Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 2
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
་ཐོས་ཀྱི་བྱང་ཆུབ་ལྟ་བུར་འགྱུར་རོ་སྙམ་པ་ལ་གསུངས་པ། སྙིང་རྗེ་བསྐྱེད་པར་བྱ་ཞེས་པ་སྟེ། སྙིང་རྗེས་སྨོན་ལམ་གདབ་པར་བྱས་ན་བདེ་བ་ཆེན་པོ་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྐྱོན་དུ་མི་ འགྱུར་ཞེས་པའི་དོན་ཏོ། །སྙིང་རྗེ་མེད་ན་མི་འགྲུབ་སྟེ། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་འཐོབ་བོ། །དེ་བས་ན་དང་པོར་སྙིང་རྗེ་བསྐྱེད་པར་བྱའོ། །འོ་ན་གལ་ཏེ་བཟའ་བའི་ཕྱིར་གསད་པའི་ཆོ་ག་མ་ཡིན་ན་དེའི་ཚེ་ཅིའི་ཕྱིར་སྙམ་པ་ལ། གདུག་པ་གཞུག་པ་ཞེས་གསུངས་ཏེ། གདུག་པ་ཅན་རྣམས་བསྟན་པ་ལ་སྟེ། འཇུག་པ་ནི་རབ་ཏུ་འཇུག་པར་བྱེད་པ་སྟེ་དེའི་དོན་དུའོ། །ཆོ་ག་ནི་ཁ་སྦྱོར་འབྱེད་པའི་ཆོ་གས་ཏེ། གཙོ་བོ་ནི་གཙོར་འཇུག་པ་དེའི་དོན་གྱི་ཆོ་ག་ཉིད་ཀྱིས་སོ། །སྔར་འདུས་པའི་དོན་དུ་ཉི་མ་གསུངས་པ། དེ་ཡང་ཉིན་མཚན་ནོ། །དེ་དག་གི་རྣམ་པར་དག་ པ་གསུངས་པ། དེ་ལའང་འདི་ལྟར་རྟོགས་པར་བྱ། །ཞེས་སོ། །མི་བྱ་མེད་ཅེས་པ་ནི་འཇིག་རྟེན་ན་སྨད་པ་སྙིང་རྗེ་དང་མི་འགལ་བས་སྡིག་པ་མེད་པར་དགེ་བའི་སེམས་ཀྱིས་སོ། །ཇི་ལྟར་བདག་ཉིད་ཅེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེས་སོ། །དེ་བཞིན་དུ་སེམས་ཅན་བལྟ་བར་བྱའོ། །བདག་ ཉིད་ཀྱང་ཇི་ལྟར་བལྟ་བར་བྱ་སྙམ་པ་ལ་གསུངས་པ། དེ་བཞིན་བདག་ཉིད་བདག་དང་གཞན། །ཞེས་པ་སྟེ། བདག་ཉིད་ཀྱང་དེ་བཞིན་དུ་བྱ་སྟེ། བདག་ཉིད་ཇི་ལྟ་བར་གཞན་དུ་མ་ཡིན་ནོ་ཞེས་སོ། །གཉིས་སུ་མེད་པའི་ཚུལ་འདིས་ཆོས་རྣམས་ཡང་དག་པར་བསམས་ནས། བཟའ་བཏུང་ ལ་སོགས་བརྩམ་པར་བྱ། །ཞེས་པ་ནི་དབྱེར་མེད་པའི་བློས་སོ། །ཧེ་རུ་ཀ་དཔལ་གོ་འཕང་ཞེས་པ་ནི་ཤེས་པར་བྱ་བའི་གོ་འཕང་སྟེ། དཔལ་ཧེ་རུ་ཀའི་དོན་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་ཧེ་རུ་ཀའི་དོན་དུ་གང་དུ་གནས་པའི་ལུས་ངག་གི་བྱ་བ་ཕྱག་རྒྱ་དང་སྔགས་ཀྱི་རང་བཞིན་ཡིན་ སྙམ་པ་ལ། གསུངས་པ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོ། །ཧེ་ནི་ཧེའོ། །དེའི་དོན་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དང་། རྒྱུ་དང་འབྲས་བུ་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་སྟོང་པ་ཉིད་འདིས་ནི་མཚན་མ་མེད་པའོ། །རུ་ནི་ཚོགས་དང་བྲལ་བ་ཞེས་བྱ་བ་ནི་ཚོགས་ནི་ས་ལ་སོགས་པ་ཀུན་དུ་ གནས་པའོ། །དེ་དང་བྲལ་བས་དེ་ལ་སྨོན་པས་སྨོན་པ་མེད་པ་ནི་རུ་ཞེས་བྱ་བའི་དོན་ཏོ། །ཀ་ནི་སྟོང་པ་ཉིད་ཀྱི་དོན་ཏེ། གང་དུའང་མི་གནས་པ་ནི་ཐམས་ཅད་ཅི་ཡང་སྟོང་པ་ཉིད་དེ། ཐམས་ཅད་དུ་གནས་པའི་སྦྱོར་བ་མེད་ཅེས་བྱ་བའི་དོན་ཏོ། །འདི་ནི་དཔལ་ཧེ་རུ་ཀའི་གོ་འཕང་ངོ་། །སེམས་ ཅན་གང་དང་གང་རྣམས་ཀྱི། །ཞེས་པ་ནི་འདུས་པ་ལ་སོགས་པར་རྒྱལ་མཚན་ལ་སོགས་པའི་ཤའོ། །མཁས་པས་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱིས་ཏེ། རྣལ་འབྱོར་ལ་མཁས་པ་ནི་མཁས་པས་སོ། །སེམས་ཅན་དེ་དང་དེ་ཞེས་པ་ནི་སྐྱེ་བ་གཞན་གྱི་འགྲོ་བ་རྣལ་འབྱོར་ དང་རྣལ་འབྱོར་མའི་དབང་དུ་འགྱུར་བ་སྟེ། བཀའ་ཉན་པར་འགྱུར་ཞིང་སྦྱོར་བ་ལ་དགའ་བར་འགྱུར་རོ། །ཅི་འདི་ཉིད་ལྟར་བཟའ་འམ་ཞེ་ན་མ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྣལ་འབྱོར་པས་ཞེས་གསུངས་ཏེ། སྔར་གསུངས་པའི་དཔལ་ཧེ་རུ་ཀའི་སྦྱོར་བས་སོ། །ཡང་ན་རྡོ་རྗེ་ནི་དེ་བཞིན་གཤེགས་ པའི་ས་བོན་རྣམས་ཏེ་བྷྲཱུཾ་ལ་སོགས་པའོ། །ཀ་པཱ་ལ་ནི་ཨ་ལས་བྱུང་བའི་པདྨའི་སྣོད་དོ། །རྣལ་འབྱོར་པས་ཞེས་པ་ནི་འོག་ཏུ་རླུང་དང་མེའི་སྦྱོར་བ་སྔར་བྱས་ཏེ། འབར་བ་དང་ཁོལ་བས་རྡོ་རྗེའི་བདུད་རྩི་དང་གཅིག་ཏུ་བྱེད་པའོ། །ཡང་ན་སེམས་ཅན་གྱི་ཕུང་པོ་རྣམ་པར་རྟོག་པ་ ནི་ཤ་སྟེ། དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་དག་གི་ཕུང་པོ་དབང་དུ་བྱེད་པའི་རང་བཞིན་གྱིས་སྤྱོད་པའོ། །བརྡ་དང་གནས་ལ་སོགས་པ་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའི་བཤད་པའོ།། །།ད་ནི་རྩའི་འཁོར་ལོ་བཤད་པ། རྣལ་འབྱོར་མ་བཅོ་ལྔ་བསྐྱེད་པ་དང་རྫོགས་ པའི་རིམ་པའི་དབྱེ་བས་བསྒོམ་པ་གསུངས་པ། དེ་ནས་རྣལ་འབྱོར་མའི་འཁོར་ལོ་ཞེས་པའོ། །རྣལ་འབྱོར་མ་རྣམས་ནི་བདག་མེད་མ་ལ་སོགས་པ་དཀྱིལ་འཁོར་དུ་འདུས་པའམ། ཡེ་ཤེས་ཀྱི་ཚུལ་གྱིས་པདྨ་ལ་འདུས་པ་ནི་རྣལ་འབྱོར་མའི་འཁོར་ལོ་སྟེ་དེ་བཤད་པར་བྱའོ། །ནམ་ མཁའི་ཁམས་ལ་བྷ་ག་བསམ། །ཞེས་པ་ནི་སྟོང་པ་ཉིད་བསྒོམས་པའི་འོག་ཏུ་ནམ་མཁའི་རྣམ་པར་དག་པ་ཆོས་ཀྱི་འབྱུང་གནས་བསམ་མོ། །དེ་ལ། དབུས་སུ་བསྒོམ་པར་བྱ་བ་ནི། །ཇི་ལྟར་འཁོར་ལོའི་སྔོན་དུ་ཡིན། །ཞེས་པ་ནི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་བྱ་བ་ཡིན་ཏེ། ལྷ་རྣམས་ འབྱུང་བའི་རིམ་པས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཅི་རིགས་པར་ཞེས་པ་ནི་ས་ལ་སོགས་པའི་བསྒོམ་པའི་རིམ་པས་སོ། །དེ་ཉིད་གསུངས་པ་འཁོར་ལོ་ནི་དཀྱིལ་འཁོར་རོ། །ལྟུང་ཞེས་པ་ནི་ས་སྟེ་སའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །ཆུ་ནི་སྔོན་ཞེས་པ་ནི་མེའི་དཀྱིལ་འཁོར་ གྱི་སྔོན་དུ་ཆུའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ལྟར་རླུང་གི་སྔོན་དུ་མེ་དང་དེ་ནས་རླུང་ཆེན་པོའོ། །དཀྱིལ་འཁོར་འདི་རྣམས་ཀྱང་། ཇི་ལྟར་རིགས་པར་ལྷ་རྣམས་ཏེ། སྤྱན་ལ་སོགས་པའི་རྣམ་པར་དག་པའོ། །བསྒོམ་པ་པོ་ཡང་དེའི་ཚེ་རྣལ་འབྱོར་པའོ། །ཇི་ལྟར་འབྱུང་བ་ཞེས་པ་ནི་ དཀྱིལ་འཁོར་རྣམས་འབྱུང་བའི་རིམ་པས་དེའི་བདག་ཉིད་ཀྱིས་རྣམ་པར་གནས་པའོ། །ཆོས་འབྱུང་ལས་བྱུང་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་འཁོར་ལོ་བཞི་ཡོངས་སུ་གྱུར་པ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའོ། །ཉིས་བརྩེགས་ནི་ཁང་པ་ཉིས་རིམ་མོ། །ལྟེ་བ་ ཡིས་ནི་གཅིག་ཡིན་ཏེ། །ཞེས་པ་ནི་ལྟེ་བས་ཉེ་བར་མཚོན་པས་པདྨ་ནི་དབུས་ཀྱི་པདྨ་ཞེས་བྱ་བའི་དོན་ཏོ། །ཟུར་གསུམ་གྱིས་ནི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱིས་མཚོན་པས་བརྩེགས་མ་གཞན་ཕྱི་རོལ་གྱིས་ཏེ་ཕྱིའི་གཽ་རཱི་ལ་སོགས་པའི་གནས་གྲུ་བཞིའོ། །དེའི་དབུས་སུ་ཞེས་པ་ནི་དཀྱིལ་ འཁོར་གྱི་དབུས་སུའོ། །དེའི་སྟེང་དུ་རོའི་སྙིང་གར་ཟླ་བ་སྟེ། དེའི་སྟེང་གི་ཨཱ་ལི་ཡོངས་སུ་གྱུར་པ་ལས་སོ། །ཟླ་བའི་སྟེང་དུ་ས་བོན་ཨ་ལ་སོགས་པ་བཅོ་ལྔའོ། །ཕྱིས་ནི་ཉི་མས་མནན་པའོ་ཞེས་པ་ནི། དེའི་འོག་ཏུ་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱིས་མནན་ པའོ། །གཉིས་ཞེས་པ་ནི་ཉི་མ་དང་ཟླ་བ་དག་གོ། །ཤེས་རབ་དང་ཐབས་དག་འདུས་པ་སྟེ། འདུས་པ་ནི་བདེ་བ་ཆེན་པོ་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་ལས་བྱུང་བའོ། །དེ་ཉིད་ཀྱིས་གསུངས་པ་ཨཱ་ལི་གནས་པ་ནི་ཤེས་རབ་སྟེ་ཟླ་བའི་གཟུགས་ཀྱིས་སོ། །ཀཱ་ལིའི་གཟུགས་ཀྱིས་ནི་ཉི་ མའོ། །དེ་དག་དབུས་སུ་གཽ་རཱི་སོགས། །ཞེས་པ་ནི་ཨ་ལ་སོགས་པ་དེའི་སྔགས་དང་སྔགས་ཀྱི་ལྷ་དག་དབྱེར་མེད་པས་སོ། །ས་བོན་རྣམས་ཞེས་པ་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅོ་ལྔའོ། །མཚན་མ་ཞེས་པ་གྲི་གུག་ཏུ་མཚན་མ་གཅིག་པ་ཉིད་ཀྱིས་གཅིག་གི་ཚིག་ཅན་ནོ། ། ཐམས་ཅད་གཅིག་གྱུར་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་སྔོན་དུ་བྱས་ཏེ་ཟླ་བ་དང་། མཚན་མ་དང་། ས་བོན་དང་ཉི་མའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །སྒྲུབ་པ་ཞེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཟུགས་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་ལུས་སོ། །རྫོགས་པ་ནི་སྐྱེས་པའོ། ། དག་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པའོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་གཟུགས་ཀྱིས་ཨཱ་ལི་དང་ཀཱ་ལིར་གྱུར་པ་ལས། ཟླ་བ་དང་ཉི་མ་དག་འདུས་པ་ཉིད་དོ། །རྡོ་རྗེ་སེམས་དཔའི་གདན་དུའོ། །ཞེས་པ་ནི་བསྐྱེད་ པའི་རྒྱུའོ། །དབྱེར་མེད་པའི་ས་བོན་ནི་ཤེས་རབ་དང་ཐབས་དབྱེར་མེད་པའི་རང་བཞིན་ཉིད་དེ་རྡོ་རྗེ་སེམས་དཔའོ། །དེའི། ཡི་གེ་ལས་བྱུང་གོང་བུ་ལ། །ཞེས་པ་ནི་མི་འགྱུར་བས་ན་ཡི་གེ་སྟེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་སྦྱོར་བས་སོ། །དེ་ལས་བྱུང་བའི་གོང་བུ་ནི་བདེ་བ་ཆེན་ པོའི་རང་བཞིན་ནོ། །ཧཱུཾ་དང་ཕཊ་ཀྱང་འདོད་པ་མིན། །ཞེས་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང་ཕཊ་ཀྱིས་འཛིན་པར་བྱེད་པ་ཡང་འདོད་པ་མ་ཡིན་ནོ། །སེམས་དཔའི་གཟུགས་ཞེས་པ་ནི་སེམས་དཔའ་སྐྱེད་པར་བྱེད་པའི་གཟུགས་ཟླ་བ་ལ་སོགས་པ་གྱུར་པའི་བྱང་ཆུབ་ཀྱི་ སེམས་ཀྱི་གཟུགས་གཅིག་ཏུ་འདུས་པ་ལས་དཀྱིལ་འཁོར་བདག་པོ་ཞེས་པ་བདག་མེད་མ་གཙོ་མོ་སྟེ། དཀྱིལ་འཁོར་གྱི་བདག་པོ་ནི་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པའི་ཚུལ་ཅན་ཉིད་དོ། །ཞལ་དང་ཕྱག་མཚན་ལ་སོགས་སྲས་དང་མཐུན་ཞེས་པ་ནི་ཇི་ལྟར་སྲས་འབྲས་ བུའི་རྡོ་རྗེ་སེམས་དཔའ་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དེ་བཞིན་ཏེ། འདིའི་ཟླ་བའི་ནོར་བུ་ལྟ་བུ་ནི་དཀར་པོ་ཟླ་བ་ལྟ་བུའོ། །ཡང་ན་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ནོར་བུ་ནི་ནོར་བུས་ཕྱིན་པས་བསྐྱེད་པའི་ལྷན་ཅིག་སྐྱེས་པ་ནི་སྣང་བ་ལྟ་བུ་གང་ཡིན་པ་འདི་ནི་ཟླ་བ་ནོར་བུའི་འོད་ཉིད་ དོ། །དེ་ལྟར་ཐམས་ཅད་རྫོགས་པ་ལས། ཇི་ལྟར་བདག་མེད་རྣལ་འབྱོར་མ། །ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ། དེ་བཞིན་དུ་གཽ་རཱི་ལ་སོགས་པ་ཡང་དེ་ཉིད་ཀྱིས་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཤེས་རབ་དང་ཐབས་གང་དག་གིས་སྙམ་པ་ ལ། ཤེས་རབ་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ཉི་མའི་རབ་དབྱེ་བས། །ཞེས་པ་ནི་སོ་སོར་ཡང་དག་པས་དབྱེ་བས་སོ། །དེ་ཉིད་ལས་གཽ་རཱི་ལ་སོགས་པར་འགྱུར་རོ། །ཡི་གེའི་དབྱེ་བས་ཞེས་པ་ནི་རང་རང་གི་དབྱེ་བས་སོ། །གཞན་སོ་སོར་ཞེས་པ་ནི་བདག་མེད་མ་ལ་ སོགས་པ་འདི་རྣམས་མཚན་མ་ཡང་ཐུན་མོང་ཉིད་དོ། །ཉིས་བརྩེགས་ཞེས་པ་ནི་སྔར་བཤད་དོ། །དེ་ལས་བརྩེགས་མ་གང་དུ་རྣལ་འབྱོར་མ་དུ་ཞིག་བཞུགས་སྙམ་པ་ལ། ནང་གི་བརྩེགས་མ་ཞེས་བྱ་བ་གསུངས་སོ། །དབང་པོར་ཞེས་པ་ནི་དབང་པོའི་ཕྱོགས་ཀྱི་འདབ་མ་ལའོ། ། འོག་ཏུ་གནས་པ་དང་ལྡན་པ་ནི་འོག་ལྡན་མ་སྟེ། ཁ་འོག་ཏུ་བལྟས་པ་འཁོར་བའི་གཟུགས་ཅན་དང་། སྙིང་རྗེའི་རང་བཞིན་ཉིད་དོ། །སྟེང་དུ་གནས་པ་དང་ལྡན་པ་ནི་སྟེང་ལྡན་མ་སྟེ་མཁའ་སྤྱོད་མ་མྱ་ངན་ལས་འདས་པའི་རང་བཞིན་དང་། ཤིན་ཏུ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ། ། དེ་དག་གི་དབུས་སུ་ནི་གང་དག་བདག་མེད་རྣལ་འབྱོར་མ་སྲིད་པ་དང་ཞི་བའི་རང་བཞིན་གང་ཡིན་པ་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྐུ་ཉིད་དོ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཞེས་པ་ནི་གྲི་གུག་དང་ཐོད་པ་དག་གོ། །བསྣམས་ པ་ནི་འབྲེལ་བའོ། །ལག་པར་ནི་ལག་པར་ཏེ་འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་བཤད་པ། ལག་པ་གཅིག་ནི་ཐོད་པས་བྲེལ། །ཞེས་པ་ནི། གང་དག་གི་ལག་པ་གཅིག་ནི་ཐོད་པས་བྲེལ་བ་དེ་ནི་ལག་པ་གཅིག་ནི་ཐོད་པས་བྲེལ་བའོ། །ང་རྒྱལ་ལ་སོགས་སྐྱོན་དྲུག་ རྣམས། །གྲི་གུག་གཅོད་པར་བྱེད་པས་གནས། །ཞེས་པ་ནི་ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་ལྟ་བ་སྟེ། རྩ་བའི་ཉོན་མོངས་པ་དྲུག་པོ་ང་རྒྱལ་ལ་སོགས་པ་གནས་ངན་ལེན་དང་བཅས་པའོ། །དེ་གཅོད་པས་འདི་དག་ཐམས་ཅད་ ཀྱི་ཕྱག་ནི་གྲི་གུག་བསྣམས་པའོ། །དངོས་དང་དངོས་མེད་རྣམ་རྟོག་པའི། །མགོ་བོ་ཡི་ནི་པདྨའི་སྣོད། །ཅེས་པ་ལ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་རྩད་ནས་ཕྱུང་བས་པདྨའི་སྣོད་དེ་ཐོད་པའོ། །དེ་ཡང་། བདུད་བཞིའི་ཁྲག་གིས་བཀང་བའོ། །ཞེས་ གསུངས་པ་ནི། ཁྲག་ནི་བདུད་བཞི་རྣམས་ཀྱིའོ། །འཐུང་བ་དངོས་གྲུབ་རྒྱུ་ཡིན་ནོ། །ཞེས་པ་ནི། གསུངས་པའི་རིམ་པ་འདིས་སོ། །ད་ནི་མཉམ་པ་ཉིད་ཀྱི་དོན་ལ་ཁ་དོག་ཏུ་མངོན་པར་ཞེན་པའི་སྐྱོན་བསལ་བའི་ཕྱིར་ཡན་ལག་དྲུག་བསྒོམ་པ་གསུངས་པ། དང་པོར་ཞེས་བྱ་བ་ལ་སོགས་ པའོ། །དགའ་བྲལ་མཐའ་ཡང་དེ་བཞིན་ནོ། །ཞེས་པ་ནི་དགའ་བྲལ་གྱི་མཐའ་ནི་གང་ལྷན་ཅིག་སྐྱེས་པ་སྟེ། དེ་ནི་དགའ་བྲལ་གྱི་མཐའ་ལྷན་ཅིག་སྐྱེས་པ་ཙམ་ཡིན་པས་དེའི་ཕྱིར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ན་ཁྱད་པར་དུ་འཕགས་པའི་དགའ་བ་ནི་རྣམ་པར་དགའ་ བའོ། །དེའི་མཐར་ནི་ལྷན་ཅིག་སྐྱེས་པ་གང་ཡིན་པའམ་དགའ་བྲལ་གྱི་མཐའི་སྒྲ་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་དེ། །ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་དེ་བཞིན་ཞེས་པ་གཞན་ཡང་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །བསྐྱེད་པའི་ རིམ་པ་ཉིད་ཀྱང་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའི་དབྱེ་བ་གཉིས་ཀྱིས་རིམ་པ་གཉིས་སོ། །མཁའ་དབྱིངས་ཞེས་པ་ནམ་མཁའི་ཁམས་རྣམ་པར་དག་པ་པདྨ་རྣམས་ཉིད་མཁའ་དབྱིངས་སོ། །དེ་ལ་བྷ་ག་ཞེས་བྱ་བ་བྱང་ཆུབ་ཀྱི་ སེམས་སོ། །དེའི་དབུས་སུ་བསྒོམ་པར་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་བདེ་བ་གང་ཡིན་པ་དེ་འཁོར་ལོ་སྟེ་ལྷ་རྣམས་འདུས་ཤིང་བསྡུས་པའོ། །ཇི་ལྟར་རིགས་པར་རང་རིག་པ་ཞེས་པ་དེ་ཡང་བདེ་བ་སྟེ། རིགས་ པའི་སྟོབས་ཉིད་ཀྱིས་རང་རིག་པ་བདག་དང་གང་ཟག་ལ་སོགས་པའི་དངོས་པོ་མེད་པའོ། །བྱང་ཆུབ་སེམས་ནི་ལྷ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་མཚན་ཉིད་ཀྱི་ལྷ་བདག་མེད་པའོ། །ཇི་ལྟར་རྫས་ནི་འབྱུང་འགྱུར་བ། །ཞེས་པ་ནི་དེ་ལས་བྱུང་བ་འདོར་བ་མེད་པའི་ མཚན་ཉིད་ཀྱིས་ཏེ་འབྱུང་བའི་རིམ་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་ཡང་རྣམ་པ་གཉིས་སོ་ཞེས་གསུངས་པ། དེ་བས་ལྷན་ཅིག་སྐྱེས་རྣམ་གཉིས། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཀྱིས་ཞེས་བྱ་ བའི་དོན་ཏོ། །དེ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རེ་ཞིག་བཙུན་མོ་ཞེས་གསུངས་སོ། །འདི་ལྟར་ཐབས་དང་ཤེས་རབ་དག་སོ་སོར་རྣམ་པ་གཉིས་ཀྱིས་དབྱེ་བས་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན་དགའ་བ་ཡང་། དབྱེ་བ་ཡིས་ནི་རྣམ་པ་བཞི། །ཞེས་བྱ་ བ་ལ། དེ་ཉིད་ཅེས་བྱ་བ་གང་ལས་སྙམ་པ་ལ། ལྷན་ཅིག་སྐྱེས་པ་རྣམ་པ་བཞི། །གང་ཕྱིར་ཞེས་པ་སྟེ། ལྷན་ཅིག་སྐྱེས་པ་ཉིད་དགའ་བ་རྣམ་པ་བཞིའི་རྗེས་སུ་འཇུག་སྟེ། ཆུང་ངུ་དང་འབྲིང་པོ་ལ་སོགས་པའི་དབྱེ་བས་སོ། །རྫོགས་པའི་རིམ་པའི་ཕྱོགས་ལས་ནི། །ཞེས་པ་ནི་བསྐྱེད་ པའི་རིམ་པ་ལས་ནི་ལྷན་ཅིག་སྐྱེས་པ་རྗེས་སུ་འགྲོ་བ་མེད་དོ། །དེ་ནི་གནས་ངེས་པ་ཉིད་དོ། །དགའ་བ་དང་པོ་དཔའ་བོ་སྟེ། །ཞེས་པ་ནི་དཔའ་བོ་ནི་ཀྱེའི་རྡོ་རྗེ་སྟེ། དེ་དགའ་བའི་རང་བཞིན་དང་བདེ་བའི་རང་བཞིན་ནོ། །དེ་བས་ལྷག་པ་ནི་ཤེས་རབ་སྟེ། དགའ་བའི་རང་བཞིན་ཉིད་མཆོག་ཏུ་ དགའ་བའོ། །དེ་དག་ལས་ཤིན་ཏུ་དགའ་བ་སྐྱེས་པ་གང་ཡིན་པའི་དགའ་བ་དེ་ནི་ཐམས་ཅད་མ་ལུས་པ་བསྡུས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་བདེ་ཐབས་ཀྱིས་ཐམས་ཅད་རིག །ཅེས་པ་ནི་དེ་ལྟ་བུར་གྱུར་པའི་བདེ་བའི་ཐབས་སུ་གྱུར་པས་ཐམས་ཅད་རིག་ཅིང་ཐམས་ཅད་ ཤེས་པ་ཐོབ་པར་བྱེད་དོ། །ཡང་ན་ཤིན་ཏུ་དགའ་བའི་དགའ་བ་ཞེས་པ་ནི་དགའ་བ་གསུམ་པའོ། །མ་ལུས་ཞེས་པ་ནི་ལུས་ཐམས་ཅད་ཁྱབ་པའོ། །ཡང་ན། དེ་བདེ་ཐབས་ཀྱིས་ཐམས་ཅད་རིག །ཅེས་པ་ནི་དགའ་བ་གསུམ་པ་དེ་ཉིད་ཀྱི་ཐབས་ཀྱི་བཞི་པའོ། །ཐམས་ཅད་རིག་ ཅེས་པ་ནི་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་བྱ་བའི་དོན་གང་ཡིན་པའམ། ཡང་ན་ཐམས་ཅད་ནི་ཕུང་པོ་ལྔའི་རང་བཞིན་ཏེ། དེ་བཞིན་གཤེགས་པ་ཉེ་བར་སྡུད་པས་སྟོང་པའི་རང་བཞིན་ཉིད་དོ། །རིག་པ་ཡང་བདེ་ བ་ཆེན་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་རང་རིག་པ་ཡིན་པ་དེའི་ཕྱིར་ཐམས་ཅད་རིག་པའོ། །ད་ནི་བསྐྱེད་པའི་རིམ་པའི་ཕྱོགས་ལ་ལྷན་ཅིག་སྐྱེས་པའི་གནས་ངེས་པ་ཉིད་གཞན་དུ་ཡང་དག་པ་ཉིད་དུ་གསུངས་པ། དགའ་བ་བདེ་བ་ཅུང་ཟད་ཙམ། །ཞེས་པའོ། །ལྷན་ཅིག་སྐྱེས་དགའ་ ལྷག་མ་ནི། །ཞེས་པ་ནི་ལྷག་མ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ཕུལ་དུ་ཕྱུང་བའོ། །དེའི་ཕྱིར་དེ་ཉིད་རྫོགས་པའི་རིམ་པ་ལ་ཁྱབ་པར་བསྒོམ་པར་བྱའོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །དང་པོ་རིག་པར་འདོད་པའོ། །ཞེས་པའོ། །མཆོག་ཏུ་དགའ་བ་འཁོར་བར་གསུངས། ། ཞེས་པ་སྟེ་དམིགས་པ་དང་བཅས་པའི་བདེ་བ་ཉིད་དོ། །མྱ་ངན་འདས་པ་དགའ་དང་བྲལ། །ཞེས་པ་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱི་རང་བཞིན་ཅན་དགའ་བྲལ་ལོ། །དབུ་མ་དགའ་བ་ཙམ་ཉིད་དེ། །ཞེས་པ་ནི་དགའ་བ་ཙམ་གྱི་དབུས་ནི་དབུ་མ་ཕུལ་དུ་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ནམ། མཆོག་དང་དགའ་བྲལ་དག་གི་དབུས་ཀྱི་དགའ་བ་ཙམ་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་ཙམ་མོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ལྷན་ཅིག་སྐྱེས་པས་འདི་དག་སྤངས་ཞེས་པ་སྟེ། རྣམ་པར་རྟོག་པ་ལ་སོགས་པ་འགགས་པ་ནི་སྤངས་པའོ། ། འདོད་ཆགས་ཉིད་དང་ཆགས་བྲལ་ཡང་། །འདྲེས་པར་གྱུར་པས་རྟོག་མེད་པ། །དེ་བཞིན་ཆགས་དང་ཆགས་བྲལ་དག །སྐད་ཅིག་གཅིག་ལ་རོ་གཅིག་འགྱུར། །ཞེས་སོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ལས་ཀྱི་ཕྱག་རྒྱས་བསྐྱེད་པའི་རིམ་པས་ཀྱང་ལྷན་ཅིག་སྐྱེས་ པ་ཉིད་གཙོ་བོར་འདོད་དོ། །དེ་ཉིད་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱ་བ་དང་བརྟག་པར་ཡང་བྱའོ། །དེ་ཐབས་གང་གིས་རྙེད་སྙམ་པ་ལ་གསུངས་པ། གཞན་གྱིས་བཤད་ལས་ལྷན་སྐྱེས་མིན། །ཞེས་པ་ནི་གཞན་བླ་མ་ལ་སོགས་པས་བཤད་པ་ལས་མ་ཡིན་ཏེ། ཚིག་གིས་བརྗོད་ པར་བྱ་བ་མ་ཡིན་པ་ཉིད་དོ། །གང་དུ་ཡང་ཞེས་པ་ནི་བསྟན་པ་ལ་སོགས་པས་མི་རྙེད་དེ། དེ་བསྟན་དུ་མེད་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་བླ་མ་མཉེས་པར་བྱས་ནས་ཉན་པ་དང་སློབ་པ་ལ་སོགས་པ་དོན་མེད་པ་ཉིད་དོ་སྙམ་པ་ལ། རང་ཉིད་ཀྱིས་ཤེས་པར་འགྱུར་ཏེ། རང་ཉིད་ཀྱིས་རྙེད་ པར་འགྱུར་རོ། །འོ་ན་དེ་ལྟར་ན་ཡང་ཐམས་ཅད་དུ་འདི་རྙེད་པར་འགྱུར་བ་ཉིད་ཡིན་ནོ་སྙམ་པ་ལ། བསོད་ནམས་དང་། བླ་མ་མཉེས་པར་བྱས་ནས་ཐབས་ཀྱིས་བརྒྱུད་པས་ཞེས་བྱ་བ་གསུངས་ཏེ། རྒྱུ་གཉིས་ཀྱིས་སོ། །དེ་ལྟ་ན་ཡང་རང་ཉིད་ཀྱིས་ཇི་ལྟར་ཤེས་པར་འགྱུར་སྙམ་པ་ལ། སྨྲས་ པ་འདིའི་དོན་ནི་སྔོན་དུ་བླ་མ་མཉེས་པར་བྱ་བ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསྐྱེད་དེ། བླ་མ་བརྒྱུད་པའི་རིམ་པས་ཤེས་ནས་རྗེས་སུ་གནང་བ་དང་བརྩོན་པས་རང་ཉིད་ལས་ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་གྱིས། གསུང་ཐོས་པ་ཙམ་དང་བསོད་ནམས་བསྐྱེད་པ་ཙམ་གྱིས་ སམ། རྒྱུ་མེད་པ་ལས་རྙེད་པར་མི་འགྱུར་བའོ། །བླ་མ་བརྒྱུད་པའི་ཐབས་ཀྱིས་བསྟན་པ་ཉིད་ཇི་ལྟར་བྱ་སྙམ་པ་ལ་གསུངས་པ། དམན་དང་འབྲིང་དང་ཕུལ་བྱུང་རྣམས། །ཞེས་པ་སྟེ། འདི་ཉིད་ཀྱི་དོན་བཤད་པའི་ཕྱིར་གསུངས་པ། དམན་པ་ཕྲ་མོའི་གནས་ཀྱི་དོན། །ཞེས་པ་ ལ། དམན་པ་ནི་རྡུལ་ཕྲ་རབ་དང་ཡེ་ཤེས་ལ་སོགས་པའོ། །ཕུལ་དུ་བྱུང་བས་དང་། རི་དང་རྒྱ་མཚོ་ལ་སོགས་པའོ། །བར་མ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའོ། །བརྟན་པ་དང་གཡོ་བ་ནི་གང་རྣམས་སོ། །དེ་རྣམས་ནི་འདིས་གསུངས་སོ། །དེ་རྣམས་ཐམས་ཅད་ནི་འདི་རྣམས་ ཐམས་ཅད་དོ། །མཉམ་པར་ཞེས་པ་ནི་བལྟ་བར་བྱ་བའོ། །བདག་མེད་པ་ཉིད་ནི་འདི་དག་བདག་མེད་པ་ཉིད་དོ། །འདིས་ནི་བདག་ཏུ་བལྟ་བར་བྱ་བ་མ་ཡིན་པར་སྟོན་ཏེ། མཉམ་པ་ཉིད་དུ་གསུངས་པ་ནི། མཚུངས་པར་བྱ་ཞེས་པ་སྟེ། མཉམ་པར་བྱ་བ་འདི་དག་ཀྱང་དངོས་པོར་མི་བྱ་ བ་ཉིད་དམ། འདི་དག་ལྷན་ཅིག་སྐྱེས་པས་སོ། །དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་པའི་བཤད་པ། རོ་མཉམ་པ་ཞེས་པ་ནི། རོ་མཉམ་པ་དེ་ཉིད་ཀྱི་དོན་གསུངས་པ། མཉམ་ཞིང་མཚུངས་པ་ཞེས་པ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་ཐམས་ཅད་མཚུངས་པ་ནི་མཉམ་པ་ དེའི་རོའོ། །འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོ་སྟེ། ཉེ་བར་བསྡུས་པ་གསུངས་པ། རོ་གཅིག་ཏུ་ནི་བསྒོམ་པ་ཡིས། །ཞེས་སོ། །ཡང་ན་ཐམས་ཅད་ཀྱི་བདག་ཉིད་དོ། །ཡང་ན། ཐམས་ཅད་སྤངས་པའམ་ཞེས་འཆད་པར་འགྱུར་རོ། །ཐམས་ཅད་སྤངས་པ་ཞེས་གསུངས་ ནས། ཐམས་ཅད་བདག་ཉིད་ཅེས་གསུངས་པ་ང་ལས་བྱུང་ཞེས་པའོ། །འདི་ལྟར་བླ་མ་བརྒྱུད་པའི་རིམ་པ་ཤེས་ནས་བསྒྲུབས་པས་འགྲུབ་ཅིང་ལྷན་ཅིག་སྐྱེས་པ་རྙེད་པས་སོ། །ཤིན་ཏུ་མཉམ་གཞག་ཅེས་པ་ནི་དེ་ཉིད་གསུངས་པ། བཟའ་དང་བཏུང་དང་ཞེས་པ་དང་། །རྒྱུན་མི་འཆད་ པར་དེ་ལས་འགྱུར། །ཞེས་པ་ནི། དེའི་ཕྱིར་དེ་ལྟར་གྱུར་པས་བསླབ་པ་སྟེ། རྒྱུན་མི་འཆད་པ་ནི་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་དེའི་ཚུལ་གྱིས་གནས་སྐབས་ཀྱི་རྒྱུན་མི་འཆད་པར་ཏེ་ལྷན་ཅིག་སྐྱེས་པ་དེའི་རང་བཞིན་གྱིས་རྒྱུན་དུའོ། །དེ་ལས་འགྱུར་ཞེས་པ་ནི་ཐོབ་པའོ། །འགྲོ་བ་ ཀུན་གྱིས་བསྒོམ་བྱས་ཀྱང་། །ཞེས་པ་ནི་དང་པོར་དཔྱོད་པར་བྱེད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་བསྒོམ་པར་བྱས་པ་ནི་དམིགས་པར་བྱས་པའོ། །དེའི་འོག་ཏུ་དངོས་པོ་མ་མཐོང་བས་བསྒོམ་དུ་མེད་པའོ། །དེའི་ཕྱིར་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པ་དེ་བཞིན་ཉིད་དུ་ཡོངས་སུ་ ཤེས་པ་ཉིད་ཀྱིས་བསྒོམ་དུ་མེད་ཅེས་པ་ནི་དངོས་པོ་མེད་པས་དམིགས་སུ་མེད་ཅིང་བསྒོམ་དུ་མེད་དོ། །དེ་ཉིད་ཀྱིས་གསུངས་པ། བརྟན་དང་གཡོ་བ་ཞེས་པ། རྩྭ་དང་གེལ་བ་ལྕུག་མ་སོགས། །ཞེས་པའི་སྒྲས་ས་ལ་སོགས་པ་དང་། མི་ལ་སོགས་པ་དེ་དག་མཆོག་ཏུ་དེ་ཁོ་ན་ ཉིད་ཀྱི་ཚུལ་གྱིས་བསྒོམ་པར་བྱས་ནའོ། །བདག་གི་དངོས་པོའི་རང་བཞིན་ཅན། །ཞེས་པ་ནི་བདག་ཉིད་ཀྱི་དངོས་པོའི་རང་བཞིན་ཅན་ཏེ་དེའི་གཟུགས་ཅན་ཉིད་དོ། །ཇི་ལྟར་ཡང་བདག་ནི། ཐམས་ཅད་ནས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་མི་དམིགས་ཏེ། དེ་བཞིན་དུ་འདི་དག་ཀྱང་ཇི་ལྟ་བའམ། རྣལ་འབྱོར་པའི་བདག་ཉིད་ཀྱི་གཟུགས་བདེ་བ་ཆེན་པོའི་གཟུགས་ཀྱི་དེ་བཞིན་ཉིད་དུ་མཐོང་བ་ཡང་ངོ་། །དེ་དག་གཅིག་ཅེས་པ་ནི་དེ་ཉིད་ཀྱི་ཚུལ་གྱིས་སོ། །དེ་རྣམས་ཀྱི་གཞན་ནི་ཕ་རོལ་མེད་པའོ། །དེ་ཅིའི་ཕྱིར་རང་བཞིན་སྙམ་ པ་ལས། རང་རིག་པ་བདེ་བ་ཆེན་པོའོ་ཞེས་པ་དེ་ལྟ་བུའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་སྙམ་པ་ལ་གསུངས་པ། རང་རིག་ལས་ནི་དངོས་གྲུབ་ཡིན། །ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །རང་གིས་རིག་པ་བསྒོམས་པ་ཡིས། ། ཞེས་པ་ནི་གང་དུ་རང་གིས་རིག་པ་མེད་པ་དེ་ལ་དོན་དམ་པར་བསྒོམ་པ་མེད་དོ། །གཉིས་སུ་མེད་པའི་ཡུལ་གྱི་དོན་ལ་བཏགས་པ་ཉིད་དོ། །རང་གིས་རིག་པའི་རང་བཞིན་ལས། །ཞེས་པ་ནི་ལུས་ལ་སོགས་པས་བྱས་པའི་བྱ་བ་ལ་སོགས་པ་ཡང་རང་རིག་པ་རྣལ་འབྱོར་པ་རྣམས་ ཀྱིས་བདེ་བ་ཆེན་པོའི་རང་བཞིན་དང་ལྡན་པའོ། །གལ་ཏེ་དེ་ལྟ་ན་དེའི་ཆོས་དང་ཆོས་མ་ཡིན་པའི་ལས་དེ་དང་ཉོན་མོངས་པ་དེ་ལས་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གཞན་དང་གཞན་དུ་ཇི་ལྟར་འགྱུར་སྙམ་པ་ལས་གསུངས་པ། རྩོད་པ་ལས་ནི་ལས་སྐྱེས་ཏེ། །ཞེས་པ་ནི་ ཐོག་མ་མེད་པའི་མ་རིག་པའི་སྟོབས་ཀྱིས་རང་བཞིན་ཡོངས་སུ་མ་ཤེས་པའི་རྣམ་པར་རྟོག་པ་ལ་སོགས་པའི་རྩོད་པས་བདེ་བ་ཆེན་པོ་རང་རིག་པ་དང་འགལ་ལོ། །འོ་ན་བདེ་བ་ཆེན་པོ་དེ་ཉིད་དང་ལྡན་བཞིན་དུ་ཡང་དེ་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རང་གིས་འཕྲོག་ཅེས་པ་ནི་དེ་ ལྟར་བདེ་བ་དེ་དང་དེ་ཉིད་རང་གི་བླ་མའི་བཀའ་ལ་སོགས་པའི་རྐྱེན་གྱིས་རྟོགས་པས་ལས་དང་ཉོན་མོངས་པ་ལ་སོགས་པ་ཀུན་དུ་ཕྲོགས་ཏེ། དེ་མེད་པས་རང་གི་ལས་ལ་སོགས་པས་འཁོར་བར་བྱེད་ཀྱི། གཞན་དབང་ཕྱུག་ལ་སོགས་པས་ནི་མ་ཡིན་ནོ། །རྟོགས་པས་རང་ ཉིད་རྒྱལ་པོ་བས་རྒྱལ་པོ་ཞེས་བྱའོ། །བདག་པོ་ཡང་ཐམས་ཅད་ཀྱི་མཆོག་ཉིད་ཀྱིས་མཐུ་དང་ལྡན་ཞེས་པའོ། །དེའི་བདག་པོ་ཉིད་ཇི་ལྟ་བུ་སྙམ་པ་ལ། འདོད་ཆགས་ཞེ་སྡང་ཞེས་པ་སྟེ། །འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་ གཤེགས་པ་ལ་ནི་འདོད་ཆགས་ལ་སོགས་པའི་སྒྲར་གསུངས་སོ། །དེ་དག་ཀྱང་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་དེར་གནས་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་གོ་འཕང་ལ་གནས་པའི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའོ། །བཅུ་དྲུག་ཆར་ཡང་མི་ཕོད་ཅེས་པ་ནི་མི་རྙེད་པ་སྟེ། དེ་བས་ན་དེ་ བཞིན་གཤེགས་པ་དག་གི་ཡང་གཙོ་བོ་ཉིད་དང་བདག་པོའོ། །ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །ཞེས་པ་ནི་གང་ལས་ཆོས་རྣམས་ཀྱི་རང་བཞིན་འབྱུང་བ་དེ་ནི་ཆོས་འབྱུང་ངོ་། །དེ་ལས་བྱུང་བའི་ཡེ་ཤེས་གང་ཡིན་པ་དེ་ནི་མཁའ་དང་མཉམ་པ་སྟེ་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །ཐབས་ དང་ལྡན་པ་ཞེས་པ་ནི་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་དང་ལྡན་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལས་སྲིད་པ་གསུམ་ཡང་སྐྱེས་ པའོ། །ཇི་ལྟར་སྙམ་པ་ལ། ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཞེས་བྱ་བ་གསུངས་ཏེ། དེ་ཡང་དེ་ལས་སྐྱེས་པ་ནི་དེ་དང་རྗེས་སུ་མཐུན་པའི་རྒྱུ་བྱེད་པའི་ངོ་བོ་ཉིད་དེ། དོན་དམ་པར་སྐྱེ་བ་མེད་པའི་རང་བཞིན་ཉིད་དོ། །དེ་བས་ན་འདི་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་རང་བཞིན་ཏེ། ཅུང་ ཟད་ཀྱང་འདིའི་ཆར་མི་འགལ་བར་རྣལ་འབྱོར་པས་བསྟན་པར་བྱའོ་ཞེས་སྟོན་ཏོ། །ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་དོ་ཞེས་སྟོན་པར་བྱེད་པས་གསུངས་པ། རྫས་ནི་བཅོམ་ལྡན་འདས་ཡིན་ཏེ། །ཞེས་པ་ནི་ཐབས་དམིགས་པ་དང་བཅས་པ་ཉིད་དོ། །དེའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་རང་ བཞིན་ཅན་ནི་འདོད་མ་སྟེ། ཤེས་རབ་དམིགས་པ་མེད་པ་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ནོ། །གཅིག་དང་དུ་མའི་སྦྱོར་བྲལ་འདི། །ཞེས་པ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་རྡོ་རྗེ་འཛིན་པའོ། །སྐད་ཅིག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐད་ཅིག་ཏུའོ། ། མཆོག་ནི་ཐུན་མོང་མ་ཡིན་པའོ། །དགའ་བ་ནི་བདེ་བ་ཆེན་པོའོ། །བྱིན་གྱིས་བརླབས་པའི་རིམ་པ་འདི་དག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་འབྱུང་བའི་བྱིན་གྱིས་བརླབས་པའི་ཡེ་ཤེས་གང་ཡིན་པ་དེ་དང་དེའི་རང་བཞིན་ཏེ། རིམ་པ་འདི་དག་སྟེ་རྡོ་རྗེ་འཛིན་པའི་རང་ བཞིན་དང་བཅས་པ་ནི་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པའི་བདག་པོའོ། །ཀུན་མཁྱེན་ཡེ་ཤེས་རང་བཞིན་ཏེ། །ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་དང་དེའི་རང་བཞིན་ཏེ། ལྷན་ཅིག་སྐྱེས་པའི་རང་རིག་པ་དང་བདེ་བ་ཆེན་པོ་མཆོག་དང་གཞན་མ་ཡིན་ པའི་རང་བཞིན་ནོ། །སྐད་ཅིག་རྩོད་པ་ཐམས་ཅད་སྤངས། །ཞེས་པ་ལྷན་ཅིག་སྐྱེས་པ་འབྱུང་བའི་སྐད་ཅིག་ལ་ཐམས་ཅད་དེ་དང་དེའི་རང་བཞིན་ཉིད་དུ་གྱུར་ཏེ། གཉིས་ཀྱི་ཚུལ་གྱིས་རྩོད་པ་མེད་པའོ། །རྩོད་པ་ཐམས་ཅད་ནི་གཉིས་ཀྱི་སྤྱོད་ཡུལ་ཏེ། གཉིས་སུ་མེད་པ་ལ་སུ་ཞིག་གང་ གིས་རྩོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྩོད་པ་དེ་ཅི་སྙམ་པ་ལ་གསུངས་པ། རང་བཞིན་ཡང་དག་ཚོར་བས་རིག །ཅེས་པ་སྟེ་དེ་ཉིད་ཀྱིས་གསུངས་པ། མཐོ་རིས་མི་ཡུལ་ས་འོག་ཏུ་ཡང་། །ཞེས་སོ། །རིག་བྱེད་གྲུབ་མཐའ་མ་ལུས་རྣམས། །ཞེས་པ་ལ། རིག་བྱེད་པས་སྨྲས་ པ་ནི་གྲུབ་པའི་མཐའོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་པའོ། །སྲིད་པ་ནི་འཁོར་བ་སྟེ། རྣམ་པར་དག་པས་ཡང་དག་པ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་དངོས་གྲུབ་སྟེ་དེ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཅི་ཡིན་སྙམ་པ་ལ་གསུངས་པ། ཡང་ནི་སྐྱེ་ བ་གཞན་དག་ལ། །ཞེས་པའོ། །ཆུ་བོའི་རྒྱུན་ནི་འབབ་པ་དང་། །མར་མེ་འབར་བའི་རྒྱུན་གཞན་དུ། །ཞེས་པ་ནི་དཔེར་ན་ཆུ་བོའི་རྒྱུན་འབབ་པ་ལ་མར་མེ་འབར་བས་ནི་མུན་པ་སེལ་བར་བྱེད་ཀྱང་མི་གནས་པས་དོན་མེད་པ་བཞིན་དུ། ཀྱེའི་རྡོ་རྗེའི་དོན་ཤེས་ནས་གཞན་དུ་ངལ་བར་བྱས་ ཀྱང་འབྲས་བུ་གནས་པ་མ་ཡིན་པ་དེ་ཉིད་དེ་དོན་མེད་དོ། །ཡང་ན་གང་དུ་ཆུ་བོའི་རྒྱུན་འབབ་པ་ན་རྒྱུན་མི་འཆད་པ་དང་། ཡང་ཇི་ལྟར་མར་མེ་འབར་བ་རྒྱུན་རང་གསལ་བ་དེ་བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་གནས་པར་བྱ་སྟེ། རྣལ་འབྱོར་པ་རྣམས་ཀྱིས་སོ། །ཡང་ན་ཇི་ལྟར་ཆུ་བོའི་ རྒྱུན་འབབ་པ་ན་རྒྱུན་མི་འཆད་པ་དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རང་གིས་གསལ་བ་ཉིད་དུ་ཡང་མར་མེ་འབར་བའི་རྒྱུན་བཞིན་ཞེས་པ་ནི་བླ་མའི་ཞལ་སྔ་ནས་གནང་བ་ལས་ཤེས་པར་བྱའོ་ཞེས་པའོ། །རྣལ་འབྱོར་མའི་འཁོར་ལོའི་ལེའུའི་བཤད་པ་སྟེ་བརྒྱད་པའོ།། །།ད་ནི་མཆོག་ དང་མཆོག་མ་ཡིན་པའི་དབྱེ་བས་རྣམ་པར་དག་པས་གསུངས་པ་མཆོག་ཅེས་པའོ། །དེ་ལ་མཆོག་ཏུ་རྣམ་པར་དག་པ་ནི་དེ་བཞིན་ཉིད་དང་ཐ་མལ་པ་ལྷའི་རང་བཞིན་ཉིད་དོ་ཞེས་གསུངས་པ་ནི། ངེས་པར་དངོས་པོ་འདི་དག་ཀུན། །ཞེས་པའོ། །ལྷ་རྣམས་གསུངས་ཞེས་པ་ནི་བཤད་ པར་བྱའོ་ཞེས་པའོ། །ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ། །དབང་པོ་དྲུག་ནི་ནང་གི་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་ནི་ཕྱིའི་སྐྱེ་མཆེད་དོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག །ཅེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཐམས་ཅད་དག་ཅེས་པ་ནི་སྔར་གསུངས་པའི་ དངོས་པོའི་དོན་ཐམས་ཅད་དུ་གསུངས་པའོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་དབྱེ་བས་གལ་ཏེ་འདི་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ན་རྣམ་པར་དག་པས་ཅི་ཞིག་བྱ་སྙམ་པ་ལ། མི་ཤེས་ཉོན་མོངས་བསྒྲིབས་པ་ཡིས། །དག་བྱ་ཞེས་པ་ནི་རང་བཞིན་གྱིས་དག་ཀྱང་ཕུང་པོ་ ལ་སོགས་པའི་རང་བཞིན་ཡང་དག་པར་མི་ཤེས་པའི་གློ་བུར་གྱི་ཉོན་མོངས་པས་བསྒྲིབས་པས་དེའི་ཕྱིར་རང་བཞིན་རྟོགས་པར་བྱ་བའི་སྒོ་ནས་སྦྱོར་བར་བྱེད་པའོ། །རང་རིག་བདག་ཉིད་རིག་པ་ཡིས། །ཞེས་པ་ནི་དེ་བཞིན་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལྟ་བུ་ཉིད་ནི་མ་ཡིན་ཏེ། འོན་ཀྱང་བདེ་བ་ཆེན་པོ་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་རང་རིག་པ་མཆོག་ཏུ་བདེ་བ་སྟེ། རང་རིག་པ་བདེ་བ་ཆེན་པོ་ཉིད་དོ། །དེ་རྣམས་ཀྱི་ཁྱད་པར་དུ་འཕགས་པས་མིག་ལ་སོགས་པའི་སྤྱོད་ཡུལ་གྱི་དོན་མ་ཡིན་པའོ། །དག་པའི་དངོས་པོ་ནི་དག་པའི་རང་བཞིན་ནོ། །གང་ཕྱིར་འགྲོ་བ་ སངས་རྒྱས་དངོས། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་དབྱེ་བ་དང་། དབྱེར་མེད་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མིག་གིས་གཟུང་བའི་གཟུགས་དང་ཞེས་པ་ནི་གཟུགས་གཟུང་བར་བྱས་ན། གཟུང་བའམ། མིག་འཛིན་ པར་བྱེད་པ་པོའམ་བྱེད་པ་སྟེ། འདིས་ཞེས་བྱ་བ་ནི་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་སྒྲ་དང་རྣ་བ་ལ་སོགས་པ་དང་། ལྕེས་མྱང་བར་བྱ་བ་ཤེས་ཞེས་པ་ནི་མྱང་བར་བྱ་བས་ན་མྱང་བས་ཏེ་རོའོ། །ཤེས་པ་ནི་ཤེས་པར་བྱེད་པས་ན་ཤེས་པའོ། །རྫས་ཞེས་ པ་ནི་རེག་པར་བྱ་བ་སྟེ། ས་ལ་སོགས་པའོ། །གལ་ཏེ་དེ་ལྟར་དངོས་པོ་འདི་དག་མ་དག་པས་དེའི་ཚེ་སྤངས་ཏེ་དག་པར་བྱས་པས་ཅི་ཞིག་བྱ་སྙམ་པ་ལ། རྣལ་འབྱོར་པ་ཡིས་བསྟན་པར་བྱ། །ཞེས་པ་སྟེ་གང་ལས་སྙམ་པ་ལ། གང་ཕྱིར་བསྟེན་པར་བྱ་ཞེས་བྱ་བ་གསུངས་སོ། །གལ་ཏེ་ བསྟེན་པར་བྱས་ན་དེའི་ཚེ་འཁོར་བར་གནས་པའོ་སྙམ་པ་ལ། དག་པས་དུག་མེད་བྱས་ནས་ནི། །ཞེས་གསུངས་ཏེ། དཔེར་ན་དུག་གི་དེ་ཁོ་ན་ཉིད་མི་ཤེས་པས་བསྟེན་པར་བྱས་ན་སྐྱོན་དུ་འགྱུར་རོ། །དེ་དང་དེ་ཉིད་ཀྱི་དེ་ཁོ་ན་ཉིད་ཤེས་ན་དུག་མེད་པར་བྱས་ཏེ། དེ་ཁོ་ན་ཉིད་ཤེས་པས་ཟོས་ ན་སྐྱོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་སྔར་དུག་གཞན་ལས་གྱུར་པ་ཡང་འཇོམས་སོ། །དེ་བཞིན་དུ་ཡུལ་གྱིས་ཀྱང་དུག་དང་བཅས་པ་དེ་དག་གལ་ཏེ་རྣམ་པར་མ་དག་པས་བསྟེན་པར་བྱས་ན་དེའི་ཚེ་འདོད་ཆགས་ལ་སོགས་པའི་སྐྱོན་སྐྱེད་པར་བྱེད་དོ། །གང་སྔ་མ་བསྟེན་པས་ནི་ སྐྱེད་པར་ཡང་མི་བྱེད་དེ་འཇོམས་པར་ཡང་མི་བྱེད་དོ། །གང་གི་ཚེ་གཞན་དེ་བཞིན་ཉིད་ལ་སོགས་པའི་དག་པས་དུག་མེད་པར་བྱས་ཏེ། བསྟེན་ན་དེའི་ཚེ་ཡོན་ཏན་སྐྱེད་པར་ཡང་བྱེད་ཅིང་འཇོམས་པར་ཡང་བྱེད་དོ། །དེའི་ཕྱིར་ནན་ཏན་གྱིས་བསྟེན་པར་བྱའོ། །ད་ནི་ཕུང་པོ་ལ་སོགས་པའི་དབྱེ་ བས་དག་པ་གསུངས་པ། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པའོ། །ད་ནི་སྔར་མ་གསུངས་པའི་ཕྱོགས་རྣམ་པར་དབྱེ་བ་གསུངས་པ། དབང་ལྡན་དུ་ནི་པུཀྐ་སཱི། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་རྣམ་པར་དག་པ་གསུངས་པ། ཕྱག་རྣམས་ཞེས་པའོ། ། ཞབས་དག་ཅེས་པ་ནི་གཡོན་པ་དང་གཡས་པ་དག་གིས་ཞེས་པའོ། །ཞབས་བཞི་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྣམ་པར་དག་པའོ། །ཞལ་བརྒྱད་རྣམ་པར་ཐར་པ་ཡིས། །ཞེས་པ་ནི་སྒོ་བརྒྱད་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་ཞེས་བྱ་བ་ལ་སོགས་པ་རྣམ་པར་ཐར་ པའི་སྒོ་བརྒྱད་རྣམ་པར་དག་པའོ། །སྤྱན་གསུམ་དག་པས་རྡོ་རྗེ་གསུམ། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་མཁའ་སྤྱོད་མ་དང་། ས་སྤྱོད་མ་དང་། བདག་མེད་མའི་རྣམ་པར་དག་པའི་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་ཞེས་བྱ་འཁོར་ལོ་ཅན། །ཞེས་པ་ནི་ཞེ་སྡང་རྣམ་པར་དག་ པའོ། །འཁོར་ལོ་ཅན་ནི་འཁོར་ལོའི་བདག་མོའོ་ཞེས་བྱ་བ་ཡང་ཞེས་པ་ནི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་རྣམ་པར་དག་པའི་བརྗོད་པ་སྟེ། བདག་མེད་མ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ནི་འདོད་ཆགས་རྣམ་པར་དག་པ་ཞེས་གསུངས་པའོ། །གསང་བའི་གཽ་རཱི་མ་ཞེས་བྱ་བ་ནི་ནང་གི་ བརྩེགས་མའི་གཽ་རཱི་མའོ། །གཏི་མུག་རྡོ་རྗེ་དེ་བཞིན་བརྗོད། །ཅེས་པ་ནི་རྡོ་རྗེ་མ་གཏི་མུག་རྣམ་པར་དག་པའོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི། །ཞེས་པ་ནི་རྫོགས་པའི་རིམ་པའི་ཕྱོགས་ལ་ནི་དེ་བཞིན་ཉིད་ཀྱི་ཕུང་པོ་ལ་སོགས་པ་ཉིད་དག་པ་མཆོག་ཅེས་བྱ་བར་དགོངས་སོ། །གང་དང་གང་ གིས་ཞེས་པ་ནི་གང་དང་གང་གིས་ནི་ཕུང་པོ་དང་འདོད་ཆགས་ལ་སོགས་པས་འཇིག་རྟེན་པ་བཅིངས་ཏེ། ལས་དང་ཉོན་མོངས་པ་ལ་སོགས་པས་སྡུག་བསྔལ་དང་ཉེ་བར་ལྡན་པའོ། །དེ་དང་དེ་ཉིད་ཀྱིས་ཞེས་པ་ནི་ཕུང་པོ་དང་འདོད་ཆགས་ལ་སོགས་པ་དག་པས་བཅིངས་པ་ལས་གྲོལ་བའོ། ། དེའི་ཕྱིར་འཇིག་རྟེན་རྨོངས་པས་ཞེས་པ་ནི་རྨོངས་པར་འགྱུར་བ་ཡིས་སོ། །གང་ལས་སྙམ་པ་ལ། གང་གི་ཕྱིར་དེ་ཉིད་རིག་པ་མེད་ཅེས་པ་ནི་དངོས་པོ་རྣམས་སྒྱུ་མ་ལྟ་བུ་དང་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་རྣམ་པར་དག་པ་མི་ཤེས་པས་སོ། །མི་ཤེས་པས་དེ་ཁོ་ན་ཉིད་སྤངས་ཏེ་ནམ་ཡང་དངོས་ གྲུབ་ཐོབ་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ཡང་དྲི་ལ་སོགས་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་བཞིན་ཉིད་ལ་སོགས་པས་སེམས་མ་དག་པས་མ་དག་པ་དེ་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ཡང་ལྷན་ཅིག་སྐྱེས་པའི་གནས་ལ་གནས་པས་དེའི་རང་བཞིན་ཐམས་ ཅད་པས་འདི་ཅིས་དག་པར་བྱ་སྟེ། དེ་ཉིད་ཀྱིས་ཐམས་ཅད་རྣམ་པར་དག་པས་རང་བཞིན་གྱིས་དག་པར་འགྲོ་བ་རྟོགས་པར་བྱ་ཞེས་གསུངས་ཏེ། དངོས་པོ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཉིད་དེ། དག་པའི་ངོ་བོ་ལས་བྱུང་བའོ། །ལྷན་ཅིག་སྐྱེས་པ་ལས་སྐྱེས་པ་ཉིད་འདི་ཡང་ཕུང་པོ་ལ་ སོགས་པ་ལྷན་ཅིག་སྐྱེས་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པ་བཤད་པའི་ལེའུ་སྟེ་དགུ་པའོ།། །།དེ་ལྟར་དེ་ཁོ་ན་ཉིད་བསྒོམ་པ་ནི་དབང་མ་བསྐུར་བར་སྐལ་བ་མེད་དོ། །དབང་བསྐུར་བ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་པས་ན་དེ་ཁོ་ན་ ཉིད་གསལ་བར་བྱེད་པའི་ཐབས་སློབ་མ་དབང་བསྐུར་བའི་ཕྱིར་དཀྱིལ་འཁོར་གསུངས་པ། དེ་ནས་ཡང་དག་བཤད་པར་བྱ། །ཞེས་སོ། །ཇི་ལྟར་རིམ་པས་ཞེས་པ་ནི་དཀྱིལ་འཁོར་བྲི་བའི་རིམ་པ་གང་ཡིན་པས་སོ། །ཆོ་ག་གང་གིས་ཞེས་པ་ནི། སློབ་མ་དབང་བསྐུར་བས་ཏེ། དེ་ཡང་ རབ་ཏུ་བཤད་པར་བྱའོ། །རྣལ་འབྱོར་པ་ཡིས་ས་སྦྱང་བྱ། །ཞེས་བྱ་བ་ལ་སོགས་པ་ནི་སྐྱེད་མོས་ཚལ་ལ་སོགས་པའི་གནས་སུ་སྔགས་པས་སྔོན་དུ་བསྙེན་པ་བྱས་ཏེ་སློབ་མ་བསྡུ་བའི་ཕྱིར་རམ། རབ་ཏུ་གནས་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྱ་བར་འདོད་པས་མེ་ཏོག་ལ་སོགས་པས་སའི་ལྷ་ མོ་མཆོད་དོ། །ཨོཾ་བྷུ་ཁཾ་ཞེས་སྔགས་ཀྱིས་ནི། བུམ་པ་འཛིན་ཅིང་ཁ་དོག་སེར། །སྔོན་དུ་དགུག་པ་བྱས་ནས་ནི། །ནམ་མཁའ་ལ་ནི་ཤེས་པར་བསམ། །ཨོཾ་ཏིཥྛ་བཛྲ་ཧཱུཾ་གིས་ཡང་དག་པར་བྱིན་གྱིས་བརླབས་ནས་པུས་མོ་མན་ཆད་ཙམ་བརྐོ་བར་བྱའོ། །དེ་ནས་བྱུང་བའི་ཐལ་བ་དང་། སོལ་ བ་དང་། ཕུབ་མ་དང་། རྡོ་དང་། རུས་པ་དང་། གསེག་མ་ལ་སོགས་པ་བསལ་ཏེ། ས་དེས་སམ་གཞན་དྲི་ཞིམ་པོའི་ཆུས་གཏོར་ཏེ་བརྐོས་པའི་ཁུང་བུ་དེ་སས་དགང་བར་བྱའོ། །ཧཱུཾ་ཞེས་བཟླས་ཏེ། དྲི་ཞིམ་པོའི་ཆུས་གཏོར་ནས་བརྫིས་ཏེ་མཉམ་པོར་བྱས་ཏེ། དེ་ལ་སའི་ལྷ་ མོ་ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པས་སྤྱན་དྲངས་ཏེ་བཅུག་ལ་བྱིན་གྱིས་བརླབས་པར་བསམ་མོ། །ངེས་པར་སྐྱོན་རྣམས་འདི་དག་ཀུན། །གལ་ཏེ་བསལ་བར་མ་ནུས་ན། །ལག་པ་གཏད་ལ་སྔགས་བཟླས་ཏེ། །དེ་ཉིད་དག་པར་གྲགས་ཆེན་པོ། །ཁང་ཐོག་རྡོ་སྟེང་གནག་ལྷས་ དང་། །ལྷ་ཁང་ཆུ་འགྲམ་རྒྱལ་གནས་སོགས། །བརྐོས་པས་རྣམ་པར་དག་བྱ་མིན། །སྔོན་དུ་སྦྱོངས་པའི་གནས་སུ་ཡང་། །ཞེས་པ་སྟེ། དེ་ལྟར་ས་སྦྱང་བར་བྱའོ། །དེ་ལ་དཀྱིལ་འཁོར་བྲི་བའི་ཆོ་ག་ནི་འཆད་པར་འགྱུར་རོ། །འབད་པས་ཧཱུཾ་ལས་རྡོ་རྗེར་བྱ། །ཞེས་པ་ནི་རཾ་ཡོངས་སུ་ གྱུར་པ་ལས་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སའི་རང་བཞིན་དུ་བྱས་ཏེ་ས་སྦྱང་བར་བྱ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་བྲི་བའི་གནས་གསུངས་པ། སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པའོ། །བཟང་པོ་ཞེས་བྱ་བ་འདིའི་བཤད་པ་གསུངས་པ། རིན་ཆེན་སྣ་ ལྔའི་ཕྱེ་མ་ཡིས། །ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་གྱི་ཚད་ངེས་པ་དང་ལྡན་པ་གསུངས་པ་དཀྱིལ་འཁོར་ཁྲུ་གསུམ་ཞེས་པའོ། །འདིའི་དོན་རྡོ་རྗེ་སེམས་དཔར་སྙེམས་བྱས་ཏེ། གཡས་བརྐྱང་བ་ཡི་ཞབས་དག་བྱ། །ཕྱག་གཉིས་ཧེ་རུ་ཀར་སྦྱོར་བ། །སློབ་དཔོན་ དཀྱིལ་འཁོར་འཇུག་པར་བྱ། །ཧཱུཾ་ཧཱུཾ་ཞེས་ནི་སྒྲོགས་པ་དང་། །ཧི་ཧི་ཞེས་བྱ་འཇིགས་སུ་རུང་། །སྔགས་པ་རྡོ་རྗེ་དྲིལ་བུ་འཛིན། །གཽ་རཱི་སོགས་ཀྱིས་གསོལ་བ་འདེབས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ཡང་དག་ འབྱུང་། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པོ་ཡང་དག་འབྱུང་། །དཀྱིལ་འཁོར་བདག་པོ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་ སྦྱོང་བྱེད། །རྡོ་རྗེ་རིན་ཆེན་ཡང་དག་བྱུང་། །དཀྱིལ་འཁོར་བདག་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །རྣམ་པར་སྣང་མཛད་ཆེར་འབྱུང་བ། །དཀྱིལ་འཁོར་བདག་པོ་བཤད་དུ་གསོལ། །དེ་བཞིན་ཕྱག་རྒྱ་གནས་ བཞེངས་ཏེ། །ཀུན་དུ་རྣམ་པར་གཟིགས་མཛད་ནས། །ཧཱུཾ་ཞེས་རྗོད་པར་བྱེད་པའི་བདག །རྐང་པ་རྡོ་རྗེ་གར་བྱས་ནས། །སྙེམས་དང་ལྡན་པས་ཡོངས་སུ་བསྐོར། །རྡོ་རྗེ་ལྟ་བས་བལྟས་ནས་ཀྱང་། །རྐང་འོག་རྡོ་རྗེ་འབར་བ་ནི། །ཧཱུཾ་ལས་སྤྲུལ་པ་བསྒོམ་པར་བྱ། །བློ་ལྡན་རྡོ་རྗེ་ གསོར་བྱེད་ཅིང་། །དྲིལ་བུ་དཀྲོལ་བར་བྱེད་པར་བརྩོན། །ས་ནི་དག་པར་བྱེད་པ་འདིས། །བསྲུང་བ་ཡང་ནི་ཆེན་པོར་འགྱུར། །བརྗོད་པ་འདི་ཡིས་བགེགས་རྣམས་ནི། །ཆེན་པོ་ཡང་ནི་སྐྲོད་པར་བྱེད། །བགེགས་ཆེན་པོ་ནི་འགྲོ་བར་གྱིས། །གང་ཡང་ལུས་ལ་སོགས་པ་རྣམས། །བདེ་ ཆེན་ཡེ་ཤེས་ལས་བྱུང་བས། །རྡོ་རྗེ་སེམས་དཔའི་རང་བཞིན་བྱུང་། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་འབར་བའི་ལུས་ལྡན་པས། །སྐུ་གསུམ་ལས་བྱུང་འགག་པར་བྱེད། །གལ་ཏེ་འདའ་བར་གྱུར་ན་ནི། །འཇིགས་ པར་འགྱུར་ཏེ་གཞན་དུ་མིན། །ས་ནི་ཡོངས་སུ་བཟུང་བྱས་ནས། །བགེགས་མེད་ཕྱིར་ནི་ཕུར་བུས་གདབ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བནྡྷ་ཧཱུཾ་ཕཊ། །མཚམས་དང་ར་བ་ཕྱོགས་བཅིངས་ནས། །ས་ནི་སྟ་གོན་གནས་པར་བྱ། །བཾ་ལས་བྱུང་བའི་སེར་མོ་ཡིས། །གསེར་གྱི་བུམ་པ་འཛིན་པར་ བྱེད། །མཆོད་པ་ལྔ་ཡིས་མཆོད་པར་བྱ། །མི་བསྐྱོད་ཕྱག་རྒྱས་གསོལ་བ་གདབ། །ཀྱེ་ཡི་རྡོ་རྗེ་མཆོད་བྱེད་པའི། །ལྷ་མོ་རིན་ཆེན་སྣ་ཚོགས་འཛིན། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །བདག་མིང་འདི་ཞེས་བྱ་བ་ནི། །དཀྱིལ་འཁོར་དམ་པ་བྲི་ལགས་ན། །དཀྱིལ་འཁོར་གནས་ནི་སྦྱང་དུ་ གསོལ། །དྲི་ཞིམ་ཙནྡན་ལ་སོགས་ཀྱིས། །ལྷ་མོའི་གནས་ནི་ཇི་ལྟ་བར། །དཀྱིལ་འཁོར་གྱི་ནི་རིམ་པས་བྱ། །འཁོར་ལོ་དེ་ལ་སྤྱན་དྲངས་ཏེ། །མཆོད་དང་བསྟོད་པ་ལ་སོགས་བྱ། །མགྲིན་པ་རིང་ཞིང་ལྟོ་བ་འཕྱང་། །རྩ་བ་ནག་པོ་སྤངས་པ་ཡི། །དང་པོའི་རིམ་པས་བུམ་པ་བརྒྱད། ། ཨ་མྲའི་འདབ་མ་ལ་སོགས་ལྡན། །རས་ཀྱིས་མགྲིན་པ་དཀྲི་བར་བྱ། །ལྷ་ཡི་མཚན་མ་བྲིས་ནས་ནི། །འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ། །ལྟོ་བ་ཆེན་པོའི་ནང་དུ་གཞུག །མེ་ཏོག་ཕྲེང་བ་རྡོ་རྗེའི་རྩེ། །བཏགས་ནས་རང་གི་སྔགས་རྣམས་ཀྱིས། །སྔགས་པ་རབ་ཏུ་གནས་པར་བྱ། །ཨརྒྷཾ་ཞབས་ བསིལ་མཆོད་སོགས་དབུལ། །མེ་ཏོག་དཀར་པོ་གཞུག་པར་བྱ། །དྲི་ཞིམ་ཆུ་ཡིས་བཀང་ནས་ནི། །ཆོ་གའི་རིམ་པས་གཞག་པར་བྱ། །ཡང་ན་སྔར་བཞིན་མཆོད་པར་བྱ། །ལག་པས་བདུག་སྤོས་བླངས་ནས་ནི། །བློ་ལྡན་འཁོར་གཙོར་གསོལ་བ་གདབ། །བདག་མེད་མ་ལ་པུས་བཙུགས་ ནས། །རྡོ་རྗེ་ལྷ་མོ་བདག་མེད་མ། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་དཀྱིལ་འཁོར་འབྲི་བར་འཚལ། །སྙིང་རྗེའི་སྟོབས་ལ་མཆོད་པའི་ཕྱིར། །སློབ་མའི་དོན་དུ་གཤེགས་ནས་ནི། །བདག་ལ་གནང་བར་མཛད་པའི་རིགས། །སངས་རྒྱས་དཔའ་བོ་མཁའ་འགྲོ་མ། །འགྲོ་ བའི་དོན་ལ་མཆོག་ཏུ་གཞོལ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འཇིག་རྟེན་སྐྱོང་བ་མཐུ་ཆེན་རྣམས། །བདག་མེད་ལ་སོགས་དཀྱིལ་འཁོར་ནི། །འགྲོ་བའི་དོན་དུ་བྲི་བར་འཚལ། །རྡོ་རྗེ་འཛིན་བདག་འདི་ཞེས་བྱ། །ཇི་ལྟར་ནུས་པའི་ཡོ་བྱད་ཀྱིས། །བདག་དང་སློབ་མར་བཅས་པ་ ལ། །རྗེས་སུ་བརྩེ་བར་མཛད་ནས་སུ། །དཀྱིལ་འཁོར་དུ་ནི་ཚོགས་པ་ཀུན། །ཉེ་བར་ཡང་ནི་མཛད་པའི་རིགས། །འཁོར་ལོ་ལན་གསུམ་གསོལ་བཏབ་སྟེ། །མཁས་པས་མཆོད་པ་ལ་སོགས་བྱ། །ཡང་དག་བསྲུངས་ལ་ཕྱིར་བྱུང་སྟེ། །སློབ་མ་མེ་ཏོག་ཕྲེང་ཐོགས་ཤིང་། །ཡིད་གཞུངས་ སྤྲོ་བ་ཆེན་པོ་དང་། །དམན་པའང་ལྷག་པར་གནས་པར་བྱ། །དེ་ལ་སློབ་མ་མ་ལུས་དེས། །བློ་ཡིས་རང་གི་ནང་བཅུག་ནས། །རང་སྣང་པདྨ་འཁོར་ལོ་དག །ཁྱིམ་སྒོ་ནས་ནི་གསོལ་བ་གདབ། །བདག་གི་སྟོན་པ་དཔའ་ཆེན་ཁྱོད། །སེམས་ཅན་ཐམས་ཅད་དོན་བརྩོན་པ། །མགོན་པོ་དམ་ ཚིག་བདག་ལ་སྩོལ། །སྡོམ་པའི་མཆོག་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཀུན་དུ་ཀུན་རྟོག་སྤངས་པ་ཡིས། །གྲོང་ཁྱེར་ཉམས་དགའ་འཇུག་པར་འཚལ། །དེ་ནས་སློབ་གཙོ་གཅིག་དམིགས་ཏེ། །ཚིག་ནི་འདི་སྐད་ བརྗོད་པར་བྱ། །ཚུར་ཤོག་ཐེག་པ་ཆེན་པོ་ཡི། །སྔགས་ཀྱི་སྤྱོད་པའི་ཚུལ་གསལ་བ། །བུ་ལ་ང་ཡིས་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་དང་གསུང་དང་ཐུགས་འཛིན་པ། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་ མཉམ་མེད་ཡང་དག་ཐོབ། །བདུད་སྡེ་ཤིན་ཏུ་མི་བཟད་བཅོམ། །ཤཱཀྱ་སེང་སོགས་དཔའ་བོ་ཡིས། །འཇིག་རྟེན་རྗེས་སུ་གཤེགས་ནས་ནི། །འཁོར་ལོ་བསྐོར་ཏེ་མྱ་ངན་འདས། །དེ་བས་བློ་ལྡན་བུ་ཡིས་འདི། །ཐམས་ཅད་མཁྱེན་པ་ཐོབ་པར་གྱིས། །བཤགས་སོགས་ལན་གསུམ་བྱས་ ནས་ནི། །སྙིང་ག་ལྐོག་མ་སྤྱི་བོར་ནི། །མཁའ་སྤྱོད་ས་ལ་སྤྱོད་པ་དང་། །ས་འོག་སྤྱོད་པ་གནས་པར་བསམས། །ཙནྡན་རྡོ་རྗེ་ཁུ་ཚུར་གྱིས། །ཨོཾ་ཨཱཿཧཱུཾ་ཞེས་ཡང་དག་བརྗོད། །སྙིང་ག་མགོ་བོ་ལྐོག་མ་ལ། །མེ་ཏོག་ལ་སོགས་རིམ་བཞིན་སྦྱིན། །མེ་ཏོག་མགོ་བོར་མདུན་དུ་སྤོས། །མར་ མེ་དྲི་ཡང་སྙིང་ག་ལ། །རང་རང་སྔགས་ཀྱིས་ཡང་དག་བཟླས། །སློབ་མ་རྣལ་འབྱོར་པས་མཆོད་བྱ། །སོར་ནི་བཅུ་གཉིས་མེ་ཏོག་རྩེར། །མ་ཡོ་མ་གས་སྲོག་ཆགས་མེད། །ཨ་ཤྭཏ་ཨུ་དུམྺཱ་ར་ཡི། །མོ་ཡོ་བ་ཡི་སོ་ཤིང་སྦྱིན། །ཤར་དང་བྱང་དུ་ཁ་བལྟས་ནས། ། བ་ཀོ་ཙམ་གྱིས་ས་བྱུགས་ཏེ། །འཆོས་ནས་ཀྱང་ནི་དོར་བར་བྱ། །ཞི་ལ་སོགས་པའི་དངོས་གྲུབ་བསྟན། །གང་ཕྱོགས་བལྟས་ལ་དངོས་གྲུབ་ནི། །དེ་ཡི་མཆོག་ནི་ཤེས་པར་བྱ། །ཤར་དུ་བལྟས་ནས་དངོས་གྲུབ་ནི། །དབུ་མ་རུ་ཡི་ཡོངས་སུ་གྲགས། །བྱང་དུ་བལྟས་དང་ཐད་ཀར་ ཡང་། །ཞི་བའི་འཇིག་རྟེན་དངོས་གྲུབ་ཡིན། །གང་ཚེ་འོག་ཏུ་ཁ་བལྟས་པ། །དེ་ཚེ་ས་འོག་དངོས་གྲུབ་ཡིན། །འཐོར་འཐུང་སྐྱོར་ཆུ་ལན་གསུམ་བླུད། །བྱིན་ནས་ཕྱི་རོལ་གཞག་པར་བྱ། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །དཔུང་པར་སྐུད་པས་ཤིན་ཏུ་བསྲུང་། །ཨོཾ་ཧྲཱིཿབི་ཤུདྡྷ་ སརྦ་དྷརྨཱ་པཱ་པ་ནིཤྩཱ་སྱ་ཤོ་དྷ་ཡ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། ཀུན་མཁྱེན་རྣམས་ནི་འཇིག་རྟེན་དུ། །བརྒྱ་ལམ་ན་ནི་འབྱུང་འགྱུར་ཏེ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་མི་འབྱུང་སྲིད། །འདི་སྐད་ལ་སོགས་བསྟན་བྱས་ནས། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །དེ་ནས་དཀྱིལ་ འཁོར་དབུས་སུ་ནི། །རང་གི་སྦྱོར་བ་ལྡན་པས་འདུག །ཀྱེ་ཡི་རྡོ་རྗེའི་ཕྱག་རྒྱ་ཡིས། །ཆོ་ག་བཞིན་དུ་བྱིན་གྱིས་བརླབ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཤིན་ཏུ་སར་པར་ལྡན་པ་ནི། །ཚད་དང་ལྡན་ཞིང་མཛེས་པ་ཡིས། །ཤེས་རབ་ཅན་གྱིས་ཐིག་གདབ་བྱ། །སྒོ་བཞི་འབར་བ་ཆེན་པོ་ སྟེ། །ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་གྱིས་མཛེས་པའོ། །དེ་ལྟར་འཁོར་ལོའི་ཐིག་བཏབ་ནས། །ཚོན་ལ་འབར་བའི་ལྟ་བ་ཡིས། །མངོན་པར་བསྔགས་ཏེ་འབར་བར་བྱ། །ཁུ་ཚུར་གཡོན་པས་དགྱེ་བར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ གྲོལ་བྱེད་པ། །ཀྱེའི་རྡོ་རྗེ་རྒྱལ་པོ་ཆེ་ཡི། །ས་ཚོན་དགྱེ་བ་བརྩམ་པ་ནི། །དཀར་དང་དེ་བཞིན་སེར་པོ་ཉིད། །དམར་པོ་ཉིད་དང་ལྗང་གུ་གནག །མཉམ་ཞིང་གཡས་སྐོར་རྒྱུན་མ་ཆད། །འོག་ཏུ་ནས་གང་ཙམ་གྱི་བར། །དེ་ལས་དཀྱིལ་འཁོར་བྲི་བར་བྱ། །ཀུན་དུ་ཡེ་ཤེས་འཁོར་ལོ་ནི། ། སྤྱན་དྲངས་ནས་ནི་གཞུག་པར་བྱ། །ཕྱོགས་སྐྱོང་གཏོར་མ་བྱིན་ནས་ནི། །སྦྱིན་སྲེག་གིས་ནི་རྫོགས་པར་བྱ། །དེ་ནས་སློབ་མ་གཞུག་པའི་ཕྱིར། །དེ་ཉིད་བདེན་པ་བསྒྲག་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་བ་དང་ནི་བརྗོད་ དུ་མེད། །རང་གི་རྒྱུ་ལས་ཀུན་དུ་བྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དྲི་མེད་པ། །སློབ་མས་གཟུགས་བརྙན་གསལ་བ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་རྣམས་ཀྱི་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །དཀྱིལ་འཁོར་ཤེས་རབ་ཐབས་བདག་ཉིད། །བདེན་པ་དེ་ཡིས་དེ་བཞིན་བདག །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །དེ་ནས་ཐུན་ཚོད་གཉིས་པ་ལ། །མིག་ནི་རས་ ཀྱིས་དགབ་བྱ་སྟེ། །སློབ་མ་དེ་ལ་གཞུག་པར་བྱ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །དེ་ལྟར་འདི་ཡི་རིམ་པ་ཡིས། །སྔོན་དུ་དཀྱིལ་འཁོར་གཞུག་བྱ་སྟེ། །སློབ་དཔོན་གྱི་དབང་བསྐུར་བའི་འོག་ཏུ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར་གསུངས་པ། རིག་པ་དེ་ ལ་གཞུག་པར་བྱ། །ཞེས་པ་ནི་མ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པའོ། །གསང་བའི་དབང་བསྐུར་བ་ལ་བརྒྱ་ལ་ཐེ་ཚོམ་ཟ་བ་སྲིད་པས། གཉི་གའི་གདོང་པ་བཅིང་བ་གསུངས་པ་ནི། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་དབང་བསྐུར་བ་གསུངས་པ། དེ་ཉིད་ལ་ཡང་བྱ་ བ་ཉིད། །ཅེས་པ་ནི་དཀྱིལ་འཁོར་ས་དེ་ཉིད་དུ་ཤེས་རབ་དེ་ཉིད་ལའམ་གཞན་ལའོ། །ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་གསུངས་པ་རང་རིག་ཅེས་པའོ། །ཐབས་དང་ཤེས་རབ་རྣམ་པར་འདྲེས་པ་ཤེས་པ་ནི། གཉིས་ཀ་ཀུན་དུ་དགའ་བ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དམ། སྟོང་པ་ཉིད་ དང་སྙིང་རྗེའི་བདག་ཉིད་དོ། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །ཞེས་པ་ནི་མཆོག་དང་དགའ་བྲལ་དག་མཉམ་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཐམས་ཅད་དུ་སོང་བ་མཚོན་པར་བྱ་བའི་ཕྱིར་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །གཞན་རྣམས་གང་རྣམས་དེ་རྣམས་དག །ཅེས་ པ་ནི་བསྟན་མ་ཐག་པའི་བརྟགས་པའི་གཟུགས་རྣམས་ཀྱང་དེའི་རང་བཞིན་རྣམས་ཉིད་དེ། རང་བཞིན་མ་ཤེས་པས་མིང་གཞན་ཉིད་དམ། ངོ་བོ་ཉིད་གཞན་གྱིས་གྲགས་པ་རྣམས་དོན་དམ་པར་ནི་ལྷན་ཅིག་སྐྱེས་པ་ཉིད་དོ། །དེ་དང་དེའི་རྣམ་པར་དག་བྱེད་དེ་དེ་ཉིད་གསུངས་པ། སེམས་ཅན་རྣམ་པར་ཤེས་པ་དང་། །གཟུགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱིས་གསུངས་པ། སྒྱུ་མའི་གཟུགས་ལྟར་ཡང་དག་གནས། །རྣམ་པ་གང་གིས་རྣམ་བརྟགས་པ། །དེ་ཡི་གཟུགས་ཀྱིས་སྣང་བར་བྱེད། །ཀུན་གྱི་གཙོ་བོ་མཚོན་པར་བྱ་བ་ཉིད་སོ་སོར་སྟོན་པར་བྱེད་པ་ནི། དང་པོར་དགའ་བ་ཙམ་ཉིད་ཅེས་པ་ནི། །དགའ་བ་དང་མཆོག་ཏུ་དགའ་བ་ལ་སོགས་པ་དེའི་ཐབས་སུ་གྱུར་པ་དགའ་བྲལ་ནི་ཡང་དག་པར་མི་འདོད་པ་ཉིད་དེ། དེ་བསྐྱེད་པའི་རིམ་པ་སྟེ་དྲན་པར་བྱེད་པ་ཉིད་པས་སོ། །དེ་བས་ན་གསུམ་པོ་དག་ལས་མཚན་ཉིད་དང་བྲལ་བ་ནི་བཞི་པ་སྟེ། བཞི་པའི་ གྲངས་རྫོགས་པ་ཡིན་གྱི། །གསུམ་པའི་བར་མེད་པར་གནས་པ་དེ་ནི་མ་ཡིན་ནོ། །དེ་སྐད་ཐོས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་བདག་ཉིད་ཆེན་པོའི་རང་བཞིན་ནོ། །རྡོ་རྗེ་སྙིང་པོ་སོགས་མཁས་པ། །ཞེས་པ་ནི་བྱང་ཆུབ་སེམས་དཔའོ། །མཆོག་ཏུ་ངོ་མཚར་ཞེས་པ་ནི་ངོ་མཚར་དུ་བྱེད་པ་སྟེ། ལྷན་ཅིག་ སྐྱེས་པ་དང་ལྡན་པ་ནི་ཐོབ་པའོ། །ཐོབ་ནས་ཀྱང་ཤིན་ཏུ་ལྷན་ཅིག་སྐྱེས་པའི་བདེ་བས་རང་རིག་པས་བརྒྱལ་བས་གཟུང་བ་དང་འཛིན་པ་ལ་སོགས་པ་དང་། དབང་པོ་ལ་སོགས་པ་ཡང་དག་པར་བསྡུས་ནས་དེ་བཞིན་ཉིད་ཙམ་དུ་གཞོལ་ཏེ། སྟོང་པ་ཉིད་ཐོབ་ནས་སྙིང་རྗེས་ཇི་ལྟར་སྐལ་བ་དང་ལྡན་པའི་ སེམས་ཅན་ལ་གཟིགས་ཏེ། འཇིག་རྟེན་གྱི་ཁམས་དེར་གཤེགས་ནས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །འདི་སྐད་ཀྱང་གསུངས་ཏེ། དང་པོ་དགའ་བ་འགྲོ་བའི་གཟུགས། །ཞེས་བྱ་བ་ལ་སོགས་པའོ། །འགྲོ་བའི་གཟུགས་ནི་འགྲོ་བ་ནི་ གྲགས་པར་ཟད་དོ། །དེ་བཞིན་དུ་མཆོག་དང་དགའ་བྲལ་ཡང་ངོ་། །ལྷན་ཅིག་སྐྱེས་པ་གསུམ་ལ་མེད། །ཅེས་པ་ནི་ཚུལ་འདིས་ལྷན་ཅིག་སྐྱེས་པ་དེ་མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དེ་ལྟར་བརྙེས་ནས་བཅོམ་ལྡན་ འདས་ཀྱིས་གཞན་ལ་ཡང་གསལ་བར་བྱ་བའི་ཕྱིར་གསུངས་པ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །ཞེས་པ་དང་། དབུ་མའང་དམིགས་སུ་མེད་པའོ། །ཞེས་པའོ། །ཐོག་མ་དང་ཐ་མ་ལ་ལྟོས་ནས་དབུས་མ་ཡིན་ཏེ། དེ་དག་མེད་པས་དབུ་མ་ཡང་དམིགས་སུ་མེད་དེ། འདི་ནི། ཐོག་ མ་དབུས་མཐའ་སྟོང་པ་ཉིད། །ཅེས་སོ། །དེ་བཞིན་དུ་ཡང་འཆད་པར་འགྱུར་བ་ལས་ཐོག་མ་དང་ཐ་མ་དབུས་མེད་པས་ཞེས་སོ། །ཡང་ན་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དག་ལ་གལ་ཏེ་ལྷན་ཅིག་སྐྱེས་པ་མ་ཡིན་ན་དེའི་ཚེ་གང་ཡིན་སྙམ་པ་ལ་གསུངས་པ། དབུ་མ་འདོད་ཆགས་ དང་། འདོད་ཆགས་དང་བྲལ་བ་ལས་གྲོལ་བ་དབུ་མ་ལྷན་ཅིག་སྐྱེས་པས་སོ་སོར་དམིགས་སུ་མེད་ཅེས་པ་ནི་དམིགས་སུ་མེད་ཅིང་མི་འགྱུར་བའོ། །གལ་ཏེ་དེ་ལྟ་བུར་གྱུར་ན་དེའི་ཚེ་འཇིག་རྟེན་པའི་ཡུལ་མ་ཡིན་པས་མི་རྟོགས་ཤིང་འཐོབ་པ་ཉིད་མ་ཡིན་ནོ་སྙམ་པ་ལ། དེ་ཡང་དགའ་ བྲལ་དང་པོ་བརྟག །ཅེས་གསུངས་ཏེ། དེ་ཡང་ཞེས་པ་ནི་མཚན་ཉིད་དེ། དེ་འདིར་རྣམ་པ་ཐམས་ཅད་དུ་གཞན་ལས་རྟོགས་པ་མ་ཡིན་ཏེ། བླ་མའི་མན་ངག་བསྒོམས་པའི་སྟོབས་ལས་དེ་གསལ་བར་འགྱུར་རོ། །བླ་མའི་མན་ངག་བསྒོམས་པ་ལས་སོ་སོར་སྣང་བའི་རིམ་པ་བསྟན་པའི་ ཕྱིར་གསུངས་པ། དང་པོ་ཞེས་བྱ་བ་སློབ་པའི་ཚེ་ན་རེ་ཞིག་བསྒྲིབས་པ་ལྟ་བུར་སོ་སོར་སྣང་ངོ་། །དེ་ནས་ཅུང་ཟད་གསལ་ཏེ་སྒྱུ་མ་ལྟ་བུར་རོ། །དེ་ནས་བརྟག་པར་བྱ་བ་དེ་ཉིད་ཤིན་ཏུ་གསལ་ཏེ་ལྷན་ཅིག་ནི་སྐད་ཅིག་གོ། །རྨི་ལམ་ལྟར་སྣང་ཞེས་པ་ནི་ཇི་ལྟར་སྔོན་མཐོང་བ་དེ་ཉིད་དེ། རྨི་ ལམ་དང་དབྱེར་མེད་པར་གསལ་བར་སྣང་བའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དེ་ཡང་གསལ་བ་ཉིད་དུ་སྣང་ངོ་། །དེ་ལས་ཀྱང་ཤིན་ཏུ་གསལ་བར་བསྒོམས་པས་རྨི་ལམ་དང་སད་པ་དབྱེར་མེད་པ་ལྟ་བུར་རོ། །གནས་སྐབས་ཐམས་ཅད་དུ་མཉམ་པར་གསལ་བའི་ཚུལ་གྱིས་སྣང་བའོ། ། དེ་ནས་གནས་སྐབས་ཐམས་ཅད་དུ་དབྱེར་མེད་ཅིང་སོ་སོར་སྣང་བའི་མཚན་ཉིད་ཀྱི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་གསུངས་པ། དངོས་གྲུབ་དབྱེར་མེད་མཚན་ཉིད་དོ། །ཞེས་གསུངས་སོ། །འདི་སྐད་གསུངས་ཞེས་པ་ནི་འདིའི་དོན་འདི་ལྟ་སྟེ། དཀྱིལ་འཁོར་ གསུངས་པའོ། །ཇི་ལྟ་བུར་གྱུར་སྙམ་པ་ལ་གསུངས་པ། གྲུ་བཞི་པ་ལ་ཀུན་དུ་འབར། །ཞེས་བྱ་བ་ལ་སོགས་པའོ། །དཀྱིལ་འཁོར་རྫོགས་པ་དང་རྣམ་རྒྱལ་གཞག་ཅེས་པ་ནི་རྣམ་པར་རྒྱལ་བའི་བུམ་པའོ། །ཤར་དུ་ཞེས་པ་ནི་ཤར་སྒོ་ལས་གཡས་སུའོ། །སར་པ་ཞེས་ པ་ནི་མ་སྤྱད་པས་སོ། །ཤིན་ཏུ་ལྡན་པས་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྡན་པར་གནས་པས་སམ་བཀལ་བས་སོ། །ཚད་དང་ལྡན་པས་ཞེས་པ་ནི་ཆུར་དཀྱིལ་འཁོར་གྱི་ཉིས་འགྱུར་གྱིས་སོ། །དེའི་དོན་གསུངས་པ། དུར་ཁྲོད་ས་ལས་རྙེད་པའམ། །དམ་ཚིག་མ་ ཡིས་བཀལ་བ་ཡི། །ཆོ་གས་མཚལ་ཆེན་བྱུགས་པ་དང་། །དེ་བཞིན་ཡེ་ཤེས་ལྔ་ལྡན་པས། །ཨ་ནྱོ་ནྱཱ་ནུ་ག་ཏཱ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། ཤེས་རབ་ཅན་གྱིས་ཐིག་འདིས་གདབ། །རང་གི་ཡི་དམ་ལྷར་སྦྱོར་བས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ བཞུགས་པའི། །འགྲོ་བའི་དོན་དུ་བདེ་གཤེགས་རྣམས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །ཡང་དག་འདིར་ནི་གཤེགས་སུ་གསོལ། །ཁུ་ཚུར་གཡོན་པས་ལྟེ་བར་གཟུང་། །ཤར་དང་བྱང་དུ་ཁ་བལྟས་ཏེ། །བློ་ལྡན་ནམ་མཁའི་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། ། བྱང་དུ་བལྟས་ཏེ་ཤར་གྱི་ཐིག །ནུབ་ཀྱི་ལྷོ་རུ་བལྟས་པ་སྟེ། །ཤར་དུ་བལྟས་ཏེ་དེ་བཞིན་བྱང་། །ཤར་དུ་བལྟས་ཏེ་དེ་བཞིན་ལྷོར། །མེ་དང་སྲིན་པོར་གནས་བྱས་ནས། །དེ་ནས་མཚམས་ཀྱི་ཐིག་གདབ་བྱ། །ཛྫ་གསུམ་གྱིས་ནི་དེ་བཏང་ཞིང་། །རང་ཡང་ཛྫ་ཛྫ་ཛྫ་ཞེས་བརྗོད། །གཡས་སྐོར་ གྱིས་ནི་རིམ་གཉིས་ཀྱིས། །སོང་སྟེ་རབ་ཏུ་ཐིག་གདབ་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཐིག་གདབ་པའི་ཆོ་གའོ། །སྔོན་དུ་བསྙེན་པ་གསུངས་པ། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །ཞེས་བྱ་བ་ལ་སོགས་པའོ། །སྔོན་དུ་གསུངས་པའི་ཞེས་པ་ནི། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ ཞེས་བྱ་བ་འདིས་སོ། །དེ་ལ་གཏོར་མ་སྦྱིན་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་བྱེད་པའི་གནས་སྐབས་དེར་རོ། །ཇི་ལྟར་གསུངས་པ་ཉིད་ཅེས་པ་ནི་ལྷའི་ལེའུར་རོ། །གསལ་བྱས་པ་ནི་དབང་བསྐུར་བ་སྟེ། འདིའམ་རྒྱུད་གཞན་དུ་ཡང་ཆོ་ག་བཞིན་དུ་ཞེས་པ་ནི་སློབ་མ་སྔོན་དུ་བཅུག་སྟེ་ཆུ་ལ་ སོགས་པའི་རིམ་པས་སོ། །རང་གི་དཀྱིལ་འཁོར་དུ་ཞེས་པ་ནི་རང་གི་ཡི་དམ་གྱི་ལྷའི་དཀྱིལ་འཁོར་དུའོ། །མཆོད་དང་གསོལ་བ་གདབ་པ་ཉིད། །ཇི་ལྟར་གྲགས་པ་ཞེས་པ་ནི་བླ་མ་ལ་མཆོད་པ་དང་། གསོལ་བ་གདབ་པ་ཇི་ལྟ་བར་སློབ་མས་བྱ་བ་དེ་བཞིན་དུ་འང་འདིར་རིག་པར་བྱའོ། ། དེ་ནས་གཽ་རཱི་ལ་སོགས་བྲི། །ཞེས་པ་ནི་ནང་གི་བརྩེགས་མ་ལ་བདག་མེད་མ་ལ་སོགས་པ་ལྔའི་གྲི་གུག་བྲི་བར་བྱའོ། །དེ་འོག་ཏུ་གཽ་རཱི་ལ་སོགས་པའི་མཚན་མ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་གསུངས་པ་ཤར་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་འོག་དང་སྟེང་དེ་ བཞིན། །ཞེས་པ་འོག་ཏུ་ས་སྤྱོད་མ། །དེ་བཞིན་ཞེས་པ་ནི་གྲི་གུག་གོ། །སྟེང་དུ་མཁའ་སྤྱོད་དེ་བཞིན་ནོ། །འདིར་མན་ངག་གིས་རོ་ལངས་མའི་མཚན་མ་དང་ཉེ་བར་ས་སྤྱོད་མའོ། །ཕྱིའི་གཽ་རཱིའི་མཚན་མ་དང་། ཉེ་བར་མཁའ་སྤྱོད་མའོ། །རྡོ་རྗེ་སེམས་དཔའ་སྙེམས་བྱས་ནས། །ཞེས་ པ་ནི་རྡོ་རྗེ་སེམས་དཔའ་བཞིན་བྱ་བ་སྟེ། སྙེམས་པ་ནི་ང་རྒྱལ་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧཱུཾ་ཧཱུཾ་ཞེས་ནི་སྒྲོགས་པ་ཡིས། །ཞེས་པ་ནི་ཧཱུཾ་ཧཱུཾ་ཞེས་རྗོད་པར་བྱེད་པ་སྟེ། སྒྲོགས་པར་བྱེད་པ་ནི་བགེགས་སྐྲོད་པར་བྱེད་པས་རྩོལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། འདི་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ་ཡོངས་སུ་བསྐོར་བར་བྱའོ། །རང་གི་ལྷའི་ཏིང་ངེ་འཛིན་རྫོགས་ནས་མེ་ཏོག་ལ་སོགས་པས་འཁོར་ལོ་མཆོད་དེ། བདུག་སྤོས་ཀྱིས་བདུག་པ་དང་བསྟོད་པ་བྱས་ནས་དེ་ནས་སློབ་མ་དབང་བསྐུར་ཏེ། དེ་ཉིད་ཀུན་དུ་བཤད་ཅེས་པ་ནི་སློབ་མའི་ཕྱིར་རོ། ། རྣམ་དག་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །ཡེ་ཤེས་རང་བཞིན་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ནི་གསལ་བའི་རང་བཞིན་ཉིད་ཀྱིས་སོ། །འཁོར་བ་རྣམ་པར་བྱང་བ་ཡིན། །ཞེས་པ་ནི་དོན་དམ་པ་ལ་སྲིད་པ་དང་མྱ་ངན་ལས་འདས་པ་དག་མེད་པས་བྱེ་བྲག་ཅུང་ཟད་མེད་དེ། སྲིད་པ་ཉིད་ཡོངས་ སུ་ཤེས་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། དམ་པའི་དགའ་བ་མེད་ན་ཡང་། །ཞེས་པ་ནི་དགའ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་དེར་བསྒོམ་པར་བྱ་བ་དམིགས་སུ་མེད་པའོ། །སྒོམ་པ་པོ་ནི་ཡུལ་ཅན་གྱི་ལུས་ལྷ་ལ་སོགས་པའི་རང་བཞིན་ ནོ། །བསྒོམ་བྱ་དང་སྒོམ་པ་པོར་གྱུར་པ་མཆོག་ཏུ་གཟུང་བ་དང་འཛིན་པ་པོར་བྱེད་པ་མེད་དོ། །ལུས་དངོས་པོ་མེད་པ་ཉིད་ཀྱིས་ཤ་དང་ཁྲག་མེད་ཅེས་བྱ་བ་ལ་སོགས་པའོ། །ཡང་ན་བསྒོམ་བྱ་ནི་རྟེན་གྱི་དཀྱིལ་འཁོར་རོ། །སྒོམ་པ་པོ་ནི་བརྟེན་པའི་དཀྱིལ་འཁོར་རོ། ། ལུས་ཀྱང་མེད་ཅེས་བྱ་ནི་ཕུང་པོ་ལྔ་པོ་ལྷར་རྣམ་པར་དག་པས་སོ། །གཟུང་བ་མེད་ཅེས་པ་ནི་གཟུགས་ལ་སོགས་པ་གཽ་རཱི་མ་ལ་སོགས་པའི་རྣམ་པར་དག་པའོ། །འཛིན་པ་མེད་ཅེས་པ་ནི་མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག་གི་རྣམ་པར་དག་པའོ། །ཤ་ལ་སོགས་པ་མེད་པ་ནི་ པུཀྐོ་སཱི་ལ་སོགས་པའི་རྣམ་པར་དག་པའོ། །སྐྱུག་བྲོ་བ་མེད་ཅེས་པ་ནི་སྙིང་རྗེ་ལ་སོགས་པའི་རྣམ་པར་དག་པ་སྤྱན་ལ་སོགས་པ་དེ་ཉིད་ཀྱི་རང་བཞིན་ཡིན་ནོ། །འདོད་ཆགས་མེད་ཅེས་པ་ནི་སྣང་བ་མཐའ་ཡས་ལ་སོགས་པ་འཁོར་ལོས་སྒྱུར་བ་དྲུག་གོ། །བསྒོམ་པ་མེད་ཅེས་པ་ནི་ལམ་མེད་པའོ། ། སྒོམ་པ་པོ་ནི་སྒོམ་པར་བྱེད་པ་གང་ཟག་དང་སེམས་ལ་སོགས་པའོ། །གྲོགས་ནི་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བར་བྱེད་པའོ། །དགྲ་ཞེས་པ་ནི་གཞོམ་པར་བྱ་བའི་ཉོན་མོངས་པ་སྟེ། འདི་དག་ཐམས་ཅད་དམིགས་སུ་མེད་པའོ། །གང་གི་ཕྱིར་སྙམ་པ་ལ་མི་རྟོག་ཅེས་པའི་སྟེ། མཆོག་ཏུ་ དགའ་བ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་འདི་དག་མི་རྟོག་པའོ། །རྟོག་པ་ནི་བྱེ་བྲག་ཏུ་རྟོག་པ་སྟེ། དེ་ཞི་བས་བདེ་བ་ཆེན་པོར་མཆོག་ཏུ་གཅིག་པ་ཉིད་དོ། །དེ་ནས་ནི་རྣམ་པ་སྣ་ཚོགས་ཀྱི་དབྱེ་བས་ངོ་མཚར་བྱེད་དེ། སྔར་མ་མཐོང་བ་ཉིད་དམ། ཡང་ན་རྣམ་པ་སྣ་ཚོགས་ནི་སྣ་ཚོགས་ཀྱི་ རང་བཞིན་དང་བྲལ་བས་སོ། །ད་ནི་ལྷན་ཅིག་སྐྱེས་པ་ཉེ་བར་མཚོན་པའི་ཕྱིར་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པར་མི་གཟུང་ངོ་ཞེས་བསྟན་པའི་ཕྱིར་ངེས་པར་དབྱེ་བའི་ཞུས་པ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་སྟེ། གཟུང་དུ་མེད་ཅིང་ལྷན་ཅིག་སྐྱེས་པ་གཟུང་བར་བྱ་བ་མ་ཡིན་ནོ། དྲིས་པ་ འདི་ཞེས་པ་ནི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐམས་ཅད་ལས་དབེན་པ་ཉིད་ལ། རྡོ་རྗེ་སྙིང་པོ་ཞེས་བྱ་བས་སླར་གསོལ་པ། ཅིའི་ཕྱིར་འབྱུང་བའི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྱུར། ལྷན་ཅིག་སྐྱེས་པ་ཉིད་ཀྱིས་དེ་བརྗོད་ཅེས་བྱ་བའི་དོན་ཏོ། །ལུས་ཞེས་པ་ནི་ཀྱེའི་རྡོ་རྗེ་ལ་ སོགས་པ་ལྷན་ཅིག་སྐྱེས་པའི་ལུས་ངོ་བོ་ཉིད་དག་པའོ། །གང་ལས་དག་སྙམ་པ་ལ་གསུངས་པ། གཟོད་མ་ནས་སྐྱེ་བ་མེད་པ་ཉིད་རང་བཞིན་མེད་པ་ཉིད་དོ། །ད་ནི་འབྱུང་བའི་བདག་ཉིད་རེ་ཞིག་ཇི་ལྟར་སྐྱེད་པར་བྱེད་པ་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཞེས་པ་དང་། དེ་ཕྱིར་བདེ་བ་ དེ་ཉིད་མིན། །ཞེས་པ་ནི་དེ་ལྟ་བུར་གྱུར་པའི་བདེ་བ་དེ་ཁོ་ན་ཉིད་མ་ཡིན་ནོ། །འོན་ཀྱང་དེས་དེ་ཁོ་ན་ཉིད་ཉེ་བར་མཚོན་པར་བྱེད་པར་སྔར་བཤད་དོ། །དེའི་ཚེ་དེ་ཁོ་ན་ཉིད་ཇི་ལྟ་བུ་སྙམ་པ་ལ། ཐབས་དང་ཤེས་རབ་ལས་ལྷན་ཅིག་སྐྱེས་པ་ནི་གང་སྐྱེས་པ་དེ་དོན་དམ་པ་ལས་ལྷན་ཅིག་སྐྱེས་པ་སྟེ། དེ་ཁོ་ ན་ཉིད་དོ། །གང་ལས་སྙམ་པ་ལ་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་པ་ནི་རང་བཞིན་ནི་རང་གི་ཚུལ་ཏེ། དངོས་པོ་རྣམས་ལྷན་ཅིག་སྐྱེས་པའོ། །ཕྱི་རོལ་གྱི་ཡུལ་ལ་སོགས་པ་ལ་ནམ་ཡང་ལྟོས་པ་མེད་པ་འབྱུང་བ་ཆེན་པོའི་བདག་ཉིད་ལྷན་ཅིག་སྐྱེས་པ་ཡིན་པར་ཇི་ལྟར་འོས། དེ་ཉིད་ཀྱིས་དངོས་ པོ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དངོས་པོ་རྣམས་གཅིག་ཅིང་གཉིས་སུ་མེད་པར་བསྡུས་པ་ནི་སྡུད་པར་བྱེད་པ་སྟེ། གཅིག་ཏུ་བསྡུས་པའམ་བདེ་བའི་མཆོག་གོ། །དེའི་ཕྱིར། རྣལ་འབྱོར་ཤེས་རབ་ཐབས་སུ་གྱུར། །ཕྱག་རྒྱ་དེ་དང་དེའི་རྒྱུའི་སྦྱོར་བ་དང་བྲལ་བས་ཆོས་རྣམས་སྐྱེ་བ་མེད་པའོ། །ཆོས་ ཐམས་ཅད་སྐྱེ་བ་མེད་ཅིང་དམིགས་པ་མེད་པ་ཉིད་དེ། དེའི་ཕྱིར་ཕྱག་རྒྱ་རང་གི་ཤེས་རབ་ལས་གཞན་མ་ཡིན་ནོ། དེ་ཉིད་ཀྱིས་གསུངས་པ། སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་གསུངས། །ཞེས་པ་ནི་དེ་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་ཐབས་དང་ཤེས་རབ་ དག་ལས་ཤེས་པས་བདེ་བ་ཆེན་པོ་དེ་ཉིད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས། སྔགས་བཟླས་པ་མེད་པ་དང་། དཀའ་ཐུབ་མེད་པ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་དེ་དང་དེ་ཉིད་སྔགས་བཟླས་པ་ སྟེ། ཤེས་པར་བྱེད་པ་དང་སྐྱོབ་པར་བྱེད་པའི་བདག་ཉིད་དོ། །དེ་ཉིད་བརྟུལ་ཞུགས་ཏེ་ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བའི་རང་བཞིན་ཉིད་དོ། །དེ་ཉིད་སྦྱིན་སྲེག་སྟེ་ཉོན་མོངས་པ་དང་ཕུང་པོའི་སྲེག་རྫས་ཐམས་ཅད་འཇོམས་པས་སོ། །དེ་ཉིད་དཀྱིལ་འཁོར་པ་སྟེ་རྡོ་རྗེ་རྣལ་འབྱོར་མ་འདུས་ པའི་བདག་ཉིད་དོ། །དེ་ཉིད་དཀྱིལ་འཁོར་ཏེ་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ་ཉིད་དོ། །དེའི་ཕྱིར་མདོར་ན་ནི་མདོར་བསྡུས་པས་སོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། སེམས་འདུས་པའི་ཚུལ་ཅན་ཞེས་པ་ནི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པའི་ཚུལ་ཅན་ནི་ཆོས་ ཐམས་ཅད་འདུས་པའི་ཚུལ་ཏེ་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ། དེ་ཉིད་བསྐྱེད་པ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བའི་ལེའུ་སྟེ་བཅུ་པ་བཤད་པའོ།། །།དབང་བསྐུར་བ་ལ་སོགས་པས་སློབ་དཔོན་གྱི་གོ་འཕང་ ཐོབ་པའི་རྣལ་འབྱོར་པ་རྣམས་ཆོས་བསྟན་པའི་ཕྱིར་སེམས་ཅན་གཞུག་པའི་རྒྱུ་གསུངས་པ། མཉམ་པར་ཁྲོས་པས་ཞེས་པ་ལ། །མཉམ་པ་ནི་འོག་དང་ལོགས་སུ་བལྟ་བསམ་ཡིན་ན། །ཁྲོས་པས་ནི་ཁྲོ་བ་དང་བཅས་པས་སོ། །དཔྲལ་བ་ནི་ཅུང་ཟད་དཔྲལ་པ་ལ་བརྟེན་པའོ། །ལྷུང་བར་བྱེད་པ་ ནི་ལྟུང་བར་བྱེད་པས་ན་ལྟུང་བ་སྟེ། བལྟ་ཞེས་པ་གོང་མ་དང་སྦྱར་རོ། །དབང་ལ་ལྟ་སྟངས་ནི་གཡོན་ཕྱོགས་སུ་བརྟེན་པའོ། །དེ་ཉིད་གསུངས་པ། འབྲས་བུ་གཉིས་ཞེས་པའོ། །དགུག་པ་གཡས་ཀྱི་ཆ་ལའོ། །ཞེས་པ་ནི་གྱེན་དུ་བཟློག་སྟེ་གཡས་སུ་བསྒྱུར་ཞིང་གཡས་ཕྱོགས་སུ་བལྟ་བར་ བྱའོ། །དེ་ཉིད་གསུངས་པ། གཉིས་ཀྱང་སྟེང་དུ་སྦྱར་བར་བྱ། །ཞེས་སོ། །དབུས་སུ་ཞེས་པ་ནི་སྟེང་འོག་དང་ཟུར་དུ་འགྲོ་བར་བྱེད་པ་མ་ཡིན་པའོ། །ད་ནི་རླུང་གི་སྦྱོར་བ་གང་གིས་ལྟ་སྟངས་གང་དག་བསྒྲུབ་པར་བྱ་སྙམ་པ་ལ་གསུངས་པ། ལྟུང་བ་ལ་ནི་སྤྲོ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ སྟེ། ལྷའི་རྣལ་འབྱོར་དང་སྔགས་བཟླས་པ་ནི་སྔོན་དུ་གསུངས་སོ། །ད་ནི་སློབ་མའི་གནས་རྣམས་གསུངས་པ། ལྟུང་བ་རློན་པའི་ཤིང་ལའོ། །ཞེས་བྱ་བ་ལ་སོགས་པའོ། །ལྟ་སྟངས་བསྒྲུབ་པའི་དགོས་པ་གསུངས་པ། བསྒྲུབ་པར་བྱ་ཞེས་པ་དང་། གཞུག་པར་བྱ་ཞེས་པ་ནི་བསྟན་པ་ ལའོ། །དམ་ཚིག་གསུངས་པ། དམ་ཚིག་ཀྱང་ནི་བཟའ་བར་བྱ། །ཞེས་པའོ། །དེ་ལ་ཞེས་པ་དབང་བསྐུར་བ་དང་། དངོས་གྲུབ་བསྒྲུབ་པ་ལ་སོགས་པ་ལའོ། །ལན་བདུན་པ་ཞེས་པ་སྐྱེ་བ་བདུན་རྣམས་སུ་མིའི་ལུས་ཉིད་བླངས་པའོ། །ལན་བདུན་པ་ནི་སྐྱེ་བ་བདུན་པའོ། །དགའ་དང་བྲལ་བ་སུན་ འབྱིན་པ། །ཞེས་པ་ནི་ཐམས་ཅད་དུ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་བསྐྱེད་ཅིང་དགའ་བྲལ་སུན་འབྱིན་པར་བྱེད་དོ། །མཁའ་ལ་སྤྱོད་པ་ཉིད་ཅེས་པ་ནི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་འཛིན་པ་ཉིད་ནམ་མཁའ་དང་མཉམ་པའི་ཡེ་ཤེས་རྙེད་པ་ཉིད་དོ། །དབང་གི་དོན་དུ་ལྟ་སྟངས་གསུངས་ པ། ལྷའི་རྣལ་འབྱོར་གསུངས་པ། ཀུ་རུ་ཀུལླེའི་སྒྲུབ་པ་ནི། །ཞེས་པའོ། །སྔར་བསྟན་ཞེས་པ་ནི་སྔགས་ཀྱི་ལེའུར་སྔགས་བསྟན་པས་སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ། །ཧྲཱིཿལས་བྱུང་བ་ཞེས་པ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿའི་རྣམ་པར་བསམས་ཏེ། དེའི་ འོད་ཟེར་གྱི་ལྕགས་ཀྱུས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཀུ་རུ་ཀུལླེ་ཡང་མདུན་དུ་བཀུག་སྟེ། དམིགས་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ལྷའི་ལེའུ་ལས་གསུངས་པའི་བྱམས་པ་ལ་སོགས་དང་། སྲུང་བའི་འཁོར་ལོའི་མཐར་ཐུག་ པར་བསྒོམས་ནས། །བར་སྣང་ལ་ཧྲཱིཿལས་བྱུང་བའི་པདྨ་དམར་པོ་དེའི་དབུས་སུ་ས་བོན་ནམ། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ལྔ་སྔོན་དུ་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་བསྒོམ་མོ། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཞེས་པ་ནི་བཟླས་པས་ སོ། །རྡོ་རྗེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཀྱེའི་རྡོ་རྗེའི་རྒྱུད་ལས་བརྟག་པ་དང་པོའི་བཤད་པ་རྫོགས་སོ།། །།ད་ནི་དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱིས་རབ་ཏུ་གནས་པའི་ལས་ཀྱི་ཕྱིར་གསོལ་བ་འདེབས་པར་བྱེད་པས་བསྟན་དུ་གསོལ་ཞེས་པའོ། །ཇི་ལྟར་ རིགས་པར་ཞེས་པ་ནི་རབ་ཏུ་གནས་པའི་ཆོ་ག་གང་གིས་དབྱེ་བ་དེའི་མཚན་ཉིད་དོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་རྡོ་རྗེ་རྣམས་ནི། །དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིའོ། །སྙིང་པོ་ནི་རྡོ་རྗེ་སེམས་དཔའ་དེའི་བདག་ཉིད་དང་དེའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱིས་གསུངས་པ། །སངས་རྒྱས་ཀུན་གྱི་སྐུ་ གཅིག་པ། །ཞེས་སོ། །ཇི་ལྟར་རྙེད་པས་སྦྱིན་སྲེག་བྱ། །ཞེས་པ་ནི་ཇི་ལྟར་འབྱོར་པས་རྙེད་པའི་ཡམ་ཤིང་ལ་སོགས་པས་འཆད་པར་འགྱུར་བའི་ཐབ་ཁུང་དུ་སྦྱིན་སྲེག་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིའི་རིམ་པ་ནི་དེ་ནས། ཡིག་འབྲུ་གསུམ་གྱིས་བསྲུངས་པ་ཡི། །མེ་ནི་སྣོད་དུ་གཞག་ པར་བྱ། །ཐབ་ཁུང་མེ་ནི་དབུགས་འབྱིན་པས། །བཞག་སྟེ་དེ་བཞིན་བསང་གཏོར་བྱ། །རླུང་ཡབ་གཡབ་པས་མེ་སྦར་ནས། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་བརྗོད་དོ། །རྩྭ་དང་ལྕི་བ་སྐམ་པོ་ཡི། །ཕྱེ་མ་དེ་དག་སྦར་བར་བྱ། །མཐེའུ་ཆུང་ཁྲུ་ཡི་ཚད་ཀྱི་ཤིང་། །ལན་ བདུན་བསྔགས་ཏེ་མར་གྱིས་བྱུག །ཨོཾ་བཛྲ་ས་ཏྭ་ཨཿཞེས་བཟླས་ནས། །ཤིན་ཏུ་རིང་མིན་ཐུང་མིན་པའི། །ཀུ་ཤ་གཉིས་ནི་ཁ་ཁྱེར་ལ། །ཤར་ལ་སོགས་པར་ཁ་བལྟས་དགོད། །དེ་ནས་ཤར་དུ་རྩེ་བསྟན་ཏེ། །ཀུ་ཤ་རེ་རེས་ཐབ་ཁུང་དགྲམ། །རྡོ་རྗེ་སེམས་དཔའ་ཞུ་ལས་ བྱུང་། །ཤེས་རབ་ཀྱིས་ཆགས་རཾ་ལས་བྱུང་། །སྤྱི་བླུགས་མི་འཇིགས་དབྱུག་པ་དང་། །ཁ་དོག་དམར་སེར་ཕྲེང་བ་འཛིན། །ལས་ཀྱི་རྗེས་མཐུན་རྣམ་ཤེས་དང་། །འོད་ཟེར་གདན་བཅས་གསུས་པ་ཆེ། །བོང་ཐུང་རྒྱས་པའི་མེ་ཆེན་པོ། །མེ་ཡི་མཚམས་ནས་ནམ་མཁར་དམིགས། ། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀརྨཱརྠ་སཱ་ངྷ་ཀཱ། ཀཱ་རུ་ཎེ་ཀྲྀ་ཏྭ་སཏྭཱརྠ་ཨསྨིན་སནྣི་ཧི་ཏོ་བྷ་བ། ཉེ་བར་བྱེད་པའི་སྔགས་འདི་ཡིས། །ཐབ་ཁུང་འགྲམ་དུ་བཞུགས་པར་བྱ། །དེ་ཉིད་གསུམ་བཟླས་ཆུ་ཡིས་ནི། །དཀྲིས་པ་ཀུ་ཤས་བསང་གཏོར་བྱ། །མཐེ་བོས་མཛུབ་མོ་མནན་ནས་ནི། །ལན་ གསུམ་ཆུ་ཡིས་གཏོར་བར་བྱ། །རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། །སྣོད་ནས་ཨརྒྷ་བླངས་ནས་དབུལ། །ཨརྒྷའི་སྣོད་དམ་མེ་ཏོག་ནི། །ཁུ་ཚུར་གཡས་པས་ཆུ་དང་བཅས། །མཐེ་བོང་མཛུབ་མོ་སྦྱར་ཏེ་བླང་། །སྒྱུར་བའི་རིམ་པས་སོར་མོ་ཀུན། །སོར་མོ་ཐམས་ཅད་རིམ་པ་ཡིས། །དཀྱིལ་ འཁོར་རིམ་པས་དབུལ་སྔགས་བཟླས། །ཨོཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་ཨརྒྷ་ལ་སོགས་པའི་སྔགས་སོ། །དེ་ནས་དགུག་པའི་ཆོ་ག་ཡིས། །མེ་ཏོག་ལ་སོགས་དེར་དབུལ་བྱ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་དུཥྚཱན་ཧཱུཾ་ཕཊ། དྲྀ་ཤྱ་ཛཿཧཱུཾ་བཾ་ ཧོཿ། །ས་མ་ཡ་སྟྭཾ་ཞེས་པ་སྟེ། སྔགས་འདི་ཡིས་ནི་སྤྱན་དྲངས་ཏེ། མཁས་པས་མཆོད་ནས་སྦྱིན་སྲེག་བྱ། །སྦོམས་སུ་ཁུ་ཚུར་གཟུང་དེའི་ཚད། །ཆུ་རུ་ཁྲུ་སྟེ་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་ཡུ་མཐར་གནས། །ཁ་ཁྱེར་དུ་ནི་སོར་བཞི་པ། །སོར་གཉིས་བརྐོས་ཏེ་ནང་རྡོ་རྗེ། །སོར་བཞི་ པ་ལ་རྡོ་རྗེ་ཅན། །དེ་བརྐོས་པདྨའི་འདབ་མའི་མཐར། །གྲུ་བཞི་པ་ལ་ཤིན་ཏུ་མཛེས། །དགང་གཟར་མཐེའུ་ཆུང་ཚད་ཙམ་དུ། །རོ་རྣམས་བླུགས་པའི་མཆུ་དང་ལྡན། །འཕང་ནི་རྗེས་སུ་མཐུན་པ་ལ། །རྡོ་རྗེ་རིམ་པ་ལྔ་གསུམ་རྩེ། །བླུགས་གཟར་པདྨའི་འདབ་མའི་དབྱིབས། །སོར་ གཅིག་བརྐོས་ཏེ་རྡོ་རྗེས་མཚན། །སོར་གཉིས་སྔོན་བཞིན་ཡུ་བ་ནི། །རིན་ཆེན་རྡོ་རྗེ་ལྡན་པས་མཛེས། །དགང་གཟར་མཆོད་སྦྱིན་ཤིང་ལས་བྱས། །བླུགས་གཟར་དེ་བཞིན་ནིམ་པ་ཡི། །ཟངས་སོགས་རྫས་ལས་ཡང་དག་བྱུང་། །བདག་ཉིད་སྔགས་ལས་བྱུང་བ་ཡིས། །ལག་ པ་གཡོན་པས་དགང་གཟར་ནི། །པུས་མོའི་བར་དུ་གྱེན་བལྟས་བཟུང་། །མར་གྱིས་བཀང་སྟེ་བླངས་ནས་ནི། །གཡས་པ་འོག་ཏུ་ཁ་བལྟས་པས། །བླུགས་གཟར་དགང་གཟར་ཀུན་དུ་བརྩེགས། །གྱེན་བལྟས་མར་གྱིས་བཀང་ནས་ནི། །མེ་ཁར་ཡི་གེ་རཾ་བཀོད་ནས། །ལྷ་ཡི་ གཟུགས་དང་ཡང་དག་ལྡན། །གཡས་སྐོར་བྱས་ཏེ་དགང་བླུགས་ཀྱིས། །སྣོད་ནི་གང་བར་དབུལ་བར་བྱ། །སྔགས་ལ་ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། །བཟང་དང་ངན་པའི་མཚན་མ་ནི། །བློ་དང་ལྡན་པས་དེ་ལ་བརྟག །བཟང་པོ་འཁྱིལ་ཞིང་འབར་བ་སྟེ། །འཇའ་ ཚོན་ལྟ་བུར་དཀར་བའམ། །ལས་ཀྱི་རྗེས་སུ་མཐུན་པས་ཀྱང་། །དེ་ཡི་ཁ་དོག་སྦྱོར་ལྡན་པས། །གལ་ཏེ་མཚན་མ་མཐོང་ནས་ནི། །སྔགས་ནི་མཉམ་པར་བཞག་ནས་བཟླས། །བསྲེག་རྫས་གསུམ་བདུན་གཅིག་ཉིད་དམ། །དེ་ནས་ཇི་སྙེད་རྙེད་པ་དང་། །བསྲེག་རྫས་ ཀྱི་ནི་ཡམ་ཤིང་དག །དེ་འོག་རིམ་པས་གཉིས་གཉིས་སྦྱར། །ཨུ་དུམྺཱ་ར་པ་ལ་ཤ། །ཨ་ཤྭདྠ་དང་ཀསྨ་དྱ། །ཨ་མྲ་ཀ་དམྤ་ཀ་དང་། །ས་མི་པ་ལ་ཤ་བ་ཊ། །འོ་མ་ཅན་ལས་བྱུང་བ་ཡི། །རློན་ཤིང་ལོ་མ་གཉིས་དང་ལྡན། །མཐོ་རིས་ཚད་དུ་མཉམ་བཅད་ནས། །རྩེ་མོ་གཉིས་ ཀ་མར་གྱིས་བྱུགས། །མཐེ་བོ་སྲིན་ལག་དག་གིས་དབུལ། །མར་ནི་བླུགས་