙེད་པར་མི་འགྱུར་རོ། །དེ་ཉིད་ཀྱིས་ན་གསུངས་པ། དེའི་ཕྱིར་ ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་དོན་ནི་དྲི་ལ་སོགས་པའི་དངོས་པོ་སོ་སོར་སྣང་བ་རྣམས་རང་གི་སེམས་ལས་ཐ་དད་པའི་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་རྣམས་གང་གི་ཚེ་སེམས་རྣམ་པར་དག་པ་ལས་ཐ་དད་པ་མེད་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་འགྲོ་བ་མཐའ་དག་རྣམ་པར་ལྟ་བ་དེའི་ཚེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་རྙེད་པར་དགའ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་དགུ་པའི་བཤད་པའོ།། །།དཀྱིལ་འཁོར་མ་རྟོགས་པར་དབང་བསྐུར་བ་སྦྱིན་པར་བྱ་བ་མ་ཡིན་ ལ། དབང་བསྐུར་བ་མ་རྟོགས་པར་དེ་ཁོ་ན་ཉིད་བསྟན་པར་བྱ་བ་མ་ཡིན་པས། དཀྱིལ་འཁོར་སྔོན་དུ་འགྲོ་བའི་དབང་བསྐུར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་ལྷའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱག་གཉིས་པའི་ཧེ་རུ་ཀའི་བདག་ཉིད་ཀྱིས་སོ། །དཀྱིལ་འཁོར་བྲི་བའི་སའི་ མཚན་ཉིད་གསུངས་པ། ཚལ་དང་ཞེས་བྱ་བ་ལ་སོགས་པའོ། །དེར་ནི་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་སྔར་ནི་སྤྱོད་པའི་ཕྱིར་ཕྱག་རྒྱའི་དབྱེ་བ་གསུངས་ལ། ད་ནི་དབང་བསྐུར་བ་རྫོགས་པར་བྱ་བའི་ཕྱག་རྒྱའི་དབྱེ་བ་བསྟན་པ་ཡིན་ནོ། །རིགས་ལྔ་ཞེས་བྱ་བ་ལ་སོགས་པ་ནི། འདིར་སེར་ མོ་ལ་སོགས་པ་རྣམ་པར་དག་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་པདྨའི་རིགས་ལ་སོགས་པ་ལས་བྱུང་བའི་ཕྱག་རྒྱ་དུ་མ་དང་ལྷན་ཅིག་ཏུ་དབང་བསྐུར་བར་བྱ་བ་སྟོན་ཏོ། །དེའི་ཕྱིར་དང་པོ་ཉིད་དུ་སེམས་བསྐྱེད་པ་དད་པ་དམན་ཞིང་སྤྲོ་བ་མེད་པ་སྔོན་དུ་འགྲོ་བས་མཉེས་པར་བྱེད་པའི་སེམས་ ཞི་བར་བྱ་བའི་ཕྱིར། དེ་དག་གི་གདོང་དགབ་པར་བྱའོ་ཞེས་བྱ་བར་འདོད་དོ། །ཤེས་རབ་ཀྱི་ཡེ་ཤེས་གསུངས་པ། རང་རིག་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ཏུ་དགའ་བའི་མཐའ་ཡིན་ནོ། །ཡེ་ཤེས་ཞེས་བྱ་བ་ནི་རང་གིས་རབ་ཏུ་གསལ་བའི་རང་བཞིན་ནོ། །བདག་གཞན་ རིག་པ་སྤངས་ཞེས་བྱ་བ་ནི་བདག་དང་གཞན་དུ་འཛིན་པ་ལ་སོགས་པའི་རིག་པ་མི་གནས་པའོ། །ཐོགས་པ་མེད་པའི་ཕྱིར་ན་མཁའ་མཉམ་མོ། །ཉེས་པ་རྣམས་དང་བྲལ་བའི་ཕྱིར་ན་རྡུལ་བྲལ་ལོ། །ཀུན་དུ་བརྟགས་པའི་རྣམ་པ་མི་དམིགས་པའི་ཕྱིར་ན་སྟོང་པའོ། །དངོས་དང་དངོས་མེད་བདག་ ཉིད་ལས། །ཞེས་བྱ་བ་ནི་རང་རིག་པའི་བདག་ཉིད་ཀྱིས་ན་དངོས་པོའོ། །རྟོག་པ་མཐའ་དག་ལས་གྲོལ་བས་ན་དངོས་མེད་དོ། །བླ་ན་མེད་པའི་ཕྱིར་ན་མཆོག་གོ། །སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་གྱིས་ཐབས་དང་ཤེས་རབ་རྣམ་པར་འདྲེས་སོ། །མཆོག་ཏུ་དགའ་བའི་མཐའ་ཡིན་ ཞིང་རྣམ་པར་དགའ་བའི་དང་པོ་ཉིད་ཀྱིས་ན་ཆགས་དང་ཆགས་བྲལ་རྣམ་པར་འདྲེས་སོ། །དེ་ཉིད་ཅེས་བྱ་བ་ནི་སྤྲོས་པ་ཐམས་ཅད་ཉེ་བར་བཅོམ་པའི་ཤེས་རབ་ཀྱི་མཚན་ཉིད་དེའོ། །དེ་བཞིན་གཤེགས་པའི་མཁས་པས་ན་སྲོག་ཆགས་རྣམས་ཀྱི་སྲོག་གོ། །དེ་ཉིད་ཅེས་བྱ་བ་ནི་བསྟན་མ་ཐག་པ་ ཉིད་དོ། །མཆོག་ཏུ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་ཚུལ་གྱིས་ཐམས་ཅད་དུ་མི་གཡོ་བའི་ཕྱིར་མི་འགྱུར་བའོ། །ཐམས་ཅད་མཁྱེན་ཅེས་བྱ་བ་ནི་དེ་ཉིད་རང་གི་སེམས་ཙམ་ཉིད་ཀྱིས་ཐམས་ཅད་དུ་སོན་པའི་ཕྱིར་རོ། །ལུས་ཀུན་ལ་ནི་རྣམ་ པར་གནས། །ཞེས་བྱ་བ་ནི་ཡིད་ཀྱི་ཚུལ་གྱིས་ལུས་ཅན་ཐམས་ཅད་ལ་ལྷག་པར་གནས་པའི་ཕྱིར་རོ། །དངོས་དང་དངོས་མེད་དེ་ལས་བྱུང་། །ཞེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ལས་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་དག་སྐྱེས་པར་འགྱུར་བ་ཡིན་ནོ། ། གཞན་གྱི་ཞེས་བྱ་བ་ནི་གཞན་རྣམས་ཀྱི་སྟེ། རྒོལ་བ་གཞན་རྣམས་ཀྱི་གང་ཡིན་ཞེས་བྱ་བ་གང་ཅུང་ཟད་བདག་དང་སྐྱེས་བུ་དང་གང་ཟག་ལ་སོགས་པའི་ཐ་སྙད་དེ་དང་དེ་དག་ཀྱང་དེ་ཉིད་ལས་བྱུང་བ་ཡིན་ནོ། །དངོས་པོ་ཀུན་གྱི་རང་བཞིན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ གྱི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་དེ་ཉིད་ཡིན་ནོ། །ཡང་གསུངས་པ། ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་ནི་ཡོད་མ་ཡིན། །ཞེས་བྱ་བའོ། །སྒྱུ་མའི་གཟུགས་སུ་ཡང་དག་གནས། །ཞེས་བྱ་བ་ནི་གང་དང་གང་གི་གཟུགས་ཀྱི་བརྟགས་པ་དེ་དང་དེའི་གཟུགས་སུ་ལྡན་པ་ ཉིད་དུ་མཚོན་པའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་ནི་བཤད་མ་ཐག་པའི་བདེ་བའི་ཐབས་མྱུར་བའི་ཚུལ་གྱིས་སོ། །རྡོ་རྗེ་སྙིང་པོ་སོགས་ཞེས་བྱ་བ་ནི་རྡོ་རྗེ་ནི་ཡེ་ཤེས་ལྔ་སྟེ་དེའི་སྙིང་པོའོ། །དེ་ལ་སོགས་པ་ནི་གཙོ་བོར་གྱུར་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་ བ་ནི་སེམས་ཅན་ཐམས་ཅད་ཀྱི་འགྱུར་བ་མེད་ཅིང་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་གང་གིས་རྟོགས་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མཆོག་གི་ངོ་མཚར་ཐོབ་གྱུར་ནས། །ཞེས་བྱ་བ་ལ། མཆོག་གི་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །རྒྱུད་གཞན་དག་ཏུ་བསྐལ་པ་དུ་མས་ ཡོངས་སུ་བཙལ་བར་གྱུར་པའི་རྟོགས་པ་ཁོང་དུ་མ་ཆུད་པ་དེ་ནི་དེ་ནི་ངོ་མཚར་ཏོ། །དེར་རབ་ཏུ་ཐོབ་པ་བརྒྱལ་ཞིང་ཞེས་བྱ་བ་ནི། འདི་ལ་ཁྱད་པར་དུ་གྱུར་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བརྒྱལ་བ་དང་ལྡན་པའོ། །ས་ལ་འགྱེལ་བར་འགྱུར་ཞེས་བྱ་བ་ནི་སྙིང་རྗེས་འཇིག་རྟེན་ལས་འདས་པའི་སར་ སོན་པར་གྱུར་ལ་སྐལ་བ་དང་ལྡན་པའི་སྤྱོད་ཡུལ་དུ་གྱུར་པས་འགྱེལ་བའོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་བླ་ན་མེད་པའི་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ། །དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གཅིག་ཅེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པར་བཤད་ པ་རྣམས་སོ། །དེ་རྣམས་ཀྱི་སྐུ་ནི་ལུས་ཏེ། དེར་གཅིག་པུ་ཁོ་ནའོ། །དེ་ཉིད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་གསུངས་པ། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། འདོད་ཆགས་ནི་མཆོག་ཏུ་དགའ་བའོ། །ཆགས་བྲལ་ནི་རྣམ་པར་དགའ་བའོ། །དབུ་མའི་བདག་ཉིད་ནི་ འདོད་ཆགས་དང་ཆགས་བྲལ་དང་བྲལ་བ་དག་ནི་དབུས་སུ་གྱུར་པ་སྟེ་ཀུན་དུ་དགའ་བ་ཙམ་མོ། །གསུམ་པོ་དག་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པས་འདི་དག་གོ། །སྤངས་པ་ནི་བླང་བ་དང་དོར་བ་དང་བྲལ་བ་སྟེ་ལྷན་ཅིག་སྐྱེས་པའོ། །རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ནི་རང་ཉིད་ཀྱིས་ བྱང་ཆུབ་པའི་བདག་ཉིད་ཀྱི་ཕྱིར་རོ། །བརྗོད་ཅེས་བྱ་བ་ནི་ཀུན་རྫོབ་ཙམ་དུ་བསྟན་པའོ། །དེ་ཉིད་ལས་དང་པོ་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གསུངས་པ། རྣམ་པར་དགའ་བའི་སྔོན་ཞེས་བྱ་བ་ལ་སོགས་པའོ། །རྟག་ཏུ་བསྒོམ་པ་ལ་མངོན་པར་ཞེན་པའི་རྣལ་འབྱོར་པ་རྣམས་ ཀྱི་དངོས་གྲུབ་ཀྱ