Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 4

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
འ་བའི་ཐོག་མར་གྱུར་པའོ། །དེའི་རང་བཞིན་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཤེས་རབ་ཨཾ་གི་གཟུགས་
ཅན་མའོ། །རྡོ་རྗེ་ཞེས་བྱ་བ་ནི་མི་ཤིགས་པའོ། །སྐྱེ་མཆེད་ཅེས་བྱ་བ་ལ་ཨ་ཡ་ནི་རྣམ་པར་ཤེས་པའོ། །ཏ་ན་ནི་རྒྱས་པ་སྟེ་ཐིམ་པ་དང་ལོངས་སྤྱོད་དང་དབང་བའོ། །ཐབས་ཀྱི་བདག་ཅེས་བྱ་བ་ནི་གནས་ལ་སོགས་པའི་བདག་ཉིད་དུ་ཉེ་བར་འགྲོ་བའོ། །གསང་བ་འདི་དག་མཉམ་སྦྱོར་བ། །
ཞེས་བྱ་བ་ལ། གསང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པའི་ལ་ལ་ནཱ་དང་ར་ས་ནཱའོ། །འདི་དག་ནི་མཉམ་པར་སྦྱོར་བ་ནི་གཉིས་སུ་མེད་པར་བསྒོམས་པས་སོ། །ཕྱི་རོལ་སྙོམས་འཇུག་མ་བསྟན་ཏོ། །ཞེས་བྱ་བ་ལ་རྣལ་འབྱོར་མའི་འཁོར་ལོ་ཕྱི་རོལ་གྱི་ལྷའི་མཉམ་པར་སྦྱོར་བའི་སྒོམ་
པ་མེད་པའོ། །དེ་ཡང་གསུངས་པ། ཨཱ་ལི་ཀཱ་ལི་སྙོམས་འཇུག་པས། །ཕྱི་རོལ་སྙོམས་འཇུག་དགག་པར་བྱ། །ཞེས་བྱ་བའོ། །ཅི་སྟེ་ནང་གི་སྙོམས་པར་འཇུག་པ་ཙམ་འདི་ཡིན་ནོ། །ཇི་ལྟར་ན་བུད་མེད་གཟུགས་ནི་སྤངས་ནས་སུ། །གཞན་གྱི་གཟུགས་སུ་བསྒྱུར་ཞེས་བྱ་བ་ལ་སོགས་
པ་ནི་ཅིའི་ཕྱིར་གསུངས་སྙམ་པ་ལ། བདེན་མོད་ཀྱི་དེར་དགོངས་པ་ནི་རང་གི་སེམས་ཙམ་གྱི་ངོ་བོ་ཉིད་ཀྱིས་བདག་མེད་མའི་རྣལ་འབྱོར་དང་ཡང་དག་པར་ལྡན་ཞིང་བླ་མ་ལ་སོགས་པ་ལ་རྗེས་སུ་གནང་བ་རྙེད་པའི་རིག་མའི་བརྟུལ་ཞུགས་ཀྱི་སྒོ་ནས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་
པའི་སེམས་ལ་དབང་ཐོབ་པ་རྣམས་ཇི་སྐད་གསུངས་པ་དེ་ཐུན་མཚམས་གཅིག་གམ། ཉིན་གཅིག་གམ་ཟླ་བ་ཕྱེད་དམ། ཟླ་བའམ་ལོའམ། བསྐལ་བ་སྟོང་ཕྲག་དུ་ཡང་ཡེ་ཤེས་དང་མངོན་པར་ལྡན་པས་གནས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སྐུ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་

འཁོར་ལོའི་གཟུགས་ཀྱི་ཆོས་དང་ལོངས་སྤྱོད་སྤྲུལ་པའི་སྐུ་རྣམས་ཡོངས་སུ་ཤེས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཚོགས་ལ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སྐྱེ་བ་ལ་མངོན་པར་ཕྱོགས་པ་སྟེ། འདིས་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་དང་ཡང་དག་པར་ལྡན་
པས་སོ། །སྲོག་དང་ལྡན་པ་ཐམས་ཅད་ནི་སེམས་ཅན་ནོ། །གློ་བུར་གྱི་དྲི་མ་དང་བྲལ་ཞིང་འོད་གསལ་བ་ཐམས་ཅད་ནི་སངས་རྒྱས་ཏེ། སངས་རྒྱས་ཉིད་དུ་ཞེས་བྱ་བ་ནི་རྣམ་པར་དག་པ་ཁོང་དུ་ཆུད་པ་རྣམས་དང་རང་བཞིན་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་རྣམ་པར་
ཤེས་པ་ལ་སོགས་པའི་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་བླ་ན་མེད་པའི་དེ་བཞིན་ཉིད་རང་གིས་རིག་པའི་རང་བཞིན་ཡིན་ལ། ཡེ་ཤེས་དེ་ཉིད་ནི་གདུལ་བྱ་མངོན་པར་དད་པའི་དབང་གིས་གཞན་རྣམས་ལ་གཟུགས་ཀྱི་སྐུར་སྟོན་པར་ཚད་མས་གྲུབ་པའི་ཕྱིར་རོ། །དེ་ཡང་གསུངས་པ།
སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བྱ་བ་སྟེ། འདིས་ནི་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་ཏོ། །རྣམ་པར་དག་པ་དེ་ཉིད་སྦྱོར་བའི་རྒྱུ་མཚན་དུ་གསུངས་པ། ཟླ་བ་བཅུ་ནི་ས་བཅུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་དང་པོ་ལ་སོགས་པ་གོང་ནས་
གོང་དུ་སྦྱངས་ཤིང་འཕེལ་བས་མཐར་ཐུག་པར་སོན་པའི་ཕྱིར། སེམས་ཅན་ས་བཅུའི་དབང་ཕྱུག་གོ། །དེའི་ཕྱིར་ཕྱིན་ཅི་ལོག་གི་རྟོག་པས་བསྐྱེད་པའི་ལས་དང་ཉོན་མོངས་པ་དང་། སྐྱེ་བ་རྣམས་ཀྱི་རང་གི་ངོ་བོ་ཉིད་ནི་གློ་བུར་བ་སྟེ། རང་བཞིན་གྱི་དྲི་མ་མེད་ཅིང་རྣམ་པར་དག་པའི་རང་བཞིན་ཉིད་དུ་སྦྱར་བར་བྱའོ། །
འགྲོ་བའི་རང་བཞིན་བཅོམ་ལྡན་འདས་ལས་ཐོས་ནས་ཇི་ལྟར་གྱུར་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་ལྷ་མོ་ཞེས་བྱ་བ་ནི་ལྷ་མོ་ལ་སོགས་པའི་འགྲོ་བའི་རྒྱུད་ལ་རྒྱུན་མི་འཆད་པར་གསལ་བའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་ལུས་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ཇི་སྙེད་
པའོ། །མཆོག་ཏུ་ངོ་མཚར་ཐོབ་སྟེ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་གང་ཡིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་ངོ་བོ་ཉིད་ཀྱིས་དབྱེར་མེད་པར་རྟོགས་ནས་མཆོག་ཏུ་ངོ་མཚར་དུ་གྱུར་པ་འདི་ནི་ངོ་མཚར་ཐོབ་པའོ། །བརྒྱ་ལ་ཞེས་བྱ་བ་ནི་

དབྱེར་མེད་ཅིང་བདེ་བ་ཆེན་པོའི་རང་བཞིན་གྱི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བརྒྱལ་བ་སྟེ་ཤིན་ཏུ་མི་གཡོ་བར་གྱུར་པའོ། །སྐྲག་ཅེས་བྱ་བ་ནི་འཁོར་བའི་མཐར་ཐུག་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་ཤིང་མཆོག་ཏུ་ཟབ་པའི་ཕྱག་རྒྱ་
ཆེན་པོར་གསུངས་པ་ནི་དབང་པོ་དམན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་མི་ནུས་ཤིང་སེམས་ཀྱིས་འཇུག་པར་དཀའ་བའི་ཕྱིར་སྐྲག་པའོ། །ས་ལ་འགྱེལ་བར་གྱུར་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཕུང་པོ་ལ་སོགས་པ་ཡོངས་སུ་གཅོད་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཐོབ་པས་འཇིགས་ནས་
ཡན་ལག་ཐམས་ཅད་ས་ལ་འགྱེལ་བར་འགྱུར་བའོ། །འདར་བར་གྱུར་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་ཤིང་མཆོག་ཏུ་གསང་ཆེན་དཀའ་ལ་བླ་ན་མེད་པ་མྱུར་བའི་ཐབས་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་ཆོས་ཐོས་པས་འདར་བ་ལ་སོགས་པའི་ལྟས་ཆེན་པོ་བཅོ་
བརྒྱད་རྙེད་པར་འགྱུར་བའོ། །ཡང་དེ་རྣམས་ཤིན་ཏུ་རྙེད་དཀའ་ཞིང་བསམ་གྱིས་མི་ཁྱབ་པའི་ཆོས་མཉན་པའི་སྐལ་བ་དང་ཤིན་ཏུ་ལྡན་པར་མཛད་ནས། རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་བཤད་པས་དེའི་སྲོག་ཐོབ་པར་གྱུར་ནས་སློང་བར་མཛད་པ་ནི། ས་དང་ཞེས་བྱ་བ་ལ་སོགས་པ་སྟེ།
ས་དང་ཆུ་དང་རླུང་དང་མེའི་བདག་ཉིད་སྲིང་མོ་སྟེ། ལྷ་མོ་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །རང་བཞིན་སུས་ཀྱང་མི་ཤེས་པ་ཉིད་དེ། དེའི་སྤྲོས་པ་ཉོན་ཅིག་པ་ནི་གདམས་པའོ། །སྔོན་དུ་གསུངས་པའི་དོན་དེ་ཉིད་ཉེ་པར་བསྡུ་བ་གསུངས་པ། སེམས་ཅན་སངས་རྒྱས་ཡིན་མོད་ཀྱི། །ཞེས་བྱ་བ་
ལ་སོགས་པ་སྟེ་རང་བཞིན་གྱིས་མྱ་ངན་ལས་འདས་ཤིང་ཆོས་ཀྱི་སྐུ་དབྱེར་མེད་པའི་རང་བཞིན་ཉིད་དོ། །ཅི་སྟེ་རང་བཞིན་གྱིས་སངས་རྒྱས་པ་ཉིད་དུ་གྲུབ་པ་ཡིན་ན་བཟླས་བརྗོད་དང་བསྒོམ་པ་ལ་སོགས་པ་དོན་མེད་པར་ཐལ་བར་འགྱུར་རོ་ཞེ་ན། གསུངས་པ། གློ་བུར་དྲི་མས་བསྒྲིབས་པ་སྟེ། །
ཞེས་བྱ་བ་ལ། ལས་དང་ཉོན་མོངས་པ་སྐྱེ་བའི་སྒྲིབ་པ་གློ་བུར་བ་རྣམས་ཀྱིས་རང་གི་རང་བཞིན་ཉིད་མི་གསལ་བར་བྱས་པ་སྟེ། བསྒོམ་པ་དང་བཟླས་པ་ལ་སོགས་པ་དེ་དག་གིས་བརྩལ་བ་ནི་བླ་ན་མེད་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱིས་སངས་རྒྱས་ཉིད་དོ་ཞེས་སྟོན་ཏོ། །ཅི་སྟེ་རང་

བཞིན་གྱིས་རྣམ་པར་དག་པས་སེམས་དྲི་མ་ཅན་དུ་ཇི་ལྟར་འགྱུར་སྙམ་ན་མ་ཡིན་ཏེ། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་དབེན་པ་ཡིན་ཡང་རྡུལ་དང་ཁུག་རླངས་རྣམས་དང་སྤྲིན་ལ་སོགས་པས་དྲི་མ་ཅན་དུ་གྱུར་པ་བཞིན་དུ། སེམས་ཀྱི་རིན་པོ་ཆེ་འདི་ཡང་རང་བཞིན་
གྱིས་རྣམ་པར་དག་ཏུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་གོམས་པའི་བདག་དང་བདག་གིར་རྟོག་པས་དྲི་མ་ཅན་དུ་འགྱུར་བ་ཡིན་ནོ། །དེ་ཡང་གསུངས་པ། སེམས་ཅན་གྱི་ཚོགས་འདི་ན་དེ་བཞིན་གཤེགས་པ་མཐའ་དག་གི་ཡེ་ཤེས་དང་ལྡན་པའི་སེམས་ཅན་འགའ་ཡང་
ཡོད་པ་མ་ཡིན་མོད་ཀྱི་འོན་ཀྱང་ཐ་སྙད་ལ་མངོན་པར་ཞེན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་མི་ཤེས་པ་ཡིན་ནོ། །གང་གི་ཚེ་ཐ་སྙད་ཐམས་ཅད་ལས་གྲོལ་བ་དེའི་ཚེ་དེ་བཞིན་གཤེགས་པའི་རང་བྱུང་གི་ཡེ་ཤེས་དང་ཐོགས་པ་མེད་པར་གསལ་བར་འགྱུར་རོ་ཞེས་པའོ། །
བཙན་དུག་ཟོས་ན་ཞེས་བྱ་བ་ལ་བཙན་དུག་ནི་དུག་གི་ཁྱད་པར་ཏེ་ཟོས་ན་མྱོས་པ་བརླམས་པར་འགྱུར་རོ། །སུའི་ཞེ་ན་མི་ཤེས་འཇིག་རྟེན་གང་གིས་ཞེས་བྱ་བ་སྟེ། མི་ཤེས་འཇིག་རྟེན་ཞེས་བྱ་བ་ནི་གང་ཞིག་དུག་གི་གཉེན་པོར་གྱུར་པ་སྔགས་ལ་སོགས་པ་དང་བྲལ་བའོ། །རྨོངས་དང་བྲལ་ཞིང་དེ་
ཉིད་ཅེས་བྱ་བ་ལ། གང་གིས་དེའི་གཉེན་པོར་གྱུར་པའི་སྔགས་ལ་སོགས་པའི་དེ་ཉིད་ཤེས་པ་ནི་རྨོངས་པ་དང་བྲལ་ཞིང་དེ་ཉིད་ཤེས་པའོ། །དེ་ནི་དེ་ལས་གྲོལ་བར་འགྱུར། །ཞེས་བྱ་བ་ནི་གང་དེ་ཁོ་ན་ཉིད་ཤེས་པ་དེ་ནི་འཁོར་བའི་དུག་གི་རྨོངས་པ་ལས་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །
ཞེས་བྱ་བ་ནི་བསྟན་མ་ཐག་པའི་རིམ་པའོ། །ཐབས་དང་ཤེས་རབ་ཤེས་ཤིང་ལྷག་པར་ཁོང་དུ་ཆུད་པ་དེའི་འཁོར་བ་ལྡོག་པར་འགྱུར་རོ། །དགྱེས་པའི་རྡོ་རྗེར་ངལ་བྱས་པ། །ཞེས་བྱ་བ་ནི་བླ་མ་གཅིག་ནས་གཅིག་ཏུ་འོངས་པའི་ལྷག་པར་ཁོང་དུ་ཆུད་པ་མཐར་ཕྱིན་པའོ། །མ་རིག་ལ་སོགས་ཞེས་
བྱ་བ་ནི་མ་རིག་པ་ནས་རྒ་ཤིའི་མཐར་ཐུག་པའི་སྡུག་བསྔལ་གྱི་ཕུང་པོས་མ་གཟུང་བའོ། །གཏི་མུག་ལ་སོགས་པས་ཀྱང་འཆིང་མིན་ཞེས་བྱ་བ་ནི་བདག་དང་བདག་གི་བ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་གཏི་མུག་ལ་སོགས་པའི་ཞགས་པས་ཀྱང་འཆིང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མ་

ཡིན་ཞེས་བྱ་བ་ལ་སོགས་པ་ལ་འདི་ནི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པའི་སེམས་ཅན་འགའ་ཡང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་པ་ཞེས་བྱ་བ་ནི་རང་རིག་པ་ཙམ་ཉིད་ཀྱིས་ན་འདི་དག་ཐམས་ཅད་རང་བཞིན་གྱིས་ཕྱིན་ཅི་མ་ལོག་པའི་རྣམ་པར་མངོན་པར་
བྱང་ཆུབ་པ་ཡིན་པ་ལ་སེམས་ཅན་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ནོ། །དེ་ལྟར་འགྲོ་བ་རྣམས་སུ་ཇི་ལྟར་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྟེ་འདིའི་དོན་གང་མི་དགེ་བའི་ལས་ཀྱིས་སྤྲུལ་གནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་
མི་བཟད་པའི་མེ་འབར་བས་དཀྲིས་པ་ཡིན་ནོ། །དེ་རྣམས་ཀྱི་རང་བཞིན་ཉིད་ནི་དུས་ཐམས་ཅད་དུ་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་ཤིང་བདེ་བ་ཆེན་པོའི་ཚུལ་གྱིས་ཆོས་ཀྱི་སྐུའི་རང་བཞིན་དུ་དབྱེར་མེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གང་ཕྱིར་བདེ་བ་མི་ཤེས་པ། །ཞེས་བྱ་བ་ལ། གང་གི་ཕྱིར་ལྷ་ལ་
སོགས་པ་རྣམས་ཀྱི་ཐ་སྙད་ལ་མ་བརྟེན་པར་སྤྲོས་པའི་བདེ་བའི་རང་བཞིན་ཁོང་དུ་ཆུད་པར་མི་ནུས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱང་ཐ་སྙད་འདོགས་པར་མཛད་པ་ཡིན་ནོ། །འཇིག་རྟེན་ཁམས་གཞན་གང་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ་བླ་ན་མེད་པའི་སེམས་ཀྱི་རང་བཞིན་ལས་
འཇིག་རྟེན་གྱི་ཁམས་གཞན་གང་ནས་ཀྱང་སངས་རྒྱས་ཀྱི་རང་བཞིན་འགའ་ཡང་རྙེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ། སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་དང་བྲལ་ནས་སངས་རྒྱས་
སོ། །ཤན་པ་སྨྱིག་མ་མཁན་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་ཤན་པ་ལ་སོགས་པ་རྒྱུན་མི་འཆད་པར་ལས་རྩུབ་མོ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་དགྱེས་པའི་རྡོ་རྗེའི་ལམ་དུ་ཞུགས་པའི་དགེ་བའི་བཤེས་གཉེན་དང་ཕྲད་པར་གྱུར་ན་རྟོག་པའི་དྲ་བ་ཐམས་ཅད་དེ་རིང་པོར་མི་ཐོགས་པར་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བྱིས་པ་མི་ཤེས་བསྒྲིབས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་གསུམ་རྣམས་མི་ཤེས་པ་སྔོན་དུ་འགྲོ་བའི་བདག་དང་བདག་གིར་འཛིན་པས་རྨོངས་

ཤིང་བླ་མ་མཉེས་པར་མ་བྱས་པ་ནི་བྱིས་བའི་རང་བཞིན་ཏེ། དེས་བསྟན་མ་ཐག་པའི་ལམ་མི་ཤེས་པས་སྟེང་དང་འོག་གི་འགྲོ་བ་རྣམས་སུ་འཁོར་བ་ཡིན་ནོ། །དགྱེས་པའི་རྡོ་རྗེའི་ཐབས་ཐོབ་ཅེས་བྱ་བ་ལ་འདིའི་དོན་ནི་ཡང་གང་ཞིག་མྱུར་དུ་བྱང་ཆུབ་རྫོགས་པར་བྱེད་པའི་དགྱེས་པའི་རྡོ་
རྗེའི་ཐབས་ཀྱི་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཡོངས་སུ་སྦྱང་བ་ནི་འཁོར་བ་ན་གནས་སུ་ཟིན་ཀྱང་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །པུཀྐ་སཱི་ནི་སར་གསུངས་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སློབ་དཔོན་
ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལ། ལེའུ་བཞི་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱ་རྣམས་ཆོས་ཀྱི་རྒྱལ་པོའི་གོ་འཕང་ལ་དགོད་པས་ན་རྒྱལ་པོའོ། །རྣམ་པར་རྟོག་པའི་རི་བོ་འཇོམས་པས་ན་རྡོ་རྗེ་
འཛིན་ནོ། །ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཀྱིས་ན་དགྱེས་པའི་རྡོ་རྗེའོ། །གདུལ་བྱ་རྣམས་ལ་རྗེས་སུ་འཚམ་པར་སྟོན་པར་མཛད་པས་ན་གཙོ་བོའོ། །རྣམ་པ་ཀུན་གྱི་རང་བཞིན་བདག །ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ། །དཀྱིལ་འཁོར་ཞེས་
བྱ་བ་ནི་བྲི་བའི་དཀྱིལ་འཁོར་རོ། །བདེ་བ་ཅན་དུ་ཞེས་བྱ་བ་ལ་སོགས་པ་ནི་འཁྲིག་པའི་སྦྱོར་བ་དང་ལྡན་པའི་ཕྱིར་རོ། །རྣམ་པ་ཀུན་གྱི་རང་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམ་པར་དག་པའི་ལྷ་ཐམས་ཅད་ཀྱི་ངོ་བོའོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྡོ་རྗེ་འཛིན་ནོ། །
ས་བོན་གྱིས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གྱུར་པའི་མཚན་མ་ལ་གནས་པའི་ཧཱུཾ་གིས་སོ། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡི། །ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་བསྟན་པའི་རྣལ་འབྱོར་མའི་འཁོར་ལོ་ཕྱག་གཉིས་པ་ལ་སོགས་པ་ཉིད་དེ། དེ་ཉིད་འོག་ནས་འབྱུང་བ། །རིམ་
གཅིག་སྒོ་ནི་བཞི་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །དཀྱིལ་འཁོར་ཡང་དག་རབ་གསལ་མཛད། །ཅེས་བྱ་བ་ནི་འོག་ནས་འབྱུང་བ། །དེ་ནས་སྟོན་པ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པའི་སྐབས་དེར་བལྟ་བར་བྱའོ། །མ་ལུས་པའི་སེམས་ཅན་རྣམས་རྗེས་སུ་བསྡུ་

བ་བསྟན་པའི་ཕྱིར་གསུངས་པ། བདུད་བཞི་ཡང་དག་མནན་པ་སྟེ། །ཞེས་བྱ་བ་ལ་བདུད་བཞི་པོ་རྣམས་ཞབས་བཞི་པོས་མནན་པ་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ལྷག་
མ་མེད་པའི་མྱ་ངན་ལས་འདས་པ་སྟེ། བཞི་པོ་དེ་དག་ནི་ཞབས་བཞིར་ཤེས་པར་བྱའོ། །དེ་ནས། འཇིགས་པ་དག་ཀྱང་འཇིགས་པར་མཛད། །ཅེའོ། །མགོ་བོའི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལྔ་བཅུ་ཐམ་པ་རྣམ་པར་དག་པའི་མགོ་བོའི་ཕྲེང་བ་སྟེ། དེས་སྐལ་པ་དང་ལྡན་
པའི་སྐྱེ་བོའི་ཡིད་འཕྲོག་པར་མཛད་པས་ན་དོ་ཤལ་ལོ། །ཉི་མ་ལ་གནས་ཞེས་བྱ་བ་ནི་མི་དམིགས་པའི་སྙིང་རྗེ་ཆེན་པོ་ལ་གནས་པའི་གཟུགས་སོ། །རྣམ་པ་སྣ་ཚོགས་སུ་སྤྲོ་བ་མཛད་པས་ན་གར་དང་ལྡན་ནོ། །མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་རང་
བཞིན་གྱིས་ནི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །སྐུ་མདོག་ནག་པོ་ཞེས་བྱ་བ་ནི་འོག་ནས་སྟོན་པར་འགྱུར་རོ། །དབང་པོ་དམན་ཞིང་དད་པ་མེད་པ་རྣམས་སྐྲག་པར་མཛད་པས་ན་འཇིགས་མཛད་དོ། །སྒྲ་སྐད་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་རྣམས་ལ་ཆོས་སྟོན་པར་མཛད་པས་ན་ཧཱུཾ་སྤྲོ་བའོ། །གདུལ་བྱ་
རྣམས་ལ་མངོན་པར་ཕྱོགས་པས་ན་ཉིད་ཀྱི་ཞལ་ནས་སོ། །དོན་དམ་པའི་སེམས་ཀྱི་བདག་ཉིད་ཀྱིས་ན་སྐུ་ལ་ཐལ་བས་ཡང་དག་བྱུགས་སོ། །དགའ་བས་སྙོམས་འཇུག་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི། མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །
བདག་མེད་ལྷན་ཅིག་ཁ་སྦྱོར་བ། །ཞེས་བྱ་བ་ནི་ཆོས་བདག་མེད་པར་འགྲོ་བ་རྣམས་གཅིག་ཏུ་སྦྱོར་བར་མཛད་པའི་ཕྱིར་རོ། །ཉེ་བར་བསྡུ་བ་གསུངས་པ། །ཁྲེམ་གཉེར་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲེམ་གཉེར་མེད་པ་དེ་ཡང་དམིགས་པ་དང་བཅས་པ་དང་། མི་དམིགས་
པའི་དེ་ཁོ་ན་ཉིད་ཀྱིས་དབྱེ་བས་རྣམ་པ་གཉིས་སུ་ཤེས་པར་བྱའོ། །གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །ཞེས་བྱ་བ་ནི་འདིར་རྒྱུ་དང་འབྲས་བུ་དབྱེར་མེད་པར་མཛད་ནས་བརྗོད་པ་ཡིན་ནོ། །གཞན་དུ་ཡང་། སེམས་དཔའི་གཟུགས་ནི་ཡང་དག་འབྱུང་། །དཀྱིལ་འཁོར་བདག་

པོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་དང་། སེར་མོ་ལ་སོགས་འདི་ལས་འབྱུང་། །ཞེས་གསུངས་པ་འགལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་དེ་རྒྱུར་གྱུར་པའི་རྡོ་རྗེ་སེམས་དཔའ་ཉིད་དཀྱིལ་འཁོར་བདག་པོ་སྟེ། དེ་ལས་སེར་མོ་ལ་སོགས་པ་
འབྱུང་བར་བལྟའོ། །དེ་ནི་ཐོག་མ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆ་རྣམས་མི་དམིགས་པ་སྟེ། འདིའི་དོན་ནི་དུས་དང་ཡུལ་དང་ཕྱོགས་ལ་སོགས་པ་དང་བྲལ་བའོ། །སྲིད་དང་ཞེས་བྱ་བ་ལ་སོགས་པ་ལ། སྲིད་པ་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པའི་མཚན་ཉིད་
དེ། དེ་མེད་པའོ། །མྱ་ངན་འདས་པ་མིན་ཞེས་བྱ་བ་ལ་མྱ་ངན་ལས་འདས་པའི་དངོས་པོ་ཐམས་ཅད་རྒྱུན་ཆད་པའི་རང་བཞིན་ཏེ། དེ་ཡང་མ་ཡིན་པའོ། །འདི་ནི་དམ་པའི་བདེ་ཆེན་ཏེ། ཞེས་བྱ་བ་ནི་འདི་ཉིད་མཆོག་ཏུ་བདེ་བ་ཆེན་པོ་སྟེ། རྟག་ཏུ་ད་ལྟར་བྱུང་བའི་རང་རིག་པས་སོ། །གཞན་མིན་
ཞེས་བྱ་བ་ལ། གཞན་ནི་ཕ་རོལ་གྱི་གཟུགས་ལ་སོགས་པའི་རང་བཞིན་ཏེ་དེ་མ་ཡིན་པའོ། །བདག་ཀྱང་མིན་ཞེས་བྱ་བ་ལ་བདག་གི་རྩོམ་པ་དང་། ལྷག་པར་གནས་པ་དང་། མཐར་ཕྱིན་པའི་རང་བཞིན་ཏེ་དེ་ཡང་མ་ཡིན་པའོ། །མཆོག་མཐའ་ཞེས་བྱ་བ་ལ་སོགས་པ་ལ་མཆོག་ཏུ་དགའ་
བ་འགག་པ་སྐྱེ་བ་ལ་མངོན་པར་ཕྱོགས་ཏེ། དེ་དག་གི་དབུས་སུའོ། །འདོད་ཆགས་དང་ཆགས་བྲལ་གྱི་ངོ་བོ་ཉིད་མེད་པས་སྟོང་པའོ། །རང་གིས་རིག་ཅིང་མྱོང་བས་ན་སྟོང་མིན་ནོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་པས་ན་ཧེ་རུ་ཀའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་
དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས། ལེའུ་ལྔ་པའི་བཤད་པའོ།། །།ཆོ་ག་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། གང་ཡང་བདག་གིས་མ་བཤད་པ། །ཞེས་གསུངས་པས་ན་རྒྱུད་ནི་རྙེད་པར་དཀའ་ཞིང་བླ་ན་མེད་
པ་ཉིད་དུ་སྟོན་པར་བྱེད་པས་ན་ཡང་འདིར་ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལྟར་བྲིས་སྐུ་ལ་སོགས་པའི་ཆོ་ག་བརྗོད་པར་མཛད་ཅེ་ན། དེ་ལྟ་མོད་ཀྱི་འདིར་དགག་པར་མི་བྱ་སྟེ། གང་གི་ཕྱིར་ཇི་ལྟར་གསུངས་པའི་ཚོགས་སྣམ་བུའི་ལྷ་ལ་སོགས་པ་བྲིས་ན། རྣལ་འབྱོར་པ་རྣམས་ཀྱི་བསོད་

ནམས་ཀྱི་ཕུང་པོ་ཆེན་པོར་འགྱུར་བ་དང་། ཡང་དེས་བསམ་གཏན་པ་རྣམས་ཀྱི་ཕྱག་དང་ཞབས་ལ་སོགས་པ་ཡང་གསལ་བར་གྱུར་ནས་མྱུར་དུ་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས།
ལེའུ་དྲུག་པའི་བཤད་པའོ།། །།དེ་ནས་དེ་ལ་ལྷ་མོས་ཞུས། །ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་ཁམས་གྱི་ཀུན་ནས་ཉོན་མོངས་པ་ལ་གཟིགས་ཏེ། འདོད་ཆགས་ཆེན་པོས་གདུངས་པ་རྣམས་མངོན་པར་དད་པར་བྱ་བ་དང་། གླེགས་བམ་ལ་དགའ་བ་རྣམས་ཀྱི་ཕྱིར་གསུངས་པ། །ང་
ཡིས་གླེགས་བམ་བཤད་བྱ་བ། །ལ་སོགས་པ་སྟེ། སྐལ་བ་ཞེས་བྱ་བ་ལ་འདིར་དེ་བཞིན་གཤེགས་པའི་གསུང་རབ་རྣམས་ནི་བསྟན་པར་བྱ་བ་ཡིན་མོད་ཀྱི། མཆོག་ཏུ་གྱུར་པའི་གསང་ཆེན་ནི། །སྐལ་བ་ལྡན་པ་རྣམས་ལ་ཤིན་ཏུ་ཡང་སྦ་བར་བྱ་བ་ཉིད་པས་ན་ལམ་དུ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ་ཁྱད་པར་དུ་བྱ་བའོ། །གླེགས་བམ་གྱི་ཚད་གསུངས་པ། གྲོ་གར་སོར་ནི་བཅུ་གཉིས་ཞེས་བྱ་བ་ལ་སོགས་པའོ། །གླེགས་བམ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་སྐལ་བ་མེད་པ་རྣམས་ལ་གླེགས་བམ་དང་བྲིས་སྐུ་རྣམས་བསྟན་ན་མཆོག་ཏུ་ཟབ་ཅིང་ཉན་ཐོས་དང་རང་
རྒྱལ་གྱི་སྤྱོད་ཡུལ་མ་ཡིན་ལ། ཤིན་ཏུ་རྙེད་དཀའ་བས་དེ་རྣམས་མི་ཤེས་པའི་དབང་གིས་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས། གཞན་དུ་ན་སེམས་ཅན་ལ་ཅོ་འདྲི་བར་བྱ་བའི་ཕྱིར་བདུད་ཀྱིས་སྨྲས་པ་ཡིན་ནོ། །ཞེས་རྟོག་པར་བྱེད་ཅིང་སྨྲ་སྟེ། དེས་དེ་རྣམས་དུས་དཔག་ཏུ་མེད་པར་
མཚམས་མེད་པའི་དམྱལ་བར་ལྟུང་བར་འགྱུར་ལ། སྔགས་པ་ཡང་དེ་ལྟར་བསྲུང་བ་མ་བྱས་པས་དམ་ཚིག་ལས་འདས་ཏེ་ཚེ་རབས་གཞན་དག་ཏུ་ཡང་དངོས་གྲུབ་ཐོབ་པར་འགྱུར་བ་ཁོ་ན་མ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་པའི་གནས་སུའོ། །ཟོས་ན་ཞེས་བྱ་བ་ནི་ཚོགས་
ཀྱི་འཁོར་ལོའི་བདག་ཉིད་དེ། བསམ་གཏན་ལ་མངོན་པར་གནོལ་བ་རྣམས་གྱིས་ཟོས་ནའོ། །དངོས་གྲུབ་འགྲུབ་འགྱུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་ལུས་སུ་འགྱུར་བའོ། །འདོད་དོན་ཐམས་ཅད་སྒྲུབ་མཛད་པའོ། །ཞེས་བྱ་བ་ལ། འདོད་པ་ནི་

སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་ཞིང་གསོལ་བ་བཏབ་པའོ། །དོན་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ཏེ། དེ་རྣམས་འབད་པ་མེད་ཅིང་རྣམ་པར་མི་རྟོག་པ་བཞིན་དུ་མཛད་པའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་
རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས། ལེའུ་བདུན་པའི་བཤད་པའོ།། །།དེར་ནི་རྣལ་འབྱོར་མས་ཞུས་པ་ཞེས་བྱ་བ་ལ་སོགས་པ་ལ། གདུག་ཅིང་གདུལ་དཀའི་སེམས་ཅན་ཞེས་བྱ་བ་ལ་གདུག་ཅེས་བྱ་བ་ནི་འཁོར་བ་ལ་མངོན་པར་སྤྲོའོ། །གདུལ་དཀའ་ཞེས་
བྱ་བ་ནི་སྡེ་པ་གཞན་ནོ། །ཇི་ལྟར་བགྱིས་ན་འདུལ་བར་འགྱུར། །ཞེས་བྱ་བ་ནི་དེ་དག་ཇི་ལྟར་དེ་བཞིན་གཤེགས་པའི་བསྟན་པ་ལ་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དང་པོར་བསྙེན་གནས་ཞེས་བྱ་བ་ལ་སོགས་པ་ལ་ཐོག་མར་སྡུག་བསྔལ་བ་དང་མི་རྟག་པ་ལ་སོགས་པའི་གཏམ་གྱིས་
འཁོར་བ་ལ་སྐྱོ་བ་སྐྱེད་ཅིང་བསྙེན་གནས་ཀྱི་བསྔགས་པ་བརྗོད་ཅིང་བསྙེན་གནས་ཀྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་བཙུད་དེ། དེའི་འོག་ཏུ་བསླབ་པའི་གནས་ལྔ་ལ་སོགས་པ་ལ་ཡོངས་སུ་གཟུང་བར་བྱའོ། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་
བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བསླབ་པའི་གནས་དང་ལྡན་པ་དེ་ལའོ། །བྱེ་བྲག་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བའི་ལྟ་བ་སྟེ། དེ་ཡང་མདོར་བསྡུ་ན་ཐེར་ཟུག་ལ་སོགས་པའི་གཉེན་པོར་གྱུར་པའི་སྣོད་དང་སེམས་ཅན་གྱི་དངོས་པོར་གྱུར་པ་རྣམས་འདུས་བྱས་ཤིང་སྐད་ཅིག་མར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ལ།
ཉན་ཐོས་མདོ་སྡེ་པ་རྣམས་ཀྱི་གཞུང་མདོར་བསྡུ་ན་བེམས་པོ་རྣམས་ཀྱི་ནི་རང་གི་ངོ་བོ་ཉིད་ཀྱིས་སྣང་དུ་མི་རུང་བས་རྣམ་པར་ཤེས་པ་དོན་གྱི་ཁ་ལོ་སྒྱུར་བའི་རྣམ་པ་ཅན་ཉིད་ཤེས་པ་དང་ཤེས་བྱའི་རབ་ཏུ་དབྱེ་བས་གནས་པ་ལ་སྔོན་པོ་དང་སེར་པོ་ལ་སོགས་པའི་དོན་དུ་སྣང་བའི་དབང་གིས་དོན་
ཉིད་དུ་ཡོངས་སུ་བཏགས་པ་ཡིན་ནོ། །དེ་ལྟར་གཞུང་གཉིས་པོ་དེ་ལ་བརྟེན་ནས་ལས་དང་ཉོན་མོངས་པའི་རྒྱུ་དང་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་སྐྱེ་བའི་རང་བཞིན་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་བྱེ་བྲག་རྣམ་པ་སྣ་ཚོགས་སུ་ཟག་པ་དང་བཅས་ཤིང་འགྲོ་བའི་གང་ཟག་བདག་

མེད་པའི་མཚན་ཉིད་མངོན་དུ་བྱེད་པ་ཡིན་ཏེ། དེ་ཡང་སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་། རྡོ་རྗེ་རིགས་ཀྱི་ལེའུ་ལས་གསུངས་པའི་བདེན་པ་བཞིའི་ཏིང་ངེ་འཛིན་གོམས་པར་བྱས་པས་ཉོན་མོངས་པ་རྣམས་སྤངས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་བམ། རང་སངས་རྒྱས་ཀྱི་
བྱང་ཆུབ་དག་གི་རོ་མྱོང་བར་བྱེད་པ་ཡིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པའོ། །ཞེས་བྱ་བ་ལ། རྣལ་འབྱོར་སྤྱོད་པའི་གཞུང་གིས་ཁམས་གསུམ་པོ་རྣམས་རང་གི་སེམས་ཙམ་དུ་འདོད་དེ། ཐོག་མ་མེད་པའི་དུས་ནས་སྐྱེ་བ་གཅིག་ནས་གཅིག་ཏུ་བསགས་པའི་བག་ཆགས་ཀྱི་དབང་གིས་སྔོན་པོ་ལ་
སོགས་པའི་གཟུང་བ་དང་བདག་དང་བདག་གི་བའི་རྣམ་པ་སོ་སོར་སྣང་བ་ཡིན་ནོ། །དེའི་འོག་དབུ་མ་བཤད་པར་བྱ། །ཞེས་བྱ་བ་ལ་དབུ་མའི་གཞུང་གིས་རྣམ་པར་ཤེས་པ་དེ་ཉིད་རང་བཞིན་གྱིས་འོད་གསལ་ཞིང་དོན་ཐམས་ཅད་ལས་དབེན་པས་གཟུང་བ་དང་འཛིན་པ་ལས་གྲོལ་ཞིང་། རང་བཞིན་
གྱིས་སོ་སོར་རང་གིས་རིག་པའི་ངོ་བོ་ཉིད་ཙམ་མངོན་པར་ཞེན་པའི་གནས་ཐམས་ཅད་ཀྱིས་སྟོང་པ་ཡིན་ཏེ། དེས་ཀྱང་བདག་མེད་པ་གཉིས་ཀྱིས་མཚན་ཉིད་ལ་གོམས་པར་བྱས་ནས་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསགས་ཏེ། རབ་ཏུ་དགའ་བ་ལ་སོགས་
པའི་ས་རྣམས་ལ་རིམ་གྱིས་ཞུགས་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བདག་ཉིད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འདོད་པ་ཡིན་ནོ། །སྔགས་ཀྱི་ཚུལ་ཞེས་བྱ་བ་ནི་གདུལ་བྱའི་བྱ་བ་དང་། སྤྱོད་པའི་རྒྱུད་ལ་སོགས་པའི་བྱེ་བྲག་རྣམས་ཏེ། དེ་དག་ཐོས་ཤིང་ཁོང་དུ་
ཆུད་པར་བྱས་ནས། དེ་འོག་དགྱེས་པའི་རྡོ་རྗེ་བསླབ། །ཅེས་བྱ་བ་ལ་སོགས་པ་ལ། མྱུར་ཞིང་ཚེགས་མེད་པར་བླ་ན་མེད་པའི་དེ་ཁོ་ན་ཉིད་ཐོབ་པའི་རྒྱུར་གྱུར་པ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ཐོས་པ་དང་བསམས་པ་ཙམ་གྱིས་ཀྱང་ཡོན་ཏན་ཐམས་ཅད་མྱུར་དུ་རྫོགས་པར་བྱེད་པ་སྟེ་ལེགས་པར་ཁོང་
དུ་ཆུད་ནས་སྔགས་པ་ལྟུང་བ་མ་ཉམས་ཤིང་སྙིང་རྗེ་ཆེན་པོས་སེམས་ཅན་བསྒྲལ་བའི་བསམ་པ་དང་ལྡན་པས་གོམས་པ་མངོན་སུམ་དུ་བྱས་ན་སྐྱེ་བ་འདིའམ་སྐྱེ་བ་གཞན་དག་ལ་བླ་ན་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་ཁྱད་པར་གཞན་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་བྱང་ཆུབ་ཐོབ་པར་

འགྱུར་བ་འདི་ལ་ཐེ་ཚོམ་མེད་དེ་སོམ་ཉི་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁ་སྦྱོར་འབྱེད་པ་ཞེས་
བྱ་བ་ནི་སོ་སོར་བྱ་བའོ། །གང་ཞིག་ཤེས་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཤེས་ཙམ་གྱིས་སྒྲུབ་པ་པོ་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་དངོས་གྲུབ་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་གསུངས་པ་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ལ་སེམས་
ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཧེ་རུ་ཀའི་རྣལ་འབྱོར་གྱིས་ཁྲོ་ཞིང་རྩུབ་པའི་སེམས་ཀྱིས་བྱ་བའོ། །ཐུབ་དང་ཞེས་བྱ་བ་ལ་གཞན་གྱི་དོན་ལ་སེམས་པས་ན་ཐུབ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོའོ། །བསྟན་པ་ལ་གནོད་པ་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སྐྱེ་བོ་ཞེས་
བྱ་བ་ནི་སེམས་ཅན་ཏེ་གང་གི་ཚེ་དེ་ལྟ་བུའི་ལས་རྩུབ་མོ་བྱེད་པ་ལ་སྦྱོར་བ་ལ་སོགས་པ་སྔོན་དུ་མགུ་བར་བྱས་ཏེ་གསོལ་བ་བཏབ་པས་བཟློག་པར་བྱས་ཀྱང་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པར་མ་ནུས་པ་དེའི་ཚེ། བཅོམ་ལྡན་འདས་རྣམས་ལ་གསོན་ཅིག་ཅེས་བྱ་བ་ལ་སོགས་པ་སྦྱར་བར་བྱས་
ན་དེ་རྣམས་ཐུགས་རྗེས་གཏོང་བར་འགྱུར་ཏེ། དེའི་འོག་ཏུ་སྔགས་པས་སེམས་བརྟན་པ་དང་ལྡན་པས་མན་ངག་ཇི་ལྟ་བ་བཞིན་དུ་དེའི་ལུས་དང་ངག་དང་ཡིད་ལ་གནས་པའི་ལྷའི་ཚོགས་སྤྱན་དྲངས་ནས། རང་གི་ལུས་དང་ངག་དང་ཡིད་ལ་བཅུག་པའི་ལྷ་རྣམས་གཤེགས་སུ་གསོལ་ཏེ། དེའི་ལུས་
ཁྱིམ་སྟོང་པ་ལྟར་བྱས་ནས་ཁ་ཐུར་དུ་བལྟས་ཤིང་ཁྲག་སྐྱུག་པ་འདར་ཞིང་སྐྲ་གྲོལ་བར་བལྟས་ལ། དེའི་སྙིང་གར་མེའི་ས་བོན་འཇིག་པའི་དུས་ཀྱི་མེ་ལྟར་འབར་བ་བཟོད་དཀའ་བས་ཀླད་པའི་མཐར་ཐུག་པའི་ལུས་རྣམས་བསྲེག་པའི་རང་བཞིན་དུ་བསམས་ཏེ། བཤང་བའི་ལམ་དུ་མེ་འབར་བ་
ཅན་གྱི་ཁབ་བཅུག་ནས། ཨོཾ་གྷུ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བརྗོད་ནས་ལྟེ་བའི་རྩ་བ་དབྱུང་བར་བསྒོམས་ལ། ཤི་བའི་འོག་ཏུ་དེའི་རྣམ་པར་ཤེས་པ་སྔགས་ལ་སོགས་པའི་སྟོབས་ཀྱིས་མི་བསྐྱོད་པའི་ཞིང་ཁམས་སུ་སྐྱེ་བར་བསམས་ན་འདིར་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །གལ་ཏེ་སྙིང་རྗེའི་

བདག་ཉིད་ཅན་གྱིས་ཀྱང་དེ་ལྟར་བྱས་པ་ཡིན་ན་མཆོད་སྦྱིན་བྱེད་པ་རྣམས་ཀྱང་ཇི་ལྟར་ན་མཉམ་པར་མི་འགྱུར་ཏེ་ཐ་དད་པ་མེད་པ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། འདོད་ཆགས་ལ་སོགས་པས་ཕ་རོལ་གནོད་པ་བྱེད་པའི་ལུས་དང་ངག་དང་སེམས་ཀྱི་ལས་ལ་ཞུགས་པ་རྣམས་ནི་ངེས་པར་མི་དགེ་བ་ཉིད་དེ།
དེས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བ་ཡིན་ལ། འདིར་སྙིང་རྗེ་ཆེན་པོས་ཞུགས་ཤིང་བདག་དང་བདག་གིར་འཛིན་པ་ལས་གྲོལ་ཤིང་སྟོང་པ་ཉིད་དུ་གྱུར་པས། སྡུག་བསྔལ་གྱི་ཟུག་རྔུ་ཕྱུང་བ་ནི་བསྒྲུབ་བྱ་འཇིག་རྟེན་གཞན་དུ་བདེ་བའི་རྒྱུར་འགྱུར་བ་སྟེ། དེ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་
ཞུགས་པའི་ལུས་དང་ངག་གི་ལས་རྣམས་ཇི་ལྟར་ན་མི་དགེ་བའི་ལས་སུ་འགྱུར་ཏེ་དགེ་བ་ཁོ་ན་བས། སྙིང་རྗེ་ཅན་མཆོད་སྦྱིན་བྱེད་པ་རྣམས་བདག་ཉིད་མཐོ་རིས་འདོད་པས་ཕྱུགས་ལ་སོགས་པ་གསོད་པར་བྱེད་པའི་རྨོངས་པ་རྣམས་དང་ཇི་ལྟར་མཚུངས། དེ་ཡང་གསུངས་པ། སྣོད་དང་མི་ལྡན་
སྐྱེ་བོ་རྣམས། །སྣོད་དུ་བྱ་བར་འདོད་པ་ཡིས། །སྙིང་རྗེའི་བསྟན་པ་བསྲུང་མཛད་པ། །སྡང་བས་མ་ཡིན་ཆགས་པས་མིན། །ཞེས་བྱ་བ་དང་། ཡང་གསུངས་པ། གལ་ཏེ་སྡུག་བསྔལ་གཅིག་གིས་ནི། །མང་པོའི་སྡུག་བསྔལ་བསལ་འདོད་ན། །སྙིང་རྗེ་ཅན་བདག་གཞན་གྱི་ཕྱིར། །སྡུག་
བསྔལ་དེ་དག་བསལ་བར་བྱ། །ཞེས་པའོ། །སྲིད་པ་ཞེས་བྱ་བ་ལ་སོགས་པ་ལ་སྟེང་དང་འོག་གི་འགྲོ་བ་རྣམས་བསྐྱེད་པས་ན་སྲིད་པ་སྟེ་སེམས་སོ། །དེའི་རྣལ་འབྱོར་པ་ནི་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ཚད་མེད་དེ། བསམ་གཏན་དང་ཤེས་རབ་དག་གིས་སྦྱངས་པས་མི་དམིགས་པའི་
བདག་ཉིད་དབང་དུ་གྱུར་པའོ། །ཉམས་དགའ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པའི་དོན་མཛད་པས་ན་ཉམས་དགའ་འོ། །རྣམ་རྟོག་མེད་པའི་དངོས་གྲུབ་སྟེར། །ཞེས་བྱ་བ་ནི་མ་ལུས་པའི་སེམས་ཅན་རྣམས་ཀྱི་མངོན་པར་མཐོ་བའི་དོན་རྫོགས་པར་མཛད་པ་
སྔོན་དུ་འགྲོ་བས་རྣམ་པར་རྟོག་པ་ཐམས་ཅད་རིང་དུ་སྤོང་བར་མཛད་པའི་བླ་ན་མེད་པའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་སྩལ་བའོ། །ལྟོས་ཤིག་ལྷ་མོ་ཞེས་བྱ་བ་ལ་ལྟོས་ཤིག་ཅེས་བྱ་བ་ནི་ཤེས་པར་གྱིས་ཤིག་པའོ། །རིན་ཆེན་ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །འབར་བའི་ཕྲེང་བས་འཁྲིགས་

པའི་སྐུ། །ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་འཕྲོག་པར་བྱེད་པའི་འོད་ཟེར་གྱིས་བརྒྱན་པའི་སྐུའོ། །དེ་ལྟ་བུར་གྱུར་པ་ཡིན་ཡང་མི་ཤེས་པའི་དབང་དུ་གྱུར་པའི་སེམས་ཅན་གྱིས་མཐོང་བར་མི་འགྱུར་རོ། །མ་ཕུག་པ་ཡིས་མི་ནུས་ཏེ། །ཞེས་བྱ་བ་ནི་ནོར་བུ་མ་ཕུག་པ་
སྟེ་ཡིད་བཞིན་གྱི་ནོར་བུའི་ནུས་པ་ཁོང་དུ་ཆུད་པར་བྱེད་པ་ཡིན་ནོ། །མི་ནུས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དབུལ་བ་ལ་སོགས་པའི་སྡུག་བསྔལ་བཟློག་པར་ནུས་པ་མེད་པའོ། །ཕུག་པ་ཞེས་བྱ་བ་ནི་ནོར་བུ་ཕུག་པ་སྟེ་མ་ལུས་པའི་དོན་རྫོགས་པར་བྱེད་ནུས་པས་རབ་ཏུ་ཕུག་པ་དང་ལྡན་ན་འདོད་པ་སྟེར་བྱེད་པ་
ཞེས་བྱ་བ་ལ། འདོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བའི་དོན་ཏེ། དེ་ལྟར་ཞེས་བྱ་བ་ལ་ཁ་ཅིག་ལས་ནི་དགྲ་ལས་རབ་སྟེར་བ་ཞེས་འབྱུང་སྟེ། དེར་དགྲ་ཞེས་བྱ་བ་ནི་དབུལ་བ་ལ་སོགས་པའི་སྡུག་བསྔལ་ལོ། །རྣམ་སྟེར་ཞེས་བྱ་བ་ནི་ཤིན་ཏུ་ཐ་དད་དུ་བྱེད་པའོ། །དེ་བཞིན་འཁོར་བ་རིན་པོ་
ཆེ། །ཞེས་བྱ་བ་ནི་སེམས་ཅན་གྱི་རིན་པོ་ཆེའོ། །འདོད་པར་བྱ་བས་ན་འདོད་པ་སྟེ་ཐབས་དང་ཤེས་རབ་བདག་ཉིད་དོ། །ཡང་བསྟེན་པར་བྱ་བས་ན་འདོད་པ་སྟེ། གཟུགས་ལ་སོགས་པའོ། །གོམས་པར་བྱ་བ་ནི་ཡོན་ཏན་ཏེ་མེ་ལོང་ལྟ་བུ་ལ་སོགས་པ་ཡང་དག་པར་བྱས་པའི་ཡོན་ཏན་དང་ལྡན་
པའོ། །གལ་ཏེ་ད་ལྟར་མ་སྦྱངས་པ་ཅིར་འགྱུར་ཞེ་ན། གསུངས་པ་མ་དག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། མ་དག་པ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་ལ་སོགས་པའི་གཟུགས་ཀྱིས་མི་ཤེས་པའི་རབ་རིབ་མ་སྦྱངས་པ་རྣམས་ནི་དུག་ཏུ་འགྱུར་ཞེས་བྱ་བ་ཡང་དང་ཡང་དུ་འཁོར་བར་འཆིང་བར་འགྱུར་རོ། །
དག་པ་ཞེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་སྦྱངས་པ་སྟེ། བདུད་རྩི་འདྲ་བར་འགྱུར་ཞེས་བྱ་བ་ནི་འཁོར་བ་དེ་ཉིད་དུ་སེམས་ཅན་ཐམས་ཅད་འཇིགས་པ་མེད་པའི་འབྲས་བུ་རྫོགས་པར་མཛད་པའོ། །གཟུགས་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེའི་སྦྱིན་པ་ཞེས་བྱ་བ་ནི་སྤྱན་
གྱི་རྣམ་པར་དག་པ་ནི་རྡོ་རྗེ་གསུམ་ཞེས་སྔར་བསྟན་པ་སྟེ། དེར་ནི་སྤྱན་གྱི་གྲངས་ཙམ་གྱིས་རྣམ་པར་དག་པ་གསུངས་ལ་འདིར་ནི་མདོག་གི་རྣམ་པར་དག་པ་བསྟན་པ་སྟེ། མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས་ཐུགས་རྗེའི་ཚོན་རྩིས་མཛེས་པའི་ཕྱིར། སྙིང་རྗེའི་སྤྱན་ནི་དམར་པོ་ཞེས་པའོ། །

མ་ལུས་པའི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་མཛད་པས་ན་ཡན་ལག་གནག་པ་བྱམས་པའི་ཐུགས་སོ། །བསྡུ་བའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་འཇུག་པར་མཛད་པས་ནི་བསྡུ་བའི་དངོས་པོ་སྟེ། སྦྱིན་པ་དང་
སྙན་པར་སྨྲ་བ་དང་དོན་མཐུན་པ་དང་དོན་གཅིག་ཏུ་སྤྱོད་པ་རྣམས་སོ། །ཞབས་བཞི་ཞེས་བྱ་བ་ནི་འདིར་གྲངས་ཀྱི་རྣམ་པར་དག་པ་གསུངས་པ་སྟེ། ཞབས་ཙམ་གྱི་རྣམ་པར་དག་པ་སྟེ། ཞབས་ནི་བདུད་རྣམ་པར་དག་པ་ཞེས་བྱ་བ་བཤད་ཟིན་ཏེ་ཞར་ལ་འོངས་པའོ། །ཞལ་བརྒྱད་རྣམ་པར་ཐར་པ་
ཡིན། །ཞེས་བྱ་བ་ནི་ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད་དུ་ཤེས་པར་བྱ་སྟེ། གདུལ་དཀའ་བ་རྣམས་ཞི་བའི་ཉམས་ཀྱིས་འདུལ་བར་མི་འགྱུར་བས་སྒེག་པ་ལ་སོགས་པའི་ཉམས་ཀྱིས་གདུལ་བར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་གསུངས་པ། ཁྲོ་བོ་གདུག་པ་འདུལ་བ་སྟེ། །ཞེས་བྱ་བ་ལས། ལས་
དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་རྣམས་འཇིག་པར་བྱེད་པ་ཁྲོ་བ་སྟེ་ཞེ་སྡང་བར་མཛད་པའོ། །དེ་ཡང་གསུངས་པ། སྡང་ཞིང་གདུག་པའི་སེམས་ཅན་ལ། །ཞི་བ་ཡང་ནི་སྦྱར་མི་བྱ། །ཞེས་པའོ། །ཤ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཤ་ནི་པུཀྐ་སཱི་རུ་བཤད། །ཅེས་བྱ་བ་ལ་སོགས་པ་སྔར་
གསུངས་པ་ནི་འབྱུང་བ་རྣམ་པར་དག་པར་ཤེས་པར་བྱའོ། །ཤ་ནི་པུཀྐ་སཱི་རུ་བྱ། །ཞེས་བྱ་བ་ལ་སོགས་པ་འདིས་དེ་དག་ཉིད་འབྱུང་བ་ལས་གྱུར་པ་རྣམ་པར་དག་པ་ཡང་སྟོན་པ་ཡིན་ནོ། །སྐལ་བ་ངན་པའི་སྤྱོད་ཡུལ་ལས་འདས་པའི་བརྡས་བཤད་པ་མ་གཏོགས་པར་སྔགས་རྣམས་ཐེ་ཚོམ་མེད་
པར་ཤེས་པར་མི་ནུས་པས་སྔགས་བཏུ་བ་གསུངས་པ། རྡོ་རྗེ་འཛིན་ནི་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་དང་ལྡན་པས་ན་ཡེ་ཤེས་ལྔའི་བདག་ཉིད་ཅན་ནི་རྡོ་རྗེ་འཛིན་ནོ། །རྣམ་པར་མི་རྟོག་པས་སྙིང་པོའོ། །སྐུ་ནི་དེའི་བདག་ཉིད་ཙམ་གྱིས་ལུས་སོ། །ཆེ་བར་གྱུར་པས་ན་
ཆེན་པོ་སྟེ་སེམས་ཅན་རྣམས་ཀྱི་མ་ལུས་པའི་དོན་མཛད་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །དྲོ་བ་ཡི་ནི་བཞི་པ་ལ། །ཞེས་བྱ་བ་ནི་ཧའོ། །པུཀྐ་སཱི་ཡིས་མཛེས་པར་བྱ། །ཞེས་བྱ་བ་ནི་ཨུས་སོ། །སྟོང་པས་མནན་པ་ཞེས་བྱ་བ་ནི་ཐིག་ལེའོ། །ཁ་དོག་དཀར་ཞེས་བྱ་བ་

ནི་མདོག་དཀར་པོར་བྱ་བ་ཡིན་ནོ། །སྭཱ་ཧཱ་ནི་མཐའོ། །ཡི་གེའི་བདག་པོ་ཞེས་བྱ་བ་ནི་ཨོཾ་མོ། །མཁའ་སྤྱོད་མ་ཞེས་བྱ་བ་ནི་ཨཾ་ངོ་། །སྭཱ་ཧཱ་ནི་མཐའོ། །རིག་བྱེད་རྣམས་ཀྱི་དང་པོ་ཞེས་བྱ་བ་ནི་ཨོཾ་མོ། །དང་པོ་ཡི་ནི་གཉིས་པ་ལ། །ཞེས་བྱ་བ་ནི་ཁའོ། །སྟོང་པ་
ཞེས་བྱ་བ་ནི་ཐིག་ལེའོ། །སྭཱ་ཧཱ་ནི་མཐའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །གཉིས་པ་ཡི་ནི་གསུམ་པ་ལ། །ཞེས་བྱ་བ་ནི་ཛ་སྟེ་ར་དང་ལྡན་པའོ། །ཆུ་མས་བརྒྱན་ཞེས་བྱ་བ་ནི་ཨིའོ། །སྟོང་པ་ནི་ཐིག་ལེའོ། །ཡི་གེའི་དབང་ཕྱུག་ཅེས་བྱ་བ་ནི་ཨོཾ་མོ། །ལྔ་པ་ཡི་ནི་གསུམ་པ་ཞེས་བྱ་བ་ནི་བའོ། །རྡོ་
རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །སྟོང་པ་ནི་ཐིག་ལེ་སྟེ། མཐར་ནི་སྭཱ་ཧཱའོ། །ཡི་གེ་ཐུ་བོ་ཞེས་བྱ་བ་ནི་ཨོཾ་ཡིག་ཧཱུཾ་དང་། སྭཱ་ཧཱ་ནི་མཐའོ། །གཏི་མུག་རིགས་ཞེས་བྱ་བ་ནི་ཨོཾ་སྟེ་གྷུ་དང་སྭཱ་ཧཱ་ནི་མཐའོ། །དང་པོ་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །དང་པོ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཀའོ། །
རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་བྱ་བ་ནི་ལའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །དང་པོའི་སྔོན་མ་ལ་ཞེས་བྱ་བ་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །མཐར་གནས་པ་ཡི་གསུམ་པ་ལ། །ཞེས་བྱ་བ་ནི་ལའོ། །ཡང་
ནི་དེ་ཉིད་ཡང་དག་ལྡན། །ཞེས་བྱ་བ་ཡང་ལའོ། །སྟེང་དུ་རྐུན་མོ་ཞེས་བྱ་བ་ནི་ཨེའོ། །ཡི་གེ་ཧྲི་ནི་དེ་རྗེས་སྦྱར། །ཞེས་བྱ་བ་ཧྲཱིའོ། །སྭཱ་ཧཱ་ནི་མཐའོ། །ཨོཾ་ནི་དང་པོ་བཞི་པའི་གསུམ་པ་ཞེས་བྱ་བ་ནི་དའོ། །རྐུན་མོ་ཞེས་བྱ་བ་ནི་ཨེའོ། །མཐར་གནས་པ་ཡི་བཞི་པ་ནི་ཝའོ། །
པི་ཙུ་བཛྲ་སྦྱར་བར་བྱ། །དྲོད་ཀྱི་བཞི་པ་ནི་ཧའོ། །སྦོས་མོ་ཞེས་བྱ་བ་ནི་ཨུའོ། །སྟོང་པས་མནན་ཞེས་བྱ་བ་ནི་ཐིག་ལེའོ། །སུམ་འགྱུར་རོ་ཞེས་བྱ་བ་ནི་ཧཱུཾ་སྟེ་ལན་གསུམ་དུ་བརྗོད་པར་བྱའོ། །ལྔ་པ་ཡི་ནི་གཉིས་པ་དང་། །ཞེས་བྱ་བ་ནི་ཕའོ། །གསུམ་པ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཊའོ། །སྭཱ་ཧཱ་ནི་
མཐའོ། །རྣམ་པར་སྣང་མཛད་ནི་ཨོཾ་མོ། །ཛྭ་ལ་ཛྭ་ལ་སྦྱར་བྱས་ནས། །ལྔ་པ་ཡི་ནི་བཞི་པ་ལ། །ཞེས་བྱ་བ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་ཞེས་བྱ་བ་ནི་ཡའོ། །ལྟོ་ཆེན་མ་ཞེས་བྱ་བ་ནི་ཨོའོ། །དྲོ་བ་ཡི་ནི་བཞི་པ་ལ། །ཞེས་བྱ་བ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །

སྟོང་པས་མནན་ཞེས་བྱ་བ་ནི་ཐིག་ལེའོ། །སུམ་འགྱུར་ཞེས་བྱ་བ་ནི་ཧཱུཾ་ལན་གསུམ་བཀླག་པའོ། །ལྔ་པ་ཡི་ནི་གཉིས་པ་ལ། །ཞེས་བྱ་བ་ནི་ཕའོ། །གསུམ་པ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཊའོ། །སྭཱ་ཧཱ་ནི་མཐའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །དང་པོ་ཡི་ནི་དང་པོ་ལ། །ཞེས་བྱ་བ་
ནི་ཀའོ། །ནང་གི་དཀར་མོ་ཞེས་བྱ་བ་ནི་ཨིའོ། །གསུམ་པ་ཡི་ནི་དང་པོ་ལ། །ཞེས་བྱ་བ་ནི་ཊའོ། །ནང་གི་སེར་མོ་ཞེས་བྱ་བ་ནི་ཨིའོ། །གཉིས་འགྱུར་ཞེས་བྱ་བ་ནི་ལན་གཉིས་སུ་སྨྲ་བའོ། །ལྔ་པ་ཡི་ནི་གསུམ་པ་ལ། །ཞེས་བྱ་བ་ནི་བའོ། །གཉིས་པ་ཡི་ནི་གསུམ་པ་ཞེས་བྱ་བ་ནི་ཛའོ། །བྱིན་ཟ་
ཞེས་བྱ་བ་ནི་རའོ། །ཧཱུཾ་གསུམ་ཞེས་བྱ་བ་ནི་ཧཱུཾ་གསུམ་བརྗོད་པའོ། །ལྔ་པའི་གཉིས་པ་ཞེས་བྱ་བ་ནི་པའོ། །གསུམ་པའི་དང་པོའི་ཊའོ། །སྭཱ་ཧཱ་ནི་མཐའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །བཞི་པའི་དང་པོ་ཞེས་བྱ་བ་ནི་ཏའོ། །བྱིན་ཟ་ཞེས་བྱ་བ་ནི་རའོ། །རོ་ལངས་མ་ཞེས་བྱ་བ་ནི་ཨེའོ། །
མཐར་གནས་པ་ཡི་གསུམ་པ་ལ། །ཞེས་བྱ་བ་ནི་ལའོ། །ལྟོ་ཆེན་མ་ཞེས་བྱ་བ་ནི་ཨོའོ། །དང་པོ་ཡི་ནི་དང་པོ་ལ། །ཞེས་བྱ་བ་ནི་ཀའོ། །མཐར་གནས་པའི་དང་པོ་ཞེས་བྱ་བ་ནི་ཡའོ། །རྡོ་རྗེ་མ་ཞེས་བྱ་བ་ནི་ཨའོ། །ཀྵ་ལ་རྐུན་མོ་ཞེས་བྱ་བ་ནི་ཨེའོ། །ལྔ་པའི་དང་པོ་ཞེས་བྱ་བ་ནི་པའོ། །
དྲོ་བའི་བཞི་པ་ཞེས་བྱ་བ་ནི་ཧའོ། །རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་ཨུའོ། །སྟོང་པས་མནན་ཞེས་བྱ་བ་ནི་ཐིག་ལེའོ། །སུམ་འགྱུར་ཞེས་བྱ་བ་ནི་ཧཱུཾ་གསུམ་སྟེ་ཕཊ་དང་སྭཱ་ཧཱ་ནི་མཐའོ། །བདག་མེད་མ་ཞེས་བྱ་བ་ནི་ཨའོ། །དང་པོ་ཡི་ནི་དང་པོ་ཞེས་བྱ་བ་ནི་ཀའོ། །གཉིས་པ་ཡི་ནི་དང་པོ་ཞེས་བྱ་
བ་ནི་ཙའོ། །གསུམ་པའི་དང་པོ་ནི་ཊའོ། །བཞི་པའི་དང་པོ་ནི་ཏའོ། །ལྔ་པའི་དང་པོ་ནི་པའོ། །མཐར་གནས་པའི་དང་པོ་ནི་ཡའོ། །དྲོད་ཀྱི་དང་པོ་ནི་ཤའོ། །དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །སྭཱ་ཧཱ་ནི་མཐའོ། །མཐར་གནས་པའི་གཉིས་པ་ཞེས་བྱ་བ་ནི་རའོ། །ཡི་གེ་ཀྵ་
ཞེས་བྱ་བ་ནི་ཀྵའོ། །ཉིས་འགྱུར་ཞེས་བྱ་བ་ནི་རཀྵ་རཀྵའོ། །ཧཱུཾ་གསུམ་ཞེས་བྱ་བ་ནི་ཧཱུཾ་ཧཱུཾ་ཧཱུཾ་ངོ་། །དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །ཡི་གེ་ཕཊ་སྦྲེལ་བའི་སྭཱ་ཧཱ་ནི་མཐའོ། །དང་པོ་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །རྡོ་རྗེ་མཐའ་ཞེས་བྱ་བ་ནི་ཨ་སྟེ་གཤེགས་སུ་

གསོལ་བ་དང་ལྡན་པའོ། །དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཨོཾ་མོ། །དེའི་རྗེས་ཨ་ཀཱ་རོ་མུ་ཁཾ་དང་། །དྲོ་བ་ཡི་ནི་གསུམ་པ་ཞེས་བྱ་བ་ནི་སའོ། །མཐར་གནས་པའི་བཞི་པ་ཞེས་བྱ་བ་ནི་ཝའོ། །སྟེང་དུ་བྱིན་ཟ་ཞེས་བྱ་བ་ནི་རའོ། །དྷརྨཱ་ཎཱཾ་རྗེས་རྡོ་རྗེ་སྦྱིན། །ཨཱ་དྱཱ་ནུད་པནྣ་ཏྭཱ་ཏ།
ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་དགུ་པའི་བཤད་པའོ།། །།དེ་ནས་ཆོས་ཀུན་གཅིག་སྡོམ་པའི། །ཞེས་བྱ་བ་ལ། ཆོས་ཀུན་ཞེས་བྱ་བ་ནི་སྟོབས་བཅུ་ལ་སོགས་པ་རྣམས་ཏེ། དེ་རྣམས་
གཅིག་ཏུ་སྡོམ་པ་ནི་གཅིག་གི་བདག་ཉིད་ཅེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས། །ཞེས་བྱ་བ་ལ་རྡོ་རྗེ་ནི་བླ་ན་མེད་པའི་སེམས་ཏེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་བསྟེན་པར་བྱས་པས་ན་དེའི་སེམས་དཔའོ། །བདག་མེད་མ་ཞེས་བྱ་བ་ལ་སྤྲོས་པ་མེད་པའི་ཤེས་རབ་ཀྱི་རང་བཞིན་གྱིས་སྤྲུལ་
པས་ན་བདག་མེད་མའོ། །འོད་མཛད་ཅེས་བྱ་བ་ནི་རང་གི་ཡུལ་རྣམས་ལ་མངོན་པར་ཕྱོགས་པར་མཛད་པའོ། །རེངས་པར་བྱེད་པ་ཤེལ་གྱི་ཞེས་བྱ་བ་ལ་སོགས་པ་ལ། རེངས་པའི་བཟླས་བརྗོད་ནི་ཤེལ་གྱི་ཕྲེང་བས་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱའོ། །རེངས་པར་ཞེས་བྱ་བ་ནི་རེངས་པའི་
ལས་ཀྱི་བཟླས་པ་ལ་བྱའོ། །ཡང་ན་མཐའི་ཤྭ་ཞེས་བྱ་བ་ནི་རེངས་པ་ལ་སོགས་པའི་ལས་ལ་ཇི་ལྟར་རྙེད་པའི་དམ་ཚིག་ལྔ་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།
གང་གིས་མིང་མེད་རྩ་བ་ནས། །ཞེས་བྱ་བ་ལ། གང་གིས་མིང་མེད་དེ་སྲིན་ལག་གི་རྩ་བ་ན་རྡོ་རྗེ་ལ་སོགས་པའི་མཚན་མ་སྣང་བ་དེ་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་རང་བཞིན་ནོ། །མཚན་རྟགས་ཀྱིས་དེ་དང་དེའི་རིགས་སུ་བསྟན་ནས། ད་ནི་མདོག་གི་དབྱེ་བ་གསུངས་པ། རྣལ་འབྱོར་པ་
གང་མདོག་ནག་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་གང་གི་ཡན་ལག་མདོག་གནག་པོ་དེའི་ལྷ་ནི་མི་བསྐྱོད་པ་ཡིན་པར་ཤེས་པར་བྱའོ། །གང་ཞིག་ཅེས་ཟེར་བ་ནི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དོ། །གང་ཞིག་ཆེར་སྔོ་བསངས་སུ་གནས་པ་དེ་ནི་དོན་ཡོད་གྲུབ་པའི་བདག་ཉིད་དོ། །

གང་ཞིག་ཆེར་སེར་སྐྱར་གནས་པ་དེ་ནི་རིན་ཆེན་དབང་པོའོ། །གང་དམར་སེར་དུ་གནས་པ་དེ་ནི་ངེས་པར་འོད་དཔག་ཏུ་མེད་པའོ། །གང་དཀར་སེར་དུ་གནས་པ་དེ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་དོ། །ཡང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་མི་བསྐྱོད་པ་ལ་སོགས་པར་བསྟན་པར་ཤེས་པར་བྱའོ། །
དེ་ཡང་འདི་ལྟ་སྟེ། རང་གི་ཏིང་ངེ་འཛིན་ལས་མི་ཉམས་ཤིང་མི་གཡོ་བས་ན་མི་བསྐྱོད་པ་སྟེ། དཔལ་ཧེ་རུ་ཀའོ། །གདུལ་བྱ་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །ཕྱིན་ཅི་མ་ལོག་པར་གསུངས་པས་ན་སངས་རྒྱས་སོ། །ཁྱད་པར་གནས་པ་
ཙམ་གྱི་རིགས་སོ། །དོན་ཡོད་གྲུབ་པ་ཞེས་བྱ་བ་ལ། དོན་ཡོད་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པ་སྟེ། གང་གི་ཕྱིར་དོན་ཡོད་གྲུབ་པའི་འབྲས་བུ་དེ་གདུལ་བྱ་རྣམས་ལ་སྩོལ་བས་ན་དོན་ཡོད་གྲུབ་པའོ། །རིན་ཆེན་དབང་ཞེས་བྱ་བ་ལ་གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་དགྱེས་ཤིང་བྱམས་པས་ན་
རིན་ཆེན་དབང་ངོ་། །འོད་དཔག་མེད་ཅེས་བྱ་བ་ལ་འོད་ནི་གསལ་བ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདག་ཉིད་དོ། །དེ་མཐའ་ཡས་ཤིང་ཚད་མེད་པས་ན་དཔག་མེད་དོ། །སེམས་དཔའ་ཞེས་བྱ་བ་ལ། སེམས་ཅན་གྱི་དོན་ཤིན་ཏུ་ནུས་པ་དང་ལྡན་པས་ན་སེམས་དཔའ་སྟེ། རྡོ་རྗེ་
སེམས་དཔའོ། །དེ་ལྟར་ན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེ་ཉིད་དེ་དང་དེའི་རིགས་སུ་དབྱེ་བ་གནས་པ་ཤེས་པར་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཡང་དེ་རྣམས་གཞན་མིན་བདག་ཉིད་ལྟ། །ཞེས་བྱ་བ་ལ་སོགས་པ་ལ། ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་
མོད་ཅེས་བྱ་བ་ལ་སོགས་པས་ཀྱང་སྟོན་པར་ཤེས་པར་བྱ་སྟེ། ཡང་གསུངས་པ། དམན་དང་བར་དང་གྱ་ནོམ་པའི། །སེམས་ཅན་བརྙས་པར་མི་བྱའོ། །ཞེས་སོ། །དངོས་གྲུབ་ཡངས་པ་ཞེས་བྱ་བ་ལ། དངོས་གྲུབ་ཅེས་བྱ་བར་ནི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །ཡངས་པ་ཞེས་བྱ་བ་ནི་
ཤིན་ཏུ་རྒྱས་པ་སྟེ། རྒྱུན་མི་འཆད་པའོ། །ཐོས་པ་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ནང་དུ་ཆུད་པའི་ཡེ་ཤེས་སོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཐམས་ཅད་མཉམ་པར་འགྱུར། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མཉམ་ཞེས་བྱ་བ་ནི་དེ་

རྣམས་ཀྱི་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྦྱོང་བ་ཡི། །སངས་རྒྱས་ཐམས་ཅད་མཉམ་པར་བཤད། །ཚེ་དང་རིགས་དང་བསྟན་པས་མིན། །ཞེས་བྱ་བའོ། །སློབ་དཔོན་
ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་གནས་སོ། །དགའ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བླ་ན་མེད་
པའི་སྙོམས་པར་འཇུག་པ་སྟེ། དེ་དག་སྟེར་བའོ། །ལྷ་མོ་ཞེས་བྱ་བ་ནི་ཤིན་ཏུ་གསལ་བའི་བདེ་བའི་བདག་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ནི། སྙིང་རྗེ་ཆེན་པོས་གདུལ་བྱ་རྣམས་སྣ་ཚོགས་སུ་སྤྲུལ་པར་མཛད་པའི་ཕྱིར་རོ། །ཡིད་ཉམས་དགའ་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའི་སྐྱེ་བོ་ཡིད་
འཕྲོག་པར་བྱེད་པའི་ཕྱིར་རོ། །ཡེ་ཤེས་འདི་ཞེས་བྱ་བ་ནི་རྟག་ཏུ་ཉམས་སུ་མྱོང་བས་འགྲུབ་བོ། །ཆེས་ཕྲ་སྟེ་ཞེས་བྱ་བ་ནི་བློ་རྩིང་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་དཀྱིལ་ཏེ་མཁའ་དང་མཚུངས། །ཞེས་བྱ་བ་ལ། རྡོ་རྗེ་ནི་སེམས་ཏེ་མི་འཇིག་པའི་ཕྱིར་རོ། །དཀྱིལ་ནི་སྙིང་པོ་སྟེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །
རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ནམ་མཁའ་དང་མཚུངས་སོ། །ཀུན་ནས་ཉོན་མོངས་པའི་རྡུལ་དང་བྲལ་བས་ན་རྡུལ་མེད་པའོ། །སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་བའོ། །མི་གནས་པའི་བདག་ཉིད་ཀྱི་ཐར་པའི་བདེ་བ་སྩོལ་བས་ན་ཐར་པ་སྟེར་རོ། །ཕ་དེ་ཞེས་བྱ་བ་ནི་བླ་མའི་དེ་ཁོ་ན་ཉིད་དུ་གྱུར་
པས་ན་ཕ་དེའོ། །ཁྱོད་ཀྱི་ངོ་བོ་ཡིན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །།དགྱེས་པའི་རྡོ་རྗེ་དྲན་བྱས་ལས། །དགེ་
བ་ཆེན་པོ་གང་རྙེད་པ། །དེ་ཡིས་འཇིག་རྟེན་མ་ལུས་ཀུན། །ལྷན་ཅིག་སྐྱེས་དགས་མཛེས་པར་ཤོག །བརྟག་པའི་རྒྱལ་པོ་གཉིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་ལྡན་ཟླ་བ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

བྱེད་པས་ན་ལུས་ལ་གནས་ཞེས་བྱའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་། དེ་ཉིད་སྤངས་པ་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཞེས་བྱའོ། །དཔེར་ན་དྲི་མ་མེད་པའི་ནམ་མཁའ་ལ་ཟླ་བ་ཤར་བས་རྫས་ཀྱི་དངོས་པོ་ཐམས་ཅད་གསལ་བར་བྱས་པ་དེ་བཞིན་དུ་དེ
བཞིན་གཤེགས་པ་སྒྲིབ་པ་དང་བྲལ་བས་རང་གིས་མཁྱེན་པ་དང་། གཞན་ལ་གོ་བར་བྱེད་པའོ། །དེའི་ཕྱིར་རྫས་ཀྱི་དངོས་པོ་ཐམས་ཅད་ཁྱབ་ཅེས་བྱའོ། །དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་ཏོ། །གཞན་དག་ན་རེ་ལུས་བསྒྱུར་བ་ལས་ཡེ་ཤེས་ཡིན་ནོ་ཞེས་ཟེར་
རོ། །དཔེར་ན་ཆང་གིས་ར་རོ་བ་བཞིན་ནོ་ཞེས་ཟེར་རོ། །ལྟ་བ་ངན་པ་དེ་བསལ་བའི་ཕྱིར། ལུས་ལ་གནས་ཀྱང་དེ་མ་བྱུང་། །ཞེས་བྱ་བ་ལ་སོགས་པ་ལ། ལུས་བསྒྱུར་བ་ལས་ཡེ་ཤེས་ཡིན་ན་ཁུ་ཁྲག་གཉིས་ཀྱི་བར་དུ་གཞན་ནས་རྣམ་པར་ཤེས་པ་འོངས་ནས་དེ་ཅིའི་ཕྱིར་འཇུག །ཤི་བའི་དུས་སུ་ལུས་
ལ་རྣམ་པར་ཤེས་པ་འབྱུང་བར་མི་རིགས་སོ། །དེའི་ཕྱིར་ན་ལྟ་བ་དེ་ནི་ངན་པར་བཤད་དོ། །རྣམ་པར་ཤེས་པའི་འགྲོ་བ་དང་འོང་བའི་ལམ་རྩ་རྣམས་ཡིན་ནོ། །རྩ་ནི་གང་ཞིག་ཡིན། གྲངས་ནི་དུ་ཞེ་ན། རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་གྲངས་ཀྱི་འབྲེལ་པའི་ཕྱིར་ན་སུམ་ཅུ་རྩ་གཉིས་
ཞེས་བྱའོ། །དེ་ནི་འཇིག་རྟེན་པའི་ལུགས་སོ། །དེའི་མིང་དང་གནས་ནི་ཕྱིས་བསྟན་པར་བྱའོ། །བདེ་བ་ཆེན་པོའི་གནས་ཞེས་བྱ་བ་ནི་མགོའོ། །མགོ་ནས་རྐང་མཐིལ་གྱི་བར་དུ་རྩ་རྣམས་ཀྱིས་ཁྱབ་ནས་གནས་པའོ། །དབུགས་དང་སྲོག་གི་རླུང་དང་བྱང་ཆུབ་ཀྱི་སེམས་དེ་གསུམ་ནི་རྣམ་པར་ཤེས་
པའི་གྲོགས་སོ། །དེ་གསུམ་ནི་རྩ་ན་རྒྱུ་བའོ། །དེ་རྣམས་ནང་ན་རྩ་གསུམ་རབ། །ཅེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་རབ་ཅེས་བྱ་ཞེ་ན། ནང་དུ་འདྲེན་པར་བྱེད་པ་དང་། འཛིན་པར་བྱེད་པ་དང་། འབྱུང་བར་བྱེད་པའོ། །དེའི་ཕྱིར་ན་རབ་ཅེས་བྱའོ། །ལུས་གཡོན་ཕྱོགས་ཀྱི་ནང་དུ་འདྲེན་པར་བྱེད་པ་
དང་། ཕྱིར་འབྱུང་བར་བྱེད་པ་ནི་བརྐྱང་མའོ། །གཡས་ཕྱོགས་ཀྱི་ནང་དུ་འདྲེན་པར་བྱེད་པ་དང་། འབྱུང་བར་བྱེད་པ་ནི་རོ་ཅན་མའོ། །བར་དུ་གནས་པར་བྱེད་པ་ནི་ཀུན་འཇོམས་མའོ། །དེ་དག་ནི་དོན་དམ་པར་གཅིག་གོ། །དཔེར་ན་ཐག་པ་གཅིག་སྡོང་པོ་ལ་བཏགས་ནས་བྱིས་པ་ལ་སོགས་པ་དཔྱང་

མོ་ཉུག་པའི་བྱ་བ་བྱེད་པ་དེ་བཞིན་དུ་བྱིས་པ་རྐང་པ་འཇོག་པ་ལྟ་བུ་ནི་ལྟེ་བའི་དཀྱིལ་འཁོར་རོ། །ཅིའི་ཕྱིར་བར་ཞེས་བྱ་ཞེ་ན། ནང་དུ་འཇུག་པའི་རླུང་ངལ་བསོ་བའི་ཕྱིར་བར་ཞེས་བྱའོ། །དེར་རྣམ་པར་ཤེས་པ་གནས་པར་འགྱུར་བའི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དབུས་
ཀྱི་ཕྱོགས་སུ་ཀུན་འཇོམས་མ། །ཞེས་བྱ་བ་ལ་སོགས་པ་ལ། རྟེན་དང་བརྟེན་ཅན་གྱི་འབྲེལ་པས་ཀུན་འཇོམས་མ་ལ་གཟུང་འཛིན་དང་བྲལ་བ་ཞེས་བྱའོ། །མི་ཤིགས་ཞེས་བྱ་བ་ནི་སྙིང་ག་ན་གནས་པ་ཞེས་བྱའོ། །ཕྲ་མོ་གཟུགས་ཅན་མ་ཞེས་བྱ་བ་ནི་དཔྲལ་བ་ནའོ། །ལེགས་ལྡན་ཞེས་བྱ་བ་ནི་སྨིན་མ་
གཉིས་ཀྱི་བར་ནའོ། །གཡོན་མ་ཞེས་བྱ་བ་ནི་གཡོན་གྱི་ཕྱོགས་ཀྱི་རྩིབ་རིངས་ཀྱི་སྣ་ནའོ། །གཡོན་ཅན་མ་ཞེས་བྱ་བ་ནི་གཡས་ཀྱི་ཕྱོགས་ཀྱི་རྩིབ་རིངས་ཀྱི་སྣ་ནའོ། །རུས་སྦལ་འབྱུང་མ་ཞེས་བྱ་བ་ནི་གཡས་ཕྱོགས་ཀྱི་ཚིགས་པའི་འགྲམ་ནའོ། །དངོས་ཅན་མ་ཞེས་བྱ་བ་ནི་ཚིགས་པའི་གློ་
གཡོན་ནའོ། །དབང་བསྐུར་ཞེས་བྱ་བ་ནི་མིད་པའི་ནང་ནའོ། །སྐྱོན་ཅན་ཞེས་བྱ་བ་ནི་འབྲས་བུ་གཉིས་ཀྱི་བར་གྱི་འོག་ནའོ། །དྲི་ཆེན་མ་ཞེས་བྱ་བ་ནི་གསང་བའི་ལམ་ནའོ། །མ་མོ་རྣམས་ཞེས་བྱ་བ་ནི་སྨིན་མ་གཉིས་ལའོ། །ཀུན་ནུབ་ཅེས་བྱ་བ་ནི་གཡས་ཀྱི་རྣ་བ་ལའོ། །གྲངས་སྦྱིན་ཞེས་བྱ་བ་ནི་གཡོན་གྱི་
རྣ་བ་ལའོ། །དྲོད་ཅན་མ་ཞེས་བྱ་བ་ནི་ལྟེ་བའི་འོག་ནའོ། །ཚད་མ་ཞེས་བྱ་བ་ནི་གློ་བ་ལའོ། །ནག་མོ་ཞེས་བྱ་བ་ནི་མཆིན་པ་ལའོ། །སྤྱི་མ་ཞེས་བྱ་བ་ནི་རྐང་པ་གཡས་ཀྱི་སྒྱིད་ཁུང་ལའོ། །རྒྱུའི་སྐུ་ལ་སྦྱིན་མ་ཞེས་བྱ་བ་ནི་རྐང་པ་གཡོན་པའི་སྒྱིད་ཁུང་ལའོ། །རྒྱུའི་སྐུ་སྦྱོར་བྱེད་ཅེས་བྱ་བ་ནི་ལག་ངར་གཡས་ཀྱི་
ནང་རོལ་ནའོ། །དགའ་ཆེན་ཞེས་བྱ་བ་ནི་གཡོན་ཕྱོགས་ཀྱི་ལག་ངར་གྱི་ནང་རོལ་ནའོ། །གྲུབ་པ་མོ་ཞེས་བྱ་བ་ནི་རྐང་པ་གཡས་པའི་རྒྱུ་ཞབས་ནའོ། །ཚོས་བྱེད་མ་ཞེས་བྱ་བ་ནི་རྐང་པ་གཡོན་པའི་རྒྱུ་ཞབས་ནའོ། །ཡང་དག་ཡིད་ཅེས་བྱ་བ་ནི་མཚོག་མ་ནའོ། །གསུམ་དཀྲིས་མ་ཞེས་བྱ་བ་ནི་ཀུན་
འཇོམས་མ་དཀྲིས་པའོ། །འདོད་ཆགས་མ་ཞེས་བྱ་བ་ནི་ཕྲག་པ་གཉིས་ལའོ། །ཁང་པ་མོ་ཞེས་བྱ་བ་ནི་རྒྱུ་མ་ལའོ། །དྲག་མོ་ཞེས་བྱ་བ་ནི་ལྟག་ཁུང་ནའོ། །ཀརྐ་ཏ་ནི་ཞེས་བྱ་བ་ནི་ནུ་མ་གཉིས་ལའོ། །བདུད་ཀྱི་ལས་སྨད་འཚོང་མ་ཞེས་བྱ་བ་ནི་གསང་བའི་རྡོ་རྗེའི་གློ་གཉིས་ནའོ། །སྲིད་པ་

གསུམ་ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་གྱི་སྐྱེ་བ་ལའང་སྲིད་པ་གསུམ་ཞེས་བྱའོ། །དེ་འགྲུབ་པར་བྱ་བའི་ཕྱིར་རྩ་རྣམས་སྐྱེ་བར་འགྱུར་རོ། །རྩ་མེད་པར་གྱུར་ན་བྱང་ཆུབ་ཀྱི་སེམས་དང་། རང་བྱུང་མེ་ཏོག་དང་། རྣམ་པར་ཤེས་པ་འདུ་བར་མི་འགྱུར་བས་ན་ལུས་ངག་ཡིད་གསུམ་གྱི་རྒྱུ་ཡིན་པར་
བསྟན་ཏོ། །རྒྱུ་དེའི་ཕྱིར་རྩ་རྣམས་ནི་སྲིད་པའི་རང་བཞིན་ཡིན་པར་བརྟགས་པའོ། །སྡོམ་པའི་དབྱེ་བ་བསྟན་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་རིགས་དྲུག་ལས་སྡོམ་པར་བྱེད་པས་ན་སྡོམ་ཞེས་བྱའོ། །དེ་ལ་ཉན་ཐོས་ལ་སོགས་པའི་དབྱེ་བ་ཡོད་པས་ན་དབྱེ་བ་ཞེས་བྱའོ། །ཡང་ན་ཀུན་རྫོབ་དང་དོན་དམ་
པ་མ་སྤངས་པར་རྣམ་པ་ཐམས་ཅད་གོ་བས་ན་སྡོམ་པ་ཞེས་བྱའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་ཟླ་བ་དང་། ཉི་མ་དང་། གཡོན་དང་། གཡས་དང་། མཚན་མོ་དང་། ཉིན་མོ་དང་། ཐབས་དང་། ཤེས་རབ་ལ་སོགས་པའི་རང་བཞིན་ནོ། །པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་དབུགས་འགྲོ་
བ་དང་འོང་བ་དང་གྲངས་ཀྱི་འབྲེལ་བས་ལུས་ལ་རྩ་སུམ་ཅུ་རྩ་གཉིས་གནས་པའོ། །དེའི་རྣམ་པར་དག་པ་ནི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་སོ། །དེ་ལྟ་བུའི་རིམ་པས་རྔ་ཡབ་དྲུག་ཅུ་རྩ་བཞི་རྣམ་པར་དག་པ་ནི་པདྨ་འདབ་མ་དྲུག་ཅུ་རྩ་བཞིའོ། །ཉིན་དང་མཚན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་གཉིས་ལ་བཅུ་
དྲུག་པ་གཉིས་ལ་གཅིག་ཏུ་བརྩིས་ཏེ། དེའི་གྲངས་ཀྱི་འབྲེལ་པས་དུས་ཀྱི་འཕོ་བ་བཅུ་དྲུག་གོ། །དེའི་རྣམ་པར་དག་པ་ནི་པདྨ་འདབ་མ་བཅུ་དྲུག་གོ། །ཉིན་དང་མཚན་ལ་པྲ་ཧ་ར་བརྒྱད་དོ། །དེའི་རྣམ་པར་དག་པ་ནི་པདྨ་འདབ་མ་བརྒྱད་དོ། །པྲ་ཧ་ར་རྣམ་པ་བཞི་ཞེས་བྱ་བ་ནི་དེའི་རྣམ་པར་དག་པ་ནི་འཁོར་ལོ་
བཞིའོ། །ཧོམ་མ་བྱས་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་ཐོབ་པས་ན་ལུས་ལ་ཧོམ་ཤེས་པར་བྱའོ། །དེའི་ཕྱིར། ལྟེ་བར་ཙཎྜཱ་ལཱི་ནི་འབར། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ལྟེ་བའི་དཀྱིལ་འཁོར་ནི་ཧོམ་ཁུང་ངོ་། །དེའི་དབུས་སུ་ཧོམ་གྱི་ལས་བྱའོ། །ཙཎྜཱ་ལཱི་ཞེས་བྱ་
བ་ནི་ཤེས་རབ་བོ། །ཤེས་རབ་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། རང་རང་གི་གོ་བའོ། །རྡོ་རྗེ་པདྨའི་རྣལ་འབྱོར་གྱིས་འབར་བའོ། །ཅིའི་ཕྱིར་འབར་བ་ཞེས་བྱ་ཞེ་ན། ལངས་པས་ན་འབར་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལྔའོ། །བསྲེགས་ཞེས་བྱ་བ་ནི་སྤོང་བར་བྱེད་པའོ། །

སྤྱན་མ་ལ་སོགས་པ་ཞེས་བྱ་བ་ནི་ཁམས་དང་སྐྱེ་མཆེད་དང་ཕུང་པོའོ། །དེ་ནི་ཤིང་ངོ་། །བསྲེགས་ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་སྲེག་པར་བྱེད་པའོ། །ཐ་མར་དགང་གཟར་གྱིས་བླུགས་པར་བྱ་བ་བསྟན་པའི་ཕྱིར། ཧཾ་བསྲེགས་པས་ནི་ཟླ་བ་ཞུ། །ཞེས་བྱ་བ་ནི་ཤིང་ཐམས་ཅད་
བསྲེགས་པས་སྐུའི་འཁོར་ལོ་ཧཾ་དང་བཅས་པ་ཐུར་དུ་བལྟ་བའི་ཁ་འཇུ་བར་འགྱུར་རོ། །དེ་ནི་དགང་གཟར་གྱི་རང་བཞིན་གོང་དུ་བཤད་མ་ཐག་པ་ལ་ཞུ་བ་ཞེས་བྱ་བའོ། །ཅི་ཞིག་ཞུ་ཞེ་ན། བྱང་ཆུབ་སེམས་བདུད་རྩིའི་རང་བཞིན་དུ་ཞུ་བའོ། །དེའི་གཟུགས་ནི་དགང་གཟར་གྱི་མར་ཁུ་བླུགས་པ་བཞིན་
དུའོ། །དེས་དགའ་བར་གྱུར་པས་གང་འདོད་པའི་འབྲས་བུ་སྦྱིན་པར་འགྱུར་རོ།། །པདྨའི་མྱུ་གུ་རྡོ་རྗེས་ཀྱེའི་རྡོ་རྗེའི་ལེའུ་དང་པོའི་འགྲེལ་པ་མཛད་པ་རྫོགས་སོ།། །།ཆར་བ་དབབ་པའི་ཆོ་ག་དང་། སྤྲིན་གཏོར་བ་དང་། དཀར་རྩི་བསྒྲུབ་པ་དང་དངོས་གྲུབ་དང་། ཚ་བའི་རིམས་ཀྱི་ཆོ་ག་དང་།
ཆང་སྐྱུགས་པ་དང་། དབང་དུ་བྱ་བ་དང་། ཉི་ཟླ་གཟུང་བའོ། །དེ་དག་ལ་ནི་དངོས་གྲུབ་ཕྲ་མོ་ཞེས་བྱའོ། །དེ་དག་གི་དང་པོ་གྲུབ་པའི་རྣལ་འབྱོར་ནི་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་བསྒོམ་པར་བྱའོ། །གཞན་རྣམས་ནི་རིམ་པ་ཇི་བཞིན་དུ་བཛྲཱི་དང་། གཽ་རཱི་དང་། བཱ་རཱི་དང་། བཛྲ་ཌཱ་ཀི་ནཱི་དང་། ནཻ་རཱ་ཏྨི་ཀ་དང་།
བྷཱུ་ཙ་རཱི་དང་། ཁེ་ཙ་རཱིའོ། །དེ་བདུན་གྱི་རྣལ་འབྱོར་གྱིས་སོ་སོར་བསྒྲུབ་པར་བྱའོ། །སོ་སོར་བསྟན་པ་དེ་ནི་མཚོན་པ་ཙམ་ཞིག་བསྟན་པ་ཡིན་གྱི། གཅིག་གིས་ཀྱང་དངོས་གྲུབ་ཐམས་ཅད་འགྲུབ་པར་བསྟན་ཏོ། །ཅིའི་ཕྱིར་མཚོན་པ་ཙམ་བསྟན་ཞེ་ན། ཐམས་ཅད་ནུས་མོད་ཀྱི་ལས་ཀྱི་གཙོ་
བོ་བསྟན་པའོ། །དེ་བས་ན་མཚོན་པ་ཙམ་སྨོས་པའོ། །ཚིག་དེ་དག་གིས་ནི་དངོས་གྲུབ་ཕྲ་མོ་རྣམས་ལྷའི་རྣལ་འབྱོར་ཙམ་གྱིས་འགྲུབ་པར་བསྟན་ཏོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའོ། །དེ་ལ་དེ་བཞིན་གཤེགས་པའི་ལས་ནི་སེམས་ཅན་གྱི་དོན་བྱེད་པའོ། །
དེ་ནི་ཐབས་བཞི་མེད་པར་མི་འགྲུབ་པས་ཐབས་བཞི་ནི་བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་དང་། དེ་དག་གི་བྱེ་བྲག་ནི་བསྙེན་པ་དང་། བར་མ་དང་ཆེན་པོ་དང་། དེ་ལས་ཀྱང་ཆེ་བར་གྱུར་པའོ། །ཚིག་དེ་དག་གིས་དོན་གང་བསྟན་ཞེ་ན། རྡོ་རྗེའི་ས་གཞི་དང་སྲུང་བའི་

འཁོར་ལོ་དང་། དེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་དང་། དེའི་དབུས་སུ་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་རྫོགས་པར་བྱས་པའོ། །དེ་ནས་ཞུ་བར་འགྱུར་རོ། །དེ་ནས་ལྷ་མོ་བཞིས་དེ་ལ་བསྐུལ་ནས་གཙོ་བོ་བཞེངས་པར་བྱེད་དོ། །དེའི་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། འཁོར་ལོ་བཞིས་
བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའོ། །རང་གི་དེ་བཞིན་དུ་ཤེས་རབ་མ་དང་། དཀྱིལ་འཁོར་འཁོར་ལོའི་ལྷ་རྣམས་ཀྱང་དེ་བཞིན་དུ་བྱའོ། །དེ་དག་མེད་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །དེ་དག་གི་དོན་ནི་དེ་བཞིན་གཤེགས་པས་བསྟན་པར་བྱ་སྟེ། དེའི་ཕྱིར། དང་
པོ་སྟོང་ཉིད་བྱང་ཆུབ་ཕྱིར། །གཉིས་པ་ས་བོན་ཡང་དག་གཟུང་། །གསུམ་པ་གཟུགས་བརྙན་གྲུབ་པ་སྟེ། །བཞི་པ་ལ་ནི་ཡི་གེ་དགོད། །པདྨའི་རྡོ་རྗེ་མྱུ་གུས་མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་གཉིས་པའི་འགྲེལ་པ་རྫོགས་སོ།། །།བྱམས་པ་བསམ་པར་བྱ་ཞེས་བྱ་བ་ནི་གང་ཕན་པ་སྟོན་པར་བྱེད་
པ་དང་། བདེ་བ་སྦྱིན་པར་བྱེད་པའོ། །དེ་ལྟ་བུའི་སེམས་ལ་བྱམས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུད་གཉིས་དང་བྲལ་བར་འདོད་པ་ལ་སྙིང་རྗེ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་མི་དགའ་བ་བདག་གིས་དགའ་བར་བྱ་བ་དང་། གང་འདོད་པ་
སྦྱིན་པར་བྱེད་པ་ལ་དགའ་བ་ལ་ནི། །གསུམ་པ་དགའ་བ་བསམ་པར་བྱ། །ཞེས་བྱའོ། །སེམས་ཅན་གདུལ་བར་དཀའ་བ་དང་། ཐབས་མེད་པར་གདུལ་བར་མི་ནུས་པ་དང་། ཆགས་པ་ཆེན་པོ་དང་ལྡན་པའི་སེམས་ཅན་གྱིས་སྐྱོན་གཅིག་ཀྱང་ཉམས་སུ་མི་ལེན་པ་ལ་བཏང་སྙོམས་ཞེས་བྱའོ། །
དང་པོ་སྟོང་ཉིད་བྱང་ཆུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་བསྙེན་པ་ལ་སོགས་པ་ཡན་ལག་བཞི་བསྟན་པར་བྱ་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དེ་བཞིའི་འབྲས་བུ་བསྟན་པར་བྱ་སྟེ། འདྲ་བར་འབྱུང་བའི་འབྲས་བུ་དང་། རྣམ་
པར་སྨིན་པའི་འབྲས་བུ་དང་། །སྐྱེས་བུ་བྱེད་པའི་འབྲས་བུ་དང་། །དྲི་མ་མེད་པའི་འབྲས་བུའོ། །ད་ནི་ཡན་ལག་བཞིའི་འབྲས་བུ་དང་བཅས་པའི་མཚན་ཉིད་བསྟན་པར་བྱ་སྟེ། ལྷ་མོ་བཞིས་བསྐུལ་ནས། གཙོ་བོ་བཞེངས་པ་ལ་ནི་བསྙེན་པའི་ཡན་ལག་དང་འདྲ་བར་འབྱུང་བའི་འབྲས་བུ་ཞེས་བྱའོ། །

མིག་ལ་སོགས་པའི་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཉེ་བའི་སྒྲུབ་པའི་ཡན་ལག་དང་། རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱའོ། །འཁོར་ལོ་བཞིས་བྱིན་གྱིས་བརླབས་པ་ནི་བསྙེན་པའི་སྒྲུབ་པ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །དབང་བསྐུར་བ་ལ་ནི་བསྙེན་
པའི་སྒྲུབ་པ་ཆེན་པོ་དང་། དྲི་མ་མེད་པའི་འབྲས་བུ་ཞེས་བྱའོ། །ཤེས་རབ་མའི་ཡང་སཱུ་རྫོགས་པ་ལ་སོགས་པ་ལ་བར་གྱི་བསྙེན་སྒྲུབ་ཡན་ལག་བཞི་ཞེས་བྱའོ། །དེའི་འབྲས་བུ་བཞི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་ཀྱི་སྐུ་རྫོགས་པ་ལ་སོགས་པ་ལ་
ཆེན་པོའི་བསྙེན་སྒྲུབ་ཡན་ལག་བཞི་ཞེས་བྱའོ། །འདྲ་བར་འབྱུང་བའི་འབྲས་བུ་ལ་སོགས་པ་ལ་ཆེན་པོའི་འབྲས་བུ་བཞི་ཞེས་བྱའོ། །དང་པོ་སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་ནི་བསྙེན་པའི་བསྙེན་པ་ལ་སོགས་པའི་སྤྱིའི་རྒྱུའི་ཡིན་པར་བསྟན་ཏོ། །དེའི་བྱེ་བྲག་བསྟན་པར་བྱ་སྟེ། རཾ་བསྒྱུར་
ཉི་མ་མདུན་དུ་བསྒོམ། །དེ་ཉིད་ཉི་མའི་སྟེང་དུ་ནི། །ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཉིད། །རྡོ་རྗེ་དེ་ལས་རྡོ་རྗེ་ཡང་ནས་ཡང་དུ་སྤྲོས་པ་ལས་རྡོ་རྗེའི་ས་གཞི་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ར་བ་དང་རྡོ་རྗེ་གཟེབ་བོ། །དེ་དག་བསམ་པར་བྱའོ། །དང་པོ་རོ་ནི་བསམ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་
འཁོར་འཁོར་ལོའི་ནང་དུ་པདྨ་འདབ་མ་བརྒྱད་པ་བསྐྱེད་ལ་དེའི་ཟེའུ་འབྲུ་ལ་ཞིང་ཆེན་བསམ་པར་བྱའོ། །རང་གི་སྙིང་གར་རཾ་ཡིག་བསམ། །ཞེས་བྱ་བ་ནི་རྣལ་འབྱོར་པས་ཡིད་དུ་འོང་བའི་གནས་སུ་འདུག་ལ་དེ་ནས་རང་གི་སྙིང་གར་ཡི་གེ་རཾ་བསམ་པར་བྱའོ། །དེ་བསྒྱུར་བ་ཉི་མའི་དཀྱིལ་འཁོར་
ཏེ། དེའི་སྟེང་དུ་ཧཱུཾ་ཉིད་དང་དེ་ལས་རྡོ་རྗེ་བསམ་པར་བྱའོ། །དེའི་བུམ་པར་ཧཱུཾ་བསམ་པར་བྱའོ། །དེས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་ནས་ཧེ་རུ་ཀ་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་དང་བཅས་པ་བཀུག་ནས་ནམ་མཁའ་ལ་བསམ་པར་བྱའོ། །རང་གི་སྙིང་ག་ནས་གཽ་རཱི་ལ་སོགས་པ་སྤྲོས་ལ་ཕྱི་ནང་གསང་
བའི་མཆོད་པ་བྱས་པར་བསམ་མོ། །དེ་ནས་དེའི་སྔོན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་གཤེགས་སུ་གསོལ་ལོ། །སྔོན་དུ་བསྟན་པའི་ཆོས་དབྱིངས་ཀྱི་བདག་ཉིད་ཞིང་ཆེན་གྱི་སྟེང་དུ། ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཨ་ལ་སོགས་པ་ལས་ཟླ་བའི་དཀྱིལ་

འཁོར་བསམ་པར་བྱའོ། །ཀ་ལ་སོགས་པ་ལས་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་གཉིས་ཀྱི་བར་དུ་ས་བོན་བསམ་པར་བྱའོ། །ས་བོན་ནི་གོང་དུ། ཁ་དོག་ནག་པོ་འཇིགས་སུ་རུང་། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པར་ཤེས་པར་བྱའོ། །ཧཱུཾ་གྱུར་པ་ལས་རྡོ་རྗེར་
བསམ་པར་བྱའོ། །དེ་ལ་ཧཱུཾ་གིས་མཚན་པར་ཤེས་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །ཉི་ཟླ་དང་རྡོ་རྗེ་བུམ་པའི་ཧཱུཾ་དང་བཅས་པ་རྡོ་རྗེ་དེ་དག་ཁ་དོག་སྔོན་པོའོ། །དེ་དག་ཐམས་ཅད་གྱུར་པ་ལས། །རྡོ་རྗེ་གཏམས་པ་ནག་པོ་ཆེ། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པར་ཤེས་པར་བྱའོ། །ཚིག་
དེ་དག་གིས་ཅི་ཞིག་བསྟན་ཞེ་ན། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་རྣལ་འབྱོར་པས་གོང་དུ་བསྟན་པའི་ཞིང་ཆེན་གྱི་སྟེང་དུ་ཧེ་རུ་ཀ་བསྒོམ་པར་བྱའོ། །བཤད་མ་ཐག་པ་དེ་སྔོན་དུ། དང་པོ་རོ་ནི་རྣམ་པར་བསམ། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་བར་ཤེས་པར་བྱའོ། །
སེམས་དཔའ་ཞེས་བྱ་དེ་ཉིད་གསུངས། །ཞེས་བྱ་བ་ནི་དེ་ནི་འོག་ཏུ་འབྲེལ་པར་ཤེས་པར་བྱའོ། །ཚིག་དེས་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །བདེ་མཆོག་དགའ་བའི་རང་བཞིན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །སྙིང་གར་དགུག་བྱས་ཡང་དག་བསྡུ། །ཞེས་
བྱ་བ་ལ་སོགས་པ་ལ། །རྡོ་རྗེ་པདྨའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་སྙིང་གར་ཞུགས་པར་བསམ་པར་བྱའོ། །དེ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་པདྨའི་ནང་དུ་དབབ་པར་བྱའོ། །དེ་ལས་རང་གི་ལུས་ལྟ་བུའི་རྣལ་འབྱོར་མ་རྣམས་སྤྲོ་བར་བྱའོ། །སྤྲོས་ནས་ནམ་མཁའི་ཁམས་
ཐམས་ཅད་དུ་ཁྱབ་པར་བྱའོ། །དེ་ནས་སླར་བཀུག་ནས་དཀྱིལ་འཁོར་ལ་དགོད་པར་བྱའོ། །ཇི་ལྟར་ཀྱེའི་རྡོ་རྗེ་ཞལ་བརྒྱད་པ་འཇུ་བར་བསྟན་པ་དེ་བཞིན་དུ་འདི་ཡང་འཇུ་བར་འགྱུར་རོ། །ལྷ་མོ་བཞིའི་གླུས་བསྐུལ་ནས་བཞེངས་པར་བྱའོ། །དེའི་དོན་གོ་བར་བྱ་བའི་ཕྱིར། རྣལ་འབྱོར་ཞེ་སྡང་བདག་
ཉིད་འགྱུར། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེས་ནི་འབྲས་བུའི་རང་བཞིན་བསྟན་ཏོ། །མདོག་སྔོན་བག་ཞད་དམར་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུའི་ཡོན་ཏན་བསྟན་ཏོ། །དེའི་རིམ་པས་ཕྱག་བཞི་པ་དང་ཕྱག་དྲུག་པ་ཡང་བཞེངས་པར་ཤེས་པར་བྱའོ། །པདྨའི་མྱུ་གུ་རྡོ་རྗེས་

མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་གསུམ་པའི་འགྲེལ་པ་རྫོགས་སོ།། །།དཔེར་ན་རྒྱལ་པོར་དབང་མ་བསྐུར་བར་རྒྱལ་པོའི་བྱ་བ་བྱེད་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་རྒྱལ་པོའི་དབང་མ་བསྐུར་བར་ཆོས་བཤད་མི་ནུས་པས་ན་དབང་བསྐུར་བའི་ལེའུ་བཤད་
པར་བྱའོ། །རང་སྙིང་འོད་ཟེར་སྤྲོ་བྱས་ནས། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་རྫོགས་པར་འགྱུར་རོ། །དེ་ནས་ས་བོན་ཟླ་བ་ལྟ་བུར་འགྱུར་རོ། །དེ་ལ་བསྐུལ་བའི་དབང་གིས་བཞེངས་པར་འགྱུར་རོ། །དེ་ལ་འཁོར་ལོ་བཞི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྙིང་གའི་
འཁོར་ལོ་ལ་གནས་པའི་ས་བོན་ལས་འོད་ཟེར་འཕྲོས་ནས་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་བཀུག་ནས། འོད་ཟེར་ནག་པོ་ལྕགས་ཀྱུ་འདྲ། །ཞེས་བྱ་བ་ནི་མིག་གཡས་པར་མ་ལས་ཉི་མ་བསམ་མོ། །མིག་གཡོན་པར་ཊ་ལས་ཟླ་བ་བསམ་པར་བྱའོ། །དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་
སྤྲོ་བར་བྱའོ། །དེ་ནས་དགུག་པའི་ལྟ་སྟངས་བྱའོ། །དེ་ནས་མིག་འཁྱིལ་བར་བྱ་བ་དང་། རྫི་མ་བརྡབ་པར་བྱའོ། །ཚིག་དེ་དག་གིས་ཧེ་རུ་ཀ་རྫོགས་པར་བསྟན་ཏོ། །དེ་ལྟ་བུའི་རིམ་པས་མཆོག་གིས་བསྙེན་པའི་ཡན་ལག་ལ་སོགས་པ་དུས་གསུམ་དུ་རྟག་པར་བསྒོམས་པའི་རྣལ་འབྱོར་
པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་དོན་བསྟན་ཏོ། །ཚིག་གང་གིས་བསྟན་ཞེ་ན། མཆོག་གི་དངོས་གྲུབ་ཡེ་ཤེས་བདུད་རྩིས་འགྲུབ། །ཅེས་གསུངས་སོ། །པདྨའི་མྱུ་གུ་རྡོ་རྗེས་མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་བཞི་པའི་འགྲེལ་པ་རྫོགས་སོ།། །།
རང་བཞིན་གྱིས་ནི་གཟུགས་ཀྱང་མེད། །ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་གཟུགས་ནི་རྣམ་པ་གཉིས་ཏེ། ཁ་དོག་དང་དབྱིབས་སོ། །དེའི་བྱེ་བྲག་རྣམ་པ་ཉི་ཤུ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཟླུམ་པོ་དང་། ཕྱ་ལེ་བ་དང་།
མཐོན་པོ་དང་། དམའ་བ་དང་། གྲུ་བཞི་དང་། མི་མཉམ་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པའོ། །སྣང་པ་ནི་ཟླ་བ་དང་། སྐར་མ་དང་། མེ་དང་། སྨན་དང་། རིན་པོ་ཆེའོ། །དེ་དག་གི་འོད་ཟེར་ལ་སྣང་བ་ཞེས་བྱའོ། །སྒྲ་

མེད་ཐོས་པ་པོ་ཡང་མེད། །ཅེས་བྱ་བ་ལ་དེ་ནི་རྣམ་པ་བརྒྱད་དེ། བསྐྱེད་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། མ་སྐྱེས་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། སེམས་ཅན་གྱི་སྒྲ་དང་། སེམས་ཅན་མ་ཡིན་པའི་སྒྲ་དང་། སྙན་པའི་སྒྲ་དང་། མི་སྙན་པའི་སྒྲའོ། །ཐལ་མོ་
བརྡབས་པ་ལ་སོགས་པའི་སྒྲ་ནི་བསྐྱེད་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་བྱའོ། །རླུང་དང་ནགས་ཚལ་དང་། ཆུ་ཀླུང་དང་དེ་དག་གི་སྒྲ་ལ་ནི་མ་སྐྱེས་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་བྱའོ། །ངག་གི་སྒྲ་ལ་ནི་སེམས་ཅན་གྱི་སྒྲ་ཞེས་བྱའོ། །བྲག་ཅ་ལ་སོགས་
པའི་སྒྲ་ལ་ནི་སེམས་ཅན་མ་ཡིན་པའི་སྒྲ་ཞེས་བྱའོ། །དྲི་མེད་ཚོར་བ་པོ་ཡང་མེད། །ཅེས་བྱ་བ་ལ། དྲི་ནི་རྣམ་པ་བཞི་སྟེ། དེ་ལ་དྲི་ཞིམ་པ་དང་། དྲི་མི་ཞིམ་པ་དང་། དྲི་གཉིས་འདྲེས་པ་དང་། གཉིས་ཀ་མ་ཡིན་པའོ། །རོ་མེད་མྱོང་བ་པོ་ཡང་མེད། །ཅེས་བྱ་བ་ལ། རོ་ནི་རྣམ་པ་དྲུག་སྟེ། མངར་བ་
དང་། སྐྱུར་བ་དང་། ཁ་བ་དང་། ལན་ཚྭ་དང་། ཚ་བ་དང་། བསྐ་བའོ། །རེག་མེད་རེག་པ་པོ་ཡང་མེད། །ཅེས་བྱ་བ་ལ་དེ་ནི་རྣམ་པ་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དང་། ཤིན་ཏུ་གྲང་བ་དང་། ཤིན་ཏུ་དྲོ་བ་དང་། དེ་གཉིས་འདྲེས་པ་དང་། འཇམ་པ་དང་། རྩུབ་པ་དང་། དེ་གཉིས་
འདྲེས་པ་དང་། གཉིས་ཀ་མ་ཡིན་པའོ། །དེ་དག་ཇི་ལྟར་མེད་ཅེ་ན། རྡུལ་ཕྲ་རབ་གཅིག་དང་དུ་མ་གཉིས་ཀ་ཡང་མེད་དོ། །ཇི་ལྟར་མེད་ཅེ་ན། རྡུལ་ཕྲ་རབ་གཅིག་ལ་ཐོག་མ་དང་ཐ་མ་དང་བར་མི་དམིགས་པས་ན་གཅིག་པ་མེད་དོ། །དེའི་ཕྱིར་དུ་མ་ཡང་མེད་དོ། །གཏན་ཚིགས་དེའི་ཕྱིར་དུས་
གསུམ་དུ་རྟག་པར་གནས་ནས་ལོངས་སྤྱོད་པའི་སྐྱེས་བུ་མེད་དོ། །ཅིའི་ཕྱིར་དུས་གསུམ་དུ་ལོངས་མི་སྤྱོད་ཅེ་ན། འདས་པའི་དུས་ནི་འགགས་པ་དང་མ་འོངས་པའི་དུས་ནི་མ་སྐྱེས་པ་དང་། དུས་བར་མ་ནི་ཁབ་ཀྱི་རྩེ་མོ་ལ་ཡུངས་ཀར་གྱི་འབྲས་བུ་མི་གནས་པ་བཞིན་དུ་གནས་པར་མི་འགྱུར་རོ། །སྐྱེད་བྱེད་མ་
དང་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་དོན་དམ་པར་འབྲེལ་པ་མེད་པར་བསྟན་ཏོ། །ཅིའི་ཕྱིར་དོན་དམ་པར་འབྲེལ་པ་མེད་ཅེ་ན། །ཕན་ཚུན་ལྟོས་པ་ཡིན་པའི་ཕྱིར་རོ། །གང་མ་སྐྱེས་པ་ལྟོས་པ་མེད་དོ། །ཅིའི་ཕྱིར་ལྟོས་པ་མེད་ཅེ་ན། མེད་པ་ཡིན་པས་སོ། །གང་རང་བཞིན་ཡོད་པ་ལ་ནི་ལྟོས་པ་མེད་

དོ། །གར་མཁན་ཚོས་མཁན་དེ་བཞིན་དུ། །ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་རིགས་མེད་པར་བསྟན་ཏོ། །ཅིའི་ཕྱིར་མེད་ཅེ་ན། པགས་པ་དང་། ཤ་དང་། ཁྲག་དང་། རུས་པ་དང་། རྐང་དང་། ཚིལ་དང་། ཁུ་བའོ། །དངོས་པོ་དེ་དག་ནི་བྲམ་ཟེ་དང་།
གདོལ་པ་ལ་སོགས་པ་ཀུན་ལ་ཡོད་པའི་ཕྱིར་རིགས་མེད་པར་བསྟན་ཏོ། །གསང་བར་མ་བྱས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་མེད་པ་གང་གིས་ཤེས་པས་བྱང་ཆུབ་སེམས་དཔའ་ལ་སེམས་ངན་པར་བྱས་པས་དམྱལ་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་
ཐམས་ཅད་ལ་ཕན་པར་བྱ་བར་སྨོན་ལམ་བཏབ་པས་ན་དེ་ལ་ཉམས་པར་འགྱུར་རོ། །རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ། དེ་དག་ལ་རིགས་ལྔ་ཞེས་བྱའོ། །
ཚིག་དེ་དག་གིས་ནི་དོན་འདི་སྟོན་པར་བྱེད་དོ། །མ་ལ་སོགས་པའི་བུད་མེད་གང་རྙེད་པ་ལ་རིགས་ལྔས་བྱིན་གྱིས་བརླབ་པ་དང་། ཇི་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་བསམ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱ་བར་བསམ་ལ་སྤྱད་པར་བྱའོ། །དེ་ལྟ་བུའི་ཐབས་
དང་ཤེས་རབ་བསྒོམ་པའི་རིམ་པ་དེ་ལྟ་བུའི་ཏིང་འཛིན་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བསམ་པར་བྱའོ། །བཤད་མ་ཐག་པ་དེའི་བར་དུ་རྣལ་འབྱོར་པས། དེ་ཁོ་ན་ཉིད་གོ་བར་བྱ་བའི་ཕྱིར་ནན་ཏན་བསྐྱེད་པར་བྱའོ། །རིགས་དྲུག་རྣམ་པ་སོ་སོར་གསུངས། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་དང་
དྲུག་གོ། །རྡོ་རྗེ་འཛིན་པ་གང་ཞིག་གི་ཡིན་ཞེ་ན། སྤྲུལ་པ་སྣ་ཚོགས་སྤྲུལ་ནས་སེམས་ཅན་གྱི་དབྱིངས་དཔག་ཏུ་མེད་པ་ན་ཆོས་ཀྱི་སྤྲིན་གྱིས་སེམས་ཅན་ཐམས་ཅད་འདུལ་བར་བྱེད་དོ། །ས་བཅུ་ལ་གནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུའོ། །དེའི་ཕྱིར་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཡབ་ཅེས་བྱའོ། །གསང་སྔགས་ཀྱི་ཐེག་པ་ལ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་བསྐྱེད་པ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་འགྱུར་བ་ལས་བསྐྱེད་པ་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །གཟུགས་ལ་ཐོགས་པ་མེད་པ་དང་། སྔོན་མེད་པ་

དང་། ད་ལྟ་མེད་པ་དང་། སྐྱེ་བ་གཞན་མེད་པ་དང་། ལས་དཀར་ནག་གི་དམིགས་མེད་པ་དང་། སློབ་དཔོན་དང་སློབ་བུའི་འབྲེལ་པ་མེད་པ་དང་བྱང་ཆུབ་གྲུབ་པར་འདོད་པའི་བརྩོན་པ་ཡང་དོན་མེད་པར་འགྱུར་བས་སྐྱོན་དེ་དག་བསལ་བའི་ཕྱིར་དེ་བཞིན་གཤེགས་པས་སྟོན་པར་བྱེད་དོ། །སྔགས་
དང་ལྷ་དག་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པས་ནི་གཅིག་དང་དུ་མ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ནི་སྤྲོས་པ་ཞེས་བྱའོ། །དེ་དང་བྲལ་བར་ནི་ཐམས་ཅད་ཡོད་དོ། །དེའི་ཕྱིར་སྤྲོས་པ་མེད་པའི་རང་བཞིན་ཞེས་བྱའོ། །སྤྲོས་པ་མེད་པའི་རང་བཞིན་ཞེས་བྱ་བ་གང་ཞེ་ན། རང་གིས་
གོ་ལ་གཞན་ལ་བརྗོད་པར་མི་ནུས་པའོ། །དེ་ནི་ཤིན་ཏུ་གསལ