Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 4

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
ི་མཚན་མ་གསུངས་ལ། དང་པོ་སྤྲིན་དང་འདྲ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་སྟེ་མ་རིག་པའི་མུན་པའི་བག་ཆགས་བསལ་བས་ལུས་སྤྲིན་གྱིས་སྒྲིབ་གཡོགས་ལྟ་བུར་སྣང་བ་འདི་ནི་མཚན་མ་དང་པོའོ། །གྲུབ་ཅིང་ཞེས་བྱ་བ་ནི་དེའི་འོག་ཏུ་གང་ཅུང་ཟད་འགྲུབ་ཅིང་
སྟེ་སྔོན་དུ་རྫོགས་པ་དེའི་ལུས་སྤྲུལ་པ་ལྟ་བུར་སྣང་ཞིང་མཐོང་བ་འདི་ནི་གཉིས་པའོ། །དེའི་རྗེས་ལ་ཞེས་བྱ་བ་ལ་དེའི་འོག་ཏུ་མ་རིག་པའི་མུན་པ་མཐའ་དག་བཅོམ་ནས་སེ་གོལ་གཏོགས་པ་ཙམ་གྱི་དུས་ཚོད་ལ་ལན་འགའ་ཞིག་ན་རྨི་ལམ་ལྟ་བུར་ཡོངས་སུ་གསལ་བར་གནས་པ་འདི་ནི་
གསུམ་པའོ། །ཉལ་དང་སད་པ་ཞེས་བྱ་བ་ལ་རྨི་ལམ་དང་སད་པའི་གནས་སྐབས་དག་དབྱེར་མེད་པར་ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་གསལ་བ་རྟག་ཏུ་གསལ་བའི་ལུས་འབྱུང་བ་འདི་ནི་བཞི་པ་སྟེ། གང་གི་ཚེ་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་དབྱེར་མེད་པའི་མཚན་ཉིད་ཀྱི་དངོས་གྲུབ་

སྐྱེ་བ་དེའི་ཚེ་ཕྱག་རྒྱ་ཆེན་པོའི་མཚན་ཉིད་རྫོགས་པར་འགྱུར་རོ། །ཐུན་མོང་དང་མཆོག་གི་དངོས་གྲུབ་རྫོགས་པར་བྱ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་བྱ་བའི་ཕྱིར་ཡང་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར་གསུངས་པ། །
སྟོན་པས་འཁོར་ལོ་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་མའི་དཀྱིལ་འཁོར་དུ་གང་ཞིག་བསྟན་པ་འདི་དག་ཉིད་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བ་རྫོགས་ནས་སོ། །དེ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་
པའོ། །ཡང་དག་བཤད་ཅེས་བྱ་བ་ནི་ཡང་དག་པའི་ཆོ་གས་བསྟན་པར་བྱའོ། །དེ་ཉིད་ཉོན་མོངས་པའི་དྲི་མ་དང་བྲལ་བའི་ཕྱིར་རྣམ་པར་དག་གོ། །སོ་སོར་རྟོག་པའི་བདག་ཉིད་ཀྱི་རིག་པས་ན་ཡེ་ཤེས་རང་བཞིན་ཉིད་དོ། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་བྱ་བ་གང་འདི་ཕྱིན་ཅི་ལོག་ཏུ་
ཡོངས་སུ་བརྟགས་པའི་སེམས་ཀྱིས་བསགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་བདག་དང་བདག་གི་བ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྟོག་པ་ཡང་དག་པར་བརྟེན་པའི་གཟུང་བ་དང་འཛིན་པའི་མཚན་ཉིད་ནི་འཁོར་བའོ། །དེ་ཉིད་སྤྲོས་པ་ཐམས་ཅད་ལས་
ཡང་དག་པར་གྲོལ་བས་རང་བཞིན་གྱིས་འོད་གསལ་བ་འདི་ནི་མྱ་ངན་ལས་འདས་པའི་བདག་ཉིད་དེ། དབྱེ་བ་སྣ་ཚོགས་འདི་དག་ནི་སེམས་ཙམ་གྱིས་སྤྲུལ་པར་གྱུར་པའི་ཕྱིར་རོ། །དེ་ཡང་གསུངས་པ། སྲིད་པ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །སྲིད་པ་ཡོངས་སུ་ཤེས་པ་ནི། །
མྱ་ངན་འདས་ཞེས་བྱ་བར་བརྗོད། །ཞེས་བྱ་བ་ཡིན་ནོ། །འདི་ཉིད་ཡང་གསུངས་པ། མཆོག་དགའ་ཞེས་བྱ་བ་ལ་སོགས་པ་ལ་མཆོག་ནི་དེ་ཁོ་ན་ཉིད་དེ་དེ་ཉིད་རབ་ཏུ་དགའ་བའོ། །དངོས་དང་ཞེས་བྱ་བ་ནི་བརྟེན་པའི་རང་བཞིན་དུ་གྱུར་པ་སྟེ་དེ་མེད་པའོ། །དངོས་མེད་ཅེས་བྱ་བ་ནི་རྟེན་དུ་གྱུར་པ་སྟེ་
ཁང་བུ་བརྩེགས་པའོ། །ལུས་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམ་པར་དག་པའི་ལྷ་རྣམས་སོ། །གཟུང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམ་པར་དག་པའི་སེར་མོ་ལ་སོགས་པའོ། །འཛིན་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམ་པར་དག་པའི་བདག་མེད་མ་ལ་སོགས་པ་རྣམ་པ་དྲུག་གོ། །

ཤ་དང་ཁྲག་དང་གཅི་བ་ཞེས་བྱ་བ་ལ་སོགས་པ་ནི་སྦོས་མོ་ལ་སོགས་པའོ། །མི་གཙང་བ་དང་རྨོངས་དང་ཁྲུས་དང་། གཙང་སྦྲ་ཞེས་བྱ་བ་ནི་སྙིང་རྗེ་ལ་སོགས་པ་རྣམ་པར་དག་པའི་སྤྱན་མ་ལ་སོགས་པའི་ལྷ་མོའོ། །ཆགས་པ་དང་། སྡང་བ་དང་། གཏི་མུག་དང་ཕྲག་དོག་དང་། སེར་སྣ་དང་།
ང་རྒྱལ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག་གོ། །མི་ལྟའི་ཞེས་བྱ་བ་ལ་སོགས་པ་ནི་སྒེག་པ་ཞེས་བྱ་བ་ལ་སོགས་པའི་ཉམས་སོ། །སྒོམ་ཞེས་བྱ་བ་ནི་ལམ་མོ། །སྒོམ་པ་པོ་ཞེས་བྱ་བ་ནི་སྒོམ་པར་བྱེད་པའོ། །གཟུང་ཞེས་བྱ་བ་ནི་བཤེས་གཉེན་གྱི་རང་བཞིན་
ཏེ། སངས་རྒྱས་ཀྱི་ཡོན་ཏན་ནོ། །དགྲ་ཞེས་བྱ་བ་ནི་སྤང་བར་བྱ་བའི་རང་བཞིན་ཉོན་མོངས་པ་སྟེ་དེ་མེད་པའོ། །ཁྲེམ་གཉེར་མེད་པའི་ལྷན་སྐྱེས་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་མིན་ཞེས་བྱ་བ་ལ་ཁྲེམ་གཉེར་ནི་ཡང་དག་པར་རྟོགས་པའི་བདག་ཉིད་དོ། །མེད་པ་ནི་སྟོང་པ་སྟེ་ལྷན་ཅིག་སྐྱེས་པའི་
དགའ་བའོ། །བི་ཞེས་བྱ་བ་ནི་བྲལ་བ་སྟེ་སྣ་ཚོགས་ཀྱི་རང་བཞིན་དང་བྲལ་བ་ལ་དེ་སྐད་ཅེས་བྱའོ། །འདིའི་དོན་ནི་ཁྲེམ་གཉེར་མེད་པའི་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། རང་བཞིན་སྣ་ཚོགས་སྣང་བ་ཡིན་ལ་འདི་ལ་ནི་ཆོས་གང་ཡང་བླང་བར་བྱ་བ་ཡང་མེད་ལ་གང་ལ་དོར་བར་བྱ་བ་ཡང་མེད་པ་ཡིན་ནོ། །
ཡང་ན་མཆོག་དགའ་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་སྒྲ་ཇི་བཞིན་པ་ཉིད་དུ་ཡང་སྦྱར་རོ། །ལྷན་ཅིག་སྐྱེས་པ་དེ་ཉིད་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རབ་ཏུ་དབྱེ་བ་ཞུ་བའི་ཕྱིར་གསུངས་པ། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་ལས་གྱུར་པའི་ཕུང་པོ་ཞེས་བྱ་
བས་བསྟན་ཏོ། །ཁྲེམ་གཉེར་མེད་པར་ནི་སེམས་ཀྱི་མཚན་ཉིད་དེ། དེ་ཉིད་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་དུ་གསུངས་པ། རྡོ་རྗེ་པདྨོའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་སོ། །ཉེ་བར་བསྡུ་བ་གསུངས་པ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་
ཞེས་བྱ་བ་ནི་བདེ་བའི་ཐབས་ཙམ་སྟེ་དེ་ནི་དེ་ཁོ་ན་ཉིད་མ་ཡིན་ནོ། །གང་དབང་པོ་གཉིས་ལས་སྐྱེས་པའི་བདེ་བ་ནི་འབྱུང་བ་ཆེན་པོ་ལས་བྱུང་བ་དེས་ན་དེ་ཁོ་ན་ཉིད་མ་ཡིན་ནོ། །ལས་དང་པོ་པ་རྣམས་ཀྱི་དབང་དུ་བྱས་ཏེ་ལྷན་ཅིག་སྐྱེས་པའི་བདག་ཉིད་གསུངས་པ། ལྷན་ཅིག་སྐྱེས་གཉིས་ཞེས་

བྱ་བ་ལ་སོགས་པ་སྟེ་སྐྱེས་པ་ཙམ་གྱི་རང་བཞིན་གང་ཞིག་རྙེད་པ་ནི་ལྷན་ཅིག་སྐྱེས་པའོ། །མངོན་སུམ་བཅོས་མ་མ་ཡིན་པའི་ཐབས་དང་ཤེས་རབ་དག་རྫོགས་པའི་ཡེ་ཤེས་རྣམ་པར་མི་འགྱུར་བ་ནི་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་བྱ་བར་བརྗོད་དོ། །ཡང་ན་ལྷན་
ཅིག་སྐྱེས་པའི་དེ་ཁོ་ན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། རང་བཞིན་ནི་རང་གི་བདེ་བ་ཙམ་སྟེ་དབང་པོ་ཐམས་ཅད་ལས་གྲོལ་ཞིང་བླང་བ་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་རྣམ་པར་དག་པ་ཐོག་མ་དང་ཐ་མ་དང་དབུས་མེད་པའོ། །ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་ཀུན་ནས་ཉོན་
མོངས་པ་ཐམས་ཅད་ཀྱི་རྒྱུ་དང་ཡང་དག་པར་བྲལ་བ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ཤེས་རབ་ཀྱི་བདག་ཉིད་ཀྱིས་རིག་པའོ། །རྣམ་པ་ཐམས་ཅད་གཅིག་སྡོམ་པ། །ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ནི་འཁོར་བ་མཐར་ཐུག་པའི་དམིགས་པ་རྣམ་
པ་སྣ་ཚོགས་པའོ། །གཅིག་ནི་བདེ་བ་ཆེན་པོའི་རང་བཞིན་དུའོ། །སྡོམ་པ་ནི་ཁྱབ་པའོ། །ད་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ཐབས་གསུངས་པ། ཐུགས་རྗེ་ཐབས་སྒྱུར་རྣལ་འབྱོར་པའི། །ཞེས་བྱ་བ་སྟེ། མངོན་པར་འདོད་པ་ཉེ་བར་ལེན་པས་སོ། །གང་ཕྱིར་སྙིང་
རྗེ་ཐབས་སུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཕྱག་རྒྱ་རྒྱུ་དང་བྲལ་བ་ཉིད། །ཅེས་བྱ་བ་ལ། སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཤེས་རབ་ནི་ཕྱག་རྒྱའོ། །དེ་ལས་གཞན་དུ་གྱུར་པ་ནི་རྒྱུ་སྟེ་དེ་དང་བྲལ་བའོ། །དེ་དག་ཀྱང་གསུངས་པ། སྤྲོས་པ་ཀུན་དང་བྲལ་བ་ཡི། །ཐབས་དང་
ཤེས་རབ་གཉིས་མེད་པ། །རང་བཞིན་ཡིད་ཀྱིས་བསྒོམས་བྱས་ན། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །ཞེས་པའོ། །དོན་དེ་ཉིད་གསུངས་པ། །སྟོང་ཉིད་སྙིང་རྗེ་ཐ་དད་མིན། །ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པ་མཐའ་དག་དང་བྲལ་བའི་རང་གི་སེམས་ནི་སྟོང་པའོ། །མ་ལུས་པའི་
སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བ་རྣམས་ལས་ཡོངས་སུ་བསྐྱབ་པའི་རྣམ་པ་ནི་སྙིང་རྗེ་སྟེ་སེམས་ལས་བྱུང་བའོ། །སེམས་དང་སེམས་ལས་འབྱུང་བ་ནི་ཐ་དད་པ་ཡིན་ན་ཇི་ལྟར་ན་འདི་གཉིས་ཐ་དད་པ་མེད་པར་བརྗོད་སྙམ་པ་ལ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་ཀའི་ཡང་

གཉིས་པོ་སྟོང་པ་ཉིད་ཀྱི་ཕྱིར་དབྱེར་མེད་པ་སྟེ། མར་མེ་དང་འོད་བཞིན་ནོ། །དེ་བས་ན་གཉིས་སུ་མེད་པའི་ཕྱིར་བྱང་ཆུབ་བོ། །རང་རིག་པ་ཙམ་གྱི་ཕྱིར་ན་སེམས་སོ། །དེ་ཉིད་བསྟན་པའི་ཕྱིར། སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་མེད། །ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་དབྱེར་མེད་པའི་
བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།ལྟུང་བའི་ལྟ་བ་ལ་སོགས་པ་མ་བསྒྲུབས་པར་གདུལ་དཀའ་བའི་སེམས་ཅན་བདེ་བླག་ཏུ་གཞུག་པར་བྱ་བར་
མི་ནུས་སོ། །ཞེས་བསྟན་པའི་ཕྱིར་གསུངས་པ། མཉམ་པར་ཁྲོ་བོའི་ལྟ་བ་ཞེས་བྱ་བ་ལ་སོགས་པའོ། །ལྟ་བ་བཞི་ཤིན་ཏུ་བསྒྲུབས་པ་འབྲས་བུ་གསུངས་པ། ལྟ་བ་བཞི་པོ་བསྒྲུབ་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ་ལྟུང་བ་ལ་སོགས་པའི་ལྟ་བ་བཞི་པོ་གྲུབ་པ་རྣམས་ཀྱིས་སེམས་
ཅན་ཐམས་ཅད་ཐེག་པ་གསུམ་ལ་གཞུག་པར་བྱའོ། །འདིར་ནི་གསད་པར་མི་བྱ་སྟེ། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པ་ཙམ་དགོས་པ་ཉིད་དུ་འགྱུར་ཞིང་གསད་པར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ། །མཆོག་ཏུ་དམ་ཚིག་ཕྱེ་བར་འགྱུར། །ཞེས་བྱ་བ་ལ་དམ་
ཚིག་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་འཇུག་པས་ན་སྙིང་རྗེའོ། །དེའི་ཕྱེ་བ་ནི་དེ་དང་ཤིན་ཏུ་བྲལ་བར་གྱུར་པའོ། །བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་གྱིས་མ་ལུས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསགས་ཤིང་བསྟན་པ་ལ་
གཞུག་པར་བྱ་བའི་ཕྱིར། དགེ་བ་བཅུ་པོ་རྣམས་ཀྱང་མཉམ་པར་བྱས་ན། །གཞན་ལྟ་སྨོས་ཀྱང་ཅི་དགོས། །སེམས་ཅན་སླུ་བའང་སྤང་བར་བྱ། །ཞེས་བྱ་བ་ལ། སེམས་ཅན་ནི་བསྟན་པ་ལ་མ་དད་པ་རྣམས་སོ། །སླུ་བ་ནི་གོང་ནས་གོང་དུ་དགེ་བའི་རྩ་བ་བསགས་པའོ། །སྤང་
བ་ནི་བར་ཆད་ཀྱི་རྒྱུ་དོར་བའོ། །སེམས་ཅན་གནོད་པ་ཙམ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ལ་གནོད་པས་ནི་ཕྱག་རྒྱའི་དངོས་གྲུབ་མི་རྙེད་ལ། སེམས་ཅན་ལ་ཕན་བཏགས་པས་ནི་དངོས་གྲུབ་ཐམས་ཅད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདུན་འཁོར་ལས་ནི་

དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་མཁའ་ལ་སྤྱོད་པའོ། །རྣམ་པར་དགའ་བ་སུན་འབྱིན་པ། །ཞེས་བྱ་བ་ནི་མཁའ་ལ་སྤྱོད་པའི་དངོས་གྲུབ་གྲུབ་ན་རྟག་ཏུ་རིག་པ་འཛིན་པའི་བུ་མོ་རྣམས་དང་སྦྱོར་བས་ཀུན་དུ་དགའ་བ་སྐྱེས་པས་རྣམ་པར་དགའ་བ་སྟེ་འདོད་ཆགས་དང་བྲལ་བའི་རང་
བཞིན་སུན་འབྱིན་པ་ཞེས་འཇོམས་པ་ཡིན་ནོ། །དབྱངས་སྙན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མངོན་པར་འདོད་ཅིང་ཡིད་འཕྲོག་པའི་དབྱངས་ཟབ་མོ་དང་ལྡན་པའོ། །མིག་མཛེས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་མིག་ཡངས་པ་དང་ལྡན་པའོ། །དྲི་ཞེས་བྱ་བ་ནི་དཔེ་
མེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་དྲི་དང་ཡང་དག་པར་ལྡན་པའོ། །འོད་ཆེན་སྐུ་ཞེས་བྱ་བ་ནི་ཤིན་ཏུ་ཆེ་བ་ཡང་མ་ཡིན་རིང་བ་ཡང་མ་ཡིན་ལ། ཤིན་ཏུ་ཐུང་ཞིང་རིང་བ་ཡང་མ་ཡིན་པའི་ཡིད་དུ་འོང་བ་འཛམ་བུ་ནཱ་དའི་གསེར་གྱི་ཁ་དོག་གི་བདག་ཉིད་སྐྱེ་བོ་ཐམས་ཅད་ཀྱིས་
བསྔགས་པའི་ལུས་སོ། །གྲིབ་མ་བདུན་ཞེས་བྱ་བ་ནི་མི་རྣམས་ཀྱི་ནང་དུ་རྒྱུན་མི་འཆད་པར་སྐྱེ་བ་བདུན་བླངས་པ་ཉིད་སྣང་བ་བདུན་ཡོད་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་ཤ་ལ་སོགས་པ་ཅུང་ཟད་ཙམ་ཡང་ངོ་། །ཟོས་པ་ཙམ་གྱིས་ནི་ཞེས་བྱ་བ་ལ། །ལེགས་པར་བསྒྲུབས་
པའི་རྫས་དེ་བཟའ་བ་དང་ལྡན་པར་རོ་འཛིན་གྱིས་མྱང་བ་ཙམ་གྱིས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའོ། །མདོར་བསྡུས་པ་ཞེས་བྱ་བ་ནི་སྔགས་ཙམ་ཞིག་བསྟན་པ་ལ་འདིར་ནི་སོ་སོར་བསྟན་པ་ཙམ་ཡིན་ཏེ། རྒྱས་པ་ནི་རྟོག་པ་བཅུ་གཉིས་པ་ལས་གསུངས་པ་ཡིན་
ནོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པ་སྟེ་བརྟག་པ་དང་པོའི་འགྲེལ་པ་རྫོགས་སོ།། །།ཇི་ལྟ་བའི་ཚུལ་བཞིན་ཞེས་བྱ་བ་ནི། བཤད་པའི་རྒྱུད་ལས་གསུངས་པའི་རབ་
ཏུ་གནས་པའི་ཆོ་གས་སོ། །རྡོ་རྗེ་སྙིང་པོ་བདག་ཅེས་བྱ་བ་ལ་ཡེ་ཤེས་ལྔ་ནི་རྡོ་རྗེའོ། །དེ་དག་ཉིད་སྙིང་པོ་སྟེ་དེས་ནམ་མཁའ་ལྟར་ཆོས་ཐམས་ཅད་ལ་ཁྱབ་ཅིང་དམིགས་སུ་མེད་པའི་ཕྱིར་སྙིང་པོའོ། །དེའི་བདག་ཉིད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་

པ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྡོ་རྗེ་མ་ལ་སོགས་པ་ཡིན་ལ། གང་དུ་དེ་རྣམས་གཅིག་ཏུ་ཡང་དག་པར་བསྡུས་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཅུང་ཟད་དཀྱིལ་འཁོར་བྲི་བ་ལ་སོགས་པ་དེ་དག་ཐམས་ཅད་ལ་བགེགས་ཉེ་བར་ཞི་བར་བྱ་
བའི་ཕྱིར་སྔོན་དུ་ཞི་བའི་སྦྱིན་སྲེག་བྱའོ། །ཞེས་བསྟན་པའི་ཕྱིར་གསུངས་པ། ཇི་སྐད་དུ་གསུངས་པའི་སྦྱིན་སྲེག་བྱ། །ཞེས་བྱའོ། །ཕྱི་འཕྲེད་སྐུ་གཟུགས་སྦྱང་བྱས་ཏེ། །ཞེས་བྱ་བ་ལ་ནི་དགོངས་ཀ་ཐུན་མཚམས་དང་པོ་ལ་མངོན་པར་སྦྱང་བ་སྔོན་དུ་འགྲོ་བས་སྟ་གོན་ལ་གནས་པར་བྱའོ། །དེ་
ལ་མངོན་པར་སྦྱང་བའི་ཆོ་ག་གསུངས་པ། ནམ་མཁར་གནས་པའི་ཞེས་བྱ་བ་ལ་སོགས་པའོ། །སྔགས་པས་ཇི་ལྟར་བལྟ་བར་བྱ་ཞེ་ན། རང་འདོད་ལྷའི་ཞེས་བྱ་བ་ལ་སོགས་པ་སྟེ་མཁས་པ་ཞེས་བྱ་བ་དཀྱིལ་འཁོར་ལ་སོགས་པའི་ལས་ཀྱི་ཆོ་ག་ལ་བྱ་བའོ། །སྔགས་ཀྱི་ཕ་རོལ་སོན་ཞེས་
བྱ་བ་ནི་སྔོན་དུ་ལྷ་རྣམས་ཀྱི་སྔགས་ཆོ་ག་ཇི་ལྟ་བ་བཞིན་དུ་ཤིན་ཏུ་བཟླས་པར་འགྱུར་བའོ། །ལྷག་མ་ནི་གཙུག་ལག་གཞན་དག་ལས་ཇི་ལྟར་གྱུར་པ་བཞིན་འདིར་ཡང་ཤེས་པར་བྱའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་
བདག་མེད་མའི་བརྟག་པའི་ལེའུ་དང་པོའི་བཤད་པའོ།། །།བཅོམ་ལྡན་འདས་ཆོས་རྣམས་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྒྱ་མཚོ་ཆེན་པོར་ཇི་ལྟར་བཅུག་པའི་ཀུ་བ་འདི་ཕྱོགས་གཅིག་ཏུ་གནས་པ་ཡིན་ལ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་ཆུ་སྲིན་གྱིས་འཁྲུགས་པའི་
འཁོར་བའི་རྒྱ་མཚོར་ཡང་ཀུ་བ་ལྟ་བུའི་རང་གི་འདོད་པའི་ལྷ་ཙམ་གྱིས། སེམས་ཅན་རྣམས་ཀྱིས་དངོས་གྲུབ་ཏུ་ཇི་ལྟར་འགྱུར་ཞེས་བྱ་བ་ཆོས་ཐམས་ཅད་རང་བཞིན་གཅིག་པ་ཉིད་དུ་ཇི་ལྟར་རྫོགས་པར་འགྱུར་ཞེས་བྱ་བ་སྟེ་ཕྱོགས་སྔ་མའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་
བ་ལ་སོགས་པ་ལ། བདག་མེད་ཅེས་བྱ་བ་ནི་བཅོམ་ལྡན་འདས་མའོ། །དེའི་རྣལ་འབྱོར་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ཏེ། དེ་དང་ཡང་དག་པར་ལྡན་པས་སམ་ཡང་ན་ཧེ་རུ་ཀ་དཔལ་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀ་དཔལ་ཞེས་བྱ་བའི་དོན་ནི་སྔར་བཤད་ཟིན་ཏོ། །

འདི་གཉིས་བསྐྱེད་པའི་རིམ་པས་བྱེ་བྲག་ཏུ་བྱས་པ་ཡིན་གྱི། །ཡང་དོན་དམ་པར་རྫོགས་པའི་རིམ་པས་ནི་མ་ཡིན་ནོ། །གང་ཡང་གསུངས་པ། ཞལ་དང་ཕྱག་སོགས་རྣམ་གཟུགས་ཅན། །དོན་དམ་བདེ་བ་གཟུགས་ཅན་མིན། །ཞེས་བྱ་བའོ། །འདིའི་དོན་ནི་
གདུལ་བྱའི་དབང་གིས་བསྐྱེད་པའི་རིམ་པ་ལ་ཕྱག་དང་ཞལ་དང་མདོག་དང་དབྱིབས་ལ་སོགས་པས་ཕྱེ་བ་ཡིན་གྱི། རྟག་ཏུ་འབྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་རིམ་པས་ཕྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བའོ། །མཚན་མོའི་དུས་སུ་ཞེས་བྱ་བ་ནི་ཉལ་བ་སྟེ་དབང་པོའི་ཚོགས་ཐམས་ཅད་
བཟློག་པ་ཡིན་ནོ། །རང་ཁྱིམ་དུ་ཞེས་བྱ་བ་ལ་ཕུང་པོ་ལྔ་པོ་རྣམས་ནི་རང་གི་རྣམ་པར་རྟོག་པས་ཐུང་ཞིང་རིང་བ་མ་ཡིན་པའི་ཡིད་བཟུང་བས་ན་ཁྱིམ་དང་འདྲ་བའི་ཕྱིར་ཁྱིམ་མོ། །གྲུབ་པ་དག་གི་སེམས་ཀྱིས་ནི། །ཞེས་བྱ་བ་ནི་ཐ་མལ་པའི་ང་རྒྱལ་ལས་གྲོལ་བ་རང་གི་ལྷའི་རྣམ་པ་དང་ཡང་དག་
པར་ལྡན་པའི་སེམས་ཏེ། ལྷའི་རང་བཞིན་དེས་གནས་སྐབས་ཐམས་ཅད་དུ་བསྒོམས་ནས་དངོས་གྲུབ་ཉེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ། རྐང་པ་འཁྲུ་དང་ཞེས་པ་ལ་སོགས་པའོ། །ངས་བཤད་པ་ཞེས་བྱ་བ་ནི་ང་ཉིད་ཀྱིས་ཡང་དག་པའི་ཆོ་ག་གསལ་བར་བྱས་སོ་
ཞེས་བྱའོ། །དེ་ཅིའི་ཞེ་ན། བསམ་གཏན་ཞེས་བྱའོ། །ཇི་ལྟ་བུ་ཞེ་ན་སྡིག་པ་འཇིག་བྱེད་པ་ཞེས་བྱ་བ་སྟེ། བག་ཆགས་དང་བཅས་པའི་ཕུང་པོ་ལ་སོགས་པ་སྤྱོད་ཡུལ་འཇིག་པར་བྱེད་པའོ། །དངོས་གྲུབ་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ངེས་པར་འགྲུབ་པར་བྱ་བའི་ཕྱིར་ཟླ་བ་
ཕྱེད་ལ་སོགས་པའི་དབྱེ་བས་དེ་ཉིད་ཡོངས་སུ་བརྟག་པར་བྱས་པ་ཡིན་ནོ། །ཐབས་གཞན་མེད་ཅེས་བྱ་བ་ལ་སོགས་པ་ལ་བསྟན་མ་ཐག་པའི་རིམ་པ་མ་རྟོགས་པར་བདག་དང་གཞན་གྱི་དོན་འགྲུབ་པར་འགྱུར་བའི་ཐབས་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེའི་ཕྱིར་གསུངས་པ།
ལན་འགའ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་གཅིག་ལ་སོགས་པའི་དབྱེ་བ་ཡང་རྒྱུན་མི་འཆད་པར་རིག་པ་དེ་ཉིད་ལ་སོགས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །འབྲས་བུ་གསུངས་པ། འཕྲལ་དུ་ཞེས་བྱ་བ་སྟེ། དེའི་སྐད་ཅིག་དེ་ལའོ། །ཡིད་ཆེས་བྱེད་པ་ཡིན་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་

མྱོང་བར་བྱེད་པ་ཡིན་ནོ། །འཇིགས་སྨྱོ་ཞེས་བྱ་བ་ལ་སོགས་པ་ལ་དེ་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་ཡང་འདུ་བྱེད་ཀྱི་སྡུག་བསྔལ་རྣམས་ཀྱིས་སྒྲུབ་པ་པོ་ཉོན་མོངས་པར་མི་འགྱུར་བ་སྟེ། དེ་ལྟར་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ལམ་གྱི་མཚན་ཉིད་དོ། །རྣམ་པར་སྤྱད་ན་ཞེས་བྱ་བ་ནི་ལམ་སྟེ་གོམས་
པར་བྱས་ནའོ། །ཕན་དང་གནོད་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པའི་ཡོན་ཏན་འབྱུང་བ་ནི་ཕན་པའི་འབྲས་བུའོ། །ལམ་དེ་ལ་གོམས་པར་མ་བྱས་པ་རྣམས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལ་སོགས་པ་འབྱུང་བ་ནི་གནོད་པའི་འབྲས་བུའོ། །ཅི་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ཞེས་བྱ་བ་ནི་བཀའ་ལུང་བསྒོ་བ་རྙེད་པའོ། །ནུས་པ་ཞེས་བྱ་བ་ནི་སྔགས་ལ་སོགས་པའི་སྟོབས་ཀྱིས་སོ། །བཀུག་ཅེས་བྱ་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་
པ་ཐམས་ཅད་ལ་སྦྱར་བར་བྱའོ། །གཟུང་བ་ཞེས་བྱ་བ་ནི་བླངས་ནས་སོ། །སྤྱོད་པ་ཞེས་བྱ་བ་ལ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །བདག་ཉིད་ཅེས་བྱ་བ་ནི་སེམས་སོ། །བརྟན་པ་ཞེས་བྱ་བ་འདི་ནི་དུས་དང་གནས་སྐབས་ཀྱི་ཁྱད་པར་གྱིས་གཟུང་བའོ། །ཡིད་ཆེས་ཕྱིར་ཞེས་
བྱ་བ་ནི་མངོན་དུ་བྱ་བའི་ཕྱིར་རོ། །ལོངས་སྤྱོད་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་ལ་ལོངས་སྤྱོད་ཀྱི་ཕྱིར་བསྟན་པར་བྱ་བ་མ་ཡིན་པའོ། །གང་གྲགས་ཞེས་བྱ་བ་ནི། གང་རྣལ་འབྱོར་པ་མཆོག་ཏུ་གྲགས་པ་རྣམས་ཀྱིས་སངས་རྒྱས་ཉིད་རྫོགས་པར་བྱེད་པ་ཡིན་ལ། ཕྱག་རྒྱ་འདི་ཉིད་ནི་མོས་པ་དམན་
པ་གཞན་པ་རྣམས་ཀྱིས་ནི་འཇིགས་པ་སྐྱེ་བར་འགྱུར་བས་ན་འཇིགས་པའི་གཟུགས་སོ། །ནུ་མ་སྤངས་པ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པ་རྣམས་ཀྱི་སྟེ། རྣམ་པ་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པར་བྱ་བའི་ཕྱིར། ཇི་ལྟར་བསམ་པ་བཞིན་དུ་
གཟུགས་ཡོངས་སུ་བརྗེ་བ་ཡིན་ཏེ། ཇི་ལྟར་བསྟན་པའི་ཕྱག་རྒྱ་དང་། བསྐྱེད་པའི་རིམ་པ་བསྒོམ་པའི་སྔོན་དུ་འགྲོ་བས་ཆོས་ཀྱི་དབྱིངས་ཐམས་ཅད་དང་འགྲོ་བའི་བདག་ཉིད་ཀྱིས་སྐད་ཅིག་གིས་དུས་སུ་རྟོགས་པ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དངོས་གྲུབ་ཀྱི་རང་གི་ངོ་བོ་

གསུངས་པ། སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཐབས་ནི་སྟོང་པ་ཉིད་དང་། སྙིང་རྗེའི་བདག་ཉིད་ཀྱི་སེམས་སོ། །འཆི་བ་མེད་ཅེས་བྱ་བ་ནི་སྐྱེ་བས་འཕེལ་བ་ཡང་མ་ཡིན་ལ་འཇུག་པས་བརླག་པ་ཡང་མ་ཡིན་ནོ། །གང་ཕྱིར་ཐབས་ནི་འབྱུང་བ་སྟེ། །
ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཉེ་བར་ལེན་པས་ན་ཐབས་ཏེ། སེམས་ཅན་ཐམས་ཅད་ལ་གནས་ཤིང་ཡང་དག་པར་བྱུང་བས་ན་འབྱུང་བ་སྟེ་སྙིང་རྗེ་ཆེན་པོའོ། །ཐིམ་པ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་ཐམས་ཅད་དུ་མི་སྣང་བར་གྱུར་པས་ན་ཐིམ་པའོ། །ཤེས་རབ་སྲིད་
མཐར་མཛད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་ཐམས་ཅད་སེལ་བར་མཛད་པའོ། །དེ་ཕྱིར་འཇིགས་པས་བརླག་པ་མིན། །ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་རང་བཞིན་ཐབས་དང་ཤེས་རབ་ཏུ་གྲགས་པ་ཕྱིན་ཅི་ལོག་ཐམས་ཅད་ལས་གྲོལ་བ་མི་དམིགས་པའི་སྙིང་རྗེ་ལས་གྲུབ་པའི་ལུས་ནི་སྲིད་པ་འགགས་
པས་འཇིགས་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ། །དེ་ཉིད་དུ་ནི་སྐྱེ་བ་མེད། །ཅེས་བྱ་བ་ལ་དེ་ཁོ་ན་ཉིད་ནི་མི་དམིགས་པའི་སྟོང་པ་ཉིད་དང་། སྙིང་རྗེའི་བདག་ཉིད་ནམ་མཁའ་ལྟར་འདུས་མ་བྱས་པའི་རང་བཞིན་གྱིས་ན་རྒྱུ་མེད་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དང་འཇིག་པ་
དག་གི་ཐབས་དང་ཤེས་རབ་ནི་འཆིང་བ་མ་ཡིན་ནོ་ཞེས་བྱ་བའོ། །གང་ཡང་འཇིགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་ཞེས་བྱ་བ་ནི་གང་གི་ཡང་ངོ་། །འཇིག་ཅེས་བྱ་བ་ནི་རྒྱུ་དང་རྐྱེན་དང་བྲལ་བའོ། །ཐིམ་པ་ཞེས་བྱ་བ་ནི་རྒྱུད་ཡོངས་སུ་ལྡོག་པའོ། །ཟག་པ་མེད་པ་ཞེས་བྱ་
བ་ལ་དངོས་པོ་མེད་པ་མ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་ས་བོན་དང་གདན་དང་མཚན་མ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་རྣམ་པར་དག་པའི་ལྷའི་ཚོགས་ཏེ་དེ་ཉིད་སྤྲོས་པའོ། །སྤྲོས་པ་རྨི་ལམ་ལྟར་བྱས་ཏེ། །ཞེས་
བྱ་བ་ལ་ཕུང་པོ་ལ་སོགས་པ་རྣམས་དོན་དམ་པ་ཉིད་དུ་རྨི་ལམ་དང་མཚུངས་པར་མི་བདེན་པའི་ཕྱིར། ཡང་དག་པར་གྲུབ་པ་རྣམས་ཀྱང་ཐ་མལ་པའི་ང་རྒྱལ་གྱི་གཉེན་པོ་ཙམ་གྱི་བདག་ཉིད་བསྟན་ཀྱང་བདེན་པ་མ་ཡིན་པ་ཁོ་ནའོ། །སྤྲོས་པས་སྤྲོས་པ་མེད་པར་བྱ་བ་ནི་སྤྲོས་པ་བསྒོམས་པས་

ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་རང་བཞིན་རྟོགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྤྲོས་པ་ལས་གྲོལ་བའི་སྟོང་པ་ཉིད་དུ་སྔགས་དང་ལྷ་ལ་སོགས་པའི་རང་བཞིན་བསྒོམ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅི་སྟེ་སྤྲོས་པའི་ངོ་བོ་ཉིད་མེད་པ་ཉིད་
སྤྲོས་པ་མེད་པའོ་ཞེ་ན། མ་ཡིན་ཏེ་དེ་ཉིད་སྤྲོས་པ་ཡིན་པའི་ཕྱིར་རོ་སྙམ་པ་ལ། སྤྲོས་པའི་ངོ་བོ་ཉིད་མེད་པར་གྱུར་པ་ནི་གང་གི་ཕྱིར་སྤྲོས་པ་མེད་པ་ཉིད་དུ་གྲུབ་པ་ཡིན་ན། དེ་ཇི་ལྟར་ན་སྤྲོས་པ་བརྗོད་པར་རུང་སྟེ། གང་གི་ངོ་བོ་གང་ཡིན་པ་དེ་མེད་པར་འགྱུར་བ་དེ་ལ་དེའི་ངོ་བོ་ཉིད་དུ་བརྗོད་པ་ནི་མེད་
དོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྤྲོས་པ་བསྒོམ་པར་གྱུར་པ་ནི་དོན་དམ་པ་རྣམས་ཀྱི་སྔགས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་མེད་པ་མཆོག་ཏུ་སྡུད་པར་བྱེད་པར་བལྟའོ། །དེ་ཡང་གསུངས་པ། དེ་ཉིད་སྔགས་བཟླས་དཀའ་ཐུབ་དང་། །དེ་ཉིད་སྦྱིན་སྲེག་དཀྱིལ་འཁོར་ལ། །མདོར་ན་སེམས་
འདུས་རང་བཞིན་ཅན། །ཞེས་བྱ་བའོ། །སྒྱུ་མ་ཇི་བཞིན་ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་ཇི་ལྟར་བརྟགས་པ་བཞིན་དུ་སྐྱེ་བ་དང་འགག་པ་མ་ཡིན་གྱི། མི་བདེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེ་བ་ལ་སོགས་པ་ལྟར་སྣང་བ་ཡིན་ནོ། །རྨི་ལམ་བཞིན་ཞེས་བྱ་བ་ནི་རང་གི་སེམས་ཙམ་ལས་ཡང་
དག་པར་སྤྲུལ་པ་ཡིན་གྱི་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །ཞེས་བྱ་བའོ། །སྲིད་པ་བར་མ་ཇི་བཞིན་དུ། །ཞེས་བྱ་བ་ལ། སྔོན་གྱི་སྲིད་པ་ནི་འདས་པ་ལ་སྐྱེ་བའི་སྲིད་པ་མ་བླངས་པ་འདི་ནི་སྲིད་པ་བར་མ་སྟེ་ལས་དང་ཉོན་མོངས་པས་དབེན་པ་རང་གིས་རིག་པའི་རང་བཞིན་དུ་ཤིན་ཏུ་གསལ་བར་གྱུར་པ་
ཐོགས་པ་མེད་པར་གྱུར་པའི་བདག་ཉིད་ཅན་དགེ་བ་དང་མི་དགེ་བ་ཁོང་དུ་ཆུད་ཅིང་སྒྲིབ་པ་མེད་པའི་གནས་ལ་མངོན་པར་ཕྱོགས་པའི་རང་བཞིན་ཏེ། དེ་ལྟ་བུར་དཀྱིལ་འཁོར་གྱི་འཁོར་ལོ་ངེས་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོའི་རང་བཞིན་གྱིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡང་དག་པར་
བསྡུས་པ་གསུངས་པ། ནག་པོའང་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་རྗེས་སུ་མྱོང་བ་ལ་ནི་ནག་པོ་ལ་སོགས་པ་ཐ་དད་པར་མི་དམིགས་ཏེ། གཞན་དུ་ན་དེ་ཉིད་ནག་པོ་ལ་སོགས་པའི་དོན་གྱི་མཚན་ཉིད་དུ་འབྱུང་བ་ཡིན་ནོ། །དེའི་ཕྱིར་བདེ་བ་ཆེན་པོ་དེ་ཉིད་ཁམས་གསུམ་པོ་མཐའ་དག་དབྱེར་མེད་

པའི་རང་བཞིན་ཉིད་དོ། །འོ་ན་བདེ་བ་ཆེན་པོ་དེ་ཉིད་ཇི་ལྟ་བུ་ཞིག་ཅེ་ན། འཁྲིག་པ་ལས་སྐྱེས་ཞེས་བྱ་བ་ལ་ཐབས་དང་ཤེས་རབ་འདུས་པ་ལས་སྐྱེས་པའི་ཟག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དངོས་བདེ་ཞེས་བྱ་བ་ལ་རང་རིག་པའི་ཚུལ་ཅན་ཉིད་ཀྱིས་དངོས་པོ་བདེ་བའོ། །དངོས་པོ་མེད་པ་
བདེ་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་མ་གྲུབ་པའི་ཕྱིར་དངོས་པོ་མེད་པའི་བདེ་བའོ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་ཡང་བདེ་བའི་རང་བཞིན་ཉིད་དེ། བདེ་བ་ལས་ཐ་དད་པའི་རྡོ་རྗེ་སེམས་དཔའི་སྐུ་གཞན་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫོགས་པའི་རིམ་པའི་
རྣལ་འབྱོར་ཞེས་བྱ་བ་ལ་དེ་ནི་སྒོམ་པ་མེད་པ་སྟེ། མ་ལུས་པའི་ཡེ་ཤེས་ཙམ་གྱི་བདག་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གསུངས་པ། རྫོགས་པ་བསྒོམ་པ་མེད་པ་སྟེ། །ཞེས་བྱ་བ་ལ། འདིའི་དོན་ནི་ཕྱིན་ཅི་ལོག་མཐའ་དག་ཉེ་བར་བྲལ་བའི་རང་བཞིན་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་མཚན་ཉིད་ཀྱང་རྣམ་པར་མི་རྟོག་པའི་
ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱིས་རྫོགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ལ་ཡང་བསྐྱེད་པའི་རིམ་པའང་ཅི་ཞིག་དགོས་ཞེས་བྱ་བ་ལ་བསྐྱེད་པའི་རིམ་པ་ནི་ས་བོན་ལ་སོགས་པ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བའི་རང་བཞིན་གྱིས་སྤྲོས་པ་སྟེ། སྒོམ་པ་པོ་དང་བསྒོམ་པར་བྱ་བ་དང་། སྒོམ་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་
ལས་ནི་ངེས་པར་དེ་ཁོ་ན་ཉིད་ཡང་དག་པར་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་དེ་ཡང་ཅི་ཞིག་གང་དགོས་ཏེ། དགོས་པ་མེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅིའི་ཕྱིར་ཞེ་ན། དད་པའི་ཤུགས་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དད་པའི་ཤུགས་ནི་དད་པ་ཙམ་མོ། །བརླག་པ་ནི་སྔགས་ཀྱི་ལམ་ལས་རིང་དུ་གྱུར་པ་སྟེ། སེམས་ཅན་དེ་དག་ལ་ཐུགས་བརྩེ་བར་གྱུར་ནས། སེམས་དཔའ་ཆེན་པོ་ཞེས་གསུངས་པ་ཡིན་ནོ། །ལུས་མེད་པར་ནི་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ལས་གྱུར་པའི་ལུས་ཀྱི་རྣམ་པ་མ་རྟོགས་པར་
རྣམ་པར་ཤེས་པ་གཟུང་བར་མི་ནུས་པས་དངོས་པོ་ཡོངས་སུ་རྫོགས་པའི་རང་བཞིན་གྱི་བདེ་བ་གང་དུ་གནས་པར་འགྱུར། དེ་བས་ན་བདེ་བ་ཆེན་པོའི་རང་བཞིན་དུ་རོ་གཅིག་པའི་སྙིང་རྗེ་ཆེན་པོ་ཉིད་འཁོར་བའི་མཐས་གཏུགས་པར་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྣང་བར་ངེས་པར་ཁས་བླང་བར་བྱའོ། །

དེ་ཡང་གསུངས་པ། ཐ་མལ་པའི་གཉེན་པོའི་ཚུལ། །སངས་རྒྱས་སྐུར་ནི་ཡོངས་བརྟགས་པ། །ལྷ་ཡི་གཟུགས་ནི་གོམས་བྱས་པ། །དེས་ནི་རྒྱ་ཆེན་སྣ་ཚོགས་གཟུགས། །གདུལ་བྱ་རྣམས་ཀྱི་སྤྱོད་ཡུལ་འགྱུར། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །སེམས་ཀྱིས་ཀྱང་ནི་སངས་རྒྱས་ཉིད། །རྟོག་པ་
མཐའ་དག་འགགས་པའོ། །ཞེས་བྱ་བ་སྟེ། ཇི་ལྟར་ལྕི་བའི་སྦྱོར་བའི་གནས་ཀྱིས་དངུལ་ཆུ་ཡང་དག་པར་འཛིན་པ་བཞིན་དུ་ཁྱོད་ཀྱིས་སེམས་ཀྱི་རིན་པོ་ཆེ་བླ་ན་མེད་པའི་བདེ་བའི་རང་བཞིན་ཡང་ལྷའི་གཟུགས་ཀྱི་རྣམ་པ་ཡང་དག་པར་བསྒོམས་པས་གཟུང་བ་མ་ཡིན་ནོ། །དོན་འདི་ཉིད་ཀྱི་ཕྱིར་དཔེ་བསྟན་པ་གསུངས་
པ། ཇི་ལྟར་མེ་ཏོག་བརྟེན་པའི་དྲི། །ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་བཞིན་གཟུགས་སོགས་མེད་གྱུར་ན། །ཞེས་བྱ་བ་ནི་དོན་དང་ཉེ་བར་སྦྱོར་བ་ཡིན་ཏེ། ལྷའི་གཟུགས་སུ་བསྒོམས་པ་ལ་བརྟེན་ཏེ་བདེ་བའི་རང་བཞིན་དམིགས་ཀྱི་གཞན་དུ་བདེ་བ་མ་ཡིན་ཏེ། ཕན་ཚུན་བརྟེན་པར་གནས་པ་ཡིན་ནོ། །
དངོས་ཞེས་བྱ་བ་ནི་ཕྱག་དང་ཞལ་ལ་སོགས་པའི་རྣམ་པའི་རང་བཞིན་གྱི་ཕྱིར་རོ། །དངོས་པོ་མེད་ཉིད་ང་ཞེས་བྱ་བ་སྤྲོས་པ་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །སངས་རྒྱས་ང་ཞེས་བྱ་བ་ལ་དངོས་པོ་མཐའ་དག་དེ་ཁོ་ན་ཉིད་ཀྱིས་རྟོགས་པའི་ཕྱིར་སངས་རྒྱས་པའོ། །རྨོངས་པ་གང་
གིས་ཞེས་བྱ་བ་ལ་སོགས་པ་ལ། སློབ་དཔོན་ལ་བསྙེན་བཀུར་མ་བྱས་པས་བླུན་པོར་གྱུར་ཅིང་ཕྱིན་ཅི་ལོག་འཛིན་པ་ནི་རྨོངས་པའོ། །རང་གི་སེམས་ཙམ་ཉམས་སུ་མྱོང་བའི་དངོས་གྲུབ་ནི་ང་སྟེ་དེས་ནི་དེ་མི་ཤེས་པའོ། །འདིས་དཔེ་གསུངས་པ་དེ་བཞིན་ཞེས་བྱ་བ་ལ་སོགས་པའོ། །ཡིད་ཆེས་ཞེས་བྱ་
བ་ནི་མངོན་དུ་བྱེད་པའི་རྒྱུའོ། །བུ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ཉེ་བར་གཟུང་བའོ། །མུན་པའི་སྒྲོན་མ་ལྟ་བུར་ཞེས་བྱ་བ་ལ། ཇི་ལྟར་མར་མེ་འབར་བ་གཅིག་གི་གཟུགས་ཀྱིས་ཀྱང་མུན་པའི་རང་བཞིན་མཐའ་དག་བྲལ་ནས་ཕྱོགས་དེ་ན་གནས་པའི་དངོས་པོའི་གཟུགས་ཅན་རྣམས་གསལ་བར་བྱེད་པ་དེ་བཞིན་དུ་
སྔགས་ཀྱིས་སྦྱངས་པ་ལ་སོགས་པའི་སྨོན་ལམ་སྔོན་དུ་འགྲོ་བས་སེམས་ཀྱི་རིན་པོ་ཆེའི་བདག་ཉིད་གསལ་བར་གྱུར་པའི་ཚུལ་གྱིས་རྣམ་པར་རྟོག་པའི་མུན་པ་ཐམས་ཅད་བཅོམ་ནས་དུས་རྟག་ཏུ་ལྷུན་གྱིས་གྲུབ་པར་གཞན་གྱི་བྱ་བ་རྣམས་ལ་འཇུག་ཅིང་འགྲོ་བ་མཐའ་དག་གི་དོན་རྫོགས་པར་མཛད་པས་

འཁོར་བའི་མཐར་ཐུག་པར་བཞུགས་པ་ཡིན་ནོ། །ཡང་ན་ཇི་ལྟར་མར་མེས་བསྐལ་བ་མང་པོར་སྔོན་ནས་བསགས་པའི་མུན་པ་རྣམས་ཀྱང་གང་དུ་ཡང་སོང་བ་མེད་གར་ཡང་གནས་པ་མེད་པ་དེ་བཞིན་དུ་རང་བཞིན་གྱིས་ཞི་བར་འགྱུར་བ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་ཐོག་མ་མེད་པའི་དུས་
ནས་ཡོངས་སུ་བསགས་པའི་མ་རིག་པའི་བག་ཆགས་ཀྱང་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་ཙམ་གྱིས་གང་དུ་ཡང་སོང་བ་མེད་གང་དུ་གནས་པར་འགྱུར་བའང་མེད་བཞིན་དུ་འགགས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་དམིགས་སུ་མེད་པའི་བདེ་བ་དེ་ཐམས་ཅད་དུ་དམིགས་པ་མ་ཡིན་གྱི་ལྷ་ལ་སོགས་པ་མངོན་པར་འདུ་
བྱ་བའི་ཁྱད་པར་གྱི་རྣལ་འབྱོར་གྱིས་ཡང་དག་པར་སྐྱེ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལྟོས་དང་བཅས་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་བསྡུ་བ་གསུངས་པ། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ་རིམ་པ་དེ་ཉིད་ཀྱིས་ན་དངོས་པོ་མེད་པ་སྟེ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ལ་སོགས་པའི་
མཚན་ཉིད་མ་ཡིན་པའོ། །དངོས་པོ་མེད་པའི་གཟུགས་ཅན་མིན། །ཞེས་བྱ་བ་ལ། གདུལ་བྱའི་དབང་གིས་ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་སྣང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་གསུངས་པ། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཏེ། དོན་དམ་བདེ་བ་གཟུགས་ཅན་མིན། །ཞེས་བྱ་བའོ། །ཉེ་བར་བསྡུ་
བ་གསུངས་པ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་གསུམ་པོ་རྣམས་འགྱུར་བ་མེད་པའི་བདག་ཉིད་ཀྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའོ། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །ཞེས་བྱ་བ་ནི་ལུང་དང་རིགས་པས་གྲུབ་པའི་སེམས་ཀྱིས་སོ། །རང་གི་དངོས་ཉིད་མྱ་ངན་འདས། །
ཞེས་བྱ་བ་ལ། རང་གི་དངོས་ཉིད་དེ་རང་གི་ངང་ཚུལ་གྱིས་མྱ་ངན་ལས་འདས་པའི་བདག་ཉིད་ཀྱི་ཕྱིར་ཏེ། ཆོས་ཐམས་ཅད་རང་བཞིན་གྱི་དེ་བཞིན་ཉིད་དེ་ནི་ངེས་པ་རང་གི་ངང་ཚུལ་གྱིས་མྱ་ངན་ལས་འདས་པ་ཡིན་ནོ། །ལྷའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཅི་སྟེ་ལྷའི་རྣམ་པའི་རང་བཞིན་ཉིད་མྱ་
ངན་ལས་འདས་པ་ཡིན་ན། བསྐྱེད་པ་ཙམ་གྱིས་འགྲུབ་པར་འགྱུར་བས་བསྒོམས་པ་ལ་སོགས་པའི་འབད་པས་ཅི་ཞིག་བྱ་སྙམ་པ་ལ་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་ཐ་མལ་བག་ཆགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་དུ་ན་སེམས་ཅན་གྱི་ཁམས་རྣམས་སྟོང་པ་ཡིན་མོད་ཀྱི་དངོས་པོར་མངོན་པར་ཞེན་པའི་

བག་ཆགས་དང་ཡང་དག་པར་ལྡན་པས་སྐྱེ་བོ་རྣམས་རྨོངས་པར་གྱུར་ནས། ཇི་ལྟར་དུག་མངོན་པར་མ་སྦྱངས་པའི་ཁ་ཟས་ཀྱིས་བྱིས་པ་རྣམས་གསད་པ་བཞིན་སྡུག་བསྔལ་བར་གྱུར་ཏེ། དུག་གི་ཁ་ཟས་དེ་ཉིད་སྔགས་ལ་སོགས་པས་མངོན་པར་སྦྱངས་ནས་ནི་བདེ་བའི་རྒྱུར་འགྱུར་རོ། །དེ་བས་ན་སེམས་ཅན་
ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་གཞོམ་པ་སྔོན་དུ་འགྲོ་བས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་དང་། ཐ་མལ་པའི་བག་ཆགས་སྤང་བར་བྱ་བའི་ཕྱིར་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་སྦྱང་བར་བྱའོ་ཞེས་འདིར་དཔེ་གསུངས་པ། དུག་གི་དུམ་བུ་གང་ཉིད་ཀྱིས། །ཞེས་བྱ་བ་ལ་སོགས་པ་
སྟེ། དུག་མྱངས་པ་ཙམ་གྱིས་ཀྱང་སྐྱེ་བོ་རྣམས་འཆི་བར་ཉེ་བར་འགྲོ་བ་ཡིན་ལ། དེ་ཉིད་ཤེས་པར་ཞེས་བྱ་བ་དུག་གི་རང་བཞིན་ཤེས་པའི་དུག་དེས་ནི་བདེ་བར་ཉེ་བར་འགྲོའོ། །དུག་གིས་དུག་ནི་སེལ་བར་བྱེད། །ཅེས་བྱ་བ་ལ། ཇི་ལྟར་རང་བཞིན་ཤེས་པའི་དུག་གིས་དུག་ཐམས་ཅད་སེལ་བར་བྱེད་པ་བཞིན་
དུ་ཕུང་པོ་ལ་སོགས་པའི་བདག་ཉིད་དུག་གིས་ཐོག་མ་མེད་པའི་དུས་ཅན་གྱི་འཁོར་བར་སྐྱེ་བོ་རྣམས་འཆི་བ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་མྱོང་བ་ཡིན་ལ། སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པ་རྣམས་ནི་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་ལྷའི་བདག་ཉིད་ཀྱིས་དུག་བསྟེན་ཀྱང་སྐྱེ་བ་གཅིག་ནས་གཅིག་ཏུ་ཡུལ་
རྣམས་གོམས་པར་བྱས་པའི་བག་ཆགས་དང་ལྡན་པའི་ཕུང་པོའི་བདག་ཉིད་ཀྱིས་དུག་ངེས་པར་བཅོམ་སྟེ། འཁོར་བའི་མཐར་ཐུག་པར་གཞན་གྱི་དོན་མཛད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ཡིན་ནོ། །ཇི་ལྟར་རླུང་གིས་ཟིན་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། མ་རིག་པའི་རླུང་གིས་ཟིན་པ་ལ་སྤྱོད་ཡུལ་
རྣམ་པར་དག་པའི་བདུད་རྩི་སྲན་མ་ཙམ་མྱ་ངན་ཐབས་དང་ཤེས་རབ་ཀྱི་རླུང་ཆེན་པོ་དེས་ཉོན་མོངས་པའི་རླུང་སེལ་བ་ཡིན་ནོ། །སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ་སྲིད་པ་ཞེས་བྱ་བ་ནི་མི་ཤེས་པ་སྔོན་དུ་འགྲོ་བའི་ཁྲག་དང་ཁུ་བ་ལ་སོགས་པ་ཡོངས་སུ་གྱུར་པའི་ལུས་ཀྱི་མཚན་ཉིད་དོ། །སྦྱང་བར་བྱ་བ་ནི་རྣམ་པར་དག་
པ་སྟེ་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བའི་ས་བོན་དང་མཚན་མ་ལ་སོགས་པ་ཡོངས་སུ་གྱུར་པ་བླ་ན་མེད་པའི་ལྷའི་གཟུགས་ཀྱིས་བསྒོམ་པས་ཀྱང་མཆོག་ཏུ་གཞན་གྱི་དོན་མཛད་པ་ཡིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ནི་དག་པའི་སྲིད་པའོ། །རྣམ་

རྟོག་ཅེས་བྱ་བ་ལ་སོགས་པ་ལ་མི་མཐུན་པའི་ཕྱོགས་ཀྱི་རྟོག་པ་ནི་རྣམ་པར་རྟོག་པ་སྟེ་ཡིད་ཀྱི་བརྗོད་པའོ། །སོ་སོར་རྟོག་པ་ཞེས་བྱ་བ་ནི་གཉེན་པོར་གྱུར་པའི་རྟོག་པ་སྟེ་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་བརྗོད་པའོ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཞེས་བྱ་བ་ལ་སོགས་པ་ལ་ཐོས་པ་ཉེ་བར་
གཞག་པའི་དབང་གིས་བདག་གི་བདེ་བ་དང་སྡུག་བསྔལ་པ་ལ་སོགས་པའི་རྣམ་པར་རྟོག་པའི་སེམས་ཀྱི་འཇུག་པ་ནི་ཆུ་སྟེ། ཐ་མལ་པའི་རྣམ་པར་རྟོག་པ་རྣམ་པར་དག་པའི་ལྷའི་རྣམ་པའི་ཡིད་ཀྱི་ཆུས་དེ་ཡོངས་སུ་བསལ་བ་ནི་ཕྱུང་བ་ཡིན་ནོ། །ཇི་བཞིན་སྲིད་པའི་རྣམ་རྟོག་ཀྱང་། །ཞེས་བྱ་བ་ལ་ཐ་མལ་
པའི་ལག་པ་དང་གདོང་ལ་སོགས་པའི་རྣམ་པར་རྟོག་པ་ཡང་ལྷའི་རྣམ་པར་དག་པའི་རྣམ་པ་ལས་ཡོངས་སུ་སྦྱངས་ནས་འཁོར་བའི་མཐར་ཐུག་པ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་མཛད་པར་འགྱུར་རོ། །ཇི་ལྟར་མེ་ཡིས་ཚིག་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་མེས་
ཚིག་པ་རྣམས་སླར་ཡང་མེ་ལ་བསྲོས་ནས་ཉེས་པ་རབ་ཏུ་ཞི་བར་འགྱུར་བ་བཞིན་དུ། སྐྱེ་བོ་རྣམས་ཀྱང་བདག་ལ་ཆགས་པས་ཡོངས་སུ་བསླང་བའི་འདོད་ཆགས་ཀྱི་མེས་བསྲེགས་པས་བདག་ཏུ་འཛིན་པས་ཉེ་བར་བསླང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་
གྱིས་འཚེ་བ་ཡིན་ནོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེའི་ཐབས་ཀྱིས་ཡོངས་སུ་གཟུང་བའི་ལས་དེ་ཉིད་ཀྱིས་གྲོལ་བ་སྟེ་ཞེས་བྱ་བ་རྣམ་པར་ཐར་བར་འགྱུར་རོ། །གང་ལ་ཞེ་ན། སྲིད་པའི་འཆིང་བ་ལས་ཞེས་ཏེ་ཕྱིན་ཅི་ལོག་གི་བདག་ཉིད་ཀྱི་སེམས་ནི་སྲིད་པའོ། །དེ་ཉིད་ནི་གཞན་དུ་འགྲོ་
བའི་འཆིང་བ་སྟེ་དེ་ལས་སོ། །འདོད་ཆགས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་ལ། བདག་དང་བདག་གི་བདེ་བ་འདོད་པས་རབ་ཏུ་འཇུག་པའི་འདོད་པ་ལ་སོགས་པའི་སྲིད་པ་ལ་མངོན་པར་ཞེན་པའི་ཆགས་པས་འཇིག་རྟེན་སྐྱེ་བོ་རྣམས་བཅིངས་པ་ཡིན་ནོ། །འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །ཞེས་
བྱ་བ་ནི་བདག་དང་བདག་གིར་འཛིན་པའི་རྣམ་པ་ལས་འདས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པའི་སྙོམས་པར་འཇུག་པས་མཆོད་པ་དང་། སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བ་ཆེན་པོ་ལ་དགོད་པར་བྱའོ་ཞེས་བྱ་བའི་ཁ་ན་མ་ཐོ་བ་མེད་པའི་འདོད་ཆགས་ཆེན་པོའི་ཚུལ་

གྱིས་ནི་རྣམ་པར་གྲོལ་བར་འགྱུར་རོ། །ཕྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་མི་ཤེས་ནས་ལེགས་པར་གནས་པའི་བསམ་གཏན་ལས་ཕྱིར་ལོག་པ་སྐྱེ་བ་འགོག་པ་ཙམ་གྱི་རང་གི་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པས། སྙིང་རྗེ་དང་། ཤེས་རབ་
དག་ལས་མངོན་པར་ཉམས་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མུ་སྟེགས་ཡིན་ནོ། །དེས་མི་ཤེས་པ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་རང་བཞིན་འདོད་ཆགས་ཆེན་པོའི་ཚུལ་གྱིས་སྒོམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཀྱི་རྒྱུར་གྱུར་པས་དེ་མི་ཤེས་པའོ། །དགའ་བ་ཆེན་པོ་གཅིག་ཉིད་ནི། ཞེས་བྱ་བ་ལ་བླ་ན་མེད་པའི་བདེ་བའི་བདག་ཉིད་ཀྱི་ཕྱིར་དགའ་བའོ། །ཆེན་པོ་ནི་རྒྱས་པ་སྟེ་ནང་ཡོངས་སུ་ཚིམ་པས་བར་ཆད་མེད་པར་ཁྱབ་པའི་ཕྱིར་རོ། །གཅིག་ཅེས་བྱ་བ་ནི་གཉིས་སུ་མེད་པའི་རང་བཞིན་གྱི་ཕྱིར་རོ། །ཕྱེ་བས་
རྣམ་པ་ལྔ་རུ་འགྱུར། །ཞེས་བྱ་བ་ནི་ལས་དང་པོ་པ་རྣམས་ཀྱི་ཕྱིར་ལྔར་ཕྱེ་བ་ཡིན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་ལས། །ཞེས་བྱ་བ་ལ་སོགས་ཏེ་གོ་སླའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་
ལས་ལེའུ་གཉིས་པའི་བཤད་པའོ།། །།ཨེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་རྣམ་པ་ཡི་གེ་སྟེ་ཨེ་ལྟ་བུ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བྷ་ག་ཡིན་ནོ། །བཟང་པོ་ཞེས་བྱ་བ་ནི་བླ་ན་མེད་པའི་རོལ་པའི་དགའ་བ་དང་བདེ་བའི་རྒྱུར་འགྱུར་བའི་ཕྱིར་རོ། །དབུས་སུ་ཡི་གེ་བཾ་གྱིས་
བརྒྱན། །ཞེས་བྱ་བ་ལ་དབུས་སུ་སྟེ། བུ་གའི་ནང་དུ་བཾ་སྟེ་བྱའི་མགོ་བོར་གྲགས་པ་གང་ཡིན་པས་མཛེས་པར་བྱས་པའོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ལ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སྟེ། དེ་རྣམས་ཀྱི་སྐྱེ་བའི་གནས་སུ་གྱུར་པའོ། །སངས་
རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ལ། རྙེད་དཀའ་ཞིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་སངས་རྒྱས་ཉིད་རིན་པོ་ཆེ་སྟེ། ཟ་མ་ཏོག་ནི་དེའི་རྟེན་ནོ། །དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནམ་མཁའ་ལྟར་དཔག་ཏུ་མེད་ཅིང་ཚད་མེད་པའི་བདག་ཉིད་དེ་ནི་བསྐྱེད་པ་

དང་རྫོགས་པའི་རིམ་པ་དག་གི་རྟེན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྟོན་ཏོ། །སློབ་དཔོན་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་གཟུང་བར་བྱ་སྟེ། དཀྱིལ་འཁོར་དུ་འཇུག་ཅིང་ཆུ་དང་དབུ་རྒྱན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་དམ་ཚིག་གསུམ་དང་བཅས་པའི་རིག་པའི་བརྟུལ་ཞུགས་
ལས་ལུང་བསྟན་པ་རྣམས་ཀྱིས་ལུས་སྦྱངས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་སྐུར་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དུ་ཤེས་པར་བྱའོ། །དེའི་འོག་ཏུ་གསང་བའི་དབང་བསྐུར་བར་བྱ་སྟེ། སློབ་མའི་ཁའི་པདྨའི་དབུས་སུ་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དབབ་པ་འདིས་
ངག་རྣམ་པར་དག་པའི་རྡོ་རྗེའི་རང་བཞིན་དུ་ཤེས་པར་བྱའོ། །དེའི་འོག་ཏུ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ། སེམས་རྣམ་པར་སྦྱང་བ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་དབྱེར་མེད་པའི་དེ་བཞིན་ཉིད་ཀྱི་ནོར་བུ་རིན་པོ་ཆེ་ལྟ་བུར་ཤེས་པར་བྱ་སྟེ། དེའི་རྗེས་ལ་དབང་བཞི་པ་གསུངས་པ། དེ་ནི་དེ་
བཞིན་ཡང་བཞི་པ། །ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་རྣམས་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ཀྱིས་མངོན་པར་སྦྱངས་པའོ། །ཡང་ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་སྟེ་འཁོར་བའི་མཐའ་ཐུག་པར་གཞན་གྱི་དོན་འབའ་ཞིག་མཛད་པས་ཟབ་པ་དང་། རྒྱ་ཆེ་བའི་
བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་བླང་བ་དང་དོར་བ་མེད་པ་ཙམ་གྱི་རང་བཞིན་ཏེ། འདིའི་དོན་ནི་རྡོ་རྗེ་འཛིན་ཆེན་པོའི་རང་བཞིན་གཉིས་སུ་མེད་པ་ནི་བཞི་པ་ཞེས་བྱ་བའི་དོན་ཏོ། །དེ་མིང་གི་ཁྱད་པར་གཞན་ཡང་རྗེས་སུ་གནང་བའི་དབང་ཞེས་བྱ་བ་བླ་མའི་ཞལ་ལས་
ཤེས་པར་བྱའོ་ཞེས་བྱ་བ་ཡིན་ནོ། །མཆོག་གི་མཐར་ནི་བདེ་བ་ཐོབ་པ་ཞེས་བྱ་བ་ལ། མཆོག་ནི་མཆོག་ཏུ་དགའ་བ་སྟེ་དེའི་མཐའ་ནི་རྗེས་ལའོ། །སྐད་ཅིག་ཉིད་ལ་སྣ་ཚོགས་སྤངས། །ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མ་སྤངས་པ་དེ་ཉིད་ཤེས་རབ་ཡེ་ཤེས་ཀྱི་བདག་
ཉིད་དོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཀུན་རྫོབ་སྔོན་དུ་འགྲོ་བའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །གཟུང་བར་བྱ་ཞེས་བྱ་བ་ནི་ཡང་དག་པར་གཟུང་བར་བྱའོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ་ཇི་སྲིད་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་སེམས་ཅན་ཐམས་ཅད་ཀྱི་

མ་ལུས་པའི་དོན་ཡོངས་སུ་རྫོགས་པར་འགྱུར་བའི་གཟུགས་སུ་གྱིས་ཤིག་པའི་དོན་ཏོ། །སློབ་མ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་དང་སློབ་མ་རྣམས་དེ་ལྟར་ཡང་དག་པའི་ཆོ་གས་དབང་བསྐུར་བར་བྱས་ནས་སོ། །བྱ་ཚོགས་ཞེས་བྱ་བ་ནི་ཇི་ལྟར་བསྟན་པར་བྱ་བའི་ཚོགས་ཀྱིས་སློབ་དཔོན་དབང་
བསྐུར་བ་སྔོན་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །འདི་སྐད་བརྗོད་ཅེས་བྱ་བ་ནི། །བདེ་བ་ཆེན་པོ་གཟུང་བྱ་བ། །ཞེས་པ་ལ་སོགས་པ་སྔར་གསུངས་པ་དང་སྦྱར་བར་བྱའོ། །འདི་ཉིད་ཅེས་བྱ་བ་ལ་སོགས་པ་ལ། །སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པའི་བླ་ན་མེད་པའི་བདེ་བ་ཆེན་པོ་འདི་ཉིད་ནི་
ཡེ་ཤེས་ཆེན་པོ་སྟེ་འདི་ལས་གཞན་བླ་མར་གྱུར་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཉིས་སུ་མེད་ཅེས་བྱ་བ་ནི་འགྱུར་བ་མེད་ཅིང་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །གཉིས་ཀྱི་གཟུགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་སོ་སོར་སྣང་བའི་ཕྱིར་རོ། །དངོས་དང་དངོས་མེད་བདག་ཅེས་བྱ་བ་ནི་ཟབ་པ་
དང་རྒྱ་ཆེ་བའི་ཕྱིར་རོ། །གཙོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རང་བཞིན་གྱིས་སོ་སོར་སྣང་བའི་ཕྱིར་རོ། །བརྟན་དང་གཡོ་བ་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཚུལ་གྱིས་གནས་པའི་ཕྱིར་རོ། སྒྱུ་མའི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་ལ་སོ་སོ་སྐྱེ་བོ་ལ་སོགས་པའི་རྒྱུད་ལ་སྐལ་བ་
ཇི་བཞིན་དུ་རྣམ་པ་སྣ་ཚོགས་པར་སོ་སོར་སྣང་བའི་ཕྱིར་རོ། །དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་ཞེས་བྱ་བ་རྒྱུན་མི་འཆད་པར་དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་བླ་ན་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཐབས་ཀྱིས་ངེས་པར་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་
ནོ། །དཀྱིལ་འཁོར་དེ་ཉིད་དུ་ཞུ་བ་སྔོན་དུ་སོང་བས་རྣམ་པར་བཤད་པར་མཛད་པ་ནི་དཀྱིལ་ཞེས་བྱ་བ་ལ་དཀྱིལ་ནི་སྙིང་པོའོ། །དེ་ཅི་ཞིག་ཅེ་ན། བྱང་ཆུབ་ཀྱི་སེམས་སོ། །དེ་ཀུན་རྫོབ་ཀྱི་སེམས་སམ་ཞེ་ན། གསུངས་པ་བདེ་བ་ཆེན་པོ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་རང་བཞིན་རང་རིག་པའི་མཚན་
མར་གྲུབ་པ་རྣམ་པར་རྟོག་པ་མཐའ་དག་གི་རྣམ་པ་ལས་གྲོལ་བ་མིང་གི་ཁྱད་པར་གཞན་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ལན་པ་ཞེས་བྱ་བ་ལ་སོགས་པ་ལ། ལེན་པ་ནི་འཛིན་པ་སྟེ་དེ་བྱེད་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམ་པར་དག་པས་བསྒྲུབས་པའི་དཔལ་ཧེ་རུ་

ཀ་དང་བདག་མེད་ལ་སོགས་པ་ཐམས་ཅད་དབྱེར་མེད་པས་ན་བླ་ན་མེད་པའི་བརྗོད་པར་བྱ་བ་དེ་ནི་དཀྱིལ་འཁོར་རོ། །འདིའི་དོན་ནི་བདག་མེད་མ་ལ་སོགས་པ་དང་འདུས་པ་འདི་ནི་འཁོར་བའི་མཐར་ཐུག་པར་རྒྱུན་མི་འཆད་པར་བདེ་བ་ཆེན་པོ་གཅིག་གི་རང་བཞིན་གྱི་སྙིང་པོ་འཛིན་པའི་ཕྱིར་
དཀྱིལ་འཁོར་དུ་བརྗོད་དོ་ཞེས་བྱ་བ་ཡིན་ནོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ནི་ཚོགས་པ་སྟེ་ལྷ་རྣམས་ཀྱི་ཚོགས་པའོ། །ནམ་མཁའི་དབྱིངས་སུ་བཤད་ཅེས་བྱ་བ་ནི་ནམ་མཁའི་ཁམས་སུ་བཤད་པ་སྟེ་བསྟན་པའོ། །ཡུལ་ལ་སོགས་པ་རྣམ་སྦྱོར་བ། །ཞེས་བྱ་བ་ནི། གཟུགས་ལ་
སོགས་པའི་དངོས་པོ་རྣམས་ཇི་ལྟར་བསྟན་པའི་ལྷའི་ཚོགས་དག་པར་བྱེད་པའོ། །རྡོ་རྗེ་པདྨོ་མཉམ་སྦྱོར་བ། །ཞེས་བྱ་བ་ནི་སྐད་གསུངས་པའི་ཆོ་ག་སྟེ་ཐབས་དེས་སོ། །དེའི་ནི་འཁོར་ལོའིའོ། །བདེ་བ་ནི་དོན་དམ་པའི་བདེ་བ་ཙམ་མོ། །མངོན་དུ་འགྱུར་བ་ནི་ལས་དང་པོ་པ་རྣམས་ཀྱིས་ངེས་པར་མྱོང་
བའོ། །ཁྱོད་ཀྱིས་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་འདི་སོ་སོར་བཤད་པ་ནི་སེམས་གཅིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁམས་གསུམ་པའི་ཚེར་གྱུར་པས་ན་སྲོག་སྟེ། དེ་གང་ལ་ཡོད་པ་དེ་ནི་སྲོག་ཆགས་སོ། །དེ་གཅོད་པ་ནི་མེད་པར་འགྱུར་བའོ། །ཟག་པ་མེད་པའི་བདེ་བ་ཆེན་
པོའི་ཡེ་ཤེས་ནི་སེམས་གཅིག་ཅེས་བྱ་བར་བརྗོད་དོ། །དེ་ཉིད་སྲོག་ཆགས་གསོད་པའོ། །འཇིག་རྟེན་རྣམས་ནི་བསྒྲལ་བར་བྱ། །ཞེས་བྱ་བ་ནི་སེམས་ཅན་སངས་རྒྱས་ཡིན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་འདིས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཐོག་མ་ནས་ཞི་བ་ནམ་མཁའ་ལྟར་དྲི་མ་མེད་
པའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་སྟེ། དེ་ཇི་ལྟར་ན་འདི་རྣམས་བསྒྲལ་བར་འགྱུར་ཏེ་བརྫུན་གྱི་ཚིག་ཡིན་ནོ། །བཙུན་མོའི་ཁུ་བ་མ་བྱིན་པ་ཞེས་བྱ་བ་ལ། སྔར་བསྟན་པ་དེ་ནི་བཙུན་མོ་སྟེ། དེའི་ཁུ་བ་ནི་བདེ་བ་ཆེན་པོ་དང་དབྱེར་མེད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །དེ་དག་འཛིན་
པ་ནི་མ་བྱིན་པར་ལེན་པའོ། །གཞན་གྱི་བུད་མེད་ཅེས་བྱ་བ་ལ་སོགས་པ་ལ་གཞན་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའོ། །ཁམས་གསུམ་ཐམས་ཅད་ཤིན་ཏུ་མནན་པའི་སྐུ་ནི་བུད་མེད་དོ། །མིང་གི་ཁྱད་པར་གཞན་བདག་མེད་མ་ལ་སོགས་པ་ཡིན་ནོ། །དེ་ཉིད་ནི་རང་འོད་མཛེས་ཏེ་རང་གི་སེམས་སྣང་བ་

ཡིན་པའི་ཕྱིར་རོ། །དེ་རྣམས་བསྟེན་པ་ནི་མངོན་པར་ཕྱོགས་པར་བྱའོ་ཞེས་བྱ་བ་སྟེ་གསང་བའི་དོན་ཏོ། །འདུ་བྱེད་མཐའ་ཞེས་བྱ་བ་ལ། འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ་དེའི་མཐའ་ནི་རྣམ་པར་ཤེས་པའི་ཕུང་པོའོ། །དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ་གཅིག་དང་དུ་མའི་རང་བཞིན་དང་བྲལ་
བའི་ཕྱིར་དངོས་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ཉིད་དེ། དེའི་ཕྱིར་བདེན་པ་མ་ཡིན་ནོ། །བརྫུན་མིན་ཞེས་བྱ་བ་ནི་དངོས་པོ་མཐའ་དག་རང་རིག་པ་ཙམ་གྱི་ཚུལ་གྱིས་སོ་སོར་སྣང་བ་ཙམ་གྱི་ཕྱིར་བརྫུན་པ་མ་ཡིན་པ་སྟེ། དེ་ལྟར་ན་དངོས་པོ་དང་དངོས་པོ་མེད་པ་དག་ལས་གྲོལ་བ་ཡིན་ནོ། །ཆུ་ཟླ་ལྟ་
བུར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྣོད་ཀྱི་ཆུ་དང་བ་ལ་ནམ་མཁའི་ངོས་ལ་ཟླ་བའི་དཀྱིལ་འཁོར་གནས་པའི་དབང་གིས་དེ་དང་འདྲ་བའི་ཟླ་བའི་དཀྱིལ་འཁོར་གཉིས་པ་སྣང་ཡང་དངོས་སུ་གྲུབ་པ་མེད་པས་བདེན་པ་མ་ཡིན་ལ། དེ་ན་སྣང་བའི་ཕྱིར་བརྫུན་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་
ཅད་ཀྱང་སྐྱེ་བ་མེད་པའི་ཕྱིར་བདེན་པ་མ་ཡིན་ལ། དེ་ལྟ་མོད་ཀྱི་སོ་སོར་སྣང་བའི་ཕྱིར་བརྫུན་པ་ཡང་མ་ཡིན་ཏེ། འདི་ལྟར་རྣམ་པར་དག་པའི་སེམས་ཉིད་སྔོན་གྱི་ཕུང་པོ་ལ་སོགས་པའི་བག་ཆགས་ཀྱི་དབང་གི་ཕྱིར་མེའི་ཕུང་པོ་ལ་སོགས་པའི་སྣང་བ་འཇུག་སྟེ། སྔ་མ་དེ་ཉིད་འཕངས་པ་ཡང་མ་ཡིན་ལ་
སྐྱེ་བ་མེད་པའི་ཕྱིར་བདེན་པ་ཡང་མ་ཡིན་ནོ། །དེ་ལས་ཐ་དད་པའི་ཕྱིར་དང་སོ་སོར་སྣང་བ་མེད་པའི་ཕྱིར་གཟུགས་བརྙན་བརྫུན་པ་ཡང་མ་ཡིན་ཏེ། ཤིན་ཏུ་མེད་པ་མ་ཡིན་ནོ། །འདི་ལྟ་སྟེ་གཙུབ་ཤིང་དང་ཞེས་བྱ་བ་ལ་སོགས་པ་ལ། གཙུབ་ཤིང་ལ་སོགས་པའི་རྩོལ་བ་ལས་སྐྱེས་པའི་མེ་སོ་སོར་
དཔྱད་ན་དེ་རྣམས་ལ་མི་དམིགས་ཤིང་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་བདེན་པ་མ་ཡིན་ནོ། །དེ་ལྟར་ཡང་ཐམས་ཅད་མཉམ་པར་སྦྱོར་བས། སྐྱེས་ཤིང་སྒྱུ་མ་ལྟར་སོ་སོར་སྣང་བ་ཉམས་སུ་མྱོང་བ་བཟློག་དཀའ་བའི་ཕྱིར་བརྫུན་པ་མ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་དུ་ཕུང་པོ་ལ་
སོགས་པ་ཡང་རྣམ་པར་དཔྱད་ན་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་བཏགས་པ་ཙམ་སྟེ་བདེན་པ་མ་ཡིན་ལ། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་ཡིན་ནོ། །བདེ་བ་ཆེན་པོའི་རང་གིས་རིག་པའི་ཚད་མས་བཅིངས་པས་བརྫུན་པ་ཡང་མ་ཡིན་ནོ། །བཟའ་བ་ཞེས་བྱ་བ་ནི་ཤ་རྣམ་

པ་ལྔའོ། །བཏུང་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །བགྲོད་པ་ཞེས་བྱ་བ་ནི་ཡུལ་ལས་སྐྱེས་པའི་བདེ་བའོ། །བགྲོད་མིན་ཞེས་བྱ་བ་ནི་ཡུལ་ལས་འདས་པའོ། །ཁྲུས་ཞེས་བྱ་བ་ནི་ལུས་ཀྱི་དྲི་མ་འཁྲུ་བའོ། །གཙང་སྦྲ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སྦྱང་བ་སྟེ། རང་རིག་
པ་ལས་མ་གཏོགས་པར་ལུས་དང་སེམས་ཀྱི་དག་པ་དང་མ་དག་པའི་རྟོག་པས་བསྐྲུན་པའི་ཕྱི་རོལ་གྱི་ཁྲུས་ལ་སོགས་པ་ནི་ཡོད་པ་མ་ཡིན་པས་མི་བྱ་བ་ཁོ་ནའོ། །གྲོང་གི་ཆོས་ཞེས་བྱ་བ་ནི་ལྷའི་བདག་ཉིད་ཀྱི་བདེ་བ་སྟེ་དེ་དོར་བར་མི་བྱ་བའོ། །སྔགས་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །
བསམ་གཏན་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་ཡང་དག་པའི་ཤེས་པ་སྟེ། དེ་དག་དམིགས་པར་མི་བྱའོ། །གཉིད་ནི་སྤང་བར་མི་བྱའོ། །ཞེས་བྱ་བ་ལ། གཉིད་ཀྱིས་ཚིམ་པར་མ་བྱས་པའི་སྐྱེས་བུའི་ལུས་ཀྱིས་ནི་བྱ་བ་རྣམས་མི་ནུས་པའི་ཕྱིར་དེས་ཚིམ་པར་བྱའོ། །དབང་པོ་རྣམས་ཀྱང་དགག་མི་
བྱ། །ཞེས་བྱ་བ་ལ། དེ་དང་དེ་རྣམ་པར་དག་པས་བསྒྲུབ་པའི་དབང་པོ་རྣམས་ལྟར་བྱ་བའི་རང་བཞིན་གྱིས་རང་དང་རྗེས་སུ་མཐུན་པའི་ཡུལ་རྣམས་ལ་རང་ཉིད་ཀྱིས་ལོངས་སྤྱོད་པར་བྱ་སྟེ། ཐ་མལ་པའི་ང་རྒྱལ་བཟློག་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤ་རྣམས་ཞེས་བྱ་བ་ལ་
སོགས་པའོ། །སྔར་སྐྱེད་མ་ལ་སོགས་པས་ཁྱད་པར་དུ་བསྟན་པ་གང་ཡིན་པ་དེ་ནི་འདིར་མཐའ་སྐྱེས་ལ་སོགས་པའི་ཚུལ་གྱིས་ཡང་ཁྱད་པར་དུ་བསྟན་པའི་ཕྱིར་གསུངས་པ། རིགས་ངན་ཞེས་བྱ་བ་ལ་སོགས་པ་ལ། རོལ་པ་ཞེས་བྱ་བ་ནི་དེ་དག་ཐམས་ཅད་བདག་མེད་མ་ལ་སོགས་པ་དང་དབྱེར་
མེད་པའི་བཙུན་མོར་བྱས་ཏེ། ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོ་རྫོགས་པར་བྱ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་བླ་ན་མེད་པའི་མཆོད་པས་མཉེས་པར་བྱ་བའི་ཕྱིར། འཇིགས་པ་དང་ངོ་ཚ་བ་ལ་སོགས་པ་སྤངས་པའི་ཡིད་ཀྱིས་སྙོམས་པར་འཇུག་པས་རོལ་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །མཛའ་བོ་ཞེས་བྱ་བ་ལ་སོགས་པས་ནི་ལུས་དང་སེམས་རྗེས་སུ་མཐུན་པའི་དངོས་པོ་རྣམས་ཡོངས་སུ་གཟུང་བར་མི་བྱའོ། །གདུག་ལ་ཞེས་བྱ་བ་ཡིད་དུ་མི་འོང་བའི་དངོས་པོ་རྣམས་ལ་སྡང་བར་མི་བྱའོ། །འདིའི་དོན་ནི་མཛའ་བ་དང་མི་མཛའ་བ་རྣམས་ལ་ཕན་པ་དང་གནོད་པ་མི་བྱ་

ཞིང་ཆོས་ཐམས་ཅད་མཉམ་པ་ཉིད་དང་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་རང་གི་ཏིང་ངེ་འཛིན་བླ་ན་མེད་པའི་གཟུགས་ཀྱིས་དེ་དག་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་དང་ཤིང་གི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་ལ་སོགས་པ་ལས་བརྡུངས་པ་དང་བྲིས་པ་དང་ལུགས་སུ་བླུགས་པ་ལ་སོགས་པ་ལ་ཕྱག་བྱ་
བ་དང་། ཕྱག་བྱེད་པ་དང་འཚལ་བ་ལ་སོགས་པའི་རྟོག་པ་སྤངས་ཏེ། ཆོས་ཐམས་ཅད་དབྱེར་མེད་པར་རང་གི་ཏིང་ངེ་འཛིན་གྱི་གཟུགས་སུ་བསྒོམ་པར་བྱས་ནས་མ་ལུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབས་ཤིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བའི་ཚོགས་ཀྱང་
ཡོངས་སུ་བསགས་ལ། དེས་བླ་ན་མེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་དག་ཀྱང་། སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་སྤངས། །ཞེས་བྱ་བ་ལ་སོགས་པས་ངེས་པར་བྱ་བ་ཡིན་ནོ། །གཡུང་མོ་ཞེས་བྱ་བ་ལ་སོགས་པ་ནི་དམའ་བ་མཐོ་བ་དང་བར་
མའི་སེམས་ཅན་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་ཕྱིར་རང་གི་ལུས་བཞིན་དུ་རེག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདུད་རྩི་ལྔ་ཞེས་བྱ་བ་ལ་སོགས་པ་ནི་བཅུད་ཀྱིས་ལེན་ཏེ་ཁ་སྦྱོར་གྱི་རྒྱུད་ལ་སོགས་པ་ལས་གསུངས་པའི་ཆོ་ག་ལྟར་བསྒྲུབ་པར་བྱའོ། །རྣལ་འབྱོར་པ་
རྣམས་ཀྱིས་རྟག་ཏུ་བྱིན་གྱིས་བརླབ་པོ་ཞེས་བསྟན་པའི་ཕྱིར་གསུངས་པ། རྣམས་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །ལྷ་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཆུ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །ཁྲག་ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སོ། །
གཞན་ཡང་ནད་རྣམས་ཉེ་བར་ཞི་བར་བྱ་བའི་ཕྱིར་གསུངས་པ། རང་བྱུང་མེ་ཏོག་ཅེས་བྱ་བ་ལ། དེ་དག་ཐམས་ཅད་ཆོ་ག་བཞིན་དུ་བྱས་ནས། ཚ་བས་བད་ཀན་སེལ་བར་བྱེད། །མངར་བས་མཁྲིས་པ་སེལ་བར་བྱེད། །བསྐ་བས་ནང་གྲོལ་སྦྱོང་བྱེད་དེ། །ཡང་ན་དེ་བཞིན་སྡོམ་པར་བྱེད། །སླར་བས་རླུང་
ནི་སེལ་བར་བྱེད། །ཁ་བས་རིམས་ནི་ཡང་དག་འཇོམས། །གྲང་བས་བཀྲེས་དང་གཟིར་བ་དང་། །ཚ་བ་དང་ནི་ངོ་མཚར་ཉིད། །དེ་དག་བཅུད་ལེན་ཆེན་པོ་རུ། །སངས་རྒྱས་རྣམས་ཀྱིས་ཡང་དག་བཤད། །ཅེས་བྱའོ། །ཕན་ཚུན་སྦྱོར་བས་ནི་ཉེས་པ་ཐམས་ཅད་ཀྱང་འཇོམས་པ་ཡིན་ནོ། །

བརྡའི་སྐད་ཅེས་བྱ་བ་ལ་སོགས་པ་ལ། ཇི་སྟེ་ཀུན་ལ་གྲགས་པ་མ་ཡིན་པའི་སྐད་བརྗོད་ན་ཐ་མལ་པའི་ཐ་སྙད་ཀྱིས་ཅི་ཞིག་བྱ་སྙམ་པ་ལ། ཉན་ཐོས་ལ་སོགས་པས་མི་ཤེས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། སྐལ་བ་ངན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྒྱུད་ལས་གསུངས་
པའི་དམ་ཚིག་གི་སྐད་ནི་སྐལ་བ་དང་ལྡན་པ་རྣམས་མངོན་པར་དད་ཅིང་། རང་གི་དམ་ཚིག་ཅན་རྣམས་ཀྱི་ཐ་སྙད་དུ་གྱུར་པས་ཡེ་ཤེས་མཐའ་དག་དང་ཡང་དག་པར་ལྡན་པའི་རྣལ་འབྱོར་མ་རྣམས་མངོན་པར་དད་པར་འགྱུར་རོ། །པདྨ་ཞེས་བྱ་བ་ནི་འབྱེད་ཅིང་འཛུམ་པ་འཇམ་ཞིང་སྙན་པ་དང་། དྲི་ཞིམ་
ཞིང་གེ་སར་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།ཀཀྐོ་ལ་ཞེས་བྱ་བ་ལ་ཀཀྐོ་ལ་ནི་རི་སྟེ་འོག་ལའོ། །བོ་ལ་ཞེས་བྱ་བ་ནི་རྡོ་རྗེ་སྟེ་མི་ཤིགས་པའོ། །
མུམྨུ་ཞེས་བྱ་བ་ནི་གནས་ཏེ་ལྟེ་བའི་པདྨའོ། །ཀཀྐོ་ལ་ཞེས་བྱ་བ་ནི་ཤེས་རབ་སྟེ། ཨཾ་གི་གཟུགས་ཅན་མའོ། །དང་པོ་དང་ཐ་མའི་ཉེ་བར་གཟུང་བ་འདིས་དེ་དག་གི་དབུས་ན་གནས་པའི་ཆོས་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དག་ཀྱང་གཟུང་བར་བྱའོ། །ཀྲྀ་པི་ཏ་ཞེས་བྱ་བ་ནི་རྡེའུ་ཆུང་སྟེ། མི་ཤིགས་པའི་སྔགས་
ཀྱི་གཟུགས་སོ། །སྟུག་པོ་ཞེས་བྱ་བ་ནི་བར་ཆད་མེད་པར་རོ། །བརྡུང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་འབབ་པའོ། །སྙིང་རྗེས་བྱེད་མིན་ཡུལ་དྲི་བ། །ཞེས་བྱ་བ་ལ་སྙིང་རྗེ་ནི་མི་ཤིགས་པའོ། །བྱེད་པ་ནི་ལྷན་ཅིག་འཇུག་པའོ། །གཡུལ་དྲི་བ་ནི་འཐབ་མོ་སྟེ་གཙུབ་ཤིང་གིས་གཙུབས་པའི་ཡུལ་དྲི་
སྦྱོར་བ་དེའི་ཡུལ་དྲི་བའོ། །དེར་ནི་ཤ་ཟ་བཟའ་ཞེས་བྱ་བ་ལ་ཤ་ནི་ཐ་མལ་པའི་ཤ་རྟོག་པ་སྟེ་བཟའ་བ་ནི་སྣང་བ་མེད་པར་བྱའོ། །སྒྲིམ་པ་ཞེས་བྱ་བ་ནི་རྒྱུན་དུའོ། །ཆང་ཡང་བཏུང་ཞེས་བྱ་བ་ནི་སྙིང་རྗེའི་བདུད་རྩིའི་རོ་བཏུང་བའོ། །ཀྱེ་ཧོ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ལ་བོད་པའོ། །སྐལ་བ་ཅན་ནི་བཞི་པའི་
དོན་དེར་ངེས་པར་འཇུག་པར་བྱའོ། །སྐལ་པ་མེད་པ་སྤང་བར་བྱ། །ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་དེར་སྤང་བར་བྱེད་པའོ། །གཞི་མཉམ་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམ་པར་དག་པའི་མིང་ཅན་རྣམས་ཆོས་ཀྱི་སྐུའི་ཚུལ་གྱིས་ཚིམ་པར་

བྱ་བའོ། །ཚོང་མ་དང་ནི་ཤཱ་ལི་དག །ཅེས་བྱ་བ་ནི་དེ་བཞིན་དུ་གོ་ཀུད་ཧ་ན་ཞེས་བྱ་བའི་མིང་ཅན་རྣམས་སྣང་བ་མེད་པར་བྱ་བའོ། །གར་གྱིས་འཇུག་པ་ཞེས་བྱ་བ་ལ་སོགས་པ་ནི་སྟེང་དང་འོག་གི་གནས་སུ་འགྲོ་བ་དང་འགོག་པར་བྱེད་པའི་ཐིམ་པ་དང་ལོངས་སྤྱོད་དང་དབང་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་བདག་
ཉིད་ཤེས་པར་བྱའོ། །ཡན་ལག་ཆ་ཤས་མེད་པར་བརྒྱན། །ཞེས་བྱ་བ་ལ། ཆ་ཤས་མེད་པ་ནི་རུས་པའི་རྒྱན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཏེ་ཀུནྡ་ལྟ་བུ་ཡིན་པའི་ཕྱིར་རོ། །དེས་ལུས་ལ་བརྒྱན་པ་ནི་ཐིམ་པའོ། །རོ་ནི་དེ་རུ་གཞུག་པར་བྱ། །ཞེས་བྱ་བ་ནི། དེ་ཉིད་དུ་ནི་ལུས་ཐམས་ཅད་ལ་འཇུག་པའོ། །
མ་ལ་ཡར་སྐྱེས་ཞེས་བྱ་བ་ནི་རྩའི་རང་བཞིན་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་འདུས་པའོ། །འཁྲིག་པས་བཏབ་ཅེས་བྱ་བ་ནི་དེར་ཐབས་དང་ཤེས་རབ་རྣམ་པར་དག་པའི་རྩའི་རང་བཞིན་ཕན་ཚུན་དུ་མཉམ་པར་སྦྱོར་བས་འཇུག་པའོ། །དེས་ནི་རིགས་ངན་སྤང་མི་བྱ། །ཞེས་བྱ་བ་ལ་རིགས་ངན་ནི་རེག་ཏུ་མི་
རུང་བ་སྟེ། འདིར་མི་སྤང་བའོ། །ཡང་ན་ཚིག་འདི་དག་ནི་དོན་ཇི་ལྟ་བ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་སྦྱར་བར་བྱ་སྟེ། ཀོལླ་ཞེས་བྱ་བ་ནི་ཕན་པའོ། །བོལླ་ཞེས་བྱ་བ་ནི་རྡོ་རྗེའོ། །མུམྨུ་ཞེས་བྱ་བ་ནི་ལྟེ་བའི་འོག་གོ། །ཀཀྐོ་ལ་ནི་པདྨའོ། །སྐལ་བ་དང་ལྡན་ཞེས་བྱ་བ་ནི་མཆོག་དགའི་
མཐའ་ཡིན་ཞིང་རྣམ་པར་དགའ་བའི་དང་པོའོ། །སྐལ་བ་མེད་པ་ཞེས་བྱ་བ་ནི་ཆགས་བྲལ་གྱི་དགའ་བའོ། །གཞན་དག་ནི་མན་ངག་ཇི་ལྟ་བ་བཞིན་དུ་སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ། །ཡང་ན་ཚོགས་ཀྱི་འཁོར་ལོ་དང་སྦྱར་བར་བྱ་སྟེ། ཀོལླ་ཞེས་བྱ་བ་ནི་གནས་ཀྱི་ཁྱད་པར་རོ། །བོལླ་ཞེས་
བྱ་བ་ནི་ཐབས་སོ། །ཀཀྐོ་ལ་ནི་ཕྱག་རྒྱའོ། །མུམྨུ་ཞེས་བྱ་བ་ནི་གཡོན་ཕྱོགས་སུ་གནས་པའོ། །གཞན་དག་ནི་གོ་སླའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་བརྗོད་ཀྱིས་མ་ལང་བའི་དོན་དུ་སྡུད་པར་བྱེད་པ་ཆོས་ཀྱི་སྐུའི་བདག་ཉིད་དེ་གླུའོ། །སངས་རྒྱས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཁམས་རྣམས་ཀྱི་མཚན་དང་
དཔེ་བྱད་ཀྱིས་མཚན་པའི་གཟུགས་སྐུ་སྒྱུ་མ་ལྟ་བུ་ཤེས་པར་བྱ་སྟེ། ལོངས་སྤྱོད་རྫོགས་པར་འགྱུར་རོ། །རྣལ་འབྱོར་མ་དང་མ་མོ་རྣམས། །ཞེས་བྱ་བ་ནི་གདུལ་བྱའི་བསམ་པའི་བྱེ་བྲག་བཞིན་རྣམ་པ་སྣ་ཚོགས་པའི་གཟུགས་སུ་མཛད་པ་ནི་སྤྲུལ་པ་སྟེ་དེ་ཡང་གར་རོ། །ཚོགས་ཀྱི་ཆོ་གའི་འཁོར་ལོ་

བཞིན་དུ་ཏིང་ངེ་འཛིན་ལ་མངོན་པར་ཕྱོགས་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་དངོས་གྲུབ་ཀྱི་མཚན་མ་གསུངས་པ། སྒོག་སྐྱ་ཞེས་བྱ་བ་ལ་སོགས་པའོ། །ཕྱག་རྒྱ་རྟགས་དང་མཚན་མའོ། །ཞེས་བྱ་བ་ལ་རྟགས་ཞེས་བྱ་བ་ནི་སྤྱི་བོའི་སྟེང་དུ་གནས་པའི་སྐུའོ། །མཚན་མ་ཞེས་བྱ་
བ་ནི་མཚན་རྟགས་ཏེ་རིགས་མཚོན་ཞེས་བྱ་བ་ལ། གང་ལ་རྡོ་རྗེའི་རྣམ་པར་སྣང་བ་ཡོད་པ་དེ་ནི་རྣལ་འབྱོར་མ་བདག་མེད་མའི་རིགས་སུ་མཚོན་པ་སྟེ་མཁས་པས་ཤེས་པར་བྱའོ། །དེ་བཞིན་དུ་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་རལ་གྲིའི་རྣམ་པ་རྣམས་ཀྱིས་དབྱེ་བས་རྡོ་རྗེ་མ་ལ་སོགས་པའི་རིགས་སུ་སྟོན་ཏོ། །
ཀུན་གྱི་ལྷག་མ་ཞེས་བྱ་བ་མཐའ་མའོ། །ཡང་ཞེས་བྱ་བ་ནི་དེའི་རྣམ་པར་དག་པ་ཅི་ཡང་བསྒོམ་པ་མ་ཡིན་པའི་ཕྱིར་རོ། །གང་ཕྱིར་བཅུ་དྲུག་ཅེས་བྱ་བ་ལ་སོགས་ལ། གང་གི་ཕྱིར་མ་རིག་པའི་མུན་པ་མཐའ་དག་གི་གཉེན་པོར་གྱུར་པ་ཡེ་ཤེས་ལྔའི་རང་བཞིན་དེ་བཞིན་གཤེགས་པའི་བདག་ཉིད་དུ་གྱུར་པ་བདེན་པ་
བཞིའི་དབྱེ་བ་སྐད་ཅིག་མ་བཅོ་ལྔ་རྣམ་པར་དག་པ་ཆ་ཤས་བཅོ་ལྔའི་དབྱངས་ཡིག་ཡོངས་སུ་རྫོགས་པའི་རྩ་རྣམས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ལྷའི་འཁོར་ལོ་སྟེ་ལམ་གྱི་རང་བཞིན་ནོ། །དེ་ལ་དམིགས་སུ་མེད་པ་རྡོ་རྗེ་འཛིན་ཆེན་པོའི་རང་བཞིན་སྐད་ཅིག་མ་བཅུ་དྲུག་རྣམ་པར་དག་ཅིང་ཡོངས་སུ་གང་
བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་། མ་ལུས་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བདག་ཉིད་ཀྱི་རྣམ་པར་རྟོག་པའི་མུན་པ་རྣམས་ཆོས་ཐམས་ཅད་དབྱེར་མེད་པའི་བདེ་བ་ཆེན་པོའི་རྣམ་པའི་སེམས་ཀྱི་རིན་པོ་ཆེའི་འོད་ཀྱིས་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་མ་
ལུས་པར་སྔོན་དུ་སྔགས་ལ་སོགས་པས་སྦྱངས་པའི་དབང་གིས་ལྷུན་གྱིས་གྲུབ་པར་འཇུག་ཅིང་། གཟུགས་དང་ཁ་དོག་དང་སྤྱོད་ལམ་རྣམ་པ་སྣ་ཚོགས་པ་རྣམས་སུ་སྒྲ་སྐད་སྣ་ཚོགས་ཀྱིས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་མཛད་པ་ནི་ཆ་ཤས་མེད་པའི་རང་བཞིན་ཏེ། ལམ་
གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་བཅོ་ལྔའི་དུས་སུ་མི་ཤེས་པའི་མུན་པ་ཐམས་ཅད་གཞོམ་པར་བྱ་བ་བྱས་ཟིན་པའི་ཕྱིར་ཏེ། དེས་ན་ལས་དང་ཉོན་མོངས་པ་དང་སྐྱེ་བ་དང་ཡེ་ཤེས་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་དངོས་པོ་རྣམས་རང་བཞིན་གྱིས་རྣམ་པར་དག་ཅིང་

རྣམ་པར་མི་རྟོག་པའི་གཟུགས་ཆོས་ཀྱི་སྐུར་འཁོར་བའི་མཐར་ཐུག་པར་བར་ཆད་མེད་པའི་བདེ་བ་ཆེན་པོའི་ཚུལ་གྱིས་གདུལ་བྱ་རྣམས་ཇི་ལྟར་འདོད་པའི་དོན་རྫོགས་པར་མཛད་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དང་ཡང་དག་པར་ལྡན་པའི་བདག་ཉིད་ཀྱིས་བཞུགས་ཤིང་སྤང་བར་བྱ་བ་ཐམས་
ཅད་དང་བྲལ་བ་ཡིན་ནོ། །ཉེ་བར་བསྡུ་བ་གསུངས་པ། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྟེ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་ཅིང་ཡེ་ཤེས་ལྔ་རྣམ་པར་དག་པའི་ས་བོན་བཅོ་ལྔ་ནི་ཆ་ཤས་ཀྱི་བདག་ཉིད་དོ། །བྱང་ཆུབ་སེམས་ནི་ཟླ་བ་སྟེ་ལམ་མོ། །ཨཱ་ལིའི་གཟུགས་ནི་
ཞེས་བྱ་བ་ལ་སོགས་པ་ལ། །ཨཱ་ལི་མཐའ་དག་གི་རང་བཞིན་བདེ་བ་ཆེན་པོའི་མཚན་ཉིད་ཆོས་ཀྱི་སྐུ་ནི་ཨཱ་ལིའོ། །རྣལ་འབྱོར་མ་ཞེས་བྱ་བ་ལ་དེའི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྫོགས་པར་མཛད་པའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་བདག་ཉིད་རྣལ་
འབྱོར་མ་སྟེ་འབྲས་བུར་བསྟན་པའོ། །ལྷན་ཅིག་སྐྱེས་དགའ་ཞེས་བྱ་བ་ལ་སོགས་པ་ལ། ག་བུར་འདིའི་རང་བཞིན་ལྷན་ཅིག་སྐྱེས་པ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཟད་མེད་ཅེས་བྱ་བ་ནི་མི་འཇིགས་པའོ། །སྐལ་བ་ཞེས་བྱ་བ་ནི་མཁྲེགས་པའོ། །མཁའ་འགྲོ་ཞེས་བྱ་བ་ནི་པདྨའི་ནང་
དུ་ཆུད་པའོ། །འདི་དག་ཀྱང་ལག་པས་བླང་བར་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་དང་སྦྱར་བར་བྱའོ། །དཀྱིལ་འཁོར་འཁོར་ལོ་ལ་སོགས་ཐབས་དང་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་ལྷའི་ཚོགས་ནི་དཀྱིལ་འཁོར་འཁོར་ལོ་སྟེ་དེ་དང་།
སོགས་ཀྱི་སྒྲས་འོག་ནས་འབྱུང་བའི་ཕྱག་རྒྱ་རྣམས་ཀྱིས་བྱེད་པ་བསྡམས་པ་ལ་སོགས་པ་བཟུང་ངོ་། །བདག་བྱིན་བརླབ་པའི་རིམ་པས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་པདྨ་བྱིན་གྱིས་བརླབ་པ་ལ་སོགས་པའོ། །ཀྱང་ཞེས་བྱ་བ་ནི་ཡིད་དུ་ཆུད་པར་གྱུར་པས་སོ། །སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་
སྣང་མཛད་ལ་སོགས་པ་སྟེ་རྒྱས་འདེབས་པར་བྱེད་པའི་རང་བཞིན་ནོ། །བྱང་ཆུབ་སེམས་ཞེས་བྱ་བ་ནི་རྒྱས་གདབ་པར་བྱ་བ་རྣམས་སོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབྱེར་མེད་པའི་བདག་ཉིད་ཀྱི་རྡོ་རྗེ་འཆང་བའོ། །རྟེན་ཞེས་བྱ་བ་ནི་ཨེ་ཝཾ་དེ། དེ་བཞིན་དུ་ནི་ཞེས་བྱ་བ་ནི་འདི་དག་

ཉིད། རྟེན་དང་བརྟེན་པའི་རང་བཞིན་དུ་གྱུར་ཅིང་བདག་དང་བདག་གི་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱིས་བཙལ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ནི་འཁོར་བའོ། །བདག་དང་བདག་གི་སྤྲོས་པ་དེ་ཉིད་བསལ་བའི་ལྷའི་རང་བཞིན་ནི་མྱ་ངན་ལས་འདས་པ་ཡིན་གྱི།
ཉན་ཐོས་ལ་སོགས་པ་ལྟར་མར་མེའི་རྒྱུན་ཟད་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་སྟོང་པ་མ་ཡིན་ཏེ། གང་གི་ཕྱིར་འཁོར་བའི་རང་བཞིན་ཉིད་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །དེ་ཡང་གཟུགས་ལ་སོགས་པའི་མཚན་ཉིད་བསྟན་པའི་ཕྱིར་གསུངས་པ། འཁོར་བ་གཟུགས་དང་སྒྲ་ལ་སོགས། །ཞེས་
བྱ་བ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་རྣམ་པ་མང་མོད་ཀྱི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། །བར་མའི་དབྱེ་བས་སོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །འཁོར་བ་ཚོར་བ་ལ་སོགས་པ་ཞེས་བྱ་བ་ལ་ཚོར་བ་ལ་ཡང་རྣམ་པ་མང་མོད་
ཀྱི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་དོ། །འདུ་ཤེས་ཀྱང་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་བྱེ་བྲག་གིས་རྣམ་པ་མང་མོད་ཀྱི། མདོར་བསྡུ་ན་གཟུགས་ལ་སོགས་པའི་དངོས་པོའི་ཁྱད་པར་འཇིག་པའི་བདག་ཉིད་ཀྱིས་དྲུག་གོ། །འདུ་
བྱེད་ནི་སེམས་ལས་བྱུང་བའི་བྱེ་བྲག་གིས་རྣམ་པ་མང་མོད་ཀྱི། མདོར་བསྡུ་ན་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །རྣམ་པར་ཤེས་པ་ལ་ཡང་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་བྱེ་བྲག་གིས་ཤིན་ཏུ་མང་མོད་ཀྱི་མདོར་བསྡུ་ན་མིག་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་
དྲུག་གོ། །འཁོར་བ་དབང་པོ་ཉིད་ཡིན་ཏེ། །ཞེས་བྱ་བ་ནི་མིག་ལ་སོགས་པ་དྲུག་གོ། །འཁོར་བ་ཞེ་སྡང་ལ་སོགས་པ། །ཞེས་བྱ་བ་ནི་ཞེ་སྡང་དང་གཏི་མུག་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྟེ། སྟེང་དང་འོག་ན་གནས་པའི་འགྲོ་བ་ལྔ་རྣམས་སུ་བདག་ཉིད་དགའ་བ་དང་བདེ་བ་ལ་
མངོན་པར་ཆགས་པས་ཡང་དང་ཡང་དུ་ལས་དང་ཉོན་མོངས་པས་མངོན་པར་བསགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཉིད་འཁོར་བ་སྟེ། སྐྱེ་བའི་བདག་ཉིད་ནི་འཁོར་བ་ཡིན་གྱི་བདག་དང་སྲོག་དང་གསོ་བ་ལ་སོགས་པའི་མཚན་ཉིད་འགའ་ཞིག་ཡོད་དེ་འཁོར་བ་མ་ཡིན་ནོ། །ཆོས་འདི་རྣམས་

ནི་མྱ་ངན་འདས། །ཞེས་བྱ་བ་ནི་ཆོས་དེ་དག་ཉིད་རང་བཞིན་གྱིས་ཕྱིན་ཅི་ལོག་ལས་གྲོལ་ཞིང་ཐབས་དང་ཤེས་རབ་དབྱེར་མེད་པར་གྱུར་པ་སོ་སོར་རང་གིས་རིག་པ་ཉིད་ཡིན་པས་ན་སྤྲོས་པ་མེད་པའི་རང་བཞིན་དུ་མྱ་ངན་ལས་འདས་པའོ། །གཏི་མུག་གིས་ནི་འཁོར་བའི་ཚུལ། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་
དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཉིད་འཁོར་བའོ། །རྨོངས་པ་མེད་ན་ཞེས་བྱ་བ་ལ་སོགས་པ་ལ། །རྨོངས་པ་མེད་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །འཁོར་བ་སྦྱོང་ཞེས་བྱ་བ་ནི། །གཟུགས་ལ་སོགས་པ་དེ་ཁོ་ན་ཉིད་
ཇི་ལྟ་བ་བཞིན་དུ་ལྷག་པར་མོས་པས་འཁོར་བ་ན་འཁོར་བའི་བདག་ཉིད་ཀྱི་ཕྱིན་ཅི་ལོག་གི་རང་གི་ངོ་བོ་ཉིད་ཀྱིས་ལྡོག་པར་འགྱུར་བ་ཡིན་ནོ། །དབྱངས་ཡིག་དང་པོའི་རང་བཞིན་ཏེ། །ཞེས་བྱ་བ་ལ། རང་བཞིན་དབྱངས་ཡིག་དང་པོ་ཡིན་པ་དེ་ནི་དབྱངས་ཡིག་དང་པོ་སྟེ། ཤེས་རབ་ཨཾ་གི་གཟུགས་
ཅན་མའོ། །བློ་ཞེས་སངས་རྒྱས་ཀྱིས་རབ་བསྟན། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བློ་སྦྱངས་པས་ན་བློ་དེ་ཁོ་ན་ཉིད་ཤིན་ཏུ་རིག་པས་ན་སངས་རྒྱས་སོ། །དེ་ཉིད་བཅོམ་ལྡན་འདས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱི་ཕྱིར་རོ། །བསྒོམ་པའི་རབ་
ཏུ་སོན་ཅིང་འགྲོ་བས་ན་ཤེས་རབ་བོ། །རྫོགས་པའི་རིམ་པའི་སྦྱོར་བ་སྟེ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པའི་རིམ་པའི་འཁོར་ལོ་བཞིན་དུ་སྦྱོར་བ་བསྟན་པའོ། །དེ་ནི་རིང་མིན་ཞེས་བྱ་བ་ལ་སོགས་པ་ནི་དབྱིབས་ལ་སོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱང་དང་དྲི་དང་རོ་ལས་འདས། །
ཞེས་བྱ་བ་ནི་དབང་པོ་ཐམས་ཅད་ཀྱི་ཡུལ་མ་ཡིན་པས་སོ། །བླ་ན་མེད་པའི་བདེ་བ་ཆེན་པོ་རྫོགས་པ་བྱེད་པས་ན་ལྷན་ཅིག་སྐྱེས་དགའ་བྱེད་མའོ། །ཤེས་རབ་ཀྱི་སྒོམ་པ་འདིས་ཐབས་ཆེན་པོའི་རྣལ་འབྱོར་པ་ཡང་དག་པར་བསྐྱེད་པས་ན། །རྣལ་འབྱོར་པ་ནི་དེ་ཡིད་བསྐྱེད། །ཅེས་བྱ་བའོ། །དེ་ཡི་བདེ་
ལ་ལོངས་སྤྱོད་བྱ། །ཞེས་བྱ་བ་ནི་དབྱེར་མེད་པ་དེའི་རང་བཞིན་རང་གི་རྒྱུད་ལ་ཉམས་སུ་མྱོང་བར་བྱའོ། །དེ་ཡིས་ལྷན་ཅིག་དངོས་གྲུབ་འགྲུབ། །ཅེས་བྱ་བ་ནི་བཤད་མ་ཐག་པའི་ཤེས་རབ་ཉིད་མཆོག་ཏུ་རྟག་པའི་ཕྱག་རྒྱའོ། །འདིར་མན་ངག་ནི་འདི་ཡིན་ཏེ། ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཕྱེ་

ཞིང་སྟེང་དུ་བལྟས་པར་བསམས། པདྨའི་ལྟེ་བ་ལ་ཤེས་རབ་ཨཾ་གི་གཟུགས་ཅན་མ་བསྒོམས་ནས་དེར་འདབ་མ་གཞན་དག་ལ་སྟེང་དང་འོག་དང་ཕྱོགས་དང་མཚམས་སུ་དབྱངས་ཡིག་བཅུ་བཞི་པོ་རྣམས་བསམ་པར་བྱ་སྟེ། དེ་ཡང་རྒྱུད་ལས་ཇི་སྐད་དུ་གསུངས་པའི་ཆོ་གས་རབ་
ཏུ་འབར་བ་དང་ཡང་དག་པར་ལྡན་ཞིང་། ཤིན་ཏུ་ཕྲ་བའི་སྐུད་པ་ལྟ་བུར་ཉིན་གཅིག་ཙམ་ཡང་རྒྱུན་མི་འཆད་པར་རྣམ་པར་བསམས་ན་ངེས་པར་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །གཟུགས་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ནས་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པའི་ཡུལ་རྣམས་ཏེ་ཕྱི་
རོལ་དུ་གྱུར་པའི་བདག་ཉིད་དོ། །ཤེས་རབ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་དབྱངས་ཡིག་དང་པོའི་རང་བཞིན་གྱིས་སོ། །ཉེ་བར་ལོངས་སྤྱོད་ཅེས་བྱ་བ་ནི་རྣམ་པར་བསམ་པའོ། །འདིའི་རབ་ཏུ་དབྱེ་བ་གསུངས་པ་དེ་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། བདེ་ཆེན་ཞེས་བྱ་བ་ནི་དཔེ་མེད་པའི་
བདེ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་རོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་མཛད་པའི་ཕྱིར་བཟང་མོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱོར་བའི་ངང་ཚུལ་འདི་ལ་ཡོད་པས་ན་རྣལ་འབྱོར་མའོ། །འཁོར་ལོ་ཞེས་བྱ་བ་ནི་རྟེན་དུ་གྱུར་པའི་དཀྱིལ་འཁོར་རོ། །སྒོམ་པའི་ལམ་ཞེས་བྱ་བ་ནི་མངོན་
པར་རྟོགས་པ་སྔོན་དུ་འགྲོ་བའོ། །ལྷ་རྣམས་ཞེས་བྱ་བ་ནི་བརྟེན་པར་གྱུར་པའོ། །ཇི་ལྟར་འབྱུང་བ་ཞེས་བྱ་བ་ནི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྐྱེད་པའོ། །རྣལ་འབྱོར་མ་ལུས་དབུས་གནས་པའི། །ཞེས་བྱ་བ་ལྟེ་བའི་འོག་ན་གནས་པའི་རྩ་གསུམ་མོ། །དེར་སྒོམ་པའི་ཡི་གེ་ཨཾ་ནི་ཆོས་ཐམས་ཅད་གཅིག་གི་
གཟུགས་ཀྱིས་སྡོམ་པར་བྱེད་པ་དེ་ཤེས་རབ་ཨཾ་གི་གཟུགས་ཅན་མའོ། །ཕྱི་རོལ་ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་བསྐྱེད་པའི་རིམ་པ་ལ་ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནས་ལྷའི་འཁོར་ལོ་བཀོད་པའོ། །ནང་དེ་བཞིན་ནི་ཞེས་བྱ་བ་ནི་དེ་བཞིན་དུ་རྫོགས་པ་ལ་ནི་སྔགས་ཀྱི་ལྷ་རྣམས་ཀྱི་འཁོར་ལོའོ། །
སྡོམ་པ་ཞེས་བྱ་བ་ནི་ཕྱི་དང་ནང་གི་རྣམ་པར་རྟོག་པའི་དངོས་པོ་རྣམས་རྣམ་པར་དག་པའི་ལྷའི་འཁོར་ལོས་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྡུས་པ་བཞིན་དུ་རྫོགས་པའི་རིམ་པས་ཀྱང་སྡུད་པ་ཡིན་ནོ། །དེ་ནི་རབ་གསལ་ཞེས་བྱ་བའི་བྱེ་བྲག་ཏུ་བྱས་པའོ། །བོ་ལ་ཞེས་བྱ་བ་ལ་སོགས་པ་ལ་བོ་ལ་

ནི་རྡོ་རྗེའོ། །དེའི་བདེ་བ་ནི་ནོར་བུའི་ནང་དུ་ཆུད་པའི་ཡེ་ཤེས་སོ། །དེ་ཉིད་ནི་ཕྱག་རྒྱ་ཆེན་པོ་སྟེ་ཆོས་ཐམས་ཅད་ལ་བདག་ཉིད་གཅིག་གིས་བཏབ་པའི་ཕྱིར་རོ། །རྡོ་རྗེ་སྐྱེ་མཆེད་ཅེས་བྱ་བ་ལ་ནི་རྡོ་རྗེ་ནི་མི་དམིགས་པའི་ཡེ་ཤེས་སོ། །དེ་ཉིད་ནི་སྐྱེ་མཆེད་དེ་ལྷ་རྣམས་ཀྱི་འཁོར་ལོ་བསྐྱེད་པའི་གནས་
སུ་གྱུར་པའི་ཕྱིར་རོ། །ཐབས་ཀྱི་བདག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མཐར་ཐུག་པར་འགྲོ་བའི་ཕྱིར་རོ། །ཡང་ན་བོ་ལ་ནི་རྡོ་རྗེའོ། །དེའི་བདེ་བ་ནི་མཆོག་ཏུ་དགའ་བའི་ཐོག་མར་གྱུར་ཅིང་རྣམ་པར་དག