Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 3
Văn bản gốc(Tây Tạng)
Trang 1 / 20 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཡོ་ག་རཏྣ་མཱ་ལ་ནཱ་མ་ཧེ་བཛྲ་པཉྩི་ཀཱ། བོད་སྐད་དུ། དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་ འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོག་ཏུ་དགའ་བའི་གཟུགས་ཅན་གྱིས། །དགྱེས་པའི་རྡོ་རྗེར་ཕྱག་འཚལ་ནས། །སྔོན་གྲུབ་རིམ་པའི་ལུགས་བཞིན་དུ། །དགྱེས་ པའི་རྡོ་རྗེ་བདག་གིས་བྲི། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་གླེང་གཞིའི་ཚིག་ཡིན་ཏེ། །མདོ་དང་རྒྱུད་དུ་རབ་ཏུ་བསྟན། །རྒྱུད་འདི་རུ་ནི་སྙིང་པོའི་དོན། །གཞན་དག་གིས་ནི་གཞན་ དག་བསྟན། །དེ་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་སྐད་བདག་གིས་ཞེས་བྱ་བས་ངའི་ཆོས་རྣམས་བསྡུ་བར་བྱའོ་ཞེས་གསུངས་པའི་ཕྱིར་སྡུད་པ་པོས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ སྨྲས་པ་ཡིན་ནོ། །འདིར་ཁ་ཅིག་ནི་ཐོས་པ་ཞེས་བྱ་བས་ནི་སྡུད་པ་པོ་སྟོན་པ་ཡིན་ཏེ། བདག་ཉིད་ཀྱིས་ཤེས་པ་དང་བརྒྱུད་ནས་ཐོས་པ་ནི་སྡུད་པ་པོ་ཚད་མ་མ་ཡིན་པར་འགྱུར་བས་སྐྱོན་འདི་གཉིས་སྤང་པའི་ ཕྱིར་འདི་སྐད་བདག་གིས་ཞེས་བྱ་བ་སྨོས་ཏེ། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཐོས་ཀྱི། གཅིག་ནས་གཅིག་ཏུ་བརྒྱུད་ནས་ཐོས་པ་ནི་མ་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་ཇི་སྐད་བསྡུས་པ་བཞིན་དུའོ། ། དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་ཁོ་ནར་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པའོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་གཟུགས་ཀྱི་རྡོ་རྗེ་འཆང་སྟེ། གང་ལ་དབང་ཕྱུག་ལ་སོགས་ པའི་སྐལ་པ་རྣམས་མངའ་བ་དེ་ནི་བཅོམ་ལྡན་འདས་ཏེ། དེ་ཡང་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་། །དྲུག་པོ་དེ་ལ་ལྡན་ཞེས་བྱ། ། ཞེས་བསྟན་པ་ཡིན་ནོ། །བཞུགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གནས་པས་བཞུགས་པའོ། །གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལའོ། །དེ་ཐམས་ ཅད་ཀྱང་ཡིན་ལ། དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གི་སྐུ་དང་གསུང་དང་ཐུགས་ཞེས་ཞེས་པ་ནི་གསང་བ་གསུམ་བསྡུས་པ་ལ། ཡང་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་གཟུགས་ ཅན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཡང་ཡིན་ནོ། །དེ་ཉིད་རྡོ་རྗེ་བཙུན་མོའི་བྷ་ག་སྟེ། དེ་ནི་ཟག་པ་མེད་པའི་ཆོས་དཔག་ཏུ་མེད་པའི་ཆོས་ཉིད་ཀྱི་ལུས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱང་དེ་ཉིད་ཡིན་ལ། རྡོ་རྗེ་བཙུན་མོའི་བྷ་ག་ ཡང་དེ་ཉིད་དོ་ཞེས་ཁྱད་པར་བསྡུ་བ་ཡིན་ནོ། །ལ་ཞེས་པ་ནི་དེ་ན་གནས་པའི་གཞལ་ཡས་ཁང་དུའོ། །གསང་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པའི་གནས་ན་བཅོམ་ལྡན་འདས་བཞུགས་པར་དམིགས་པ་ཡིན་པས་དེ་ལྟ་བུ་དང་རྗེས་སུ་མཐུན་པའི་འཁོར་འདུས་པ་ཡང་ཤུགས་ཀྱིས་རྒྱུད་སྔ་ མར་བསྟན་པ་ཡིན་པས་འདིར་ནི་མ་བསྟེན་ཏོ། །འདི་ནི་དྲང་བའི་དོན་གྱིས་བཤད་པའོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ཨེ་ནི་བྷ་གར་གསུངས། །བཾ་གི་རྣམ་པ་རྡོ་རྗེར་དྲན། །མ་ཡཱ་ཞེས་བྱ་བསྐྱོད་པར་བསྟན། །ཐོས་པ་གང་ཕྱིར་གཉིས་སུ་འདོད། །འདི་ནི་འཆད་ པར་འགྱུར་བ་སྟེ། །བཅོམ་ལྡན་ཁུ་བའི་རྣམ་པར་འགྱུར། །དེ་ཡི་བདེ་བ་ཆགས་པར་དྲན། །ཞེས་བྱ་བས་ཆོས་དང་ལོངས་སྤྱོད་རྫོགས་པའི་གཟུགས་ཅན་ཉིད་ཀྱིས་རྡོ་རྗེ་འཆང་ནི། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །སྒྲིབ་བྲལ་བདེ་བའི་གཟུགས་ཅན་ཉིད། །ཅེས་བྱ་བ་དང་པོའི་ཚིག་གིས་སྟོང་པ་ ཉིད་དང་སྙིང་རྗེའི་བདག་ཉིད་ཅན། ཤེས་རབ་དང་ཐབས་ཀྱི་ངོ་བོ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་ཉིད་བསྐྱེད་པ་དང་། རྫོགས་པའི་རིམ་པའི་གཟུགས་ཅན་དུ་རྒྱུད་ཀྱི་དོན་མདོར་བསྟན་པ་ཡིན་ནོ། །དེ་ཡང་། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །རྡོ་རྗེ་ཤེས་རབ་ཅེས་བརྗོད་དོ། །ཐབས་དང་ ཤེས་རབ་བདག་ཉིད་རྒྱུད། །བདག་གིས་དེ་ནི་བཤད་ཀྱིས་ཉོན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་བུར་གྱུར་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་ནི་ཡང་དག་པའི་རབ་ཏུ་སྦྱིན་པ་བཤད་པའོ། །ཡང་ན་དོན་ནི་འདི་ཡིན་ཏེ། །ཨེ་ནི་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་ རྒྱ་སངས་རྒྱས་སྤྱན། །འདབ་མ་དྲུག་ཅུ་བཞི་ལྟེ་བར། །གནས་པ་ལྟེ་བའི་འཁོར་ལོ་ཉིད། །བཾ་ནི་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །སྙིང་གའི་པདྨ་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོ་རྣམ་པར་གནས། །ཡི་གེ་མ་ནི་མེར་བསྟན་ཏེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །པདྨ་ བརྒྱད་གཉིས་འདབ་མ་ལ། །ལོངས་སྤྱོད་འཁོར་ལོ་རྣམ་པར་གནས། །ཡི་གེ་ཡ་ནི་རླུང་དུ་བསྟན། །དམ་ཚིག་ཕྱག་རྒྱ་སྒྲོལ་བྱེད་མ། །སུམ་ཅུ་གཉིས་འདབ་པདྨ་ལ། །བདེ་བ་ཆེན་པོའི་འཁོར་ལོ་གནས། །ཐོས་པ་ལྷན་ཅིག་སྐྱེས་པར་བཤད། །གཉིས་སུ་དབྱེ་བས་དབྱེ་བར་བྱ། ། ཀུན་རྫོབ་ལྷ་ཡི་རྣལ་འབྱོར་ཉིད། །བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དོ། །སྒྲིབ་བྲལ་བདེ་བའི་གཟུགས་ཅན་དེ། །རྫོགས་པའི་རིམ་པ་བསྒོམ་པའོ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་སྐད་དུ་གཞན་དག་ནས་ཀྱང་། བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དང་། ། རྫོགས་པའི་རིམ་པ་ཉིད་དག་སྟེ། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་སྟོན་པར་མཛད། །གསུངས་པས་དེ་ལྟ་བུ་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སྔར་བསྟན་པའི་བཤད་པ་སྟེ། །དེར་འཁོར་གྱི་ནང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དེ་ཁྱད་པར་ཇི་ལྟ་ བུ་ཅན་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་བོ་སྟེ། བཅུད་དུ་གྱུར་པའི་ལྷ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་རྡོ་རྗེ་འཆང་ངོ་། །དེ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ནི་ཉན་ཐོས་ལ་སོགས་པ་ལ་བསྟན་པར་བྱ་བ་མ་ཡིན་པའི་ བརྩེ་བའི་རྡོ་རྗེའོ། །དེ་ནས་འདི་ནི་རྙེད་པར་དཀའ་བར་གྱུར་པའོ་ཞེས་དད་པར་གྱུར་པས་ཤེས་ནས་སྤྲོ་བར་གྱུར་པའི་འཁོར་རྣམས་ལ་སྤྲོ་བ་བསྐྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། ཨེ་མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །ཉོན་ཅིག་ཅེས་བྱ་བ་ནི་ཐོས་པ་ལ་སྦྱོར་བའོ། །རྡོ་རྗེ་སྙིང་པོས་གསོལ་ བ་ཞེས་བྱ་བ་ལ་ཅི་ཞིག་གསོལ་ཞེ་ན། དོན་གསུམ་དྲི་བར་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པ་ལ། དབྱེར་མི་ཕྱེད་པས་ན་མི་ཕྱེད་པ་སྟེ། བདག་དང་གཞན་གྱི་རྒོལ་བ་དག་གིས་མི་ཚུགས་པས་སོ། །དེ་ཅི་ཞིག་ཅེ་ན། ཆོས་ ཐམས་ཅད་ཀྱི་སྟོང་པ་ཉིད་དོ། །དེ་ཡང་འཕགས་པ་ལྷའི་ཞལ་སྔ་ནས། སྟོང་པ་ཉིད་དུ་སྨྲ་བ་ཡིས། །རྩོད་པ་བཟློག་པ་བྱས་པ་ནི། །དེས་ནི་ཐམས་ཅད་བཟློག་པར་འགྱུར། །བསྒྲུབ་བྱ་དང་མཚུངས་གྱུར་པའི་ཕྱིར། །ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་རྡོ་རྗེ་གཙུག་ཏོར་ ལས། སྙིང་པོ་བརྟེན་ཞིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཚིག་པ་དང་མི་ཉམས་པའི། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་གསུངས་པ་ཡིན་ནོ། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་བྱ་བ་གསུངས་པ་ལ། ཡོད་པའི་སྲིད་པ་ནི་སེམས་དཔའ་སྟེ། རྐྱེན་ ཉིད་འདི་པའི་མཚན་ཉིད་ཅན་དོན་བྱ་བ་ཉིད་དེ་ཕུང་པོ་ལྔའི་བདག་ཉིད་ཅན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་སྲིད་པ་གསུམ་སྟེ་ལུས་དང་ངག་དང་ཡིད་དོ། །དེ་དག་གཅིག་ཉིད་དུ་གྱུར་པ་ནི། །གཉིས་ཀྱི་ དངོས་པོ་མེད་པ་སྟེ། །འོད་གསལ་བའི་མཐར་ཐུག་པར་གྱུར་པའི་ཕྱིར། ཤེས་རབ་རིགས་པ་འདི་ཉིད་ནི། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དབུ་མའི་དཔྱད་པ་འདི་ཉིད་དོ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་བྱ་བ་ནི་ཆོས་ཀྱི་སྐུའོ། །ཡེ་ཤེས་ཆེན་པོའི་རོས་ ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ཆེན་པོ་ནི་ཐེག་པ་ཆེན་པོ་ཕུལ་དུ་བྱུང་བའི་ཆོས་སོ། །དེའི་རོ་ནི་མྱོང་བ་སྟེ་དེས་གང་བའོ། །འདི་སྐད་བསྟན་པར་འགྱུར་ཏེ། མཆོག་ཏུ་འབར་བའི་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་སྤྲས་པའི་གཞལ་ཡས་ཁང་གི་ནང་ན་ཤིན་ཏུ་རྣམ་པར་དག་པའི་ མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་དཔག་ཏུ་མེད་པའི་རྣལ་འབྱོར་མའི་ཚོགས་དང་ལྷན་ཅིག་བསྡུ་བ་དང་སྤྲོས་པའི་ཚུལ་གྱི་རང་བཞིན་གྱིས་བདེ་བ་ཆེན་པོའི་རོས་ངོམས་ཤིང་འཁོར་བ་ཇི་སྲིད་ཀྱི་བར་དུ་འཕོ་བ་མེད་པའི་རྟག་པར་གྱུར་པས་རྟག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་སེམས་ དཔའ་ཆེན་པོ་དེ་ནི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་སྤྲོ་བའི་སྦྱོར་བས་ཀུན་དུ་འགྲོ་བའི་ཕྱིར་དམ་ཚིག་སྟེ། ཅི་ལྟར་རིགས་པའི་ཐབས་ཀྱིས་གདུལ་བྱ་སྣ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་ཁམས་གསུམ་དུ་འབྱུང་བར་འགྱུར་བས་དམ་ཚིག་ གོ། །དེ་ལ་རྟག་ཏུ་འཇུག་པར་གྱུར་པ་ཉིད་ཀྱིས་ན་སེམས་དཔའ་སྟེ། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའི་རིགས་དཔག་ཏུ་མེད་པ་ནི་དམ་ཚིག་སེམས་དཔའ་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ནོ། །རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་བ་ལ་དོན་ཅི་ཞིག་གསོལ་ཞེ་ན། བརྩེ་བའི་རྡོ་རྗེའི་རྡོ་རྗེ་འཆང་ ཉིད་ཀྱི་རྒྱུའི་མིང་གིས་གང་མཚོན་པའི་དོན་ཞུས་པ་སྟེ། དགྱེས་པའི་རྡོ་རྗེ་ཞེས་བྱ་བ་མཚན་མ་བསྡུས་པ་འདི་ལྟ་བུ་ཞེས་པའོ། །ཐབས་དང་ཤེས་རབ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྒྱུད་ཅེས་བྱ་བ་ནི་རྒྱུན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྒྱུད་དང་འབྲས་བུའི་རྒྱུད་དང་ཐབས་ཀྱི་རྒྱུད་དོ། །དེ་ལ་ འདིར་རྒྱུ་ནི་རྡོ་རྗེའི་རིགས་ཅན་གྱི་སེམས་ཅན་ནོ། །ཡོངས་སུ་རྫོགས་པའི་དགྱེས་པའི་རྡོ་རྗེའི་གཟུགས་ནི་འབྲས་བུའོ། །ཐབས་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་བྱ་བ་དང་བཅས་པའི་ལམ་མོ། །དེ་ནི་རྡོ་རྗེ་འཆང་བདག་གིས་འདི་སྐད་བདག་གིས་ཞེས་བྱ་བའི་ཚིག་གིས་བསྟན་པ་ཡིན་ནོ། །དེ་དག་ སོ་སོར་བཤད་པར་བཞེད་པས་ཉོན་ཅིག་ཅེས་བྱ་བས་ཐོས་པ་ལ་སྦྱོར་བར་མཛད་དོ། །ཅི་དེ་ཡང་བསྟན་པ་ཙམ་ཞིག་གམ་ཞེ་ན། ལྟ་སྟངས་དགུག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་རིགས་པར་ཞེས་བྱ་བ་ནི། ལྷའི་ལེའུར་གསུངས་པའི་དམན་པ་དང་འབྲིང་དང་མཆོག་གི་རིམ་པས་སོ། ། བསྐྱེད་པ་ནི་དབྱིབས་དང་ཁ་དོག་ལ་སོགས་པའོ། །གནས་ནི་རྟེན་ནོ། །བྱེད་པ་ནི་ཟླ་བ་དང་ཉི་མ་དང་ས་བོན་དང་ཕྱག་མཚན་ནོ། །ནུས་པ་ནི་བཟླས་པ་དང་སྒོམ་པ་མཐར་ཐུག་པ་ལས་རབ་ཏུ་སྐྱེས་པའོ། །ཡེ་ཤེས་ནི་དབབ་པ་ལ་སོགས་པའོ། །རྣམ་ཤེས་ནི་སློབ་དཔོན་གྱི་ལས་སོ། །ལྷ་རྣམས་ནི་དགྱེས་ པའི་རྡོ་རྗེ་ལ་སོགས་པ་རྣམས་སོ། །ཇི་ལྟར་བསྐྱེད་པ་ནི་ཇི་ལྟར་རིགས་པར་བྱུང་བའོ། །དང་པོར་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་ཕྱིར་དང་པོ་ཞེས་བྱ་ཞེ་ན། ཐེག་པ་ཆེན་པོ་གསང་སྔགས་འདིར་ལས་དང་པོ་པའི་སེམས་ཅན་རྣམས་དང་པོར་འཇུག་པར་བྱ་བའི་ཕྱིར་ལྷའི་སྐུ་བསྒོམ་པ་བསྟན་པ་ཡིན་ ཏེ། གང་ཡང་འདི་སྐད་དུ། དང་པོའི་ལས་ཅན་སེམས་ཅན་ལ། །ལྷ་ཡི་སྐུ་ནི་བསྒོམ་པ་ཉིད། །ལས་རྣམས་ཐམས་ཅད་འགྲུབ་བྱའི་ཕྱིར། །རྒྱུད་ལས་དང་པོ་ཉིད་དུ་བསྟན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་འཆད་པར་འགྱུར་བའི་རྫོགས་པའི་རིམ་པ་ལ་ལྟོས་ནས་དེ་བསྟན་པའི་ ཕྱིར་གཅིག་ཅེས་བྱའོ། །རྒྱུ་ཞེས་བྱ་བ་ནི་ཐབས་ཆེན་པོའོ། །དངོས་པོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། །དངོས་པོ་ཉིད་དུ་འབྱུང་བར་འགྱུར་ཞིང་འགྲོ་བ་གཞན་གྱི་ངོ་བོར་འགྱུར་བ་སྟེ་ཕུང་པོ་ལྔའི་མཚན་ཉིད་ཅན་གྱི་ལུས་སོ། །དེ་ཉིད་ཀྱིས་གྲོལ་བར་འགྱུར་བའོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་ བྱ་བ་ནི་བོད་པའོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཕུང་པོ་མེད་པའི་མཚན་ཉིད་ཅན་གྱི་ཐར་པ་ཁ་ཅིག་གིས་སྨྲ་བར་བྱེད་ཅིང་འདི་ལྟར་རྟོགས་ཏེ། གལ་ཏེ་དངོས་པོ་ཉིད་ཀྱིས་གྲོལ་བར་ཇི་ལྟར་འགྱུར་ན་འདིར་འཆིང་བ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར། དངོས་པོ་ཡིས་ནི་འཆིང་བར་འགྱུར། ། ཞེས་བྱ་བ་གསུངས་ཏེ། དེ་ལ་དངོས་པོར་འཛིན་ཅིང་བདེན་པར་མངོན་པར་ཞེན་པས་ཏེ། བདེན་པ་ཉིད་དུ་མངོན་པར་ང་རྒྱལ་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གྲོལ་བར་ཇི་ལྟར་འགྱུར་ཞེ་ན། དེ་ཡོངས་ཤེས་པས་ཞེས་བྱ་བ་སྟེ། དེ་ཡོངས་སུ་ཤེས་པ་ནི་དེ་ཡོངས་སུ་ཤེས་པ་སྟེ། འཆད་པར་འགྱུར་ བའི་མཚན་ཉིད་ཅན་དེ་ཁོ་ན་ཉིད་ཀྱི་ལེའུ་ནས་བསྟན་པའི་སྤྱོད་པ། ངོ་བོས་གཟུགས་མེད་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་ཕུང་པོ་ལྔ་བསྐྱེད་པ་མེད་པའི་མཚན་ཉིད་ཅན་དུ་ཡོངས་སུ་ཤེས་པ་ནི་གྲོལ་བར་འགྱུར་རོ། །རྒྱུ་དེའི་ཕྱིར། དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན། །ཞེས་བོས་པ་ཡིན་ཏེ། ཟླ་བ་ དང་ཉི་མ་དང་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ལྷའི་གཟུགས་ནི་སྤྱིར་བསྒོམ་པར་བྱ་བ་ཡིན་པས་བསྒོམ་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་པ་ཞེས་བྱ་བ་ལ་ཡང་དངོས་པོ་མེད་པ་དེ་ནི་ངེས་པར་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། མ་བྱུང་བའི་དངོས་པོ་ནི་དངོས་པོ་མེད་པས་ ཏེ་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས། གང་གིས་དངོས་རྣམས་དངོས་པོ་མེད་ཤེས་པ། །དེ་ནི་དངོས་པོ་ཀུན་ལ་ཆགས་མི་འགྱུར། །གང་ཞིག་དངོས་པོ་ཀུན་ལ་ཆགས་མེད་པས། །དེས་ནི་མཚན་མེད་ཏིང་འཛིན་རེག་པར་འགྱུར། ། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་བྱ་བ་ནི་བསྟན་པའི་མཚན་ཉིད་ཅན་དེ་བཞིན་དུའོ། །དངོས་པོ་མེད་པ་ཞེས་པ་ནི་དངོས་པོ་མེད་པ་ཡོངས་སུ་ཤེས་པར་བྱའོ། །རིམ་པ་གཉིས་པ་བསྟན་པར་བྱ་བའི་ཕྱིར་ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་གནས་ པར་གྱུར་པས་ལུས་ལ་གནས་པའོ། །བདེ་ཆེན་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ཡེ་ཤེས་ཆེན་པོའོ། །གལ་ཏེ་ལུས་ལ་གནས་པ་ཡིན་ན་ཡེ་ཤེས་ཆེན་པོར་འགྱུར་ཞེ་ན། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བ་གསུངས་ཏེ། ཟག་པ་མེད་པའི་བདེ་བ་ཆེན་པོ་ལྷན་ཅིག་ སྐྱེས་པའི་མཚན་ཉིད་ཅན་གྱི་ཆོས་ཉིད་ལས་ཆོས་ཐམས་ཅད་ཕྱི་རོལ་དུ་གྱུར་པ་མ་ཡིན་པས། དེའི་ཕྱིར་ལུས་ལ་གནས་ན་ཡང་ལུས་ལས་སྐྱེས་པ་ནི་མ་ཡིན་ཞིང་ལུས་ཀྱང་དེའི་རྒྱུ་མ་ཡིན་ཏེ། ལུས་ནི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད། །རོ་དང་ སེམས་ཀྱི་རྣམ་པར་དག་པ་མེད། །རེག་དང་ཆོས་མེད་ཐམས་ཅད་རྣམ་པར་དག །རང་བཞིན་དག་པའི་འགྲོ་ལས་གྲོལ་བར་ཤེས། །ཞེས་གསུངས་པ་ཡིན་ནོ། །དེ་ལ་འདིར་དང་པོའི་ཚིག་གི་ཐོས་པ་ཞེས་བྱ་བའི་སྒྲས་བསྐྱེད་པ་དང་རྫོགས་པའི་རིམ་པས་གཉིས་མཚོན་ཞིང་བསྟན་ནས། རྫོགས་པའི་རིམ་པའི་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་རྟེན་གྱི་དཀྱིལ་འཁོར་ནི་ལུས་ཉིད་ཡིན་ལ། བརྟེན་པ་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་རྩའོ། །འོན་ཀྱང་དེ་དག་དུ་ཞིག་ལྟར་རྣམ་པར་གནས། དེའི་མངོན་པར་རྟོགས་པ་ནི་ཇི་ལྟ་བུ་ཞིག་ཡིན་པ་མི་ཤེས་པས་དྲི་བར་འདོད་ནས། ཀྱེ་ བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་འབབ་ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འབྱུང་བར་གྱུར་པའོ། །རྩ་རྣམ་པ་གསུམ་ནི་གཙོ་བོ་སྟེ་ཞེས་བྱ་བའི་དགོངས་པ་ནི་འདི་ཡིན་ཏེ། རྩ་གསུམ་གྱི་རྣལ་འབྱོར་ཡོངས་སུ་ཤེས་པ་ཙམ་ཉིད་ཀྱིས་ཆོག་པར་འགྱུར་ཏེ། དེ་ཉིད་ དུ་ལྷན་ཅིག་སྐྱེས་པའི་མཚན་ཉིད་ཅན་གྱིས་བརྩི་བའི་རྡོ་རྗེ་ངེས་པར་ལྷག་པ་མཚོན་པར་བྱ་བ་ཉིད་ཡིན་པས་སོ། །གསུམ་པོ་དེ་དག་གི་ངོ་བོ་ཉིད་བསྟན་པའི་ཕྱིར། ཤེས་རབ་རང་བཞིན་ལ་ལ་ནཱ། །ཞེས་བྱ་བ་གསུངས་ཏེ་གོ་སླའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཞུས་པའི་ དགོས་པ་ནི་འདི་ཡིན་ཏེ། ཅི་རྩའི་གཟུགས་ཉིད་བསྒོམས་པར་གྱུར་པ་ཁོ་ནས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཕུན་སུམ་ཚོགས་པར་འགྱུར་བ་ཞིག་ཡིན་ནམ་འོན་ཏེ་གཞན་ཞིག་གིས་ཡིན་ཞེས་དགོངས་པའོ། །དེ་ལ་བཀའ་སྩལ་པ། སྲིད་གསུམ་ཡོངས་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་གསུམ་ ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། དེ་དག་སྐུ་དང་གསུང་དང་ཐུགས་ཀྱིས་བསྡུས་པའི་ཕྱིར་རོ། །དེ་ཡོངས་སུ་གྱུར་པ་ནི་དེའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་སྟོན་པའོ། །ཐབས་ནི་ཐམས་ཅད་རྡོ་རྗེ་ འཆང་གི་གོ་འཕང་ཐོབ་པའི་ཐབས་སུ་གྱུར་པའི་རྒྱུད་ཉིད་རྩའི་རང་བཞིན་ཉིད་ཀྱིས་འཁོར་ལོ་འདིར། །ལ་ལ་ནཱའི་རང་བཞིན་ནི་འདི་ལྟ་བུ། ར་ས་ནཱ་ནི་འདི་ལྟ་བུ་ཨ་བ་དྷཱུ་ཏཱི་ནི་འདི་ལྟ་བུའོ་ཞེས་སློབ་མ་ཡོངས་སུ་གཟུང་བའི་ཕྱིར་རོ། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་བྱ་བ་ཡིན་ནོ། །ཆོས་ པའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་གྱི་རྒྱ་ཆེ་བའི་ཆོས་རྣམས་ནང་དུ་རྟོགས་པར་རྣལ་འབྱོར་པ་གང་གིས་ངེས་པར་བྱས་པ་དེ་ནི་དེའི་སྡོམ་པས་ཏེ་ལུས་སུ་བསྡུས་པའི་ཕྱིར་དང་། བསྡུས་པའི་མཆོག་ཉིད་ཡིན་པའི་ཕྱིར་རོ། །དེའི་དབྱེ་བ་ནི་རྣམ་པ་དུ་མ་ཡིན་ནོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་ པ་ལ། ཡི་གེ་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ནི་ཨཱ་ལིའོ། །ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་ནི་ཀཱ་ལིའོ། །དེ་དག་ཉིད་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཟླ་བ་ཉི་མ་དང་། ཤེས་རབ་དང་ཐབས་སོ། །ཆོས་དང་ལོངས་སྤྱོད་དང་སྤྲུལ་པ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱིས་ འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་སྟེ། སྙིང་ག་དང་། མགྲིན་པ་དང་ལྟེ་བ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་འཁོར་ལོ་གསུམ་པོ་དེ་ཉིད་ནི་སྐུའི་འཁོར་ལོ་ནི་ལྟེ་བར། གསུང་གི་འཁོར་ལོ་ནི་མགྲིན་པར། ཐུགས་ཀྱི་འཁོར་ལོ་ནི་ཐུགས་ཀར་རོ། །གསུམ་ པོ་ཡོངས་སུ་ཤེས་པའི་ངོ་བོ་ཉིད་བདེ་བ་ཆེན་པོའི་འཁོར་ལོ་སྟེ་སྤྱི་བོར་ཤེས་པར་བྱའོ། །འཁོར་ལོ་བཞི་པོ་འདི་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་ངོ་བོ་ཉིད་ཕྱག་རྒྱ་བཞི་དང་། འདི་སྐད་བདག་གིས་ཞེས་བྱ་བར་གྲགས་པ་ཡང་ཡིན་ནོ། །ད་ནི་སྤྲུལ་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་དྲུག་ཅུ་རྩ་བཞི་པའི་དབུས་ཀྱི་བརྒྱད་ལ་ནི་གཡོན་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །ལྟེ་བར་ནི་ཡི་གེ་ཨའོ། །སྙིང་གར་ནི་པདྨ་འདབ་མ་བརྒྱད་པ་ཐུར་དུ་བལྟས་པའི་མཚམས་ཀྱི་འདབ་མ་བཞི་ལ་ནི་ཡ་ར་ལ་ཝའོ། །ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་ཨཱི་ཨཱུ་ཨེ་ཨོ་བཞིའོ། །ལྟེ་བར་ནི་ཡི་གེ་ཧཱུཾ་ ཁ་ཐུར་དུ་བལྟས་པའོ། །མགྲིན་པའི་པདྨ་མ་འདབ་མ་བཅུ་དྲུག་པ་ཁ་གྱེན་དུ་བལྟས་པའི་དབུས་ན་གནས་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ནི་ཨ་ཨི་ཨུ་ཨེ་རྣམས་གཡོན་སྐོར་དུའོ། །ལྟེ་བར་ནི་ཨོཾ་མོ། །སྤྱི་བོར་ནི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཡི་གེ་ ཧཾ་ཁ་ཐུར་དུ་བལྟས་པའོ། །འཁོར་ལོ་བཞི་པོ་འདི་དག་ནི་འཆད་པར་འགྱུར་བའི་ཆོས་ཅན་དུ་བསྐྱེད་པའི་རིམ་པས་མོས་པར་བྱ་བ་སྟེ། མཆོག་ཏུ་གྱུར་པ་བསྡུས་པ་ཉིད་ཡིན་ནོ། །སྐད་ཅིག་མ་བཞི་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལ་སོགས་པ་བཞི་ལ་མོས་པར་བྱ་བའོ། །འཕགས་པའི་བདེན་ པ་བཞི་ཡང་འདི་ཉིད་ལ་མོས་པར་བྱ་བ་ཉིད་ཡིན་ཏེ། འཁོར་ལོ་བསྒོམ་པ་ཡོངས་སུ་རྫོགས་པར་གྱུར་ན་འཕགས་པའི་བདེན་པ་བཞི་བསྒོམ་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །སྡེ་པ་བཞི་ཞེས་བྱ་བ་ལ། འདི་དག་ཀྱང་འདི་ཉིད་དུ་མོས་པར་བྱ་བ་ཉིད་ཡིན་ཏེ། འཁོར་ལོ་བཞི་བསྒོམ་པ་ཉིད་དུ་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །བསྐྱེད་པའི་རིམ་པར་བཤད་པ་གཅིག་ཡིན་ནོ། །སྡོམ་པའི་དབྱེ་བ་ལ་སོགས་པ་ལ། སྡོམ་པ་ནི་དབང་བསྐུར་བའོ། །དེའི་རབ་ཏུ་དབྱེ་བ་ནི་དབྱེ་བ་སྟེ། འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །དེ་ཡང་ཇི་སྐད་དུ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དབང་བསྐུར་བ་ནི་བཞི་རུ་བསྒྲགས། །འདི་ཡིས་བཀྲུས་ཤིང་དབང་བསྐུར་བས། །དེ་ཕྱིར་དབང་བསྐུར་ཞེས་བྱར་བརྗོད། །ཅེས་གསུངས་པ་ཡིན་ནོ། །དབང་བསྐུར་བ་བཞི་པོ་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པའི་ཕྱིར། འདི་ལྟར་ཡང་། སློབ་དཔོན་ གསང་བ་ཤེས་རབ་དང་། །དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་མའི་རྒྱུད་འདིར་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་གྱུར་པ་ཀུན་དུ་སྤྱོད་པའི་ཕྱིར་སློབ་དཔོན་ཏེ། དེ་ཉིད་ཀྱི་དེའི་སྡོམ་པ་ཡིན་པས་སོ། །སློབ་ དཔོན་གྱིས་དབང་བསྐུར་བའི་ངོ་བོ་གང་ལས་ཀྱི་ཕྱག་རྒྱ་ལས་སྐད་ཅིག་མ་བཞིས་དགའ་བ་བཞིའི་རང་གི་ངོ་བོ་ཉིད་རབ་ཏུ་བསྒྲུབ་པ་ཞེས་བྱ་བ་ཡིན་གྱི། ཡང་བྱ་བའི་རྒྱུད་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཐོབ་པས་སློབ་དཔོན་གྱིས་དབང་བསྐུར་བས་དབང་ བསྐུར་བ་ལ་ནི་མི་བྱའོ། །དེ་ལྟ་བས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་སོགས་པ་ཐམས་ཅད་བཤད་པ་དང་ཉན་པ་ལ་སོགས་པའི་སྐལ་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་ནི་ཅི་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དང་པོར་རེ་ཞིག་དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་མའི་ རྒྱུད་རྣམས་མཉན་པ་དང་བསྒོམ་པ་ལ་སོགས་པ་ལ་དབང་བར་བྱ་བའི་ཕྱིར་སློབ་དཔོན་གྱི་དབང་བསྐུར་བ་ཉིད་ཀྱིས་དབང་བསྐུར་བར་བྱའོ། །ཡང་དེ་ནི་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་དུ་སློབ་དཔོན་དང་གསང་བ་དང་ཤེས་རབ་དང་བཞི་པའི་མཚན་ཉིད་ཀྱིས་ཉེ་བར་མཚོན་པ་ཡིན་པར་རིག་པར་བྱའོ། །དེ་ ལྟ་བུའི་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པའི་དབང་པོ་རྟུལ་པོ་རྣམས་ལ་ནི་མོས་པས་ངེས་པར་བཟུང་ནས། ལས་ཀྱི་ཕྱག་རྒྱ་དང་སྤྲོས་པའི་ཕྱག་རྒྱ་བསྒོམ་པ་བསྟན་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་རྫོགས་པའི་རིམ་པའི་ཕྱོགས་ལ་ཡང་གསང་བར་གནས་པའི་ནོར་བུ་བླ་མའི་མན་ངག་ཉིད་ཀྱིས་སྐད་ ཅིག་མ་བཞིའི་རང་བཞིན་དགའ་བ་བཞི་པོ་ཉམས་སུ་མྱོང་བ་དེ་ནི་གསང་བའི་དབང་བསྐུར་བ་ཞེས་བྱ་བར་བརྗོད་དེ། སྤྲོས་པ་བསྒོམ་པ་ལ་སྦྱོར་བའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འདིར་དབང་བསྐུར་བའི་དབང་པོ་འབྲིང་པོ་རྣམས་ལ་ནི་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་ཉེ་བར་ བསྟན་ཅིང་བཤད་པར་བྱའོ། །དེ་བཞིན་དུ་ཁྱད་པར་ཅན་གྱི་ཡེ་ཤེས་ནི་ཤེས་རབ་སྟེ། ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་ཤེས་པའོ། །དེ་རབ་ཏུ་བསྒྲུབ་པའི་ཕྱིར་དབང་བསྐུར་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཡང་དེ་ནི་གཞན་གྱི་དབང་དང་ཀུན་བརྟགས་དང་ཡོངས་སུ་གྱུར་པ་ རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་བསྡུས་པའི་གཟུགས་ཅན་སྙིང་གི་ནོར་བུར་གང་བླ་མའི་མན་ངག་ཉིད་ཀྱིས་ཕྱི་རོལ་གྱི་ཕྱག་རྒྱ་དང་སྐད་ཅིག་མ་རྣམས་ཡང་དག་པར་མཚོན་པ་ནི་ཤེས་རབ་ཡེ་ཤེས་ཡིན་པར་རིག་པར་བྱའོ། །དབང་བསྐུར་བ་དེས་དབང་བསྐུར་བའི་དབང་པོ་རབ་རྣམས་ལ་ནི་སྒྱུ་མ་ལྟ་ བུའི་ཏིང་ངེ་འཛིན་གྱིས་ཆོས་ཀྱི་ཕྱག་རྒྱ་ཉེ་བར་བསྟན་ཅིང་བཤད་པར་བྱའོ། །དེ་བཞིན་དུ་བཞི་པ་ཡང་ཡིན་ཏེ། དེ་ལྟར་དེ་བཞིན་ཡང་ཞེས་བྱ་བ་སྟེ། དེ་ཞེས་པ་ནི་ཤེས་རབ་ཡེ་ཤེས་སོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་ཞེས་བྱ་བ་རྣམས་ ལ་དོན་གྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །དབང་བསྐུར་བ་གང་གིས་དེའི་ངོ་བོ་ཉིད་མཐོང་བའམ་རབ་ཏུ་བསྒྲུབ་པ་སྟེ། དེ་བཞིན་ཞེས་བྱ་བའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ་ཞེས་ བྱ་བའི་དོན་ཏོ། །ཡང་དེ་ནི་ཕྱི་རོལ་གྱི་ཕྱག་རྒྱ་དང་། གང་བླ་མའི་མན་ངག་ཉིད་ཀྱིས་ཡུལ་སོ་སོར་ངེས་པར་ཡོངས་སུ་བཅད་པ་མ་ཡིན་པའི་མཚན་ཉིད་ཅན་སྐད་ཅིག་མའི་ཕུན་སུམ་ཚོགས་པ་ལ་དམིགས་པ་མེད་པར་དམིགས་པའི་རྣལ་འབྱོར་གྱིས་དམིགས་པར་བྱེད་པ་དེ་ནི་དབང་བསྐུར་བ་བཞི་པ་ཞེས་ བྱ་བར་བརྗོད་པར་བྱ་བའི་མན་ངག་ཉེ་བར་བསྟན་པར་བྱས་པ་ཙམ་གྱིས་ནི་དབང་བསྐུར་བ་བཞི་པར་འགྱུར་བ་མ་ཡིན་ནོ། །གཞན་དུ་ན། འདི་ཡིས་བཀྲུས་ཤིང་དབང་བསྐུར་བ། །ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་ནི་འདིར་དྲི་མ་བཀྲུ་བར་བཞེད་པ་ཡིན་ན། དེ་ཇི་ལྟ་ན་མན་ ངག་བསྟན་པ་ཙམ་གྱིས་ཡིན་པར་འགྱུར། གལ་ཏེ་བཞི་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་བསྟན་ན་དེར་ཇི་ལྟར་མི་འགྱུར་ཞེ་ན་དེ་ནི་བདེན་མོད། །འོན་ཀྱང་དེ་ཁོ་ན་ཉིད་ནི་ངག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་བརྗོད་པར་ནུས་པ་མ་ཡིན་ལ། ཐོས་པས་བསྒྲུབ་པར་ཡང་མི་ནུས་སོ། །དེ་ཡང་འདི་སྐད་དུ། ནང་ན་གསལ་བ་དེ་ཉིད་ནི། །ངག་ལས་མངོན་སུམ་ཐོས་མཐོང་ཡིན། །འོན་ཀྱང་སྒྲ་ལ་རྣམ་རྟོག་གི། །གཟུགས་བརྙན་འབྱུང་བར་འགྱུར་བ་ཡིན། །རང་གི་རྣམ་རྟོག་དེ་དེ་རྒྱས། །བརྟགས་པའི་དེ་ཉིད་བསྒོམས་པ་ཡིས། །རྒྱུད་ལ་རྣམ་རྟོག་འཁྲུག་འགྱུར་ན། །དེ་ཉིད་རྟོག་པར་ཇི་ལྟར་འགྱུར། ། ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དབང་བསྐུར་བས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པར་འགྱུར་ཞིང་། དྲི་མ་མ་ལུས་པ་དག་པར་འགྱུར་ན། དེ་ལྟར་ན་དེའི་སྐད་ཅིག་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན། དབང་པོ་རྣོན་པོ་བརྩོན་འགྲུས་འབར་བ་རྣམས་ཀྱིས་འགྲུབ་ པ་ཉིད་ཡིན་ནོ། །གང་ཞིག་སུས་ཀྱང་མི་འདོད་ཅིང་མ་མཐོང་བས་དེ་མེད་པར་འགྱུར་རམ་ཅི། དེ་ཡང་ཇི་སྐད་དུ། རྡོ་རྗེ་ཐེག་པའི་ཐབས་ཀྱིས་གང་། །ཡིད་ནི་དག་པར་བྱས་གྱུར་ནས། །བདེ་བ་ཆེན་པོའི་ཆོས་ཀྱི་སྐུ། །རང་རིག་གསལ་པོར་བྱེད་པར་འགྱུར། །དོན་གྱི་སྟོབས་ཀྱིས་ཐོས་པ་ཡིས། ། རྡོ་རྗེ་གསུམ་པོ་རྣམ་ངེས་པས། །བདག་མེད་པ་ནི་ངེས་རིག་ནས། །སྲིད་པའི་འཁྲུལ་པ་ཀུན་ནས་གཅོད། །དེ་ཉིད་རང་སྔགས་གྱུར་པ་ནི། །ཕུན་སུམ་ཚོགས་ཐབས་རྙེད་པར་སླ། །རྡོ་རྗེ་འཛིན་པ་དེ་ཡི་ནི། །དངོས་གྲུབ་ལག་པའི་མཐིལ་ན་གནས། །ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། ། དེ་ལྟ་བས་ན་འདི་ནི་ཅི་ཡང་མ་ཡིན་ཏེ། གང་གི་ཕྱིར་དབང་བསྐུར་བ་བཞི་པའི་དུས་དེ་ཉིད་དུ་དབང་པོ་རབ་ཀྱིས་འཇུག་པའི་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཡང་དེ་ལས་གཞན་པ་རྣམས་ལ་ནི་ཕྱག་རྒྱ་ཆེན་པོའི་མན་ངག་བསྟན་པར་བྱའོ་ཞེས་བྱ་བར་གནས་ སོ། ད་ནི། ཤེས་རབ་རང་བཞིན་ལ་ལ་ནཱ། །ཞེས་བྱ་བ་ལ་སོགས་པས་ཡང་དབང་གི་དོན་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་རྩ་གསུམ་གྱི་དབྱེ་བ་བསྟན་པར་བྱ་སྟེ། ལ་ལ་ནཱ་ནི་གཡོན་པའི་རྩ་སྟེ་ཨཱ་ལིའི་རང་བཞིན་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ར་ས་ནཱ་ནི་གཡས་པའི་རྩ་སྟེ་ཀཱ་ལིའི་རང་བཞིན་ཐབས་ཀྱི་ངོ་བོ་ ཉིད་དོ། །དེ་དག་གཅིག་པའི་ངོ་བོ་ཉིད་དབུས་ཀྱི་ཡུལ་ན་གནས་པ་ནི་ཨ་བ་དྷཱུ་ཏཱིའོ། །ལ་ལ་ནཱ་ནི་ཆོས་ཀྱི་སྐུ། ར་ས་ནཱ་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཨ་བ་དྷཱུ་ཏཱི་ནི་སྤྲུལ་པའི་སྐུའོ། །དེ་དག་ཉིད་ཇི་ལྟར་རིགས་པར་ལུས་དང་ངག་དང་ཡིད་དོ། །འཁོར་ལོ་གསུམ་རྩ་གསུམ་དང་གཉིས་སུ་མེད་པར་སྦྱོར་ བ་ལས་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །བདེ་བ་ཆེན་པོ་རྟོགས་པར་གྱུར་ན་ནི་དབང་བསྐུར་བ་བཞི་དང་སྐད་ཅིག་མ་དང་དགའ་བའི་རབ་ཏུ་དབྱེ་བ་ཡང་རིག་པ་ཉིད་དུ་འགྱུར་རོ། །ཇི་ལྟར་བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་འཁོར་ལོའི་གྲངས་ཀྱི་རིམ་པ་རྣམ་པར་གཞག་པ་དེ་བཞིན་དུ་དབང་ བསྐུར་བའི་ཕྱོགས་ལ་ཡང་རྟོགས་པར་བྱའོ། །འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ་ཡང་དབང་བསྐུར་བ་བཞི་དང་རིམ་པ་བཞིན་ཏེ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། །ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བའི་རྣམ་པར་དག་ པའོ། །དེ་བཞིན་དུ་དེ་ཁོ་ན་ཉིད་ནི་བཞི་སྟེ། བདག་གི་དེ་ཁོ་ན་ཉིད་ནི། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར། །ཞེས་གསུངས་པ་དང་། ལྷ་ལ་སོགས་པ་དེ་ཁོ་ན་ཉིད་ནི་དགྱེས་པའི་ རྡོ་རྗེ་ལ་སོགས་པའི་སྒྱུ་མ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ། །དེ་ཡང་ཇི་སྐད་དུ་མཁའ་འགྲོ་མ་རྡོ་རྗེའི་གུར་ལས། གྲོགས་དག་ཆུ་ནང་ཟླ་བ་ལ། །བརྫུན་མིན་བདེན་པའང་མིན་པ་ལྟར། །དེ་བཞིན་དཀྱིལ་འཁོར་འཁོར་ལོའི་ལུས། །དང་ཞིང་གསལ་བའི་རང་བཞིན་ནོ། །ཞེས་གསུངས་ པ་ཡིན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡིད་ལ་བྱ་བ་ཡིན་ཞིང་སྐྱོབ་པ་ཡིན་པས་སྔགས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་སོ། །ཉེ་བར་བརྟགས་ནས་ནི་དེ་དག་གསལ་བར་བྱེད་པའི་ཡི་གེ་ཨ་ལ་སོགས་པ་ཡང་ཡིན་ནོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་སྤྲོས་པ་མེད་ པ་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། དེ་བཞིན་དུ་དགའ་བ་རྣམས་ཀྱི་རིམ་པའི་དབྱེ་བས་རིག་པར་བྱའོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐད་ཅིག་མ་བཞི་དང་དབང་བསྐུར་བའི་དབྱེ་བ་ཉིད་སོ་སོར་བཞི་བཞིར་དབྱེ་བ་བྱས་ན་རྣམ་པ་བཅུ་དྲུག་ཏུ་འགྱུར་རོ། །དེ་དག་ཀྱང་དབང་བསྐུར་བ་གསུམ་གྱིས་ རྣམ་པར་གཞག་པར་བྱ་བར་ནུས་པ་ཡིན་གྱི་དབང་བསྐུར་བ་བཞི་པ་བསྟན་པའི་དུས་སུ་ནི་ཆོས་ཐམས་ཅད་མི་དམིགས་པ་ལ་དམིགས་པར་སྦྱོར་བས་ནུས་པ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །སྡེ་བ་ཞེས་བྱ་བ་ལ་སོགས་པ་ལ། སྡེ་པ་ནི་དགེ་སློང་གི་དགེ་འདུན་གྱི་སྟེ། དེ་ནི་བརྟག་པ་གཉིས་ པའི་ལེའུ་བཞི་པ་ལས། གནས་བརྟན་སྤྲུལ་པའི་འཁོར་ལོ་སྟེ། །ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་རོ། །ད་ནི་སེམས་བརྟན་པར་བྱ་བའི་ཕྱིར་དང་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྟན་པར་བྱའོ། །ཨཱ་ལི་དང་ཀཱ་ལི་དང་ཞེས་བྱ་བ་ལ་སོགས་པ་ ལ་ཨཱ་ལི་ནི་སྣ་ཁུང་གཡོན་པ་ནས་འབྱུང་བའི་རླུང་ངོ་། །ཀཱ་ལི་ནི་དེ་ལས་གཞན་ལས་འབྱུང་བའི་རླུང་ངོ་། །དེ་དག་ཉིད་ནས་འབྱུང་བ་དང་གནས་པ་དང་ལྡང་བའི་རིམ་གྱིས་ཡི་གེ་ཨོཾ་ཨཱཿཧཱུྃ་གི་གཟུགས་ཀྱིས་ལྷག་པར་མོས་པར་བྱས་ལ་རྣལ་འབྱོར་པས་བལྟས་ན་སེམས་ཀྱི་བརྟེན་པ་ཉིད་ཐོབ་ པར་འགྱུར་ཞིང་བདེ་བར་འགྱུར། མྱུར་བར་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ། །དེ་ལ་ཉིན་ཞག་གཅིག་ལ་རླུང་གི་འཕོ་བ་བཅུ་དྲུག་ཏུ་འབྱུང་བར་འགྱུར་རོ། །དེ་ལྟར་ཐམས་ཅད་བཞིའོ་ཞེས་བྱ་བ་ནི་ཐ་དད་དུ་སྦྱར་བར་བྱ་བ་ཡིན་ཏེ། དགེ་འདུན་ཕལ་ཆེན་ནོ་ཞེས་བྱ་བའི་རྗེས་ ཐོགས་སུ་བལྟ་བར་བྱའོ། །གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ་གསུམ་པ་ནི་ཤེས་རབ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པ་རྩད་ནས་འབྱིན་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཨཱ་ལི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེས་ན་ཙཎྜ་ལཱི་ཞེས་བྱ་བའི་སྒྲར་བརྗོད་དོ། ། ལྟེ་བར་འབར་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་ལྟེ་བར་འདོད་ཆགས་ཆེན་པོའི་མེས་སོ། །འབར་ནས་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལྔ་བསྲེགས་པ་སྟེ། དངོས་པོ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ། །སྤྱན་ལ་སོགས་པ་ཞེས་བྱ་བ་ ནི་ས་ལ་སོགས་པའོ། །བསྲེགས་ནས་ཅི་ཞིག་བྱེད་ཅེ་ན། རྗེ་བཙུན་སྙིང་རྗེའི་ཞེས་བྱ་བ་ལ་སོགས་པའི་ཀླུས་བསྐུལ་བའི་རྗེས་ཐོགས་སུའོ། །རི་བོང་ཅན་ཧཾ་འཛག་ཅེས་བྱ་བ་ལ། ཡི་གེ་ཧཾ་གི་ངོ་བོ་ཉིད་རི་བོང་ཅན་ཏེ་རྡོ་རྗེ་སེམས་དཔའོ། །འཛག་པ་ནི་རབ་ཏུ་འབབ་པ་སྟེ། བརྩེ་བའི་རྡོ་རྗེ་བདག་ཉིད་ ཀྱི་ལུས་ཀྱིས་འགྲོ་བའི་དོན་བྱེད་པ་འཐོབ་པའོ། །འདི་ནི་བསྐྱེད་པའི་རིམ་པའི་བཤད་པའོ། །གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཙཎྜ་ནི་ཤེས་རབ་སྟེ་ཡི་གེ་ཨའོ། །ཨཱ་ལི་ནི་རྡོ་རྗེ་སེམས་དཔའ་སྟེ་ཡི་གེ་ཧཱུྃ་ངོ་། །ཡི་གེ་ཨཱཿདང་ཧཱུྃ་ནི་ཙཎྜ་ལཱི་སྟེ་དེ་དག་གཉི་ག་རོ་གཅིག་པར་གྱུར་ནས་ཐིག་ལེའི་གཟུགས་ ཀྱིས་རྡོ་རྗེ་ནོར་བུའི་རྩེ་མོའི་བུག་པའི་ལྟེ་བར་བདེ་བ་ཆེན་པོ་འདོད་ཆགས་ཀྱི་མེ་འབར་བས་བསྲེགས་པའོ། །དེ་བཞིན་གཤེགས་པ་ལྔ་སྟེ་ཕུང་པོ་ལྔ་དང་། སྤྱན་ལ་སོགས་པ་སྟེ་ས་ལ་སོགས་པ་རྣམས་བསྲེགས་ནས་འཛག་ཅེས་བྱ་བ་བདེ་བ་ཆེན་པོའི་འཁོར་ལོ་ནས་རི་བོང་ཅན་ཏེ་བྱང་ཆུབ་ཀྱི་སེམས་སོ། ། ཡི་གེ་དོན་གྱི་བཤད་པའོ། །ཙཎྜ་ཆོས་འབྱུང་དམར་པོ་སྟེ། །ཨཱ་ལི་དང་པོའི་ཡི་གེར་དྲན། །འབར་བ་ཀུན་དུ་བསྡམས་བྱས་ནས། །རླུང་གིས་འབད་ནས་བསྐོར་བྱས་པས། །མིག་ལ་སོགས་པའི་ཡེ་ཤེས་ལྔ། །མདོར་ན་སངས་རྒྱས་ལྔ་ཡིན་ཏེ། །འབྱུང་བ་ལྔ་ཡི་བདག་བསྲེགས་པས། །བྱང་ སེམས་སེམས་ཅན་དོན་ཀུན་བྱེད། །ཅེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་སྦྱིན་པའི་བཤད་པའོ། །ཙཎྜ་ནི་ཤེས་རབ་སྟེ་གཡོན་གྱི་རྩའོ། །ཨཱ་ལི་ནི་ཐབས་ཏེ་གཡས་ཀྱི་རྩའོ། །དེ་དག་གཉི་ག་བླ་མའི་མན་ངག་ཉིད་ཀྱིས་ཡང་དག་པར་འབྱོར་པར་འགྱུར་བ་ནི་ཙཎྜ་ལཱི་ཞེས་བརྗོད་པར་བྱའོ། ། ལྟེ་བར་འབར་ཞེས་བྱ་བ་འདིར་ལྟེ་བའི་སྒྲས་ནི་དབུས་ཀྱི་ཚིག་སྟེ་དེ་དག་གི་བར་གྱི་ཨ་བ་དྷཱུ་ཏཱིའོ། །བསྲེགས་ཤིང་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་མེས་ཕུང་པོ་ལྔ་རྣམས་སོ། །སྤྱན་ལ་སོགས་ཞེས་བྱ་བ་ནི་ས་ལ་སོགས་པ་རྣམས་སོ། །བསྲེགས་ཏེ་ཞེས་ བྱ་བ་ནི་བདག་དང་བདག་གིར་བྱེད་པ་བསྲེགས་པའོ། །རི་བོང་ཅན་ཧཾ་འཛག་ཅེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་འབྱུང་བར་འགྱུར་བའོ། །དེ་ནི་འཆད་པར་འགྱུར་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་ནས་ཀྱང་ནི་རྙེད་མི་འགྱུར། །བླ་མའི་དུས་ཚིགས་བསྟན་པ་ལས། །རང་ གིས་ཤེས་འགྱུར་བསོད་ནམས་ཀྱིས། །ཞེས་བྱ་བ་སྟེ། འདི་ཡང་ཡང་དག་པར་རབ་ཏུ་ཕྱིན་པའི་བཤད་པའོ། །ཙཎྜ་ནི་ཤེས་རབ་སྟེ་བསྐྱེད་པ་དང་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་སྤྱོད་པའོ། །ཨཱ་ལི་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་གྱི་སེམས་སོ། །དེས་ན་སྟོང་པ་ཉིད་དང་སྙིང་རྗེ་ ནི་ཙཎྜ་ལཱི་ཞེས་བྱ་བའི་སྒྲས་བརྗོད་དོ། །ལྟེ་བ་ནི་དེ་དག་གི་དབུས་ཕྱག་རྒྱ་ཆེན་པོ་འོད་གསལ་བའི་མཚན་ཉིད་ཅན་ནོ། །དེར་གཏུམ་མོ་སྦར་བ་དང་བླ་ན་མེད་པའི་ཤེས་རབ་སྟེ། དེས་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་བསྐྱོད་པ་ལ་སོགས་པ་ དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་པ་དང་། སྤྱན་ལ་སོགས་པ་རྣམས་སོ། །བསྲེགས་པ་ནི་ཐལ་བ་ཙམ་ཡང་མ་ལུས་པར་རོ། །ཕྱི་ནས་བསྲེགས་ནས་རི་བོང་ཅན་ཧཾ་ཞེས་བྱ་བ་ནི་བདག་དང་བདག་གིས་སྤྲོས་པ་ལས་གཞན་ཡོད་པ་མ་ཡིན་པས་སེམས་ཙམ་ཉིད་ནི་བདག་གོ་ཞེས་པའོ། ། བསྲེགས་པས་ཅི་ཞིག་བྱེད་ཅེ་ན། རི་བོང་ཅན་འཛག་ཅེས་བྱ་བ་གསུངས་ཏེ། དེ་ཕྱིར་འོད་གསལ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་གནས་པའི་རི་བོང་ཅན་ཏེ་རྡོ་རྗེ་འཆང་ངོ་། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བ་ནི་སྲིད་གསུམ་ཉིད། །འོད་གསལ་བས་ནི་རྣམ་དག་པའི། །སྐད་ཅིག་དེ་ ལ་མ་ལུས་མཐོང་། །ཞེས་གསུངས་པས་སོ། །རྡོ་རྗེ་རིགས་ཀྱི་ལེའུ་ཞེས་བྱ་བ་ལ་རྡོ་རྗེ་ཞེས་བྱ་བ་ནི་འདིར་དགྱེས་པའི་རྡོ་རྗེའོ། །རིགས་ནི་ལུས་སོ། །ཡང་ན་དེ་འབྱུང་བ་ནི་རིགས་སོ། །དེ་མངོན་པར་གསལ་བར་བྱེད་པའི་ལེའུ་ནི་རྡོ་རྗེའི་རིགས་ཀྱི་ལེའུའོ། །དགྱེས་པའི་རྡོ་རྗེའི་དཀའ་ འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་དང་པོའི་འགྲེལ་པའོ།། །།ནུས་པ་རྣམ་མང་བརྗོད་པ་དང་། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རིངས་བྱེད་དང་མངོན་སྤྱོད་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་པས། དེའི་ཕྱིར་ལེའུ་གཉིས་པའི་དབང་དུ་བྱས་ནས་གསུངས་པ་ ཡིན་ཏེ། སྔགས་ཀྱི་ལེའུ་ཞེས་བྱ་བ་ནི་དོན་དམ་པར་གྱུར་པའི་ཡིད་ཀྱིས་འགྲོ་བ་རྣམས་སྐྱོབ་པར་བྱེད་པས་ན་སྔགས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ལ་བསྔགས་ཞེས་བྱའོ། །སྔགས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་ཡི་གེ་ཨོཾ་ལ་སོགས་པ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་གསལ་བར་ བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དབང་པོ་ལ་སོགས་པ་འཁོར་དང་བཅས་པ་ནི་འབྱུང་པོ་ཐམས་ཅད་དེ། འདི་ཡང་ལྷ་དེ་དག་གི་ཡིན་པས་འབྱུང་པོ་ཐམས་ཅད་པའོ། །གཏོར་མ་ནི་མཆོད་པའི་ཕྱིར་ཉེ་བར་དགོད་པའོ། །དེའི་དོན་གྱི་སྔགས་ལ་ཡང་དེ་སྐད་ཅེས་བྱའོ། །སྔགས་ཐམས་ ཅད་ཅེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་བཟླས་པའི་སྔགས་ཀྱི་ཚིག་སྟེ། ཡི་གེ་ཨོཾ་དང་པོར་སྦྱར་ཞིང་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བས་བརྒྱན་ཅིང་སྭཱ་ཧཱ་མཐར་དབྱེ་བར་བྱའོ། །གཞན་དག་ནི་བླ་མའི་མན་ངག་གིས་ཅི་རིགས་པར་དབྱེ་བར་བྱའོ། །ཨ་ཕུཿཞེས་བྱ་བ་ལ་སོགས་པ་ལ་ཀླུས་བྱིན་གྱིས་བརླབ་པའི་མཚེའུ་ལས་ ས་ནག་པོ་བླངས་ནས་ཀླུ་མཐའ་ཡས་ཀྱི་གཟུགས་བརྙན་སོར་བཞི་པའི་ཚད་གདེངས་ཀ་བདུན་ཡོད་པ་བྱས་པའོ། །བདུད་རྩི་ལྔ་ཞེས་བྱ་བ་ནི་ཞོ་དང་འོ་མ་དང་མར་དང་བའི་ཆུ་དང་ལྕི་བའོ། །བ་ནག་མོའི་འོ་མས་དགོང་ཞེས་བྱ་བ་ནི་ཁམ་ཕོར་རོ། །དཀྲི་ཞེས་བྱ་བ་ནི་ཁ་སྦྱོར་རོ། །གཞག་ཅེས་བྱ་བ་ནི་ རྫིང་བུའི་ནང་དུའོ། །བདག་ཉིད་ཀྱིས་ཞེས་བྱ་བ་ནི་འགྱིང་བ་དང་བཅས་པའི་ཁྲོ་བའི་སེམས་ཀྱིས་སོ། །ཨ་ཀ་ཞེས་བྱ་བ་ནི་པ་ན་སའོ། །ཕ་རོལ་སྡེ་ཞེས་བྱ་བ་ལ་སོགས་པ་ལ། བདུད་རྩི་ལྔ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་ནོ། །ཚངས་པའི་ས་བོན་ཞེས་བྱ་བ་ནི་པཱ་ལ་ཤའི་ས་བོན་ནོ། །དུས་ མ་ཡིན་པའི་དུས་ཞེས་བྱ་བ་ནི་བདུན་ནམ་བཅུ་གསུམ་གྱིའོ། །རྡོ་རྗེ་མ་དང་དཀར་མོ་དང་། །ཞེས་བྱ་བ་ལ་སོགས་པ་ལ་ནི་འདིའི་རྣལ་འབྱོར་ནི་འདི་ཡིན་ཏེ། ཡི་གེ་ཨཱ་ལས་ངེས་པར་འབྱུང་བའི་རོའི་སྟེང་ན་གནས་པ་ཁ་དོག་དཀར་མོ་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་རྡོ་རྗེ་མ་བསྒོམ་པར་བྱའོ། ། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བ་སྔོན་དུ་བསྙེན་པའི་དོན་དུ་འབུམ་བཟླ་བར་བྱའོ། །ཕྱི་ནས་ཁམ་པོར་མ་བསྲེགས་པ་ལ་རྡོ་རྒྱུས་ཀྱིས་ཡི་གེ་པཾ་བྲིས་ལ། དེའི་དཀྱིལ་དུ་ཨོཾ་ཧཱུྃ་དེ་བ་དཏྟ་སྟཾ་བྷ་ཡ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བ་བྲིས་ཏེ། དུར་ཁྲོད་ཀྱི་ཐལ་བས་བཀང་ནས་ཁམ་པོར་སོ་མ་བཏང་བ་གཞན་ཞིག་ ཞེས་ཁ་སྦྱར་དུ་བྱས་ལ། དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ་ཟུར་བཞི་པ་བྲིས་ལ་སའི་འོག་ཏུ་བཅུག་ནས་རྐང་པ་གཡོན་པས་མནན་ལ། སྔར་བསྟན་པ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་སྔགས་བཟླ་བར་བྱ་བ་སྟེ། ཨོཾ་ཧཱུྃ་བཛྲ་དེ་བ་དཏྟ་སྟཾ་བྷ་ཡ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བ་བརྒྱ་ རྩ་བརྒྱད་དམ་སྟོང་བཟླས་ན་རེངས་པར་འགྱུར་རོ། །དེ་བཞིན་དུ་ཡི་གེ་ཨི་ལས་ངེས་པར་རྫོགས་པར་གུར་གུམ་གྱི་མདོག་ཅན་གྱི་དཀར་མོའི་རྣལ་འབྱོར་བྱ་སྟེ། ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། །ཡི་གེ་ཨཾ་མེ་ཏོག་བནྡུ་ཀའི་མདོག་ལྟ་བུ་རང་གི་སྙིང་གར་བསྒོམས་ལ། ཨོཾ་ཨཾ་སྭཱ་ཧཱ་ཞེས་བྱ་བའི་ སྔགས་སྔོན་དུ་བསྙེན་པའི་དོན་དུ་འབུམ་བཟླ་ཞིང་། དེ་ནས་བསྒྲུབ་བྱ་ཁ་དོག་དམར་པོ་གོས་དང་བྲལ་བ། སྐྲ་གྲོལ་བ་མདུན་དུ་བསྒོམས་ལ། དེའི་བྷ་གར་ཡི་གེ་ཨོཾ་མེའི་མདོག་ཅན་བསམ་མོ། །ཡང་ན་སྐྱེས་པ་ཡིན་ན་སྙིང་གར་ཏེ། ཡི་གེ་ཨཾ་གི་འོད་ཀྱིས་ཞུ་ཞིང་མྱོས་པར་འགྱུར་བ་ བསམས་ལ། ཨོཾ་ཨཾ་གཽ་རཱི་ཆེ་གེ་མོ་མེ་བྷ་ཤ་མཱ་ན་ཡ་ཧཾ་སྭཱ་ཧཱ་ཞེས་བཟླས་ཤིང་ཞགས་པས་མགྲིན་པ་ནས་བཅིངས་ལྕགས་ཀྱུས་སྙིང་ག་ནས་ཕུག་ནས་ཡང་དག་པར་དྲངས་ནས། རྐང་པའི་དྲུང་དུ་ངེས་པར་ལྷགས་པར་བསམས་ན་ངེས་པར་དབང་དུ་འགྱུར་རོ། །དེ་བཞིན་དུ་ཡི་གེ་ཨི་ལས་ངེས་པར་རྫོགས་ པའི་ཆུ་མའི་རྣལ་འབྱོར་མ་མདོག་སྔོན་པོ་མཐེ་བོ་དང་སྡིགས་མཛུབ་ཀྱིས་ཕྱག་མཚན་པ་བསམས་ལ། སྙིང་གར་ཉི་མ་ལ་ཡི་གེ་ཁཾ་སྔོན་པོ་བསམ་ཞིང་བསྙེན་པའི་དོན་དུ་སྔར་ཨོཾ་ཁཾ་སྭཱ་ཧཱ་ཞེས་བྱ་བ་འབུམ་བཟླས་ལ་བསྒྲུབ་བྱ་གོས་དང་བྲལ་བ། སྐྲ་བཤིག་པ། རྔ་མོ་སྔོན་མོ་ལ་ཞོན་པ་བསམས་ ལ། ཁ་ལྷོ་ཕྱོགས་སུ་བསྟན་ནས་འཁྲུགས་པས་དབྱིག་པ་ཐོགས་པ་བྲིམས་པས་འབྲོས་པར་འགྱུར་བ་བསམས་ལ་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨ་ཁཾ་བཱི་ར་ཡོ་གི་ནཱི་ཆེ་གེ་མོ་ཨུ་ཙ་ཏ་ཡ་ཁཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཞག་བདུན་གྱིས་ངེས་པར་སྐྲོད་པར་འགྱུར་རོ། །དེ་བཞིན་དུ་ཡི་གེ་ཨུ་ལས་རྡོ་རྗེ་མཁའ་འགྲོ་ མའི་རྣལ་འབྱོར་དུ་བསྒོམས་ལ་སྙིང་གར་ཉི་མ་ལ་ཡི་གེ་ཛྲཱིཾ་སྔོན་པོ་བསམས་ཤིང་། ཨོཾ་ཛྲྀཾ་སྭཱ་ཧཱ་ཞེས་འབུམ་བཟླས་ན་བསྒྲུབ་བྱ་རྟ་དང་མ་ཧེ་ཞོན་པ་ཕན་ཚུན་འཐབ་མོ་བྱེད་པ་བསམས་ལ་སྔགས་བཟླ་བར་བྱ་སྟེ། ཨོཾ་ཛྲྀཾ་བཛྲ་ཌཱ་ཀི་ནཱི་དེ་བ་དཏྟ་ཛ་ག་དཏྟ་ཡ་བིད་དྭེ་ཥ་ཀུ་རུ་ཛྲྀཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བཟླས་ན་ངེས་པར་ཕན་ ཚུན་སྡང་བར་འགྱུར་རོ། །དེ་བཞིན་དུ་ཡི་གེ་ཨ་ལས་ཡོངས་སུ་རྫོགས་པའི་བདག་མེད་མའི་གཟུགས་སུ་གྱུར་པ་ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་འཛིན་པ་རྣམ་པར་བསམས་ལ་སྙིང་གར་ཉི་མ་ལས་ཡི་གེ་བྷྲཱུཾ་སྔོན་པོ་བལྟ་ཞིང་སྔོན་དུ་བསྙེན་པ་བྱས་ལ་བྲམ་ཟེའི་ཐོད་པ་ལ་དུག་དང་སྐྱེ་ཚེ་དང་ཚྭ་དང་ཁྲག་རྣམས་ཀྱིས་ འཁོར་ལོ་རྩིབས་དྲུག་པ་བྲིས་ལ། ཟུར་རྣམས་སུ་ཧཱུྃ་བྲི་ཞིང་། དཀྱིལ་དུ་ཨོཾ་བྷྲཱུཾ་ཆེ་གེ་མོ་ཛོ་ར་ཡ་ཧཱུྃ་ཞེས་བྱ་བའམ། གནོད་པ་གཞན་དག་གིས་སྦྱོར་བར་འདོད་ན་ཡང་དེའི་མིང་གིས་བརྒྱན་ཞིང་བསྣུན་པའི་མེ་ལ་གདུངས་པས་ལས་ཐམས་ཅད་བྱའོ། །དྲག་པོའི་ལས་ལ་ནི་སྔགས་ཐམས་ཅད་ཀྱི་མཇུག་ཏུ་ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱའོ། །དེ་བཞིན་དུ་རང་གི་ས་བོན་ལས་ཡོངས་སུ་རྫོགས་པའི་མནྡ་ར་བའི་མེ་ཏོག་གི་སྟེང་ན་གནས་པའི་མཁའ་སྤྱོད་མ་བསྒོམས་ལ་སྔོན་དུ་བསྙེན་པ་བྱས་ནས། རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་མྱོས་པར་གྱུར་པར་བསམས་ལ། སྙིང་གའི་ས་བོན་ལས་འོད་ཟེར་ཁ་དོག་ དམར་པོ་འབར་བ་བྱུང་བས་བསྒྲུབ་བྱའི་སྣ་ཁུང་གཡས་པ་ནས་ཞུགས་ནས་སྙིང་ཕུག་སྟེ་སྣ་ཁུང་གཡོན་པ་ལས་ཕྱིར་བྱུང་ནས་སྙིང་གའི་ས་བོན་དུ་ཞུགས་ནས། སྦུབས་ཀྱི་རླུང་ཡང་དག་པར་བཀུག་ཅིང་སྔགས་བཟླས་ན། ངེས་པར་འགུགས་པར་བྱེད་དོ། །དེ་བཞིན་དུ་རང་གི་ས་བོན་ལས་ངེས་པར་བྱུང་བའི་ ས་སྤྱོད་མའི་རྣལ་འབྱོར་ཁ་དོག་སྔོན་པོ་བསམས་ལ། སྔོན་དུ་བསྙེན་པ་བྱས་ཏེ། ཡི་གེ་གྷུ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒྲུབ་བྱ་ཁ་ཐུར་དུ་བལྟས་པའི་ཕྱོགས་ནས་བཅུག་པར་བསམས་ལ། སྔགས་བཟླ་བར་བྱ་སྟེ། ཨོཾ་གྷུ་བྷཱུ་ཙ་རེ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་བྱ་བས་ངེས་པར་འཆི་བར་འགྱུར་རོ། ། དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་གཉིས་པ་སྔགས་ཀྱི་ལེའུའི་འགྲེལ་པའོ།། །།ལྷའི་ལེའུ་ཞེས་བྱ་བ་ལ་ལྷ་རྣམས་ཏེ་དགྱེས་པའི་རྡོ་རྗེ་དང་རྣལ་འབྱོར་མ་རྣམས་ཀྱི་ལེའུའོ། །དགྱེས་པའི་རྡོ་རྗེ་ལ་སོགས་པ་རྣམས་བསྐྱེད་པའི་སྦྱོར་བ་ཇི་སྐད་བསྟན་པ་ བཞིན་དུ་རིམ་གྱིས་རྒྱས་པར་འབྱུང་བ་ནི་འདི་ལས་འཆད་པར་འགྱུར་བས་སོ། །དང་པོར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ལ་ལྟོས་ནས་ཏེ། ཐམས་ཅད་ཀྱི་དང་པོར་ནི་ཡིད་དང་མཐུན་པའི་གནས་སུ་གནས་ནས་བདེ་བའི་སྟན་ལ་འདུག་སྟེ། གནས་དང་བདག་དང་རྣལ་ འབྱོར་བསྲུང་བའི་ཕྱིར་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་ལན་གསུམ་གྱི་བར་དུ་བརྗོད་ནས་རས་བྲིས་ལ་སོགས་པར་གཏོགས་པའི་བཅོམ་ལྡན་འདས་ལ་རང་གི་སྔགས་བཟླས་པའི་ཨརྒྷས་ཀུན་ནས་མཆོད་ལ་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས། བྱང་ཆུབ་ཀྱི་སེམས་ཉེ་བར་གཞག་པའོ། །དེ་ནས་དང་པོ་བྱམས་པ་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བདེ་བ་ཉེ་བར་སྦྱིན་པར་འདོད་པའི་རྣམ་པ་ཅན་ནོ། །སྐད་ཅིག་མ་གཉིས་པ་ལ་ནི་དེ་དག་ཉིད་ཀྱིས་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་རྣམ་པ་ཅན་གྱི་སྙིང་རྗེའོ། །གསུམ་པར་ ཞེས་བྱ་བ་ལ། དེ་དག་ཉིད་ལ་ལྷའི་བདེ་བ་རྒྱུན་མི་འཆད་པར་སྦྱིན་པར་འདོད་པའི་རྣམ་པ་ཅན་གྱི་དགའ་བའོ། །བཏང་སྙོམས་ནི་མཐའ་མ་ཉིད་ན་སྟེ། དེ་དག་ཉིད་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པའི་གཉེན་པོར་འགྱུར་བ་ལམ་ཉེ་བར་བསྒྲུབ་པའི་རྣམ་པ་ཅན་བསྒོམ་པར་བྱའོ་ཞེས་བྱ་བར་བསྒྲུབ་ པ་ཡིན་ནོ། །འདི་དག་ནི་རྣལ་འབྱོར་ཐམས་ཅད་ཀྱི་ཐུན་མོང་གི་དང་པོའི་རྣལ་འབྱོར་གྱི་བྱེད་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་གྱི་ལུས་བསྟན་པ་ནི། དེ་ནས་སྟོང་པ་ཞེས་བྱ་བ་སྟེ། དེའི་རྗེས་ལ་བསྒོམ་པར་བྱ། །ཞེས་བྱ་བའོ། །དེ་ཅི་ཞིག་ཅེ་ན། སྟོང་པའི་བྱང་ཆུབ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་ པོ་ཐམས་ཅད་ཡིད་ཀྱིས་དམིགས་པས་ན་འདི་དག་ཐམས་ཅད་སེམས་ཙམ་སྟེ། ཕྱི་རོལ་གྱི་ཡུལ་ནི་ཡོད་པ་མ་ཡིན་པས་ཕྱི་རོལ་གྱི་རྣམ་པ་ལྟར་འཁྲུལ་བར་སྣང་བར་གྱུར་སྟེ། དཔེར་ན་རྨི་ལམ་བཞིན་ནོ་ཞེས་བྱ་བར་གཅིག་ཏུ་ངེས་པ་ཡིན་ནོ། །དེ་ལྟར་སྣང་བའི་རང་བཞིན་གྱི་སེམས་དེ་ཡང་གཅིག་ དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་སྣང་བ་མེད་པ་འོད་གསལ་བའི་རང་བཞིན་དུ་མཐོང་བའོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་བྱ་བ་ནི་འོད་གསལ་བའི་དེ་ཉིད་ལས་ཇི་ལྟར་རིགས་པར་ཉི་མ་ལ་སོགས་པའི་དཀྱིལ་འཁོར་གྱི་སྟེང་དུ་འོད་གྱི་ཕྲེང་བ་ཅན་གྱི་ལྷའི་ས་བོན་བལྟས་ལ་ས་བོན་དེ་ ལས་ལྷའི་རྣལ་འབྱོར་པའི་རིགས་དཔག་ཏུ་མེད་པ་སྤྲུལ་ནས་འགྲོ་བ་རྣམས་ཀྱི་དོན་བྱས་ནས། ས་བོན་དེ་ཉིད་དུ་ཉེ་བར་བསྡུས་པ་ནི་ས་བོན་བསྡུ་བ་ཞེས་བྱ་བ་སྟེ་དེ་བསྒོམ་པར་བྱའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་བྱ་བ་ནི་ས་བོན་དེ་ལས་ལྷའི་སྐུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ ཉི་མ་ལ་སོགས་པའི་དཀྱིལ་འཁོར་གྱི་སྟེང་གི་རོ་མནན་ནས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རྫོགས་པར་འགྱུར་པ་ནི་གཟུགས་བརྙན་རྫོགས་པ་སྟེ། དེ་བསྒོམ་པར་བྱའོ། །བཞི་པ་ལ་ནི་ཡིད་འབྲུ་དགོད། །ཅེས་བྱ་བ་ནི་རང་གི་སྙིང་གར་ཉི་མ་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་ས་ བོན་གྱི་ཡི་གེ་བསྒོམ་པར་བྱ་བའོ། །འདི་ནི་སྨན་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏོ། །ད་ནི་རྣལ་འབྱོར་གཉིས་པའི་དབང་དུ་བྱས་ནས། རེ་ཕས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་སྟོང་པའི་བྱང་ཆུབ་ཀྱི་བར་གྱི་བྱ་བ་ཡོངས་སུ་རྫོགས་པར་བྱ་བ་ཡང་སྔ་མ་བཞིན་བལྟ་བར་བྱའོ། ། རེ་ཕས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་པ་དེ་ལས་ཁྱད་པར་དུ་བསྐྲད་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། རཾ་མེའི་མདོག་ཅན་ལས་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་སྟེང་དུ་ཧཱུྃ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེའོ། །དེ་དག་ལས་ཐད་ཀར་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་ བླ་རེ་དང་། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ཕྱི་རོལ་དུ་རྡོ་རྗེ་འབར་བ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །དེ་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བས་སོ། །དང་པོར་རོ་ནི་ཞེས་བྱ་བ་ནི་རྣལ་འབྱོར་གྱི་ ལུས་ཀྱི་དང་པོར་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་ར་བའི་ནང་གི་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་སོགས་པའི་སྟེང་དུ་རོ་བསྒོམ་པར་བྱའོ། །འདི་ལྷའི་གདན་དུ་ཇི་ལྟར་རུང་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །ཅེས་བྱ་བ་གསུངས་ཏེ། རོ་ནི་བདག་མེད་པའི་ངོ་བོའོ། །བདག་ མེད་པ་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ལ་གནས་པ་ནི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་སོ། །རྣལ་འབྱོར་པ་ནི་སྒོམ་པ་པོ་སྟེ་དེའི་སྟེང་དུ་གནས་ནས་བདག་ཉིད་ཧེ་རུ་ཀ་ཉིད་དུ་ལྷག་པར་བྱས་ནས་རབ་ཏུ་བསྒྲུབ་པར་བྱ་བ་སྟེ། རྣལ་འབྱོར་འབྲིང་པོའི་བྱ་བའོ། །རང་གི་སྙིང་གར་ཞེས་བྱ་བ་ལ་ སོགས་པ་ལ། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །ཞེས་བྱ་བ་ནི་བདག་ཉིད་ཧེ་རུ་ཀའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱུད་འདིར་གཙོ་བོ་དགྱེས་པའི་རྡོ་རྗེའི་དབང་དུ་བྱས་ནས་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་ཡང་རབ་ཏུ་ཤེས་པར་བྱའོ། །གཞན་དག་ནི་རང་གི་ཕྱག་ མཚན་དང་ས་བོན་ཡོངས་སུ་གྱུར་པ་ལས་ཅི་རིགས་པར་རྟོགས་པར་བྱ་བ་ཡིན་ནོ། །འདམ་སྐྱེས་སྔོན་པོ་ཞེས་བྱ་བ་ནི་ཨུཏྤ་ལ་སྔོན་པོའོ། །དད་པས་ཞེས་བྱ་བ་ནི་རང་གི་འདོད་པ་སྟེ། ཁ་དོག་རྣམས་ཇི་ལྟར་མོས་པ་དེ་ལྟ་བུར་བསྒོམ་པར་བྱའོ། །རྣལ་འབྱོར་གསུམ་པའི་དབང་དུ་བྱས་ན་ནམ་མཁར་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། གཉིས་པའི་བྱ་བ་ཇི་ལྟ་བ་དེ་ལྟར་གསུམ་པའི་ཡང་ཡིན་པས་དང་པོའི་རྩོམ་པས་ལྷག་པར་བསྟན་པ་ཡིན་ནོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་བཅོམ་ལྡན་འདས་ནམ་མཁར་བལྟས་ལ་ཡིད་ཀྱིས་རྣམ་པ་སྣ་ཚོགས་པའི་མཆོད་པས་མཆོད་དེ། གཽ་རཱི་ལ་ སོགས་པའི་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་པར་བྱའོ། །རི་དགས་མཚན་མ་ནི་ག་བུར་རོ། །བདུད་ལས་རྒྱལ་བ་ཞེས་བྱ་བ་ནི་ཤཱི་ལའོ། །སྣོད་ཅེས་པ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །ཆུ་ལག་ནི་མི་བསྐྱོད་པའོ། །སྨན་ནི་བཞི་མཉམ་པའོ། །རྡོ་རྗེ་ནི་ཤ་ལི་ཛའོ། །རོ་འཛིན་ཞེས་བྱ་བ་ནི་སྦྲང་རྩིའོ། །ཅང་ ཏེའུ་ནི་ཏྲི་པི་ཏའོ། །གཡུང་མོས་ཞེས་བྱ་བ་ནི་ཇི་ལྟར་འོས་པར་གྱུར་ནས་འཁྱུད་ནས་དེ་ལྟར་མཆོད་པར་བྱེད་པའོ། །དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པར་བྱས་ནས་གཉིས་པའི་བྱ་བ་ལྟར་རོའི་གདན་ལ་སོགས་པའི་མཐར་ཐུག་པའི་བྱ་བ་དེ་གསུམ་པའི་ཡང་ཡིན་ནོ། །ཡང་འདིར་རྣལ་འབྱོར་གྱི་ལུས་ནི་ མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟེ། དེ་བསྟན་པའི་ཕྱིར་ཨཱ་ལི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅོ་ལྔ་ནི་ཨཱ་ལིའོ། །ཀ་ལ་སོགས་པ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ནི་ཀཱ་ལི་སྟེ། རོའི་སྙིང་གར་ཨ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ བྱུང་བའི་ཟླ་བ་ནི་ཨཱ་ལི་ཟླ་བའོ། །ཀ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མ་ནི་ཀཱ་ལིའི་ཉི་མའོ། །ས་བོན་ནང་དུ་སོན་གྱུར་བསྒོམ། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཡོངས་སུ་གྱུར་པ་ལས་བྱུང་བའི་ཕྱག་མཚན་དེའི་ལྟེ་བར་ས་བོན་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ སེམས་དཔའ་ཞེས་བྱར་བརྗོད། །ཅེས་བྱ་བ་ནི་ས་བོན་དེ་ཉིད་རྡོ་རྗེ་འཆང་ཡིན་ནོ་ཞེས་བརྗོད་པའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་བྱ་བའོ། །རྣམ་པར་སྤྲོ་ཞེས་བྱ་བ་ནི་ས་བོན་དེ་ཉིད་ལས་དགྱེས་པའི་རྡོ་རྗེའི་སྐུ་དང་མཚུངས་པ་སྣ་ཚོགས་ཀྱིས་ཁྱབ་པར་ སྤྲོ་བར་བྱའོ། །བསྡུས་ནས་སྙིང་གར་ཞེས་བྱ་བ་ནི་དེ་དག་ཉིད་ཡང་དག་པར་བསྡུས་ནས་ས་བོན་དེ་ཉིད་ལ་གཞུག་པར་བྱའོ། །དེ་ནས་རྣལ་འབྱོར་པ་དེ་ཞེ་སྡང་གི་བདག་ཉིད་དུ་གྱུར་པ་དེ་ཟླ་བ་དང་ཉི་མ་དང་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀའི་གཟུགས་སུ་གྱུར་པའོ། །འདི་ནི་མངོན་པར་བྱང་ཆུབ་ པ་རྣམ་པ་ལྔ་ཡིན་ནོ། །དེ་ཡང་ཇི་སྐད་དུ་ལེའུ་བརྒྱད་པ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ལྷ་ཡི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་གསུངས་ པ་ཡིན་ནོ། །སྔོ་དང་ཉི་མ་ཞེས་བྱ་བ་ལ་སོགས་ལ་གསུམ་པོ་འདི་དག་ནི་དཔའ་བོ་གཅིག་པུའི་རྣལ་འབྱོར་ཏེ། ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ་ཡིན་ནོ། །ད་ནི་དགྱེས་པ་རྡོ་རྗེ་རྣམ་པ་བཞི་དང་། བདག་མེད་མའི་རྣལ་འབྱོར་བཞི་པ་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་མདོར་བསྟན་པར་བྱ་བའི་ ཕྱིར། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་གསུམ་པའི་བྱ་བ་ཇི་ལྟ་བ་བཞིན་དུ་བཞི་པ་ལ་ཡང་བལྟ་བར་བྱའོ། །རྡོ་རྗེ་ར་བའི་ནང་དུ་འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་གི་ནང་དུ་མགོན་པོ་དགྱེས་པའི་རྡོ་རྗེ་གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བརྒྱད་ ཀྱིས་ཡོངས་སུ་བསྐོར་བའོ། །དབུགས་རྒྱུ་ཞེས་བྱ་བ་ནི་རོ་གནས་པར་གྱུར་པས་ཞེས་བྱ་བའི་ངེས་པའི་ཚིག་གི་ཡི་གེ་ཕྱིས་པ་སྟེ། རོའི་གནས་ཞེས་བྱ་བའི་དོན་ཏོ། །འཆད་པར་འགྱུར་བའི་ལེའུ་བརྒྱད་པའི་རྫོགས་པའི་ཡང་དུར་ཁྲོད་ཅེས་བྱ་བའི་སྒྲ་འདིས་མདོར་བསྟན་པ་བྱས་པ་ཡིན་ཏེ། དུར་ཁྲོད་ཅེས་ བྱ་བ་བདག་མེད་པའི་ལུས་ལ་མགོན་པོ་མཆོག་ཏུ་དགའ་བའི་རང་བཞིན་བཞུགས་པ་ཡིན་ནོ། །ལུས་ཇི་ལྟར་དུར་ཁྲོད་ཡིན་ཞེ་ན། དབུགས་རྒྱུ་ཞེས་པའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་བྱ་བའོ། །ད་ནི་དགྱེས་པའི་རྡོ་རྗེ་ཕྱག་བཞི་པ་ཁྱད་པར་དུ་བརྗོད་པར་བྱ་བའི་ཕྱིར། ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ། །ཞེས་བྱ་བ་ནི་དེའི་དབྱིབས་དང་ཁ་དོག་ཅན་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པར་བསྒོམ་པར་བྱའོ། །ཕྱག་དྲུག་པའི་ཤེས་རབ་རྡོ་རྗེ་ལྕགས་སྒྲོགས་ མ་ཡང་དེ་བཞིན་ནོ། །རྒྱུད་འདིར་དཀྱིལ་འཁོར་གྱི་འཁོར་ལོའི་ཕྱོགས་ལ་ཕྱག་གཉིས་པའི་ཤེས་རབ་བདག་མེད་མ་ཡིན་ཏེ། སྤྱིར་དགྱེས་པའི་རྡོ་རྗེའི་གྲུབ་པ་ཡིན་པའི་ཕྱིར་རོ། །ཌོམྦི་ནི་ཐམས་ཅད་དུ་མཆོད་པའི་ལྷ་མོ་ཡིན་གྱི། ཕྱག་རྒྱ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་སོ། །དགྱེས་པའི་ རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་གསུམ་པའི་འགྲེལ་པའོ།། །།དབང་བསྐུར་བ་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་གི་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་བསྟན་པའི་ཕྱིར་ལྷ་དབང་བསྐུར་བའི་ལེའུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་ བསྐུར་བ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱ་བའི་ཕྱིར་རོ། །སྤྱི་བོར་རང་གི་རིགས་ཀྱི་ཞེས་བྱ་བ་ནི་ལྷ་རྣམས་ལ་ཇི་ལྟར་འོས་པར་དེ་བསྟན་པར་བྱའོ། །ལྷའི་གཟུགས་སུ་གཞག་གོ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་དེའི་གཟུགས་སུ་སྟེ་དེར་གཞག་པར་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་ འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལེའུ་བཞི་པའི་འགྲེལ་པའོ།། །།དེ་ལྟར་ལྷའི་རྣལ་འབྱོར་བསྟན་ནས་དེ་ཡང་དེ་ཁོ་ན་ཉིད་ལ་མོས་པ་མེད་པ་ལ་མྱུར་དུ་བྱང་ཆུབ་ཐོབ་པ་ཡོད་པ་མ་ཡིན་པས། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་གསལ་བར་བྱེད་པ་དེ་ལ་དེ་ སྐད་ཅེས་བྱ་བ། གཟུགས་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་སྟེ་དེ་ནི་མེད་དོ། །ཇི་ལྟར་མཐོང་བ་ཉིད་མ་ཡིན་ནམ་དེ་ཇི་ལྟར་མེད་ཅེ་ན། རང་གི་ངོ་བོས་མེད་དེ། གང་གི་ཕྱིར་བཅོས་པ་མ་ཡིན་པ་གཞན་ལ་ལྟོས་པ་མེད་པའི་གཉུག་མའི་གཟུགས་རང་བཞིན་ཅན་དེའི་རྣམ་པས་མེད་དེ་རྟེན་ཅིང་འབྲེལ་བར་འབྱུང་ བའི་ཕྱིར་རོ། །གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ནི་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པའོ། །གལ་ཏེ་སྐྱེ་བའི་སྔོན་རོལ་དུ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཞིག་ཏུ་གྱུར་ན་ནི་དེ་ལྟར་ན་བདག་བདེན་པ་མཐོང་བར་བྱ་བའི་ཕྱིར་རྒྱུ་གཞན་ལ་ལྟོས་པར་མི་འགྱུར་རོ། །རྒྱུ་གཞན་ལ་ལྟོས་ན་ནི་དངོས་པོ་རྣམས་ ངོ་བོ་ཉིད་དུ་གྲུབ་བོ། །དེ་ཡང་ཇི་སྐད་དུ་ཀླུ་སྒྲུབ་ཞབས་ཀྱིས། གཞན་ལ་ལྟོས་པ་མེད་པའི་ཕྱིར། །རང་བཞིན་བཅོས་མ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་པས་རང་བཞིན་དམིགས་པར་མི་འགྱུར་ན། རྣམ་པ་སྣ་ཚོགས་པ་འདི་ཇི་ལྟར་སྣང་བར་ འགྱུར་ཞེ་ན། །བྱིས་པ་རྣམས་ལ་སྣང་བ་ཁོ་ན་ཡིན་ཏེ། སྣང་བ་ཙམ་གྱིས་རང་གི་ངོ་བོ་ཉིད་འགྲུབ་པར་འགྱུར་བ་ནི་མ་ཡིན་ནོ། །སྐྲ་ཤད་དང་ཟླ་བ་གཉིས་དང་རྨ་བྱའི་མདོངས་དང་། སྦྲང་མ་ལ་སོགས་པ་རྣམས་ཀྱང་ཅི་རབ་རིབ་ཅན་རྣམས་ལ་སྣང་བ་མ་ཡིན་ནམ། གལ་ཏེ་དེ་དག་ལ་ནི་རབ་རིབ་ཀྱི་སྟོབས་ཀྱིས་ སྣང་བར་གྱུར་པ་ཡིན་ནོ་ཞེ་ན། གཞན་དག་གིས་ཀྱང་མ་རིག་པའི་ལིང་ཏོག་གིས་བློའི་མིག་ཉམས་པར་བྱས་པས་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་པ་མ་ཡིན་ན་ཡང་རབ་རིབ་ཅན་གྱིས་ཉེ་བར་དམིགས་པའི་སྐྲ་ལ་སོགས་པ་བཞིན་དུ་མདུན་དུ་གྲུབ་པར་གྱུར་ནས་མཐོང་བར་འགྱུར་གྱི། བློའི་མིག་གི་མ་རིག་པའི་ ལིང་ཏོག་དག་པར་གྱུར་པའི་འཕགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་བསྟོད་པ་ལས། གདོད་ནས་ཞི་བ་སྐྱེ་བ་མེད། །རང་བཞིན་གྱིས་ནི་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། ། མགོན་པོ་ཁྱོད་ཀྱིས་ཆོས་རྣམས་གསུངས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་གཟུགས་ལ་སོགས་པ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །མཐོང་བ་མེད་ཅེས་བྱ་བ་ལ་སོགས་པ་ལ་གང་གཟུགས་ལ་བལྟ་བ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་དེ་དག་ ནི་ཡོད་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །སེམས་མེད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ནི་ཡོངས་སུ་གྲུབ་པ་རྣམ་པར་ཤེས་པའོ། །སེམས་ལས་བྱུང་བ་ནི་གཞན་གྱི་དབང་དང་ཀུན་ཏུ་བརྟགས་པ་སྟེ། གསུམ་པོ་འདི་དག་ དོན་དམ་པར་ཡོད་པ་མ་ཡིན་པ་ཉིད་དོ། །གལ་ཏེ་དེ་ཇི་ལྟར་མེད། བཅོམ་ལྡན་འདས་ཀྱིས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ནི་བདེན་ལ་འོན་ཀྱང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་གདུལ་བྱ་རྣམས་ཀྱི་མངོན་ པར་ཞེན་པ་སྤང་བའི་ཕྱིར་ཡིན་ནོ། །དོན་དེ་ཉིད་ཀླུ་སྒྲུབ་ཞབས་ཀྱིས། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངས་པ། །བྱིས་པའི་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་ཡང་དག་དེ་ཉིད་མིན། །ཞེས་གསུངས་པས་དེས་ན་སེམས་དེ་ནི་ཡོད་པ་མ་ཡིན་ནོ། ། འདི་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྟན་པ་ཡིན་ནོ། །ད་ནི་ནང་གི་བདག་ཉིད་ཅན་གྱི་རྣལ་འབྱོར་བསྟན་པའི་ཕྱིར། སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེད་བྱེད་མ་ནི་ཕན་པ་སྟོན་པར་བྱེད་པའོ། །སྲིང་མོ་ནི་བརྩེ་བ་ཅན་ནོ། །གར་མ་ནི་གསལ་བར་སྤྱོད་པའོ། །ཆོས་མ་ནི་དཀར་ པོའི་ལས་ལ་དགའ་བའོ། །རྡོ་རྗེ་མ་ནི་བསམ་གཏན་ལ་དགའ་བའོ། །གདོལ་པ་མོ་ནི་ང་རྒྱལ་སྤངས་ཤིང་བཟོད་པའི་ངང་ཚུལ་ཅན་ནོ། །བྲམ་ཟེ་མ་ནི་ཁ་ན་མ་ཐོ་བ་མེད་པའི་ལས་ལ་དགའ་བའོ། །ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ། བདག་མེད་མ་ནི་ཤེས་རབ་བོ། །དགྱེས་པའི་རྡོ་རྗེ་ ནི་ཐབས་སོ། །འདི་དག་ཉིད་ཀྱི་གཟུགས་ཅན་ལ་འཆད་པར་འགྱུར་བའི་ལུགས་ཀྱིས་མཆོད་པར་བྱའོ། །དེ་ཉིད་རིག་པས་ཞེས་བྱ་བ་ནི་དེ་ཉིད་དགའ་བའོ། །རབ་ཏུ་འབད་པས་ཞེས་བྱ་བ་ནི་གསང་བའི་ཕྱིར་འབད་པ་སྟེ། ཇི་ལྟར་གྲགས་པར་མི་འགྱུར་བའོ། །གྲགས་ན་མཐོང་བ་དང་མ་མཐོང་ བའི་སྐྱོན་བསྟན་པའི་ཕྱིར་མ་གསང་ཞེས་བྱ་བ་ལ་སོགས་པ་སྟེ་ཡི་གེའི་དོན་ཏོ། །སྐྱེད་བྱེད་མ་ཞེས་བྱ་བ་ལ་སོགས་པ་ལ་སྐྱེད་བྱེད་མ་ནི་གཉིས་སྤངས་པའོ། །སྲིན་མོ་ནི་རྐྱང་མའོ། །དང་ཞེས་བྱ་བ་ནི་རོ་མ་བསྡུས་ཏེ་དེ་དག་མཆོད་པར་བྱའོ། །རྣལ་འབྱོར་ནི་ཡང་དག་པར་སྦྱར་བའོ། །ཤེས་ རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་རྩ་གསུམ་པོ་དེ་དག་ཉིད་འབྱོར་པ་ལས་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེའི་ཕྱིར་དེའི་རྣལ་འབྱོར་རིག་པའི་རྣལ་འབྱོར་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་བདེ་བ་ཆེན་པོའི་རང་བཞིན་གྱིས་མཆོད་པ་བྱའོ། །གར་མ་ཞེས་བྱ་བ་ལ་ སོགས་པ་ལ་ལྕེ་དང་རོ་དང་དེའི་རྣམ་པར་ཤེས་པ་དང་གསུམ་ནི་གར་མའོ། །རེག་པ་དང་རེག་བྱའི་དང་པོ་དང་། དེའི་རྣམ་པར་ཤེས་པ་ནི་ཚོས་མའོ། །རྣ་བའི་དབང་པོ་དང་སྒྲ་དང་དེའི་རྣམ་པར་ཤེས་པ་ནི་རྡོ་རྗེ་མའོ། །སྣ་དང་དྲི་དང་དེའི་རྣམ་པར་ཤེས་པ་ནི་གདོལ་པ་མའོ། །མིག་དང་ གཟུགས་དང་དེའི་རྣམ་པར་ཤེས་པ་ནི་བྲམ་ཟེ་མའོ། །ཐབས་དང་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤེས་རབ་བོ། །སྙིང་རྗེ་ཆེན་པོ་ནི་ཐབས་སོ། །དེ་དག་གི་ཆོ་ག་ནི་བདེ་བ་ཆེན་པོའི་རང་བཞིན་གྱི་ཏིང་ངེ་འཛིན་ཏོ། །དེས་རྟག་ཏུ་མཆོད་པ་ནི། རྟག་ཏུ་ཉམས་སུ་ མྱོང་བར་བྱ། །ཞེས་བྱ་བའི་དོན་ཏོ། །ཅི་སྒྲ་དང་གཟུགས་དང་རོ་ལ་སོགས་པ་འདི་དག་རྣལ་འབྱོར་པས་ཡོངས་སུ་སྤང་བར་བྱ་བ་ཞིག་གམ་ཞེ་ན། བསྟན་པ་ཉིད་ཅེས་བྱ་བ་གསུངས་ཏེ། རབ་ཏུ་འབད་པས་ཞེས་བྱ་བ་ནི་ཤིན་ཏུ་འབད་པས་སོ། །ཇི་ལྟར་གྲགས་པར་ཞེས་བྱ་བ་ནི་ཇི་ལྟར་སྒྲ་ལ་ སོགས་པ་གསུམ་དུ་དམིགས་པར་མི་འགྱུར་བར་རོ། །གལ་ཏེ་གསུམ་དམིགས་པར་འགྱུར་ན་སྐྱོན་ཡོད་ཅེ་ན། མ་གསང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲུལ་ལ་སོགས་པ་ནི་འཁོར་བ་པའི་སྡུག་བསྔལ་གྱིས་ཟིལ་གྱིས་གནོན་པར་འགྱུར་བའོ། །སྦྲུལ་ནི་སྦྲུལ་དང་སྟག་ལ་སོགས་པའོ། ། ས་སྤྱོད་ནི་ཤ་ཟ་ལ་སོགས་པའོ། །གལ་ཏེ་མིག་ལ་སོགས་པ་འདི་དག་ཕྱག་རྒྱའི་སྒྲས་ཇི་ལྟར་བརྗོད་པར་བྱ་བ་ཡིན་ཞེ་ན། གཟུགས་ལ་སོགས་པ་འདི་དག་ཉིད་རིགས་ལྔ་ཞེས་བྱས་སོ། །དེ་ལྟ་ན་ཡང་མི་ཤེས་སོ་ཞེ་ན། དེའི་ཕྱིར་རྡོ་རྗེ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ནི་མི་ཕྱེད་ པའི་ཡེ་ཤེས་ཏེ་འདི་དག་གདབ་པའོ། །རྒྱས་གདབ་པ་ནི་གདབ་པ་སྟེ། འདིས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པས་ན་དེའི་རྒྱུས་ཕྱག་རྒྱ་ཞེས་བརྗོད་པར་བྱ་བའོ། །རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་པའི་དོན་དེ་ཉིད་གསལ་བར་བྱེད་དོ། །རིགས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་པདྨ་ཞེས་བྱ་བ་ལ་ སོགས་པའོ། །དེ་བཞིན་ཉིད་གཤེགས་ཤིང་ཞེས་བྱ་བ་ནི་འོད་གསལ་བར་ཞུགས་པའོ། །དཔལ་ལྡན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པའོ། །སླར་ཡང་གཤེགས་པ་ཞེས་བྱ་བ་ནི་འོད་གསལ་བ་ལས་ལངས་ནས་འགྲོ་བ་རྣམས་ཀྱི་དོན་མཛད་པའོ། ། རིགས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་དང་། རྟག་པ་དང་། རིན་པོ་ཆེ་དང་། གསུང་དང་དོན་ཡོད་པ་དང་། སྙིང་སྟོབས་ཅན་ཏེ་རིགས་དྲུག་གོ། །རྡོ་རྗེ་སེམས་དཔའ་བསྡུས་ན་རིགས་ལྔའོ། །དེ་དག་ཀྱང་བསྡུས་ན་མི་བསྐྱོད་པ་དང་རྟག་པ་དང་གསུང་གི་བདག་པོ་ཞེས་བྱ་བའོ། །འདི་སྐད་ བསྟན་པར་འགྱུར་ཏེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བའི་རིགས་དྲུག་ནི་མདོར་བསྡུས་ན་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའོ། །ཡང་དེ་ནི་རྣལ་འབྱོར་ པའི་ལུས་དང་ངག་དང་ཡིད་ཅེས་བྱ་བའི་རིགས་གསུམ་མོ། །སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་སྒོམ་པ་པོ་དང་། བསྒོམས་པ་དང་། བསྒོམ་པར་བྱ་བ་གསུམ་དོན་དམ་པར་དམིགས་པར་མི་འགྱུར་རོ། །དེ་ལྟར་ན་ཇི་ལྟར་ འཇིག་རྟེན་གྱིས་མཐོང་བར་འགྱུར་ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས། །ཞེས་བྱ་བ་གསུངས་ཏེ། སྤྲོས་པ་ནི་སྣ་ཚོགས་ཀྱི་མཚན་ཉིད་ཅན་ནོ། །དེའི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱི་དེ་དག་གི་སྐྱེ་བ་མེད་པའི་མཚན་ཉིད་ནི་དེ་བཞིན་ཉིད་དོ། །རྣམ་པ་དེ་ལྟ་བུར་ཡོད་དོ་ཞེས་བྱ་ བར་དགོངས་པའོ། །རྣམ་སྣང་ཞེས་བྱ་བ་ལ་སོགས་པ་ལ། འོད་གསལ་བ་དེ་ཉིད་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་དོ། །དེ་ཉིད་ནི་མི་བསྐྱོད་པ་སྟེ། ཉོན་མོངས་པ་ལས་བསྐྱོད་པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ནི་དོན་ཡོད་དེ། རྣམ་པ་ཐམས་ཅད་ཀྱིས་འགྲོ་བ་རྣམས་ཀྱི་དོན་ མཛད་པའི་ཕྱིར་རོ། །དེ་ཉིད་ནི་རིན་ཆེན་ཏེ། སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་ནི་འཁོར་འདས་ཏེ། དེ་དག་རྣམ་པ་ཐམས་ཅད་ཡོངས་སུ་སྤྱོད་པའི་ཕྱིར་རོ། །དེ་ཉིད་ནི་སེམས་དཔའ་སྟེ། ཡེ་ཤེས་ལྔའི་རང་བཞིན་གྱི་ཕྱིར་རོ། །ཚངས་པ་ཞེས་བྱ་བ་ ལ་སོགས་པ་ལ། དེ་ཉིད་ནི་ཚངས་པ་ལ་སོགས་པ་ཡིན་པར་བརྗོད་པར་བྱའོ། །ཇི་ལྟར་བྱས་ནས་ཤེ་ན། སྒྲིབ་བྲལ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་རྣམས་ལྷག་མ་མ་ལུས་པར་བྲལ་བ་ནི་ཐར་པ་སྟེ། ཡེ་ཤེས་ཀྱི་གཟུགས་ཅན་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཏེ། དེ་ལྟ་བས་ན་དེ་ཉིད་ནི་སངས་རྒྱས་སོ། །འཇུག་ཕྱིར་ཞེས་བྱ་བ་ལ། དེ་ཉིད་དུ་དེའི་བདག་ཉིད་ཀྱི་འཇུག་པའོ། །རྟག་ཏུ་དགེ་བ་ཞེས་བྱ་བ་ནི་དེ་ཉིད་ནི་མཆོག་ཏུ་དགེ་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་ཞི་བ་ཉིད་དོ། །ཐམས་ཅད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་དེ་ཐམས་ཅད་ཡིན་ཞེ་ན། གང་གི་ ཕྱིར་འདིས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་མངོན་པར་ཁྱབ་པ་དེའི་ཕྱིར་དེ་ཐམས་ཅད་ཅེས་བྱའོ། །དམ་པའི་བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །རྣམ་སངས་རྒྱས་ཞེས་བྱ་བ་ནི་དེ་ཉིད་བླ་ན་མེད་པའི་དགའ་བའི་ཚོར་བ་ཡིན་པའི་ཕྱིར་རོ། །ཚངས་པ་ཞེས་ བྱ་བ་ལ་སོགས་པ་མདོར་བསྟན་པའི་རྒྱས་པར་བསྟན་པ་ཡིན་ནོ། །གལ་ཏེ་འདིས་དངོས་པོ་ཐམས་ཅད་ལ་ཁྱབ་པར་གྱུར་པ་ཞིག་ཡིན་ན། འདི་ཇི་ལྟར་གོམས་པར་བྱ་བར་ནུས། །གང་དུ་ནི་གོམས་པར་བྱ་ཞེས་སོམ་ཉི་ཟ་ན་དེའི་ཕྱིར། གང་ཕྱིར་ལུས་ལས་བྱུང་བ་ཉིད། །ཅེས་བྱ་བ་གསུངས་ཏེ། དེ་ནི་ ལུས་ཉིད་ལས་བྱུང་བའི་ཕྱིར་དེ་ལུས་ཉིད་ལ་གོམས་པར་བྱ་བ་ཡིན་ནོ། །དེ་ལྟ་བས་ན། ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་བྱ་བ་སྟེ་དགྱེས་པའི་རྡོ་རྗེ་དང་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ལྷ་རྣམས་ཏེ། དེ་དག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་ལུས་ལ་ གནས་པ་ཉིད་ཡིན་ནོ། །དེ་ཉིད་ནི་དོན་དམ་པར་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །ཇི་ལྟར་ན་བཅོམ་ལྡན་འདས་ཞེས་བརྗོད་པར་བྱ་ཞེ་ན། བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པའི་སྒྲས་བླ་ན་མེད་པའི་ཤེས་རབ་བརྗོད་པར་བྱ་བ་ཡིན་པས་ཕྱི་ དང་ནང་གི་བདག་ཉིད་ཅན་ལས་ཁྱད་པར་དུ་བསྟན་པར་བྱ་བའི་ཕྱིར། མ་ཞེས་བརྗོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྣམ་པ་སྣ་ཚོགས་པ་འདི་དག་སྐྱེད་པར་བྱེད་པས་མ་ཞེས་བརྗོད་དོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་རྣམ་པར་འབྱེད་པར་བྱེད་པའི་ཕྱིར་ སྲིང་མོའོ། །བཙོ་བླག་མ་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད་པའི་བདེ་བས་སེམས་ཅན་ཐམས་ཅད་ལ་ཆགས་པར་འགྱུར་བའི་ཕྱིར་བཙོ་བླག་མའོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་ཡོངས་སུ་འགེངས་པར་བྱེད་པའི་ཕྱིར་བུ་མོའོ། །ལས་དང་པོའི་སེམས་ཅན་རྣམས་ཀྱིས་ བརྟན་པར་བྱ་བར་མི་ནུས་པའི་ཕྱིར་གར་མའོ། །དབང་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་གཡུང་མོ་ཞེས་བྱ་བའི་སྒྲས་བརྗོད་པར་བྱའོ། །གལ་ཏེ་ཐམས་ཅད་རྫོགས་པའི་རིམ་པའི་ནང་དུ་འདུས་པར་འགྱུར་ན། བཟླས་པ་དང་བསམ་གཏན་དང་ཕྱག་རྒྱ་དཀྱིལ་འཁོར་ལ་སོགས་པ་གང་དག་གསུངས་པ་ དེ་དག་ཅི་ཐམས་ཅད་དུ་མེད་པ་ཞིག་ཡིན་ནམ། འོན་ཏེ་ཡོད་པ་ཞིག་ཡིན་ཞེ་ན། དེས་འདུལ་བའི་ལས་དང་པོ་པ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པས་དེ་དག་ཡོངས་སུ་གཟུང་བར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་མེད་པའི་རང་བཞིན་ལས། སྔགས་དང་ལྷ་ནི་ཡང་དག་ གནས། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་རྫོགས་པའི་རིམ་པའི་ཕྱོགས་ལ་བཟླས་པ་དང་། བསམ་གཏན་ལ་སོགས་པ་རྣམས་ཇི་ལྟར་བྱ་བ་ཡིན་ཞེ་ན། དེའི་ཕྱིར། བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པ་ནི་མངོན་པར་རྟོགས་པ་དང་ རྣམ་པར་གཟུང་བར་བྱའོ། །གང་གི་ཞེ་ན། ཨཱ་ལི་ཞེས་བྱ་བ་སྟེ། གཡས་པ་དང་གཡོན་པའི་སྣའི་སྦུབས་ཀྱི་རླུང་དུ་རྟོགས་པ་ལ་ངེས་པར་རྟོགས་པའོ། །དེ་ཡང་བླ་མའི་མན་ངག་ལས་ངེས་པར་གཟུང་བར་བྱའོ། །བཟླས་པ་ནི་དེ་ཉིད་ལས་རྡོ་རྗེ་བཟླས་པ་ཞེས་བྱ་བའི་སྒྲས་བརྗོད་པར་བྱའོ། །དཀྱིལ་ འཁོར་ཡིན་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་ནི་སྙིང་པོ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ལེན་པར་བྱེད་པ་ནི་འཁོར་ཏེ་དཀྱིལ་འཁོར་ཞེས་བྱའོ། །དེ་ཅི་ཞིག་ཅེ་ན། རྐང་པའི་རྗེས་ཞེས་བྱ་བ་གསུངས་ཏེ། རྐང་པའི་མཐེ་བོང་དག་དམ་དུ་བསྐུམས་པའོ། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་ པར་བྱ། །ཞེས་བྱ་བ་ནི་ཉེད་ཅིང་འཛིན་པ་ཞེས་བྱ་བའི་སྐད་ཀྱི་དབྱིངས་ཀྱིས་བདེ་བ་ཆེན་པོ་འཛིན་པར་བྱེད་པ་ལ་དཀྱིལ་འཁོར་ཞེས་བྱའོ། །མན་ངག་འདི་ནི་བདེ་བ་ཆེན་པོའི་རྣམ་པར་འཛིན་པར་བྱེད་པའི་ཐབས་ཡིན་ནོ། །ལག་པ་བསྒྱུར་བ་ཞེས་བྱ་བ་ནི་མཐེ་བོ་གཉིས་ཀྱིས་མིང་མེད་གཉིས་བསྡམས་ པ་ནི་ལག་པ་བསྒྱུར་བའོ། །དེ་ཉིད་ནི་ཕྱག་རྒྱར་འགྱུར་བའོ། །སོར་མོ་ཉེད་པ་དེ་བཞིན་ནོ། །ཞེས་བྱ་བ་ནི་འདིར་སོར་མོའི་སྒྲ་ནི་ལིངྒ་དང་ལྕེའོ། །དེ་དག་གིས་ཉེད་པ་ནི་གྱེན་དུ་སྦྱོར་བའོ། །གང་བསམས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་གང་དུ་བསམས་པ་མ་ ལུས་པ་སྐྱེ་བ་མེད་པའི་མཚན་ཉིད་ཅན་བསྒོམ་པར་བྱ་བ་སྟེ། དེ་ལྟ་བས་ན་གང་གི་ཕྱིར་མཆོག་ཏུ་སྙིང་པོ་འགྱུར་བ་དེ་རྣམ་པར་བསམ་པར་བྱའོ། །འོད་གསལ་བའི་མཚན་ཉིད་དེ་ཉིད་རྣམ་པར་བསམ་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ཉིད་བསམ་པར་བྱ་བའོ། །ཕ་ནི་རྡོ་རྗེ་འཆང་སྟེ་གསུམ་པའི་དོན་ གྱི་བདུན་པ་ཡིན་ཏེ། རྡོ་རྗེ་འཆང་གིས་བརྙེས་པའི་བདེ་བ་གང་ཡིན་པའི་བདེ་བ་བསྐྱེད་པར་བྱའོ། །རང་གིས་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཕྱག་རྒྱ་ལ་ལྟོས་པ་མེད་པ་ཉིད་དུ་ཉེ་བར་སྤྱོད་པར་བྱེད་པའོ། །དེ་ནི་བསམ་གཏན་ནོ་ཞེས་བྱ་བ་ལ་སོགས་པས་འོད་གསལ་གྱི་བསམ་གཏན་གསུངས་པ་དེར་ནི་བསམ་ གཏན་པ་དང་བསམ་གཏན་བྱ་བ་དང་བསམ་གཏན་ཞེས་བྱ་བ་གསུམ་ཆར་ཡང་ཡོད་པ་མ་ཡིན་ན་དེ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བདེ་བ་གང་གིས་འཆི་བ་འདིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་བ་ནི་ཐར་པའོ། །དེ་ཉིད་དུ་སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་མཚན་ཉིད་ རྣམས་ནུབ་པར་གྱུར་པ་དེ་ནི་འཆི་བ་ཞེས་བྱའོ། །བདེ་བ་གང་གིས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་ཅན་བདེ་བ་ཆེན་པོ་ཞེས་བྱ་བའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུའི་འགྲེལ་པའོ།། །། ད་ནི་རྣལ་འབྱོར་པ་རྟག་ཏུ་བསྒོམ་པ་ལ་དགའ་བ་ཡིན་དུ་ཟིན་ཀྱང་སྤྱོད་པ་མེད་པར་མྱུར་དུ་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་གཞན་ཡང་རབ་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མ་སངས་རྒྱས་ཀྱི་བཀའ་དང་། དཀའ་ཐུབ་ཀྱི་སྡུག་བས