Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 2

Văn bản gốc(Tây Tạng)

Trang 11 / 18 (50.000 ký tự/trang)
གཟར་གྱིས་བླུགས་ནས། །དེ་ཉིད་ཀྱིས་ནི་འབྲུ་དབུལ་བྱ། །མེད་པར་གྱུར་ན་ལག་པ་ཡིས། །དགང་བླུགས་དང་ནི་གཞན་གྱིས་དབུལ། །ཏིལ་དང་མ་ཤ་ནས་རྣམས་དང་། །སོ་བ་གྲོ་དང་མ་གྲུགས་པའི། །

དཱུར་བ་དང་ནི་ཀུ་ཤ་དང་། །ཞོ་དང་དེ་བཞིན་འབྲས་ཆན་རྣམས། །རང་རང་སྔགས་ཀྱིས་སྦྱིན་སྲེག་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པ་ད་ཧ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་
སྭཱ་ཧཱ། འབྲས་མ་གྲུགས་པའིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། འབྲས་སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མ་ཤའིའོ། །ཨོཾ་བཛྲ་གྷསྨ་རཱི་
སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའིའོ། །ཨོཾ་བཛྲ་ལཱ་ཏཱ་ཡ་སྭཱ་ཧཱ། པ་ལ་ཤའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་བཛྲ་ཧ་ས་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །སྦྱིན་སྲེག་བྱེད་པ་ན་གང་རང་གི་སྔགས་མེད་
པ་ནི་ཏིལ་གྱི་སྔགས་ཀྱིས་སོ། །དེས་གང་དགང་བླུགས་ཕུལ་ནས་ནི། །ཡང་ནི་མེ་ཏོག་སོགས་པས་མཆོད། །ཀུན་དུ་སྐུ་ལ་བསང་གཏོར་དང་། །དེ་བཞིན་ཞབས་གཉིས་ཞབས་བསིལ་དང་། །ཞལ་དུ་སྐྱོར་ཆུ་ལན་གསུམ་བྱ། །དབུ་ལ་ཨརྒྷ་དབུལ་བར་བྱ། །མེ་ཏོག་ཀྱང་དེར་མར་མེ་བདུན། །
སྤྱི་བོར་བདུག་སྤོས་དབུལ་བར་བྱ། །དྲི་ནི་དེ་བཞིན་སྙིང་གར་དེའི། །རང་གི་ཡི་དམ་ལྷ་དགོང་བྱ། །བསྒོམས་ལ་དེ་བཞིན་ཕྱི་མཆོད་བྱ། །སྔར་བཞིན་དེ་ལའང་སྦྱིན་སྲེག་དབུལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ནྲི་ཧ་བྷ་ག་ཏ་ན་ས་མ་ཡེ་ན་ཙ་ཨརྒྷཾ་པྲ་ཏཱིཙྪ་ཏ་པཱུ་ཛི་ཏ་པྲ་སིདྡྷིམྨེ། འདི་ནི་རང་གི་ཡི་
དམ་གྱི་ལྷ་སྤྱན་དྲང་བའི་སྔགས་སོ། །དེ་ནས་དེ་ནི་ཚིམ་བྱས་ནས། །སོ་རྩི་ཕྱེ་མ་མེད་པར་དབུལ། །དགང་བླུགས་ལྷག་མ་ཕུལ་ནས་ནི། །མཆོད་ཅིང་བསྟོད་དེ་གཤེགས་སུ་གསོལ། །སྭཱ་ཨརྠ་ཙ་ཝཱ་པ་ར་ཨརྠ་ཙ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ། །དེ་ལྟར་སྦྱིན་སྲེག་བྱས་
ཏེ། སྟ་གོན་ལ་སོགས་བྱས་ནས་ནི། །ནང་པར་སྐུ་གཟུགས་སྦྱང་བར་བྱ། །ཞེས་པ་ནི་ནང་པར་སྦྱང་བ་ནི་རབ་ཏུ་གནས་པར་བྱ་བ་སྟེ། མཚན་མོའི་དུས་ལ་སྟ་གོན་ལ་སོགས་པ་བྱའོ། །དེ་ལ་འདིའི་རིམ་པ་ཅུང་ཟད་བཤད་པར་བྱའོ། །རང་གི་ཡི་དམ་ལྷ་སྦྱོར་བས། །སྔར་གསུངས་

པ་ཡི་བུམ་པ་ལ། །ཐམས་ཅད་ཆུ་ལས་ཁམ་ཕོར་དུ། །ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། །བུམ་པ་བཾ་ལས་བསྐྱེད་པ་ཡིས། །རིན་ཆེན་སྟེང་དུ་གཞག་པར་བྱ། །དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ། །དམ་ཚིག་བདག་ཉིད་རྫོགས་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ། །
ཞབས་བསིལ་ལ་སོགས་རིམ་པས་དབུལ། །དམ་ཚིག་ལྷན་ཅིག་གཅིག་བྱས་ཏེ། །མཆོད་པ་རྣམས་ཀྱིས་ཚིམ་པར་བྱ། །མེ་ཏོག་སྤོས་སོགས་རོལ་མོ་ཡིས། །འབད་པ་ཡིས་ཀྱང་མཆོད་བྱ་སྟེ། །དྲིལ་བུ་དག་ནི་དཀྲོལ་བ་དང་། །བསྟོད་པ་བྱ་སྟེ་དེ་ལ་བཟླས། །ཁུ་ཚུར་
གཡས་པས་མཐར་བཟུང་སྟེ། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །བུམ་པ་ཆུ་ཡིས་བཀང་བ་ཡིས། །ཁམ་ཕོར་སྟེང་དུ་གཞག་པར་བྱ། །འཁོར་ལོའི་རང་བཞིན་གྱི་གནས་ལས། །དེ་ནས་མཆོད་པ་ཕྱག་བྱས་ཏེ། །དེ་ནས་ཆུ་ཡི་ཚུལ་གྱིས་ནི། །བུམ་པ་རུ་ནི་གནས་པར་བྱ། །འདི་ནི་བུམ་
པ་སྟ་གོན་ལ་གནས་པའོ། །དེ་ནས་རང་གི་སྦྱོར་བསྟན་པས། །ཡུངས་ཀར་ཆུ་དང་དཱུར་བ་ཡིས། །ལྷ་ལ་བྱབས་ཏེ་བ་ཡི་ལྔས། །ཤིང་ཤུན་ལྔས་བྱུགས་ལེགས་པར་བཀྲུ། །མངོན་པར་བསྔགས་ཏེ་དྲི་ཞིམ་པའི། །ཆུ་ནི་ཤིན་ཏུ་གཙང་བ་ཡིས། །བཀྲུ་བར་རུང་ན་རང་བཞིན་གྱིས། །བྲིས་པ་ལ་
སོགས་མེ་ལོང་ལ། །ཡུངས་མར་གྱིས་ཀྱང་བྱུགས་པ་དང་། །དྲི་ཞིམ་སྐྱུ་རུ་ར་ཆུས་ཀྱང་། །བ་ཡི་རྣམ་ལྔ་སོགས་པས་བྱུགས། །དཱུར་བའི་ཆུན་པོས་བྱུག་པར་འདོད། །གང་དུ་ལས་ཀྱི་སྔགས་མེད་ན། །དེ་ལ་རྩ་བའི་སྔགས་ཀྱིས་སྦྱར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། །ཡུངས་
མར་གྱི་སྔགས་སོ། །རས་འཇམ་པོ་ཡིས་ཕྱིས་ནས་ནི། །རས་ལ་སོགས་པ་ཅི་ནུས་དབུལ། །ཡེ་ཤེས་སེམས་དཔའ་སྙིང་འོད་ཀྱིས། །ལྷ་རྣམས་བཀུག་སྟེ་གཞག་པར་བྱ། །ཀུ་ཤ་ཡིས་ནི་བསང་གཏོར་བྱ། །དེ་ལ་ཞབས་བསིལ་ལ་སོགས་དབུལ། །མཆོད་པ་ལ་སོགས་དེ་ལ་བྱ། །པུས་མོ་ས་
ལ་བཙུགས་ནས་ནི། །རྡོ་རྗེ་དྲིལ་བུ་གཡོན་གྱིས་གཟུང་། །བདུག་སྤོས་གཡས་ཀྱིས་བླངས་ནས་ནི། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་ཁྱོད་ཀྱིས། །སང་ནི་རབ་གནས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །

ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་བསོད་ནམས་སྤེལ་ཕྱིར་དང་། །བྱང་ཆུབ་སེམས་ནི་འབྱུང་བྱའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་བྱང་ཆུབ་སེམས་སོགས་དང་། །སེམས་ཅན་བསྟན་ལ་
དགའ་བ་གང་། །གང་ཡང་རྡོ་རྗེའི་སྤྱན་མངའ་བ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་འཛིན་བདག་འདི་ཞེས་བྱ། །ཆེ་གེ་མོ་ཡི་རབ་གནས་ཕྱིར། །དེ་བས་ཁྱོད་ཀྱིས་བགྱི་བར་འཚལ། །ཀུན་དུ་ཉེ་བར་མཛད་པའི་རིགས། །ཏིང་འཛིན་གསུམ་དང་ལྡན་པར་ནི། །
རྫོགས་ནས་སྐུ་གཟུགས་ལ་སོགས་ལ། །ནམ་མཁའ་ལ་གནས་སངས་རྒྱས་དག །སྐུ་གཟུགས་སོགས་ལ་གཞུག་པར་བྱ། །ཁ་རྒྱན་ཕྱུང་བའི་ཆུ་ཡིས་ཀྱང་། །མཉམ་པར་གཞག་པས་བཀྲུ་བར་བྱ། །དེ་ཡིས་མཆོད་སོགས་སྔོན་བྱས་ཏེ། །སྔགས་ཀྱིས་མངོན་པར་
བསྔགས་པར་བྱ། །འདུད་དང་མཆོད་པ་སོགས་བྱས་ཏེ། །ནང་པར་བྱོན་པར་འདོད་པ་ཡིས། །ཡང་ནི་མཆོད་པ་ལྔ་རྣམས་ཀྱིས། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ། །སྟ་གོན་བྱས་ཏེ་ནང་པར་ནི། །བྱབས་པ་ཉིད་ལ་
སོགས་པ་བྱ། །སྔར་བཞིན་སངས་རྒྱས་སོགས་སྤྱན་དྲངས། །ཞབས་བསིལ་མཆོད་པ་ལ་སོགས་བྱ། །པུས་བཙུགས་བདུག་སྤོས་བླངས་ནས་ནི། །སྔོན་དུ་བཤད་པའི་ཚིགས་བཅད་བརྗོད། །བགྱི་བར་འཚལ་བའི་ཚིག་སྤངས་ཏེ། །བདག་ནི་ད་ལྟར་བགྱིད་ཅེས་སྦྱར། །བཀྲ་
ཤིས་སྒྲ་ནི་སྔོན་བསྒྲགས་ཏེ། །ཆུ་ཡིས་སླར་ཡང་བཀྲུ་བར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། འདི་ནི་ཁྲུས་ཀྱི་
སྔགས་སོ། །རས་སོགས་རང་རང་གསང་སྔགས་ཀྱིས། །མཉམ་པར་གཞག་པས་དབུལ་བའམ། །ཡང་ན་རང་གི་སྔགས་ཀྱིས་དབུལ། །བཟླས་ཏེ་ཕྱག་འཚལ་གཙོ་བོ་ལ། །ཨོཾ་བཛྲ་བཥྚ་སེ་སྭཱ་ཧཱ། མེ་ཏོག་ལ་སོགས་པའི་སྔགས་སུ་ཡང་འགྱུར་རོ། །གསེར་ལ་སོགས་པའི་

སྣོད་བྱས་ཏེ། །སྦྲང་རྩི་མར་སར་བྱུགས་པ་ཡི། །གསེར་གྱི་ཐུར་མ་ཡིས་ནི་མིག །དབྱེ་བའམ་ཡང་ན་བསམ་གཏན་གྱིས། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་རབ་བཞུགས་ནས། །ཇི་ལྟར་ལྷ་མོ་སྒྱུ་
འཕྲུལ་ལྷུམས། །དེ་བཞིན་འདིར་གནས་ཞུགས་བྱས་ལ། །འདིར་ནི་རྒྱུན་དུ་བཞུགས་གྱུར་ནས། །མགོན་པོ་མེ་ཏོག་ལ་སོགས་འདི། །བྱང་ཆུབ་སེམས་ཀྱིས་བསྡུས་པའི་ཕྱིར། །ཆེ་གེ་མོ་ཡི་དོན་དུ་བཞེས། །ལྷ་རྣམས་བརྟེན་པར་འདོད་པ་ཡིས། །མགོ་བོ་སྙིང་ག་ལྐོག་གནས་སུ། །
རྡོ་རྗེ་ཡིས་ནི་བསྐོར་ནས་དེ། །ལན་གསུམ་བསྐོར་ཏེ་རབ་གནས་བྱ། །ཆད་པའམ་ནི་ལྷག་པས་ཀྱང་། །བདག་གིས་བརྗེད་ངས་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱོབ་མཛད་པ། །མགོན་པོ་ཁྱོད་ཀྱིས་བཟོད་པར་མཛོད། །མ་རྙེད་པ་དང་མ་ཤེས་པ། །མ་ནུས་པ་ཡང་
བཟོད་པར་མཛོད། །ཉུང་བའམ་གཞན་དུ་བགྱིས་པ་གང་། །དེ་དག་བཟོད་པར་མཛད་པའི་རིགས། །འདི་དང་འདི་ལྟར་རབ་ཏུ་གནས་པར་བྱའོ་ཞེས་པ་དེ་ཉིད་ཀྱི་དོན་མདོར་གསུངས་པ། ནམ་མཁར་གནས་ཞེས་པའོ། །ཤེས་པ་ཞེས་པ་ནི་རབ་གནས་ཀྱི་ཆོ་ག་ཤེས་པའོ། །
སྔགས་ཀྱི་ཕ་རོལ་ཕྱིན་ཞེས་པ་ནི་སྔགས་ཀྱི་ཐེག་པའི་ཕ་རོལ་ཏུ་ཕྱིན་པའམ། སྔར་བསྙེན་པས་སྔར་གསུངས་པའི་ཕ་རོལ་ཏུ་ཕྱིན་པའོ། །སྣ་ཚོགས་ཧཱུཾ་ལས་སྐྱེས་པ་ཡི། །ཞེས་པ་ནི་སོ་སོར་མེ་ཏོག་ལ་སོགས་པ་ཧཱུཾ་ལས་སྐྱེས་པའོ། །སྔགས་འདི་རྣམས་ཀྱིས་དབུལ་བར་
བྱའོ། །སྔར་རྒྱུད་ཆོ་གའི་རིམ་པ་ཡིས། །ཞེས་པ་ནི་འདི་ནི་རྒྱུད་ཕྱི་མ་སྟེ་དེ་ཁོ་ན་ཉིད་བསྡུས་པ་དང་། གསང་བ་འདུས་པ་ལ་སོགས་པ་རྒྱུད་སྔ་མ་སྟེ། དེ་ལས་གསུངས་པའི་ཆོ་གའི་རིམ་པས་སོ། །ད་ནི་ཐབ་ཁུང་གི་མཚན་ཉིད་གསུངས་པ། ཞི་བའི་ཞེས་པའོ། །ལྷག་མ་དེ་ཉིད་
ཀྱིས་བསྒྲུབ་བྱ་ཞེས་པ་དབང་དང་། དགུག་པ་དང་། འཐབ་པ་དང་། བསྐྲད་པ་ལ་སོགས་པའོ། །ཁྲུ་གཅིག་པའམ་ཁྲུ་ཕྱེད་ཅེས་པ་ནི་བསྡུས་པའོ། །འོག་དང་སྟེང་དུ་ཞེས་པ་ནི་གཏིང་དང་རྒྱར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདིའི་རིམ་པ་ནི། །ཁྲུ་གང་རྒྱ་ལ་མཐོ་གང་ཟབས། །འཁོར་

ལོ་ལྟ་བུར་ཟླུམ་པོའོ། །པདྨ་ཁ་བྱེ་ལྟ་བུ་ལ། །ངོས་སུ་སོར་བཞི་དོར་བྱས་ཏེ། །དེ་ཚད་ཁ་ཁྱེར་རྡོ་རྗེ་ཡི། །ར་བ་ཡིས་ནི་མཛེས་པར་བསྐོར། །ཤར་དུ་ས་དཀར་གྱིས་བྱས་ཏེ། །ཙནྡན་གྱིས་ནི་ཉེ་བར་བྱུགས། །ས་ཚོན་མེ་ཏོག་དཀར་པོ་དགྲམ། །པདྨ་འདབ་བརྒྱད་དབུས་
ཆུད་པར། །ལྟེ་བ་ལ་ནི་ཐོད་པ་གཞག །དེར་ནི་སྣ་ཚོགས་རྡོ་རྗེ་བྲི། །རྒྱ་དང་འཕང་ལ་ཁ་དོག་དཀར། །སོར་དྲུག་སོར་ཕྱེད་པ་ཡི་ཚད། །ལྷ་མོའི་མཚན་མ་དབུས་གནས་པ། །ཀྱེའི་རྡོ་རྗེ་ཡི་ཕྱོགས་ལས་འདི། །བདག་མེད་མ་ཡི་སྒྲུབ་པར་ནི། །གྲི་གུག་ལྔ་དང་ལྡན་པ་ཡི། །དཀར་པོའི་ཆ་
བྱད་འཛིན་པ་སྟེ། །ཅུང་ཟད་ཞལ་ཕྱེ་ཞི་བའི་སེམས། །བློ་ལྡན་འཇམ་པའི་སྟན་ལ་ནི། །འདུག་སྟེ་ཡང་དག་མངོན་ཕྱོགས་ནས། །གཡོན་དུ་དུང་ལ་སོགས་པ་དཀར། །མེ་ཏོག་ཆུ་དང་ལྡན་པའོ། །རང་གི་ལྷ་ཡིས་ཡང་དག་བཟླས། །སྣོད་ནི་གསུམ་དག་གཞག་བྱ་སྟེ། །མར་ལ་སོགས་
པ་གཡས་སུ་གཞག །མཁས་པས་བཤད་བཞིན་སྦྱིན་སྲེག་བྱ། །ཁྲུ་གཉིས་པ་དང་ཁྲུ་གཅིག་པ། །ལོགས་དང་འཕང་དུ་རྒྱས་པ་ལ། །གྲུ་བཞི་པ་ལ་ཁ་ཁྱེར་ཡང་། །སྔ་མའི་ཉིས་འགྱུར་ཚད་ཀྱིས་སོ། །ཁ་དོག་སེར་པོའི་ས་ཡིས་བྱུགས། །མེ་ཏོག་སེར་པོས་བརྒྱན་པར་བྱ། །ཕྲེང་བ་
གོས་ནི་སེར་པོར་ལྡན། །ནང་པར་བྱང་དུ་ཁ་བལྟས་ཏེ། །ཇི་སྐད་གསུངས་པའི་བུད་ཤིང་ནི། །སྔོན་བཞིན་གཞན་དུ་ལྕི་བ་ཡང་། །སེར་པོའི་དྲི་དང་ཆུ་མཆོད་ཡོན། །ཆོ་ག་སྔོན་དུ་བྱས་ལ་གཞག །དེ་ཉིད་ཡམ་ཤིང་ཐམས་ཅད་དུ། །སེར་པོའི་དྲི་ཡི་ཆུ་ཡིས་བསང་། །ཞོ་དང་སྦྲང་རྩི་མར་དང་
ལྡན། །ཏིལ་དང་སཱ་ལུ་འབྲས་བུར་བཅས། །མཁས་པས་ཇི་ལྟར་རྙེད་པ་ཡིས། །ཀུན་དུ་བིལ་བས་སྦྱིན་སྲེག་བྱ། །ཨོཾ་གྱི་མཐའ་ཡི་གསང་སྔགས་ཀྱིས། །རྒྱས་པར་འགྱུར་ལ་ཐེ་ཚོམ་མེད། །རྒྱ་དང་རྔམས་ཀྱི་ཚད་དག་ཏུ། །སོར་ནི་ཉི་ཤུ་དེ་ཡི་ཕྱེད། །གསད་པ་ལ་ནི་ཐབ་ཁུང་འདི། །
ཁ་ཁྱེར་སོར་མོ་གསུམ་གྱིས་བསྐོར། །ཁྲག་དང་ཆུ་ཡིས་གཤེར་བའི་རས། །ཡང་ན་སྔོན་པོའི་རྒྱན་གྱིས་བརྒྱན། །ཉི་མའི་གུང་དང་ནམ་ཕྱེད་ལ། །སྲ་བའི་སྟན་ལ་གཤིན་རྗེར་བལྟ། །རུས་པ་རྡོ་བ་ནིམ་པའི་འདབ། །བཅའ་བར་བྱེད་ཅིང་ཁྲོ་གཉེར་གདོང་། །ཚ་བ་ཚེར་མ་ཁ་བ་རྣམས། །ཡམ་

ཤིང་ལ་ནི་ཐལ་བས་བྱུག །ཡུངས་ཀར་དང་ནི་ཡུངས་མར་ཁྲག །ཚྭ་དང་རུས་ཕྱེ་སྐེ་ཚེ་དང་། །རོ་བསྲེགས་རྡུལ་དང་རྐང་རྗེས་ས། །བྱ་རོག་ལ་སོགས་གཤོག་པ་དང་། །བཤང་བ་གཅི་བ་ཚེར་མ་རྣམས། །བདག་ཉིད་ཁྲོས་པའི་སྦྱོར་བ་ཡིས། །བསྒྲུབ་བྱ་རྐང་པས་མནན་ནས་
སུ། །ཨོཾ་གྷུཿསྭཱ་ཧཱ་ཞེས་པའི་སྦྱིན་སྲེག་བདུན་གྱིས་དགྲ་བོ་བརླག་པར་འགྱུར་རོ། །ཨོཾ་ཁཾ་གིས་སྦྱིན་སྲེག་བྱ་སྟེ་ཁྲོས་པའི་སེམས་ཀྱིས་སྐྲོད་པར་བྱེད་དོ། །བསྒྲུབ་བྱ་བོང་བུ་ལ་ཞོན་ཏེ་ཁ་སྟེང་དུ་ཕྱོགས་པར་བསྒོམ་མོ། །འདི་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་གོ། །འདི་ནི་དཔལ་ལྡན་གོས་དམར་
བགོ། །ས་དམར་པོ་དང་དྲི་ཡིས་བྱ། །མ་ད་ན་སོགས་སྦྱོར་བ་ཡིས། །རྣལ་འབྱོར་ཤར་དུ་ཁ་བལྟས་ཏེ། །ཆགས་པས་དེ་བཞིན་དམར་པོས་བརྒྱན། །དེ་ཉིད་རྡོ་རྗེ་སྐྱིལ་ཀྲུང་གིས། །དམར་པོའི་སྟན་ནི་མཐོ་ལ་འདུག །སྨད་འཚོང་མེ་ལས་མཉམ་གཞག་པས། །ཨུཏྤལ་དམར་
པོས་ཅི་རིགས་པར། །མེ་ཏོག་དམར་པོ་འབྲས་བུས་ཀྱང་། །ཨོཾ་སྭཱ་ཧཱ་ཞེས་སྔགས་ཀྱིས་ནི། །བསྲེགས་པས་འགྲོ་བ་དབང་དུ་བྱེད། །ཨོཾ་ཧཱུཾ་སྭཱ་ཧཱའི་སྔགས་ཀྱིས་ནི། །ཡང་ན་ལྕགས་ཀྱུའི་ཐབ་ཁུང་གིས། །དགུག་ལ་སྟེང་དུ་ཁ་བལྟས་ཏེ། །གར་མཁན་མེ་ཡིས་གནས་
གསུམ་འགུགས། །འདི་ནི་ཕྱི་ཡི་སྦྱིན་སྲེག་ཡིན། །ད་ནི་ནང་གི་བཤད་བྱ་སྟེ། །ལྟེ་བའི་པདྨའི་ཐབ་ཁུང་ཆེར། །དེ་ལ་གཏུམ་མོའི་ཤེས་རབ་མེ། །ལས་ཀྱི་རླུང་གིས་འབར་བ་ལས། །དོགས་པ་མེད་པས་སྦྱིན་སྲེག་བྱ། །ཕུང་པོའི་ཁམས་སོགས་ཀུན་རྟོག་པ། །ལུས་པ་མེད་
པའི་ཡམ་ཤིང་བསྲེག །གཞོམ་དུ་མེད་པའི་དགང་གཟར་གྱིས། །རྫོགས་པའི་བྱང་ཆུབ་སེམས་ཀྱི་རྒྱུན། །བདེ་བ་ཆེན་པོའི་རབ་སྦྱོར་བས། །དེ་ལ་སྲེག་བླུགས་དབུལ་བར་བྱ། །ཆོས་དང་གང་ཟག་བདག་མེད་པའི། །སྟ་གོན་རབ་ཏུ་གནས་པར་བྱ། །སྟོང་པ་སྙིང་རྗེ་
དབྱེར་མེད་པའི། །བྱང་ཆུབ་སེམས་ནི་དེ་ཉིད་ཡིན། །དོན་ཀུན་སྒྲུབ་བྱེད་སྦྱིན་སྲེག་དང་། །མཆོག་ཏུ་རབ་ཏུ་གནས་པར་གསུངས། །ཡང་གསུངས་པ། དེ་ཉིད་སྔགས་བཟླས་པ་དང་། དེ་ཉིད་བརྟུལ་ཞུགས་དང་། དེ་ཉིད་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའོ། །ཞི་བ་ལ་སོགས་

པའི་གཙོ་བོའི་སྲེག་རྫས་གསུངས་པ། ཞི་བ་ལ་ཏིལ་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཀྱི་གནས་སྐབས་སུ་ས་སྟ་གོན་དུ་བྱ་བའི་སྔགས་གསུངས་པ། ལྷ་མོ་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །བརྟག་པ་གཉིས་པའི་ལེའུ་དང་པོའི་བཤད་པའོ།། །།
ཐབས་དུ་མ་ཞིག་གསུངས་ན་ཡང་ངེས་པར་གསུངས་པའི་ཕྱིར་ཞུས་པ། ནམ་མཁའ་བཞིན་ཞེས་པ་ནི་ནམ་མཁའ་ལྟ་བུའོ། །ཆོས་རྣམས་ལ་ཞེས་པ་ནི་མཐའ་ཡས་པ་དེའི་ཕྱིར། རང་བཞིན་མེད་པའི་ངོ་བོ་དྲི་མ་མེད་པའི་ངོ་བོ་དེས་སོ། །ཇི་ལྟར་རྒྱ་མཚོར་ཀུ་བ་ལྟུང་ང་ཆུང་བ་དང་།
ངེས་པ་མེད་པར་འགྲོ་བ་དེ་བཞིན་དུ་སེམས་ཅན་ངེས་པ་མེད་པར་འགྲོ་བ་དང་། དགེ་བ་ཇི་ལྟར་ངེས་པའི་ཐབས་གང་གིས་ཇི་ལྟར་འགྲུབ་པར་འགྱུར། འདིར་ལན་དུ། བདག་མེད་པ་ཡི་སྦྱོར་བ་ཡིས། །ཞེས་པ་བདག་མེད་པའི་སྦྱོར་བ་དང་ལྡན་པ་སྟེ། བསྐྱེད་པ་དང་
རྫོགས་པའི་རྣལ་འབྱོར་དང་ལྡན་པས་ཞེས་བྱ་བའི་དོན་ཏོ། །ཡང་ན་ནི་ཕྱོགས་གཞན་ནམ་སྡུད་པར་བྱེད་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་པའི་ཐབས་ཀྱིས་དེའི་འགྲོ་བའི་ཐབས་ངེས་པར་གྱུར་པ་འདིར་སྟོན་པར་བྱེད་པ་ནི་སྐད་ཅིག་ཀྱང་གཞན་
སེམས་མེད་པས་ཞེས་སོ། །གནས་ནི་རྣམ་བརྟགས་ཞེས་པ་ནི་ཐམས་ཅད་དུ་ཁྱད་པར་མེད་པའི་ཐུན་མོང་གིས་ཀྱང་གནས་ངེས་པར་བརྟགས་པའི་ཐབས་ཀྱིས་བརྟན་པ་དེ་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རང་གི་ཁྱིམ་ཞེས་པའོ། །དངོས་གྲུབ་བདག་ཉིད་སེམས་འདི་ཡིས། །ཞེས་པ་
ནི་བདག་ནི་རང་བཞིན་གྱིས་དག་པའོ་སྙམ་དུ་ང་རྒྱལ་དང་ལྡན་པའོ། །སྐད་ཅིག་ཀྱང་གཞན་སེམས་མེད་པས། །ཞེས་པ་འདིའི་བཤད་པ་གསུངས་པ། རྐང་པ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མ་ནི་རྣལ་འབྱོར་
མའོ། །བསྟེན་པར་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །སྐད་ཅིག་གཞན་གྱི་གཟུགས་ཀྱིས་མིན། །ཞེས་པ་ནི་དབྱེ་བའི་ཚུལ་གྱིས་སོ། །བྱེ་བྲག་གི་སེམས་ཉིད་མ་རིག་གདུག་པས་མིན་ཞེས་སུན་འབྱིན་ནོ། །ཅུང་ཟད་དུ་འཇིག་པ་ཞེས་པ་ནི་བག་ཆགས་དང་བཅས་པའི་སྒྲིབ་

པའི་སྡིག་པ་ཅུང་ཟད་དོ། །དེ་ལྟ་བུར་གྱུར་པའི་སྒོམ་པའི་ཕན་ཡོན་གསུངས་པ། འཇིགས་དང་སྨྱོ་ཞེས་པའོ། །སྨྱོ་བ་ནི་སེམས་རྣམ་པར་འཁོར་བའོ། །དེའི་ཕྱིར་འདི་ལྟར་དཔྱད་ཅེས་པ་ནི་རྣལ་འབྱོར་པས་སོ། །ཕན་དང་གནོད་པའི་འབྲས་བུ་འབྱུང་། །ཞེས་པ་ནི་བསམ་
གཏན་འདིའི་འབྲས་བུ་ནི་ཕན་པའོ། །སེམས་གཞན་གྱི་འབྲས་བུ་ནི་མི་ཕན་པའོ། །ངུ་འབོད་ནི་སྡུག་བསྔལ་དྲག་པོ་དང་། རྣམ་པར་རྟོག་པ་ལ་སོགས་པས་འཁྲུགས་པའི་འཁོར་བར་རོ། །འོ་ན་རེ་ཞིག་གང་དག་བསོད་ནམས་ཀྱི་ལས་བྱེད་པ་དེ་དག་འདིར་འཇུག་པའི་གནས་ཉིད་དོ། །
གང་དག་སྡིག་པའི་ལས་བྱེད་པ་དེ་དག་གི་ཡང་མི་འཇུག་པ་ཉིད་དུ་འགྱུར་ཏེ། འབྲས་བུ་མི་མྱོང་བས་སོ། །དེ་རྣམས་ཀྱི་འཇུག་པ་ཡང་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། མཚམས་མེད་ལྔ་པོ་བྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཉིད་ཀྱི་མཐུས་སྡིག་པ་དེ་དག་རྣམ་པར་
བཅོམ་པས་སོ། །དེ་བས་ན་དེ་བསླབས་པས་དེ་རིམ་གྱིས་ཟད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་ན་དེ་དག་ཀྱང་སྣོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུན་དུ་སྦྱོར་བ་ཡིས། །དངོས་གྲུབ་འཐོབ་ཅེས་བྱ་བ་ནི་ནུས་པ་ཅུང་ཟད་འཐོབ་པའོ། །ཟླ་བ་གཅིག་ཏུ་གསང་ལ་ཞེས་པ་
ནི་གང་དུ་ཅུང་ཟད་ཀྱང་མི་བསྟན་པའོ། །སྤྱོད་པ་རྣལ་འབྱོར་པ་ཉིད་ཅེས་པ་ནི་རྒྱུ་བར་བྱ་བའོ། །མཆོག་རྙེད་ཅེས་པ་ནི་རྣལ་འབྱོར་མས་བསྟན་པ་རྙེད་པའོ། །དེའི་ཕྱིར། རྟོག་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པའོ། །བདག་ཉིད་བརྟན་པའི་རྐྱེན་དུའོ། །ཞེས་པ་ནི་བདག་ཉིད་
སྡུག་བསྔལ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་རྟོགས་པར་བྱའོ། །ལོངས་སྤྱོད་ཀྱི་ཕྱིར་མ་གསུངས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པའི་དོན་དུ་ལོངས་སྤྱོད་ཀྱི་ཚུལ་གྱི་མ་ཡིན་པའོ། །འཇིགས་པའི་ཚུལ་གྱིས་ཞེས་པ་ནི་ཐམས་ཅད་དུ་སེམས་རྩེ་གཅིག་པ་ཉིད་
ཀྱིས་དཀའ་བ་སྤྱད་ཅེས་བྱ་བའི་དོན་ཏོ། །བདག་ནི་བརྟན་པའི་རྐྱེན་དུའོ། །ཞེས་བྱ་བ་འདིའི་བཤད་པ་ནི། རང་སེམས་སོ་སོར་བརྟག་པར་བྱ། །ཞེས་སོ། །ཕྱག་རྒྱ་ཉིད་དེ་ཇི་ལྟར་དབྱེ་སྙམ་པ་ལ། འདིར་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱའི་དབྱེ་བ་ཇི་ལྟར་རུང་སྟེ། འདིར་ཕྱག་རྒྱ་དང་ཕྱག་རྒྱ་གཞན་དུ་

སྦྱོར་བར་མི་རུང་ངོ་། །ཕྱག་རྒྱ་ཞེས་པ་ནི་རེ་ཞིག་བདག་མེད་པའི་ཕྱག་རྒྱ་འདི་དང་། གལ་ཏེ་དེའི་ཡང་ཕྱག་རྒྱ་གཞན་ཡིན་ན་ཇི་ལྟར་དངོས་གྲུབ་འཐོབ་སྟེ། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་དངོས་པོ་མེད་ཅེས་བྱ་བའི་དོན་ཏོ། །འདིར་ལན་དུ་བུད་མེད་གཟུགས་ཞེས་
པའོ། །ངོས་གཉིས་ཞེས་པ་ནི་པདྨའི་འགྲམ་གཉིས་སོ། །དྲིལ་བུ་ཞེས་པ་ནི་འབྲས་བུའོ། །པདྨའི་དབུས་གནས་ཞེས་པ་ནི་ལྟེ་བ་རྡོ་རྗེར་འགྱུར་ཞེས་བྱ་བར་སྦྱར་རོ། །ནུས་པ་གསལ་བ་ཞེས་པ་ནི་གསལ་བའི་ཚུལ་གྱིས་ནུས་པ་སྐྱེས་པ་མཐུའོ། །ནུས་པ་སྲིད་པ་ཙམ་གྱིས་ནི་མ་ཡིན་ཏེ། གང་
གི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེའི་ཕྱིར་དེ་དང་དེ་ཉིད་ཀྱི་དབང་དུ་བྱས་ཏེ་སྤྱོད་པ་བྱའི་གཞན་དུ་ནི་མ་ཡིན་ནོ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པའི་སྐྱེ་བ་དང་འཆི་བ་དགག་པའི་ཕྱིར་གསུངས་པ། སྐྱེ་བ་དང་ནི་འཇིག་པས་ཀྱང་། །
ཞེས་སོ། །ཐབས་དང་ཤེས་རབ་ཅེས་པའི་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གང་ཡིན་པའོ། །གང་དེ་ཇི་ལྟར་སྐྱེ་བ་དང་འཇིག་པ་དག་གིས་འཆིང་བར་འགྱུར། །ཐབས་དང་ཤེས་རབ་ཀྱི་རང་བཞིན་གསུངས་པ། ཐབས་ནི་གང་གི་ཕྱིར་འབྱུང་བ་སྟེ་ཞེས་པ་ནི་གང་གི་
ཕྱིར་རྣལ་འབྱོར་པའི་ཐབས་ཀྱི་སྟོབས་ཀྱིས་འབྱུང་བ་ནི་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སྟེ། འདི་དག་ནི་ཐབས་སོ། །ཤེས་རབ་ནི་དེའི་སྲིད་པ་མཐར་ཕྱིན་པའོ། །དེ་ཉིད་དུ་སྐྱེ་བ་ལ་སོགས་པ་ཡང་མི་རྟོག་སྟེ་གང་ཤེས་རབ་འདི་ལ་སྟེ། དེ་ཉིད་ཀྱིས་འདིར་ཞིག་
པ་ནི་འདུས་པར་བྱེད་པ་སྟེ། ཆོས་ཐམས་ཅད་འདི་དང་འདིར་བྱ་བའོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་དོན་དམ་པ་ལ་སྐྱེ་བ་དང་འཇིག་པ་མེད་དོ། །ཀུན་རྫོབ་ཏུ་ནི་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པས་འཇུག་པར་མཛད་དོ། །འཇིག་པ་ཞེས་པ་
ནི་རྒྱུ་དང་རྐྱེན་གྱིས་སྦྱོར་བ་དང་བྲལ་བས་འཇིག་པ་ནི་འཆི་བའོ། །འཇིག་དང་དངོས་མེད་ཟད་པའང་མེད། །ཅེས་པ་ནི་གང་རྒྱུ་དང་རྐྱེན་མ་ཚང་བ་མེད་པ་དེ་ལ་འཇིག་པ་མེད་དོ། །འདིའི་དོན་གང་ལ་ཆོས་དང་ཆོས་མ་ཡིན་པ་ཡོད་ན་ཟད་པས་ནི་དེ་ངེས་པར་འཇིག་གོ། །གང་གི་ཆོས་རྣམས་སྐྱེ་བ་མེད་

པ་ཡིན་ན་ངོ་བོ་ཉིད་ཀྱིས་མེད་པ་དེ་དང་དེ་དག་ཇི་ལྟར་འཇིག་ཅེས་བྱ་བའི་དོན་ཏོ། །ད་ནི་བསྐྱེད་པའི་རིམ་པའི་བདག་ཉིད་ཆེན་པོ་གསུངས་པས། བསྐྱེད་པའི་རིམ་པ་ཞེས་པའོ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཤེས་པར་
བྱ་བ་ནི་ཉེ་བར་བརྟག་པའོ། །བདེ་བ་ཆེན་པོ་ཁྱབ་པར་བྱེད་པ་ཉིད་དོ་ཞེས་བསྟན་པར་བྱ་བ་ནི་བདེ་བ་ཞེས་བྱ་བ་ལ་སོགས་པའོ། །རྫོགས་པའི་རིམ་པ་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་བ། རྫོགས་པའི་རིམ་པ་ཞེས་པའོ། །ཨེ་མའོ་དད་པའི་ཤུགས་ཀྱིས་ཞེས་
བྱ་བ་ནི་ཤིན་ཏུ་དད་པས་སོ། །འདིའི་དོན་ནི་གང་ལ་སྐད་ཅིག་གིས་དམིགས་ཏེ། བདེ་བའི་བློ་དང་ལྡན་པའི་ལྷ། །ཤིན་ཏུ་ཡིད་ནི་དགའ་ནས་ཏེ། །དགའ་དགུར་སྤྱོད་པས་མྱུར་དུ་འགྲུབ། །ཅེས་སོ། །དངོས་པོ་ང་ཞེས་པ་ནི་ཐབས་ཀྱི་ཚུལ་གྱིས་སོ། །དངོས་པོ་མེད་པ་ང་ཞེས་པ་ནི་
ཤེས་རབ་ཀྱི་ཚུལ་གྱིས་སོ། །འཆད་པ་པོ་ང་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ནི་ཆོས་ཀྱི་སྐུའོ། །ཉན་པ་ནི་སྤྲུལ་པའི་སྐུའོ། །ཡང་ན་ཐམས་ཅད་དེའི་རང་བཞིན་ཞེས་པ་ནི་ཉན་པ་ལ་སོགས་པའི་དངོས་པོ་རྣམས་ཀྱང་སངས་རྒྱས་ཉིད་དོ། །ཆོས་རྣམས་ངོ་བོ་ཉིད་ཀྱིས་
དག་པ་ཉིད་དོ། །བསྒྲུབ་བྱ་ང་ཞེས་པ་ནི་མི་ཤེས་པའི་སྒྲུབ་པ་པོས་སོ། །དེ་བཞིན་དུ་ཡང་རྐྱེན་ཡིན་ཞེས་པ་ནི། དེ་བཞིན་དུ་ཡང་རིག་པའོ། །གང་། ང་ཉིད་སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་སྟོན་པར་བྱེད་པའོ། །དེ་ཉིད་ཁུ་བ་ཞེས་བྱ་ཞེས་པ་ནི་
སྤྲུལ་པ་ཡིས་དང་། བདེ་བའི་ཚུལ་གྱིས་ཆོས་ཀྱི་སྐུ་མཚོན་པར་བྱེད་པའི་ཚུལ་གྱིས་གསུངས་སོ། །དེ་མེད་པས་ན་ཞེས་པའོ། །དེའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་གི་དངོས་པོ་ཡང་ལྷན་ཅིག་སྐྱེས་པ་དེར་དངོས་པོ་མེད་པའོ། །དེའི་ཚུལ་གྱིས་གནས་ཀྱང་ཕུལ་དུ་བྱུང་བའི་
སྙིང་རྗེ་ཉིད་ཀྱིས་སྐུ་གཉིས་པོ་སྤྲུལ་པས་དངོས་པོ་མེད་པ་མ་ཡིན་ནོ། །ཡང་ན་ལྷན་ཅིག་སྐྱེས་པ་ཡང་དག་པར་རིགས་པའི་ཚུལ་དེས་ཤིན་ཏུ་དངོས་པོ་མེད་པའི་རང་བཞིན་ང་མ་ཡིན་ནོ། །དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་པ་གང་ལས་སྙམ་པ་ལ་གསུངས་པ། ལྷན་ཅིག་

སྐྱེས་པའི་རང་བཞིན་བརྗོད། །ཅེས་པ་སྟེ། དངོས་པོ་རྣམས་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་སྟེ། དེ་ཡང་ཐམས་ཅད་དུ་མ་སྐྱེས་པ་ཉིད་ཀྱིས་གནས་ཏེ། ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་ན་རྨི་ལམ་ལྟ་བུ་ཉིད་ཀྱིས་དངོས་པོ་
རྣམས་རེ་ཞིག་སེམས་ལས་ཕྱི་རོལ་ན་མེད་པར་གྲུབ་བོ། །དེ་ཡང་གཅིག་དང་དུ་མ་དང་བྲལ་ཞིང་རྒྱུ་དང་བྲལ་བས་ངོ་བོ་ཉིད་མེད་པ་དང་། སྐྱེ་བ་མེད་པ་སྟེ་སྒྱུ་མ་ལྟ་བུའོ། །དེ་བས་ན་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་དེ། རྟག་ཏུ་ལྷན་ཅིག་སྐྱེད་པས་གནས། །ཞེས་སོ། །
ལྷ་ཡི་རྣམ་པའི་གཟུགས་དང་ལྡན། །ཞེས་པ་གང་ལས་སངས་རྒྱས་དང་མིའི་ལུས་དག་དབྱེ་བ་ནི། ཕྱག་དང་ཞལ་གྱི་རྣམ་པས་རེ་ཞིག་བྱེ་བྲག་མེད་དེ། ཕུང་པོ་ལྔ་ཉིད་དུ་ཡང་བྱེ་བྲག་མེད་དེ། ཤ་ལ་སོགས་པ་པུཀྐ་སཱི་ལ་སོགས་པའི་ཚུལ་གྱིས་རྣམ་པར་གཞག་པས་སོ། །གལ་ཏེ་
སངས་རྒྱས་ཀྱི་སྐུ་དག་རྣམ་པར་ཤེས་པའི་རང་བཞིན་དང་འདི་དག་ས་ལ་སོགས་པའི་རང་བཞིན་ནོ་སྙམ་ན། ཨེ་མའོ་ཞེས་མ་ཤེས་པ་ཡིན་ཏེ། ད་ལྟར་ཉིད་དུ་ཆོས་འདི་དག་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་དུ་མཐོང་སྟེ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་གལ་ཏེ་ཇི་ལྟར་འཁོར་
སྙམ་པ་ལ། གསུངས་པ། འོན་ཀྱང་རང་བཞིན་བག་ཆག་ཀྱིས། །ཞེས་པ་སྟེ། ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་རང་བཞིན་སྣང་བ་མ་ཡིན་པས་སོ། །གལ་ཏེ་མ་རིག་པ་ཉིད་གང་ལས་སྐྱེ་ཞེ་ན། ལས་ལ་སོགས་པ་ལས་སྐྱེས་སོ། །གལ་ཏེ་མ་རིག་པ་ཉིད་གང་
ལས་སྙམ་པ་ལ། མ་རིག་པ་གཞན་ལས་ཞེས་བྱ་བ་ལ་སོགས་པ་ལས་སོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་ན་གལ་ཏེ་མ་རིག་པ་གང་ལས་ཤེ་ན། དེ་ལྟར་བདེན་ཏེ་བརྟན་པར་རྟོགས་ན་མ་རིག་པ་ཡོད་པ་མ་ཡིན་ཏེ། འདི་དག་བརྟན་པར་རྟོགས་པར་བྱ་བའི་ཕྱིར་སྟོན་པར་བྱེད་དེ། མ་
རིག་པ་མེད་ན་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་མྱ་ངན་ལས་འདས་པའོ། །དེ་ཉིད་གསུངས་པ། གང་གིས་བྱ་བ་ལ་སོགས་པའོ། །མི་ཤེས་སངས་རྒྱས་མུ་སྟེགས་པས། །ཞེས་པ་ལ་སངས་རྒྱས་ཀྱིས་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ། །མུ་སྟེགས་ཀྱི་ཤེས་པ་ནི་མུ་སྟེགས་

ཐམས་ཅད་ཀྱིས་སོ། །གཅིག་ཉིད་དགའ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྔ་རུ་འགྱུར་བའི་དབྱེ་བ་ནི། །ཞེས་པ་ནི་དེ་དབྱེ་བའི་གྲངས་ཀྱིས་སོ། །དེ་བཞིན་གཤེགས་པའི་དབྱེ་བས་རྡོ་རྗེ་སེམས་དཔའི་དབྱེ་བ་སྟེ་རིགས་ལྔ་རྣམས་སུའོ། །ཡང་དེ་བཞིན་གཤེགས་པ་རྣམས་ཉིད་ནང་
གི་དབྱེ་བའི་བསམ་པས་སོ། །དེའི་ཕྱིར་གཅིག་གི་ངོ་བོ་ནི་ཞེས་པ་འདི་ཉིད་ཀྱི་ཕྱིར་ཐམས་ཅད་སྐྱེ་བ་མེད་པ་དེ་ཉིད་ཀྱི་རང་བཞིན་ཉིད་དེ། ཇི་ལྟར་ས་ལས་བྱུང་བ་བུམ་པ་དང་ཁམ་ཕོར་ལ་སོགས་པ་སའི་གཟུགས་མ་སྤངས་པ་ལྟ་བུའོ། །དེ་ཉིད་ཀྱིས་གསུངས་པ། མཆོག་ཏུ་དགའ་བ་ལས་བྱུང་བ། །
ཞེས་པ་སྟེ། དེ་བས་ན་དེ་ཉིད་ལས་བྱུང་བ་ཐམས་ཅད་དུ་མཐའ་ཡས་པའི་རིགས་གཞན་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །བརྟག་པ་གཉིས་པ་ལས་དངོས་གྲུབ་གཏན་ལ་དབབ་པ་སྟེ་ལེའུ་གཉིས་པའི་བཤད་པའོ།། །།དེ་ནས་རྡོ་རྗེ་ཅན་ཞེས་པ་རྡོ་རྗེ་སེམས་དཔའོ། །རྒྱུད་ཐམས་
ཅད་ཀྱི་གླེང་གཞི་ཞེས་པ་ནི་རྒྱུད་ཀུན་གྱི་གླེང་གཞི་སྟེ་གང་གི་དོན་གྱིས་རྒྱུད་མ་ལུས་པ་ལ་འཇུག་པ་དེའི་ཐབས་ཞེས་བྱའོ། །རྣལ་འབྱོར་མ་རྣམས་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་མ་དག་གི་ཕྱིར་རམ། རྣལ་འབྱོར་མ་རྣམས་ཏེ་ཐབས་གང་གིས་འགྲུབ་བའོ། །དེའི་ཐབས་བཀའ་སྩལ་པ། དེ་ཅི་
སྙམ་པ་ལ། སྡོམ་པ་ཞེས་བྱ་བ་ལ་སོགས་པ་བཞིའོ། །སྡོམ་པ་ནི་བདེ་བའི་མཆོག་གམ་ཆོས་ཐམས་ཅད་ཀྱི་བདག་ཉིད་དེ་བཞིན་གཤེགས་པས་བསྡུས་པའོ། །དབང་བསྐུར་བ་ལས་ཤེས་པར་བྱ། །ཞེས་པ་ནི་གང་དུ་ཨེ་དང་ཝཾ་ལས་དབང་བསྐུར་བ་ཤེས་པར་བྱེད་པའོ། །ཡང་དག་
ཅེས་པ་ནི་མཆོག་གི་དབང་བསྐུར་བས་དྲི་མ་མ་ལུས་པར་འཁྲུ་བར་བྱེད་པའོ། །དེ་ཅི་སྙམ་པ་ལ་གསུངས་པ། བདེ་བ་ཆེན་པོ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱིས་ཞུས་པ་དེ་ནས་ཤེས་པའོ། །ཝཾ་ནི་ཐབས་སུ་གྱུར་པའོ། །བརྒྱན་
པ་ནི་རྒྱན་བྱས་པའོ། །དེ་གསུངས་པ། ཨེ་ནི་ཤེས་རབ་ཅེས་བྱར་གསུངས། །ཝཾ་ནི་ཐབས་ཞེས་བྱ་བ་གང་། །ཝཾ་ཞེས་བྱ་བས་མཛེས་པ་ཡང་། །ཨེ་ནི་ངེས་པར་མཛེས་པ་ཡིན། །སྐད་ཅིག་ཡེ་ཤེས་ཞེས་པ་སྐད་ཅིག་གི་དབྱེ་བས་དགའ་བ་ལ་སོགས་པ་ཡོངས་སུ་ཤེས་ན་བདེ་བའི་ཡེ་

ཤེས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ནོ། །སྐད་ཅིག་གིས་དབྱེ་བ་ཉིད་གསུངས་པ། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཤེས་པར་བྱེད་ཅེས་པ་ནི་ཨེ་ཝཾ་གྱི་སྡོམ་པ་ཤེས་པར་བྱེད་དོ། །རྣམ་པ་སྣ་ཚོགས་སྣ་ཚོགས་དགའ། །འོ་དང་འཁྱུད་པ་ལ་སོགས་
པའོ། །རྡོ་རྗེ་པདྨ་མཉམ་སྦྱར་བས། །རྣམ་པར་སྨིན་པ་ཡེ་ཤེས་མཆོག །རྣམ་ཉེད་ཕྱག་རྒྱ་ཉེད་པའོ། །མཚན་ཉིད་བྲལ་བ་ངེས་བརྟག་བྱ། །གང་ལས་གང་དུ་ཇི་ལྟར་བསྒྲུབ་པར་བྱ་བ་བརྟག་སྙམ་པ་ལ། སློབ་དཔོན་ཞེས་པ་སྟེ། སློབ་དཔོན་གྱི་དབང་བསྐུར་བ་བཟུང་བས་ཆུ་དང་ཅོད་པན་ལ་
སོགས་པ་དབང་བསྐུར་བ་བདུན་བསྡུས་ཏེ་དེས་སྐུ་རྣམ་པར་དག་པའོ། །གསང་བའི་དབང་བསྐུར་བས་གསུང་རྣམ་པར་དག་པའོ། །ཤེས་རབ་ཀྱི་དབང་བསྐུར་པས་ཐུགས་རྣམ་པར་དག་པའོ། །ཡང་དག་པར་བརྟག་པར་བྱ་སྟེ། བཞི་པ་བསྒྲུབ་པར་བྱ་བས་བསྒྲུབ་པར་བྱའོ། །འདི་ཉིད་
ཀྱི་དགའ་བ་ལ་སོགས་པའི་རིམ་གྱིས་དབང་བསྐུར་བ་བཞིར་ཤེས་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཅིག་ཉིད་དུ་དབང་བསྐུར་བ་བཞིའི་ཚུལ་ཉིད་དུ་གསུངས་པ། དགོད་པ་ཞེས་པ་དགོད་པ་དང་སྨྲ་བ་ལ་སོགས་པ་རྣམ་པར་དག་པ་སློབ་དཔོན་ཏེ། རྣམ་པ་སྣ་ཚོགས་སུ་བརྩོན་
པ་ཉིད་དོ། །གསང་བར་ལྟ་བ་ནི་གསང་བའི་དབང་བསྐུར་བའོ། །ལག་པས་འཁྱུད་པའི་སྦྱོར་བ་ཤེས་རབ་ཡེ་ཤེས་དབང་བསྐུར་བའོ། །དེ་ཡང་ཞེས་པ་ནི་བཞི་པའོ། །གཉིས་གཉིས་འཁྱུད་ཅེས་པ་ཕན་ཚུན་དུ་འདུས་པ་ན་རྒྱུད་གང་ཡིན་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དབྱེར་མེད་པའི་
ཡེ་ཤེས་དེར་གནས་པའོ། །བཀྲུས་པས་ཤེས་རབ་དྲི་མ་མེད་པར་བྱ་བའོ། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །ཞེས་པ་ནི་རྡོ་རྗེ་ལ་སོགས་པའི་དབང་བསྐུར་བ་ཐོབ་པས་སློབ་དཔོན་གྱིས་དབང་བསྐུར་བར་བྱེད་པས་དབང་བསྐུར་བའོ། །བཞིན་བཟངས་ཞེས་པ་བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བའི་
དོན་ཏོ། །སློབ་མ་ཤེས་བྱ་བ་ཞེས་པ་ནི་ཤེས་རབ་ཀྱི་དབང་བསྐུར་བའི་སྐལ་བ་དང་ལྡན་པར་ཤེས་པར་བྱའོ། །ད་ནི་སློབ་མས་ཇི་ལྟར་བླ་མ་ལ་མཆོད་པར་བྱ་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པར་བྱ་བའི་ཆོ་ག་དེ་གསུངས་པ། ཕྱག་རྒྱ་ལྡན་ཞེས་པ་རྒྱན་ཐམས་ཅད་

ཡོངས་སུ་རྫོགས་པའི་ཕྱག་རྒྱ་དང་ལྡན་པའི་བླ་མ་ལ་མཆོད་པ་བྱས་ནས་འདིས་བསྟོད་དེ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་ཞི་བ་ཞེས་པ་ཉོན་མོངས་པའི་མེ་ཉེ་བར་ཞི་བས་ཞི་བ་ཆེན་པོའོ། །རྡོ་རྗེ་རྣལ་འབྱོར་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དབྱེར་མེད་པའོ། །
དལ་གཅིག་ཏུ་བརྩོན་པ་ནི་དེའི་གཉིས་སུ་མེད་པའི་སེམས་ཀྱིས་སོ། །ཕྱག་རྒྱ་རབ་སྒྲུབ་བྱེད་ཅེས་པ་ནི་ཕྱག་རྒྱ་ཆེན་པོར་རྗེས་སུ་ཆགས་ཤིང་སྐྱེད་པར་བྱེད་པ་ཉིད་ཀྱིས་དབྱེར་མེད་པའོ། །ཇི་ལྟར་ཁྱོད་ཅེས་པ་ཐབས་གང་གིས་བདག་ཉིད་ཆེན་པོ་ཁྱོད་ཀྱི་མཐུ་ཆེན་པོར་གྱུར་པའོ། །བདག་ཀྱང་
ཞེས་པ་ཐབས་དེས་ཕུན་སུམ་ཚོགས་པར་མཛོད་ཅིག་པའོ། །ཤ་ཆེན་པོ་ཞེས་པ་ནི་མཆོག་ཏུ་མང་བའོ། །ཕྱི་ནས་ཞེས་པ་ནི་སློབ་མས་མཆོག་ཏུ་དགའ་བ་ཡང་དག་པར་ཐོབ་པར་རོ། །སྟོན་པ་ནི་སློབ་མའོ། །བརྗོད་ཅེས་པ་ནི་ཅི་བརྗོད་ཅེ་ན། གཟུང་བར་གྱིས་ཞེས་པ་སྟེ་བརྟན་པས་
ཡེ་ཤེས་ལ་འདི་ལྟར་དེ་ཁོ་ན་ཉིད་བརྟན་པར་གྱིས་ཞེས་པའོ། །དབང་བསྐུར་ནས་བྱ་ཞེས་པ་ནི་གང་གིས་གནས་པར་བྱ་བ་སྟེ། དེའི་ཚོགས་གང་ཡིན་པའོ། །དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱའོ་ཞེས་པ་ནི་སློབ་དཔོན་ལ་སོགས་པ་དབང་བསྐུར་བ་གསུམ་བྱིན་ནས་བཞི་པ་གསུངས་
པ། འདི་ཉིད་ཅེས་པ་ནི་གང་ཁྱོད་ཀྱིས་ཤེས་པར་བྱ་བ་སྟེ། དེ་ཉིད་ཐམས་ཅད་དུ་ཁྱབ་པར་བྱེད་པ་དང་། གཉིས་སུ་མེད་པ་དང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དང་གཉིས་ཀྱི་གཟུགས་དང་མི་ལྡན་པའི་དེ་ཁོ་ན་ཉིད་དོ། །འདི་ཉིད་ཁྱོད་ཀྱི་དཀྱིལ་འཁོར་འཁོར་ལོའི་
ཐབས་ཀྱིས་ཞེས་པ་ནི་མངོན་དུ་བྱའོ་ཞེས་པའོ། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །ཞེས་པ་ཐོས་ནས་དེའི་དོན་རྡོ་རྗེ་སྙིང་པོས་ཞུས་པ། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་པ་སྟེ་དེ་ཉིད་སྙིང་པོའོ། །
དེ་ཅི་སྙམ་པ་ལ། བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ཞེས་པའོ། །དེ་ལྟར་དཀྱིལ་འཁོར་སྙིང་པོ་དེ་ལེན་པར་བྱེད་པ་ནི་ཐོབ་པར་བྱེད་པ་སྟེ། དེ་ནི་དཀྱིལ་འཁོར་རོ། །དེ་ཉིད་འཁོར་ལོ་སྟེ་ཀྱེའི་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱི་ཚོགས་འདུས་པའོ། །མཁའ་དབྱིངས་ཞེས་བྱ་བ་ཞེས་པ་ནི་ནམ་

མཁའི་ཁམས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་ཉིད་ཐམས་ཅད་དུ་ཡུལ་ལ་སོགས་པ་རྣམ་པར་སྦྱོང་བ་ཞེས་པ་ནི་སྦྱོང་བར་བྱེད་པ་སྟེ། ཡུལ་ནི་གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །སོགས་པས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དང་ཕུང་
པོ་ལ་སོགས་པ་གཟུང་ངོ་། །རྡོ་རྗེ་སྙིང་པོས་གསོལ་པ། དབང་བསྐུར་ནས་དམ་ཚིག་གང་གིས་གནས་པར་བགྱི་ཞེས་པའོ། །འདིར་ལན་དུ་འདིའི་དོན་གྱིས་སྲོག་ཆགས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཉིད་ངེས་པའི་དོན་གྱིས་གསལ་བར་བྱེད་པས་སེམས་གཅིག་ཅེས་
པར་ནི་སྲོག་ཆགས་ནི་འདིར་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་ཉེ་བར་ཞི་བ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སུ་སྲོག་ཆགས་ཉེ་བར་སྡུད་པ་ནི་གསོད་པ་སྟེ། སྲོག་ཆགས་ནི་སེམས་སོ། །གང་ཕྱིར་སྲོག་ཅེས་པ་ནི་སྲོག་ཆགས་ནི་འདིར་སེམས་ལས་མ་གཏོགས་པ་མེད་དེ། སེམས་ཀྱང་
སེམས་ཅན་ལ་སོགས་པ་རྣམ་པ་དུ་མས་རབ་ཏུ་འཇུག་གོ། །དེ་སྡུད་པ་ཉིད་བསད་པའོ། །འཇིག་རྟེན་བླ་མེད་བྱར་འདོད་པ། །ཞེས་པ་བརྫུན་ཏེ། ངོ་བོ་ཉིད་ཀྱིས་དག་པ་ནི་སེམས་ཅན་རྣམས་སོ། །སེམས་ཅན་ནམ་མཁའ་དང་མཉམ་པས་དེ་དག་ཇི་ལྟར་བསྒྲལ་ཏེ། དེ་ལྟར་ཡང་དེའི་ཕྱིར་
ཡལ་བར་དོར་བ་མ་ཡིན་ཞེས་གསུངས་པ་ཡིན་པས་སེམས་ཅན་བླ་ན་མེད་པར་བྱ་བར་འདོད་པ་ཡིན་ནོ། །སྙིང་རྗེ་ལྡན་པས་བྱ་བ་ནི། །སེམས་ཅན་ཡལ་བར་དོར་མི་བྱ། །སེམས་ཅན་ཡོད་དང་མེད་པ་ཞེས། །དེ་ལྟར་རྟག་པར་བྱ་བ་མིན། །ཞེས་སོ། །ཡུལ་ལ་སོགས་པ་རྣམ་སྤྱོད་བྱེད། །ཅེས་
གསུངས་པ་དེ་གསལ་བར་བྱ་བའི་ཕྱིར་ཞུས་པ། གང་ཡང་དེ་དག་ཅེས་པའོ། །འདི་རྣམས་སྦྱོང་བ་བསྟན་པར་བྱ་བའི་ཕྱིར་གསུངས་པ། རང་བཞིན་གཟོད་ནས་སྐྱེ་བ་མེད། །ཅེས་པའོ། །དེ་ཉིད་ཀྱིས་འདི་རྣམས་སྐྱེ་བ་མེད་དེ། གཟུགས་བརྙན་ལ་སོགས་པ་ལྟ་བུར། བདེན་པ་མ་ཡིན་
བརྫུན་པ་མིན། །ཞེས་སོ། །དེ་ནི་སྐྱེ་བ་མེད་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་སྟོན་པར་བྱེད་པ་ནི། གཙུབ་ཤིང་ཞེས་པའོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མ་རྣམས་ཞེས་པ་ནི་དེ་ལྟར་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་དང་རང་བཞིན་གྱིས་དག་པ་དང་། ལྷན་ཅིག་སྐྱེས་པ་ཙམ་དུ་

མཆོག་ཏུ་གཞོལ་བ་དང་། བརྫུན་པ་མ་ཡིན་པ་དང་། བདེན་པ་མ་ཡིན་པ་དང་། གཟོད་མ་ནས་ཞི་བའོ། །ཆོས་ཐམས་ཅད་འདི་ལྟར་བདག་མེད་པར་ཐོས་ནས་རྣལ་འབྱོར་མ་རྣམས་དགའ་སྟེ་བཅོམ་ལྡན་འདས་ལ་ཡང་དག་པར་མཉེས་པར་བྱད་དོ། །བཅོམ་ལྡན་འདས་ཀྱང་མཉེས་ནས་ཡང་དག་
པར་གསུངས་པ། བཟའ་བཏུང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་རྣལ་འབྱོར་པས་འདི་ལྟར་བྱ་སྟེ། དེ་ལ་བཟའ་བ་ཤ་ལྔ་ལ་སོགས་པ་དང་། བཏུང་བ་སྟེ་བྱང་ཆུབ་ཀྱི་སེམས་ལ་སོགས་པའོ། །བགྲོད་བྱ་སྟེ་ཡུལ་ལས་བྱུང་བའི་བདེ་བའོ། །བགྲོད་
མིན་ཏེ་ཡུལ་ལས་འདས་པའོ། །གཙང་སྦྲ་ནི་དག་པར་རྟོག་པ་སྟེ། ཆོས་ཀྱི་དབྱིངས་སོ་སོར་རྟོག་པ་ལས་ལྷག་པའི་གཙང་སྦྲ་མི་བྱེད་པའོ། །གྲང་གི་ཆོས་ནི་བདེ་བར་ཡང་དག་པར་ཤེས་ནས་སྤོང་བར་མི་བྱེད་པའོ། །སྔགས་ནི་ཡི་གེ་སོ་སོར་ངེས་པ་དང་མ་ངེས་པའི་རིམ་པས་སོ། །རྟོག་
པ་ནི་སྔགས་ངེས་པའི་རིམ་པས་སོ། །གཉིད་ནི་རྣལ་འབྱོར་གྱི་གཉིད་དེ་དེ་སྤང་བར་མི་བྱ་བའོ། །དེ་དང་དེའི་དབང་པོའི་རྣམ་པར་དག་པ་གྲུབ་པའི་དབང་པོ་རྣམས་རང་གི་རྗེས་སུ་མཐུན་པར་ཡུལ་ལ་མྱོང་བར་བྱེད་པས་དགག་པར་མི་བྱེད་དོ། །གྲོགས་པོ་ལ་བྱམས་པ་ཞེས་བྱ་བ་ལ་སོགས་
པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་གསུངས་སོ། །ལྷ་ནི་དེ་བཞིན་གཤེགས་པའོ། །ཕྱག་མི་བྱ་བ་ནི་དེ་དག་དང་བདག་བྱེ་བྲག་གི་བློ་མི་བསྐྱེད་པའོ། །ཌོམྦི་ལ་སོགས་པ་ཡང་བདག་ཉིད་དཔལ་ཧེ་རུ་ཀའི་སྐུ་བཞིན་དུ་རེག་པའོ། །བུ་རམ་ནི་ཁྲག་གོ། །ཆང་ནི་རྐང་མར་རོ། །དུག་
ནི་ཞག་གོ། །ནིམ་པ་ནི་པགས་པ་སྟེ། དེ་ཡང་བུ་བཙས་པ་ལས་བྱུང་བའོ། །སྐྱུ་རུ་ར་ཡིས་རླུང་སེལ་བྱེད། །མངར་ནི་མཁྲིས་པ་སེལ་བར་བྱེད། །སྐ་བས་མིག་ནི་དག་པ་ཡིན། །ཁ་བས་རིམས་ནི་འཇིག་པར་བྱེད། །ཚྭ་ཡིས་མེ་རུ་འགྱུར་བ་ཡིན། །ཚ་བས་བད་ཀན་འཇོམས་
པར་བྱེད། །ཅེས་སོ། །བདུད་རྩི་ལྔ་ཞེས་བྱ་བར་གསུངས། །ཞེས་པ་དེའི་བཤད་པ་རུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རུས་པ་དོན་ཡོད་གྲུབ་པའོ། །ཆང་ནི་རྣམ་པར་སྣང་མཛད་དོ། །ཆུ་ནི་མི་བསྐྱོད་པ་ཞེས་བྱ། །ཁྲག་ནི་རིན་ཆེན་འབྱུང་ལྡན་ནོ། །འདི་དག་བཅུད་ཀྱིས་ལེན་རྣམས་ཏེ། །

ནད་རྣམས་ཐམས་ཅད་འཇིག་པར་བྱེད། །ཐམས་ཅད་སྲུང་བར་བྱེད་པའི་གཙོ། །རྟོག་པ་ཐམས་ཅད་འཇོམས་བྱེད་པ། །སྔར་མ་གསུངས་པའི་རྣམ་པར་དག་པ་རྣམས་ཀྱི་རྣམ་པར་དག་པར་བྱ་བའི་ཕྱིར་ཞུས་པ། དབང་པོ་རྣམས་ཞེས་པའོ། །སྔར་བསྟན་པའི་
དགོངས་པ་བསྟན་པ་བཤད་པ་ཞུས་པ། དགོངས་པས་བཤད་པ་གསུངས་པ་ཅི། །ཞེས་པ་ནི། དགོངས་པས་ཞེས་བྱ་བ་ལ་སོགས་པའོ། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་ལས་ཀྱང་མ་གསུངས་སོ། །རིགས་ལྔ་ཞེས་
པ་ནི་འདི་དག་རིགས་ལྔ་རྣམས་ཏེ་སངས་རྒྱས་ལྔའོ། །དེ་ཉིད་གསུངས་པ་གཡུང་མོ་ཞེས་པའོ། །ཁྱི་ཤ་འཚེད་མ་ནི་ཙཎྜ་ལཱིའོ། །དམ་ཚིག་གནོད་པས་ཞེས་པ་ནི་ཉམས་པའོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེའུ་སྟེ་གསུམ་པའི་བཤད་པའོ།། །།ད་ནི་སྔར་གསུངས་པ་རྣམས་
ཀྱི་བཤད་པའི་ལེའུ་གསུངས་པ། དེ་ནས་ཞེས་པའོ། །ཐེ་ཚོམ་སྐྱེས་པ་ནི་ཐེ་ཚོམ་སྐྱེས་པ་ཉིད་ཀྱིས་ཡིད་མི་བདེ་བའོ། །གལ་ཏེ་དགའ་བས་གླུ་ལེན་ན། །དེ་ཚེ་རྡོ་རྗེ་མཆོག་ལྡན་པས། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ། གླུ་དང་གར་དེ་ལ་རྡོ་རྗེ་དང་ལྡན་པ་ཅི། རྡོ་རྗེ་རྐང་པའི་གར་ཇི་ལྟ་
བུ་ཞེས་པ་དང་། ལྷ་དབང་བསྐུར་བ་ཞེས་པ་ལྷ་དབང་བསྐུར་བའི་ལེའུ་རུ་གང་གི་ཕྱག་རྒྱ་གང་གིས་གདབ་ཅེས་པ། གང་ལ་གང་གིས་གདབ་པར་བྱ། །ཞེས་པའོ། །སྔགས་བཏུ་བ་ཞེས་པ་སྔགས་ཀྱི་ལེའུ་རུའོ། །དེ་ལ་གང་དང་གང་གི་ས་བོན་ཞེས་བྱ་བའི་དོན་ཏོ། །དེ་ལ་རྡོ་རྗེའི་གླུ་རེ་ཞིག་གསུངས་
པ། ཀོལླ་ཨི་རེཊྛི་ཨ་ཞེས་པ་ཀོལླ་ཨི་རེཊྛི་ནི་གནས་སོ། །དེ་ལ་གནས་པའི་བོ་ལའི་སྦྱོར་བས་བོ་ལ་ནི་རྣལ་འབྱོར་པའི་རྡོ་རྗེའོ། །མུམྨུ་ཎི་ཞེས་པ་ནི། ཞིང་ནི་མུམྨུ་ཎིར་རབ་གྲགས། །ཞེས་སོ། །དེ་ལ་གནས་པ་དེའི་སྦྱོར་བས་ཀཀྐོ་ལ་ནི་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིའོ། །གནས་ལ་སོགས་པ་ན་
བཞུགས་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་སུ་འདུས་པར་གསུངས་སོ། །དེ་ལ་འདུས་པར་དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་རྗེས་སུ་མཐུན་པར་བྱ་བ་གསུངས་པ། གྷ་ཎེ་ཀྲྀ་པི་ཊ་ཧོ་བཱཛྫ་ཨི་ཞེས་པ་དེ་ལ། རྔེའུ་ཆུང་རྒྱུན་མི་ཆད་པར་བརྡུང་བར་བྱ་བ་སྟེ། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་

གསུངས་པ། སྔོན་དུ་བྱ་སྟེ་གར་དང་གླུ་བྱ་བའི་དོན་ཏོ། །ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་པ་རྩོད་པར་མི་བྱ་བ་སྟེ། དེར་ཕན་ཚུན་དུ་བྱམས་པར་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་བར་བྱའོ། །ཏ་ཧིཾ་བ་ལ་ཁཱཛྫ་ཨི་ཞེས་པ་དེར་ཡང་ཤ་བཟའ་བར་བྱའོ། །གྷ་ཌྷེཾ་མ་ཨ་ཎ་པིཛྫ་ཨི་ཨ་
ཨི་ཞེས་པ་ཤིན་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཆང་བཏུང་བར་བྱའོ། །ཧ་ལེ་ཞེས་པ་རྣལ་འབྱོར་མ་རྣམས་ལ་བོད་པའོ། །ཀཱ་ལིཉྫ་ར་པ་ཎི་ཨ་ཨི་ཞེས་པ་དེར་སྐལ་བ་དང་ལྡན་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རིགས་ལྔ་ལ་སོགས་པ་ནས་ཕྱུང་བ་བཞུགས་པར་བྱ་བའོ། །དུནྡུ་ར་བཱཛྫི་ཨ་ཨི་
ཞེས་པ་དུནྡུ་ར་ནི་དབང་མ་བསྐུར་ཞིང་ཐེ་ཚོམ་དང་ལྡན་པ་སྟེ་ཕྱིར་སྤང་བར་བྱ་སྟེ་གཞུག་པར་མི་བྱའོ། །ཞུགས་པ་ཡང་ཕྱིར་དབྱུང་བར་བྱ་སྟེ། དེ་རྣམས་ཉིད་ཀྱིས་ངན་འགྲོ་བསྲུང་བའི་ཕྱིར་རོ། །ཙ་ཨུ་ས་མ་ཀཙྪུ་རི་སིཧླ། ཀཱཔྤཱུ་ར་ལཱ་ཨི་ཨ་ཨི་ཞེས་པ་དྲི་ཆེན་དང་རིན་ཆེན་འབྱུང་ལྡན་དང་སྣང་
བ་མཐའ་ཡས་རྣམས་དེར་ཕྱི་དང་ནང་དུ་ལུས་ལ་བྱུག་པར་བྱའོ། །མཱ་ལ་ཨིནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། །ཞེས་པ་ཚོད་མ་རྣམས་དང་ཤ་ཆེན་ཁྱད་པར་གྱིས་དེར་བཟའ་བར་བྱའོ། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ཞེས་པ་ཕན་ཚུན་དམ་ཚིག་བྱིན་ཏེ།
གར་ལ་སོགས་པས་འགྲོ་བ་དང་འོང་བར་བྱེད་ཅིང་འདི་དག་ནི་དག་པའོ། །འདི་དག་ནི་མ་དག་པའོ་ཞེས་ཡིད་ལ་མི་བྱེད་པས་དམིགས་པ་མེད་པ་སྟེ། དམིགས་པ་མེད་པའི་སྦྱོར་བས་ཐམས་ཅད་བྱ་ཞེས་བྱ་བའི་དོན་ཏོ། །ནི་རཾ་ཤུ་ཨཾ་གེ་ཙ་ཌཱ་བི། ཏ་ཧིཾ་ཛ་ཤ་རཱ་ཝ་པ་ཎི་ཨ་ཨི་ཞེས་པ་
འཁོར་ལོ་དེར་ཡང་རུས་པའི་རྒྱན་ཡན་ལག་རྣམས་ལ་གདགས་སོ། །ཤཱ་རཱ་བ་ཞེས་པ་རོ་སྟེ་གཞུག་པར་བྱ་བའོ། །མ་ལ་ཨ་ཛེ་ཀུན་དུ་རུ་པཱ་ཊ་ཨི་ཞེས་པ་འདུས་པ་དེར་ཕན་ཚུན་དུ་བདེ་བ་ཆེན་པོའི་རྒྱུའི་ཕྱིར་སྦྱོར་བར་བྱེད་པའོ། །ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི་ཞེས་པ་དེར་ཡང་སྦྱོར་བ་ལ་གཡུང་མོ་སྤང་
བར་མི་བྱའོ། །ཡང་ན་ཀོལླ་ཨི་རེཊ་ཅེས་པ་ནི་མགོ་བོ་ལའོ། །ཋི་ཨ་ནི་གནས་པའོ། །བོ་ལ་ནི་རྡོ་རྗེ་འཛིན་པ་གཞོམ་དུ་མེད་པའོ། །མུམྨུ་ཎི་རེ་ནི་ལྟེ་བའི་པདྨར་རོ། །ཀཀྐོ་ལཱ་ནི་ཤེས་རབ་བོ། །དེ་ལ་གྷ་ཎེ་ཞེས་པ་ནི་རྒྱུན་དུ་དགའ་བྲལ་མེད་པའོ། །ཀྲྀ་པི་ཊ་ཧོ་ནི་གཞོམ་དུ་མེད་པའོ། །

བཱཛྫ་ཨི་ཞེས་པ་ནི་ཆང་འབབ་པའོ། །ཀཱ་རུ་ཎེ་ཞེས་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སོ། །ཀི་ཨ་ཨི་ན་རོ་ལཱ་ཞེས་པ་ནི་རྣམ་པར་རྟོག་པས་རྩོད་པ་མི་བྱ་བའོ། །ཡང་ན་ཀཱ་རུ་ཎེ་ཞེས་པ་ནི་བདེ་བ་ཆེན་པོའི་རྒྱུས་སོ། །ཀི་ཨ་ཨི་ན་རོ་ལཱ་ཞེས་པ་ནི་ཐབས་དང་ཤེས་རབ་དག་
གི་གཡུལ་འཐབ་པའོ། །ཏ་ཧིཾ་ནི་དེར་ཆར་འབབ་པ་ནའོ། །བ་ལ་ཁཱཛྫ་ཨི་ཞེས་པ་ནི་ཤ་ནི་ཐ་མལ་པའི་ཤ་རྣམས་བཟའ་བར་བྱེད་པ་སྟེ། སྣང་བ་མེད་པར་བྱེད་པའོ། །གཱ་ཌྷེཾ་ཞེས་པ་ནི་ཤིན་ཏུའོ། །མ་ཨ་ཎཱ་ཞེས་པ་ནི་སྙིང་རྗེའི་རོའོ། །བཛྫི་ཨི་ཨ་ཨི་ནི་འཐུབ་པར་བྱེད་པ་སྟེ། བདག་ཉིད་
དང་བཅས་པར་བྱེད་པའོ། །ཧ་ལེ་ཀཱ་ལིཉྫ་ར་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་བདེ་བ་ཆེན་པོའོ། །པ་ཎི་ཨ་ཨི་ཞེས་པ་ནི་དེའི་ནང་ན་བསྒོམ་པར་བྱའོ། །དུནྡུ་ར་ཞེས་པ་ནི་རྣམ་པར་རྟོག་པའོ། །བཱཛྫི་ཨ་ཨི་ཞེས་པ་ནི་ཐམས་ཅད་སྤང་བར་བྱའོ། །ཙ་ཨུ་ས་མ་ཞེས་བྱ་བ་ལ་སོགས་པ་ནི་
རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བདེ་བ་ཆེན་པོ་ཉིད་ལ་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པའི་ཡེ་ཤེས་སུ་བཞུགས་པའོ། །མཱ་ལ་ཨི་ཞེས་བྱ་བ་ལ་སོགས་པ་མཱ་ནི་སའོ། །ལ་ཨི་ནི་ཆུའོ། །ཨིནྡྷ་ཎ་ནི་མེའོ། །ས་ལིཉྫ་ཏ་ཧིཾ་ནི་རླུང་ངོ་། །བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པ་ནི་འདིའི་
དོན་ནི་ཤིན་ཏུ་སྣང་བ་མེད་པར་བྱེད་པའོ། །ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཞེས་པ་ནི་ཤེས་རབ་ཀྱིས་འགྲོ་བ་དང་འོང་བར་བྱེད་པ་ནའོ། །ཤུདྡྷ་ཨ་ཤུདྡྷ་ཞེས་བྱ་བ་ལ་སོགས་པ་ནི་དག་པ་དང་མ་དག་པ་ལ་སོགས་པ་ཡིད་ལ་བྱེད་པ་མེད་དེ་བདེ་བ་ཆེན་པོར་མཆོག་ཏུ་རྩེ་གཅིག་པ་ཉིད་དོ། །ནི་རཾ་ཤུ་ནི་བྱང་ཆུབ་ཀྱི་སེམས་
དཀར་པོ་ཆ་ཤས་དང་བྲལ་བའོ། །ཨཾ་གེ་ཙ་ཌཱ་བི་ཏ་ཧིཾ་ཛ་ཞེས་པ་ནི་ཡན་ལག་རྣམས་ལ་གཞག་པའོ། །ས་རཱ་ཝ་པ་ཎི་ཨ་ཨི་ཞེས་པ་ནི་དེ་ཉིད་ལུས་ཐམས་ཅད་དུ་ཁྱབ་པར་བྱེད་པས་གཞུག་པར་བྱ་སྟེ། སྤྲོ་བར་བྱའོ། །མ་ལ་ཨ་ཛེ་ཀུན་དུ་རུ་པཱ་ཊ་ཨི་ཞེས་པ་ནི་རྣལ་འབྱོར་པ་རྣམས་འདུས་པ་ན་དེར་ཐབས་
དང་ཤེས་རབ་དག་གི་ཡང་དག་པར་སྦྱོར་བས་སྦྱོར་བར་བྱའོ། །དེར་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་ན། །ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི་ཞེས་པ་ཡེ་ཤེས་ཀྱིས་རེག་ཏུ་མེད་དེ་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱིས་རེག་པར་མི་ནུས་པས་རེག་པར་བྱ་བ་མ་ཡིན་པས་ལྷན་ཅིག་སྐྱེས་པའི་བདེ་

བའོ། །འདིས་ཡང་དབང་བསྐུར་བའི་དོན་གསུངས་པ་ནི། ཡང་ན་ཀོལླ་ཨི་རེཊྡི་ཨ་ནི་ལྟེ་བའི་ལྐོག་ནའོ། །བོ་ལ་ནི་རྡོ་རྗེའོ། །མུམྨུ་ཎི་རེ་ཞེས་པ་ནི་ལྟེ་བའི་ལྐོག་ནའོ། །ཀཀྐོ་ལཱ་ནི་པདྨའོ། །པདྨ་དེ་ལ་རྡོ་རྗེའི་རང་བཞིན་ཀྲྀ་པི་ཊ་སྟེ་བརྡུང་བ་ནི་བསྐྱོད་པའོ། །ཀ་རུ་ཎེ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་
འབྱུང་བས་སོ། །རོ་ལཱ་ནི་རྩོད་པ་མི་བྱེད་ཅིང་བརྟན་པས་རྒྱུན་དུ་བདེ་བའི་མཆོག་ཉིད་དོ། །དེར་བ་ལ་ནི་རྣམ་པར་རྟོག་པའོ། །ཟ་བའམ་འབྱུང་བའི་དོན་གྱིས་བ་ལ་བཟའ་བ་དང་། ཆང་ཡང་བཏུང་བའོ། །ཀཱ་ལིཉྫ་ར་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཉེ་བར་བརྟག་པས་གཞུག་པར་བྱས་
པའོ། །དུནྡུ་ར་ཞེས་པ་ནི་དགའ་བྲལ་ཏེ་ཡང་སྤང་བར་བྱ་བའོ། །སྐྱེ་གནས་ནང་གི་རྩ་གཉིས་ནི། །གཡོན་དང་དེ་བཞིན་གཡས་པ་ལས། །གཡོན་ནས་ཁུ་བ་འབྱུང་བ་སྟེ། །གཡས་པ་ལས་ནི་ཁྲག་ཉིད་ཀྱང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩ། །གཡོན་དུ་ཡང་དག་སྤྱད་པར་བྱ། །སོར་མོ་
ཡིས་ནི་ཅུང་ཟད་བསྐུལ། །ཕྱིར་ཡང་ལྕེ་ཡི་ཐུར་མས་སོ། །རྩ་ཡི་ཁ་ནི་བྱེ་གྱུར་ནས། །མཆོག་ཏུ་ཤིན་ཏུ་དགའ་བ་འབྱུང་། །ཅུང་ཟད་སྔགས་པའི་རྡོ་རྗེ་ཡིས། །ནང་དང་ནང་དུ་བསྐྱོད་པར་བྱ། །ཕཊ་ནི་ནོར་བུའི་ནང་བཞག་ནས། །ཡིད་ལས་བྱུང་བ་དགག་པར་བྱ། །བྱང་ཆུབ་སེམས་ནི་
མ་ཤོར་བས། །སྐད་ཅིག་བདེ་མཆོག་འབྱུང་བར་འགྱུར། །མ་ལུས་དེ་ཡི་རང་བཞིན་སྤྲོ། །ཆད་པ་མེད་པར་སྣང་བ་ནི། །ངེས་པར་ཁྱབ་ཅིང་བདེ་ཞི་བ། །དམ་པའི་གོ་འཕང་ཐོབ་པར་བྱེད། །བྱང་ཆུབ་སེམས་ནི་ཤོར་བ་ཡིས། །བརྒྱལ་ཏེ་རྙེད་པར་འགྱུར་མ་ཡིན། །ཞེས་བྱ་བའི་ཐབས་
འདིས་སྐལ་བ་མེད་པ་བློ་དང་ལྡན་པས་སྤང་བར་བྱའོ། །ཙ་ཨུ་ས་མ་ཞེས་བྱ་བ་ལ་སོགས་པའི་དོན་འདི་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ད་ནི་འདུས་པ་དེ་ཉིད་དུ་གར་བྱ་བ་གསུངས་པ། གར་ནི་ཧེ་རུ་ཀའི་གཟུགས་ཀྱིས། །ཞེས་པ་ནི་ཀྱེའི་རྡོ་རྗེའི་ང་རྒྱལ་གྱིས་སོ། །རྡོ་རྗེ་ཆོས་ཞེས་པ་ནི་
གསུང་རྡོ་རྗེའི་བདག་ཉིད་ཀྱིས་གླུ་བླངས་པའམ། གསུང་རྡོ་རྗེ་རྣལ་འབྱོར་པས་གླུ་བླང་བར་བྱའོ། །སངས་རྒྱས་ཀྱིས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་གར་གྱི་བདག་ཉིད་ཀྱིས་སམ། སྐུ་རྡོ་རྗེའི་རྣལ་འབྱོར་པས་གར་བྱ་བའོ། །མ་མོ་རྣལ་འབྱོར་མ་རྣམས་ཀྱིས། །ཞེས་པ་མ་མོ་ལ་སོགས་

པའི་རྣལ་འབྱོར་མ་རྣམས་ཀྱིས་སམ། །གཽ་རཱི་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག་བསྐོར་བས་སོ། །ཚོགས་ཀྱི་བདག་པོས་ཞེས་པ་ནི་ཚོགས་ཀྱི་གཙོ་བོ་དཔལ་ཧེ་རུ་ཀ་རྡོ་རྗེས་མདུན་དུ་བྱ་བའོ། །དེར་བྱིན་གྱི་རླབ་ཀྱི་མཚན་མ་གསུངས་པ་དེ་ལ་དྲི་ཞེས་པའོ། །ད་ནི་ཕྱག་རྒྱ་
རྣམས་ལ་ཞུས་པའི་ལན་གསུངས་པ། ཕྱག་རྒྱ་རྣམས་ཞེས་པའོ། །ཕྱག་རྒྱ་ལ་སོགས་པའི་སྒྲའི་དོན་གཅིག་གོ། །ཕྱག་རྒྱས་མཚན་པས་གང་དང་གང་གི་རིགས་དེ་བརྟག་པར་བྱའོ། །ཕྱག་རྒྱས་མཚན་པས་ཞེས་པ་རིགས་འཁྲུགས་པར་བསྒོམས་པས་དངོས་གྲུབ་མི་ཐོབ་བོ། །
རིགས་ཡོངས་སུ་མ་ཤེས་པའི་སྒྲུབ་པ་པོས་ཀྱང་མ་ཡིན་ནོ། །ས་བོན་ཅི་ཞེས་བྱ་བ་ལ་སོགས་པ་ཞུས་པའི་ལན་གསུངས་པ། ཨཱ་ལི་ཞེས་པ་སྟེ། ཨཱ་ལི་དང་པོ་ནི་ཨའོ། །གཉིས་པ་ལ་སོགས་པའི་རིམ་པས་ཨ་ལ་སོགས་པའོ། །རིགས་ཀྱི་ལེའུ་ལས་གང་བཤད་པ་ཞེས་བྱ་བ་ལ་
སོགས་པ་ཞུས་པའི་ལན་རིགས་ཀྱི་ལེའུ་ཞེས་པའོ། །བདག་མེད་མའི་ཁྱད་པར་གྱིས་གསུངས་པ། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྡྷཱུ་ཏཱི་སྟེ་རྩ་གསུམ་གྱི་གཙོ་བོ་བདག་མེད་མའོ། །འོ་ན་དེ་ལྟ་ན་ཡང་ཐམས་ཅད་མ་བསྡུས་པ་ཉིད་དེ། བདུད་འཇོམས་པར་བྱེད་པའི་རྣམ་པར་དག་པའི་རྣལ་
འབྱོར་མ་རྣམས་ལས་མ་གསུངས་པ་དང་། ཨཱ་ལིའི་གཟུགས་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་དང་། བཅུ་དྲུག་གི་ཆའི་རང་བཞིན་གྱི་ས་བོན་མ་གསུངས་པས་སོ་སྙམ་པ་ལ་གསུངས་པ། ཀུན་གྱི་མཐའ་མ་ཞེས་པའོ། །གང་གི་ཕྱིར་སྙམ་པ་ལ། གང་ཕྱིར་བཅུ་དྲུག་ཆ་མེད་པས། །
ཞེས་གསུངས་སོ། །གང་གི་ཕྱིར་རྒྱུའི་བྱ་བ་མི་བྱེད་པ་དང་། ཆ་མེད་སྙམ་པ་ལ་གསུངས་པ། གང་གི་ཕྱིར་དོན་གྱི་བྱ་བ་མི་བྱེད་པས་སོ། །འདིའི་དོན་ཆ་དང་ཆ་མེད་པ་དང་། དོན་གྱི་བྱ་བ་སྦྱོར་བ་མེད་པ་སྟེ། དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་སོ། །ལྷ་མོ་ཐམས་ཅད་ཀྱི་རྣམ་པར་དག་
པའི་རང་བཞིན་རྣལ་འབྱོར་མ་བཅོ་ལྔ་བསྒོམ་པས་དེའི་གནས་སྐབས་སུ་འདུས་པ་ཡིན་པ་དང་། དོན་གྱི་བྱ་བ་མི་བྱེད་པ་དང་། གང་དུ་ཅིའི་ཕྱིར་བསྒོམ་པ་ཡང་དོན་གྱི་བྱ་བ་ནི་བསྒྲུབ་བྱ་དེ་ཉིད་ཡིན་ནོ། །ད་ནི་དགོངས་པ་དང་བཅས་པ་རྡོ་རྗེ་སྙིང་པོས་ཞུ་བར་བྱེད་པ་དང་། ག་བུར་ནི་བྱང་ཆུབ་ཀྱི་

སེམས་སོ། །ངེས་པར་ཅིས་མི་འབྱུང་ཞེས་པ། །ངེས་པའི་སྒྲ་ནི་བཟོད་པ་མ་ཡིན་པ་སྟེ་ཅིས་མི་འབྱུང་སྟེ། འོན་ཀྱང་གང་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་སོ། །དེ་ལ། རྣལ་འབྱོར་མ་རྣམས་ཡང་དག་འབྱུང་། །ཞེས་པ་རྣལ་འབྱོར་
མ་རྣམས་སྐྱེད་པར་བྱེད་པ་ནི་མྱ་ངན་ལས་འདས་པའོ། །དེ་ལས་བྱུང་ན་ཀུན་རྫོབ་ཀྱི་རང་བཞིན་ནོ། །དེ་ཉིད་གསུངས་པ། ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས། །ཞེས་པ་དང་། ཟད་པ་མེད་པ་ནི་མི་འཇིག་པའོ། །རྒྱས་པ་ཞེས་པ་ནི་རྒྱུན་རྒྱས་པའོ། །ནམ་མཁའ་ནི་བྱ་གདོང་མར་འོང་བ་སྟེ་
པདྨར་གནས་པའོ། །འདིར་དེ་བཞིན་ཉིད་དུ་བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། དེ་ཉིད་ཀྱིས་དེ་ལྟར་ཏེ་དེ་བས་ངེས་པ་ནི་མི་སྤང་བ་ཉིད་དུ་བསྐྱེད་པར་བྱ་བ་ཉིད་དོ། །གང་བསྐྱེད་པར་བྱ་བ་ཞུས་པ། གང་གིས་ཞེས་པའོ། །འདིར་ལན་དུ་དཀྱིལ་འཁོར་འཁོར་ལོ་ཞེས་པ་སྟེ། དཀྱིལ་
འཁོར་འཁོར་ལོ་ལ་སོགས་པས་བསྐྱེད་པ་དང་རྫོགས་པའི་རིམ་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །སོགས་པའི་སྒྲས་ནང་གི་སྦྱོར་བས་སོ། །བདག་བྱིན་གྱིས་བརླབས་པས་ཞེས་པ་དང་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་ནས་ཀུན་
རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའོ། །གཉིས་ཀའི་རང་བཞིན་གསུངས་པ་ཀུན་རྫོབ་ཅེས་པའོ། །གཉི་གའི་ཡང་བཙུན་མོའི་པདྨར་ཞེས་པ་ཤེས་རབ་ཀྱི་པདྨར་བསྐྱེད་པར་བྱའོ། །འདི་ཉིད་ལྟར་ནི་མྱ་ངན་འདས། །ཞེས་པ་འདི་ཉིད་ལྟར་མྱ་ངན་ལས་འདས་ཏེ་སྡུག་བསྔལ་
ཐམས་ཅད་ཉེ་བར་ཞི་བ་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །དེ་ལྟར་ཡོངས་སུ་མ་ཤེས་པས་འཁོར་བའོ། །འཁོར་བ་སྤངས་ཏེ་གཞན་དུ་ནི། །མྱ་ངན་འདས་པ་ཤེས་མི་འགྱུར། །ཞེས་པ་ནི་ཐོབ་པར་རོ། །འཁོར་བ་ཉིད་ཡོངས་སུ་ཤེས་པ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །
འཁོར་བ་གང་ཡོངས་སུ་ཤེས་ནས་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་པ་ལ། འཁོར་བ་གཟུགས་དང་སྒྲ་ལ་སོགས། །ཞེས་པའོ། །རྨོངས་པ་ནི་རང་བཞིན་ཡོངས་སུ་མ་ཤེས་པའོ། །མ་རྨོངས་པ་ནི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །འཁོར་བ་དག་པས་ཞེས་པ་འཁོར་བ་རྣམ་པར་དག་པ་ནི་

ཐ་སྙད་དམ་འདོད་པས་སྐྱེ་བ་ལ་སོགས་པ་ཡོངས་སུ་འཛིན་པར་མཛད་པ་ཡང་དེའི་འཁོར་བ་སྟེ་གཟུགས་ལ་སོགས་པའོ། །གང་གི་ཕྱིར་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་འབྱུང་བར་བྱེད་པའོ། །མྱ་ངན་ལས་འདས་པ་ཉིད་ཅི་ཉན་ཐོས་ལ་སོགས་པ་
ལྟ་བུ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ་གསུངས་པ། བྱང་ཆུབ་སེམས་ནི་མྱ་ངན་འདས། །ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས་སྐབས་ཉིད་འདིར་འཇུག་པར་བྱེད་པ་ཉིད་འདིར་མྱ་ངན་ལས་འདས་པ་སྟེ་གཞན་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་མྱ་
ངན་ལས་འདས་པའི་རྒྱུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་གསུངས་པ་བཞིན་མཛེས་ཞེས་བྱ་བའོ། །དེ་ལ་སྦྱོར་བ་ལས་བྱུང་བའི་ཞེས་པ་དེ་ལ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་ནི་ག་པུར་ཏེ། མི་སྤང་བ་ནི་ཀུན་རྫོབ་བླང་བ་དང་།
མྱ་ངན་ལས་འདས་པ་རྟག་པར་བྱ་བས་ཞེས་བྱ་བའི་དོན་ཏོ། །དེ་ལ་ཀུན་རྫོབ་བླང་བའི་ཆོ་ག་གསུངས་པ། ལག་པས་མ་ཡིན་ཞེས་པའོ། །བཟློག་པས་ཞེས་པ་ནི་བསྲུང་བའི་ཕྱིར་རོ། །སྟོབས་ནི་ནུས་པའོ། །ད་ནི་མྱ་ངན་ལས་འདས་པ་འབའ་ཞིག་གི་མཚན་ཉིད་བྱང་ཆུབ་ཀྱི་སེམས་
བསྐྱེད་པ་ལ་སོགས་པ་བསྟན་པའི་རིམ་པ་གསུངས་པ། ག་པུར་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་མེད་མ་ནི་ཨ་བ་དྷཱུ་ཏཱི་སྟེ། དེ་ལས་སྐྱེས་པའི་བདེ་བ་ཡང་བདག་མེད་མ་སྟེ་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་བདེ་བ་དེ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་ཤིན་ཏུ་གསལ་བར་གྱུར་པ་གང་
ཡིན་པ་བདེ་བ་ཆེན་པོ་དེའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་གང་དུ་གནས་སྙམ་པ་ལ་གསུངས་པ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་ཞེས་པ་སྟེ། བདེ་བ་ཆེན་པོའི་པདྨའི་ལྟེ་བའི་དཀྱིལ་འཁོར་དེར་བདེ་བ་ཆེན་པོའི་སྙིང་པོ་སྡུད་པར་བྱེད་པ་གཞོམ་དུ་མེད་པའི་ཚུལ་གྱིས་དེར་གནས་སོ། །
དེ་ལ་འཁྱུད་པ་དེའི་རང་བཞིན་གྱིས་གནས་པ་དེ་ལས་བྱུང་བ་ཡང་། དང་པོའི་དབྱངས་ཡིག་རང་བཞིན་ཏེ། །ཞེས་པ་ཨའི་རང་བཞིན་དང་སྐྱེ་བ་མེད་པའི་རང་བཞིན་གྱིས་ཐམས་ཅད་ཀྱི་རྒྱུ་ཉིད་དེ་དང་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བློར་ནི་སངས་རྒྱས་རྣམས་ཀྱིས་བརྟགས། །ཞེས་པ་ནི་

བརྗོད་པ་སྟེ། རང་རིག་པའི་བདག་ཉིད་ཆེན་པོ་ཉིད་དོ། །དེ་ཉིད་རང་གི་ཤེས་རབ་དང་དེ་ཉིད་བཅོམ་ལྡན་འདས་མ་སྟེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་སྦྱོར་བ་དང་། ཉོན་མོངས་པ་ལ་སོགས་པའི་བདུད་འཇོམས་པའོ། །དེ་ལ་རྣལ་འབྱོར་པས་བསྐྱེད་བྱ། །ཞེས་པ་དེ་དང་དེའི་རང་བཞིན་ཉིད་
ཐམས་ཅད་ཀྱི་རྒྱུ་ཉིད་དོ། །ཐམས་ཅད་ཀྱི་རྒྱུ་ཉིད་དམ་དེས་བཅིངས་པས་སམ་དེ་ཡིན་པས་སོ། །རྣལ་འབྱོར་པས་བསྐྱེད་པར་བྱ་བ་ཡིན་པས་ཞེས་པ་ནི་རྫོགས་པར་བྱའོ། །རྫོགས་པའང་དེ་ཉིད་ཀྱི་བདེ་བ་མི་འཇིག་པས་སྤྱོད་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཡང་ཤེས་རབ་ཀྱི་གཟུགས་ལ་སོགས་
པ་དང་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྣལ་འབྱོར་པ་སྤྱོད་པར་བྱེད་དོ། །དེ་ཉིད་ཡང་དཀྱིལ་འཁོར་འཁོར་ལོའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་སྡུད་པར་བྱེད་པ་ཉིད་དོ། །དེ་ཉིད་ཡང་ཡེ་ཤེས་ལྔའི་རང་བཞིན་གྱིས་སོ། །ཇི་ལྟར་སྙམ་པ་ལ་གསུངས་པ། མེ་ལོང་ལྟ་བུའི་ཡེ་ཤེས་
ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའི་ཡེ་ཤེས་ལ་སོགས་པ་འབྱུང་བའི་རྒྱུ་ཉིད་དོ། །དེ་ཉིད་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་པའམ་སྡུད་པར་བྱེད་པས་སོ། །དེ་ཉིད་ཡང་རང་རིག་པ་གཉིས་སུ་མེད་པ་
བདེ་བ་ཆེན་པོའི་ཚུལ་ལས་ཡང་དག་པར་འབྱུང་བ་སོ་སོར་རྟོག་པ་སྟེ། འདི་ལས་ལྷག་པར་ཡང་དག་པར་གྱུར་པ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཡང་བྱ་བ་སྒྲུབ་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་དེ་ལས་བྱུང་བས་འགྲོ་བའི་དོན་བྱེད་པའི་ཕྱིར་རམ། སེམས་ཅན་རྣམས་དེའི་རང་
བཞིན་ཉིད་ཀྱིས་དབྱེར་མེད་པར་རྟོགས་པར་བྱེད་དོ། །དེ་ཉིད་ཡང་རྡོ་རྗེ་སེམས་དཔའི་ཚུལ་གྱིས་དྲི་མ་མེད་པ་དང་། སྒྱུ་མའི་རང་བཞིན་བདེ་བ་ཆེན་པོའི་ཚུལ་ཉིད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དེ་ཐམས་ཅད་ཀྱི་བདག་པོ་ཉིད་དོ། །དེ་ཉིད་ཀྱིས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་རང་
བཞིན་ཅན། །ཞེས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ཞེས་པ་ཆོས་ཀྱི་དབྱིངས་སྙིང་པོ་དང་། བདག་མེད་པ་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་། དེའི་དོན་དམ་པའི་རང་བཞིན་ནོ། །ད་ནི་རྡོ་རྗེ་རིག་ཀྱི་ལེའུ་ལས་བསྟན་པའི་སྡོམ་པ་

བཤད་པའི་ཕྱིར་རྡོ་རྗེ་སྙིང་པོས་ཞུས་པ། འཁོར་ལོའི་ཞེས་པའོ། །རྣལ་འབྱོར་མའི་ལུས་དབུས་གནས་པ། །ཞེས་པ་ནི་དེ་ཉིད་བདག་མེད་རྣལ་འབྱོར་མའི་ས་བོན་ཨ་ལུས་ཀྱི་དབུས་ན་གནས་པ་དེ་ཉིད་སྡོམ་པ་སྟེ། ཕྱི་རོལ་གྱི་ཚུལ་སྡུད་པར་བྱེད་པ་དེ་ཉིད་ཀྱིས་གསུངས་པ།
ཇི་ལྟར་ཕྱི་རོལ་དེ་ལྟར་ནང་། །ཞེས་པ་སྟེ། གང་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཨ་དེ་ཡོངས་སུ་གྱུར་པ་ལས་བདག་མེད་མ་སྟེ། དེ་ཉིད་ཀྱི་རྣམ་པར་དག་པ་ལུས་ཀྱི་དབུས་ནའོ། །ཡང་ན་ཕྱི་དང་ནང་གི་ཆོས་ཐམས་ཅད་རྣམ་པ་མང་བས་དེའི་ཕྱིར་སྡུད་པར་བྱེད་པས་སྡོམ་པའོ། །རྡོ་རྗེ་བདེ་བ་ཞེས་
པ་རྡོ་རྗེའི་ཐབས་ཀྱི་ལྷན་ཅིག་ཏུ་སྦྱོར་བས་ན་བདེ་བ་འབྱུང་བ་གང་ཡིན་པ་དེ་རྡོ་རྗེའི་བདེ་བ་སྟེ། ཕྱག་རྒྱ་ཆེན་པོ་ཡང་དག་པའི་ཤེས་རབ་བོ། །རྡོ་རྗེའི་སྐྱེ་མཆེད་ཅེས་པ་རྡོ་རྗེ་ནི་ཀྱེའི་རྡོ་རྗེ་སྟེ། དེའི་སྐྱེ་མཆེད་ནི་བསྐྱེད་པའི་གནས་ཀྱི་ས་བོན་ཏེ་ཐབས་སོ། །འདིས་ནི་གསང་བའི་ཞེས་པ་ནི་གསང་བ་
དག་ཏུ་སྟེ། ཐབས་དང་ཤེས་རབ་དག་སྙོམས་པར་འཇུག་པས་སོ། །ཕྱི་རོལ་གཉིས་གཉིས་ཞེས་པ་ནི་ཕྱིའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་མི་སྟོན་ཏེ། བསྒྲུབ་བྱ་ཉེ་བར་མཚོན་པ་ཙམ་གྱི་ཐབས་ཉིད་ཀྱིས་སྟོན་པར་བྱེད་པ་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་སྐུ་བཞི་བསྡུ་བ་གསུངས་
པ་སྐུ་གསུམ་ཞེས་པའོ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །ཞེས་པ་སྐུ་གསུམ་དབྱེར་མེད་པའི་རང་བཞིན་གང་ཡིན་པ་སྐུ་གསུམ་གྱི་འབྲས་བུ་བདེ་བ་ཆེན་པོའི་འཁོར་ལོའི་སྐུའོ། །སྐྱེ་གནས་ཞེས་པ་ནི་སྐྱེ་གནས་དང་ཉེ་བ་ཉིད་དོ། །སེམས་ཅན་དག་ནི་མ་ལུས་རྣམས། །སྐྱེ་གནས་
གང་དུ་སྐྱེ་བ་ནི། །ཞེས་པའོ། །དེར་ཞེས་པ་ནི་དེ་དང་ཉེ་བ་ནའོ། །ད་ནི་འབྲས་བུ་རྣམ་པར་གཞག་པས་གསུངས་པ། ཨེ་ཝཾ་ནི་སྤྲུལ་པའི་འཁོར་ལོ་སྟེ་རྒྱུ་མཐུན་པའོ། །འབྲས་བུ་རྣམས་ཀྱི་དོན་གསུངས་པ། །ལས་སྤྱོད་ཅེས་པའོ། །ལས་ཀྱི་འབྲས་བུ་ལ་སྤྱོད་པར་བྱེད་པ་ཇི་ལྟར་ལས་
ཀྱི་འབྲས་བུ་ལ་སྤྱོད་ཅེ་ན། གསུངས་པ། ཇི་ལྟར་བྱས་པ་དེ་ལྟར་སྤྱོད། །ཅེས་པ་སྟེ། །བསྐུལ་བ་ལ་སོགས་པ་ལས་ཀྱི་རྗེས་སུ་མཐུན་པར་འབྲས་བུ་སྤྱོད་ཅེས་བྱ་བའི་དོན་ཏོ། །རྣམ་པར་སྨིན་པ་ནི་དེ་ལས་བཟློག་པས་སོ། །ཆོས་ཀྱི་འཁོར་ལོ་ལས་ཅུང་ཟད་ཡིན་ཡང་ལས་ཀྱི་འབྲས་བུ་

ཆེན་པོ་སྦྱིན་པས་དེ་ལས་བཟློག་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་ནི་སྐྱེས་བུ་བྱེད་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོར་གྱུར་པ་འབྲས་བུ་བདེ་བ་ཆེན་པོའི་ཐོབ་པའི་ཕྱིར་ཁྱད་པར་དུ་འཕགས་པའི་ལམ་ལས་བྱུང་བས་སོ། །བདེ་བ་ཆེན་པོ་དྲི་མ་མེད་པའི་འབྲས་བུ་ཡོངས་སུ་རྫོགས་པ་ཉིད་དོ། །
སྡེ་པ་བཞི་དང་སྦྱོར་བས་གསུངས་པ། གནས་བརྟན་སྤྲུལ་པའི་འཁོར་ལོ་རུ། །ཞེས་པའོ། །ད་ནི་སངས་རྒྱས་ཉིད་མ་ཚང་བ་མེད་དེ་སེམས་ཅན་རྣམས་སངས་རྒྱས་ཉིད་ཀྱི་ངོ་བོ་ཉིད་དང་ལྡན་ནོ་ཞེས་བསྟན་པའི་ཕྱིར། སྡེ་པ་ལུས་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་གནས་སུ་ནི་འདོད་ཆགས་
བྲལ། །ཞེས་པ་སྐྱེ་གནས་ཀྱི་གནས་སྐབས་སུ་ཡང་ཆགས་པར་མི་འགྱུར་བས་སོ། །སྤྱི་བོར་ཐལ་སྦྱར་ཞེས་པ་སྐྱེ་བའི་དུས་སུ་ལག་པ་སྤྱི་བོར་སྦྱར་ཏེ་སྐྱེ་བས་སོ། །འགྲོ་བའི་བྱ་བ་ཞེས་པ་ནི་འགྲོ་བ་རང་གི་བྱ་བ་ངེས་པའོ། །སྒྲ་ནི་སྔགས་ཞེས་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་
སྔགས་ཟློས་པའོ། །གཅེར་བུ་ནི་གོས་མེད་ཅིང་ཡོངས་སུ་མི་འཛིན་པའོ། །ཚོགས་པ་འདི་ཡིས་ཞེས་པ་ནི་སྔར་སངས་རྒྱས་ཉིད་དུ་རྟོགས་པ་དང་། ད་ནི་ཚོགས་པ་ཡང་རྟོགས་པས་དེའི་ཕྱིར་ཐེ་ཚོམ་མེད་དེ། འདི་དང་འདི་ལྟར་ངོ་བོ་ཉིད་ཀྱིས་སངས་རྒྱས་པ་ཐོས་ནས་ངོ་མཚར་དུ་བྱེད་པ་
སྟེ། ངོ་མཚར་དང་ལྡན་ནས་བརྒྱལ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་ཞུ་བའོ། །སྐྲག་པ་ནི་དངོས་པོའི་གྲོང་ཁྱེར་བཤིག་ཅིང་བསྡུས་པས་སོ། །འདར་བ་ཐོབ་ཅེས་པ་ནི་གཡོ་བ་དང་ལྡན་པས་སོ། །གལ་ཏེ་སེམས་ཅན་ཡང་རང་བཞིན་གྱིས་དག་པ་དང་། ཚོགས་པ་དང་ལྡན་པས་
སངས་རྒྱས་ན་བདག་ཅིས་འཁོར་བར་བྱེད་དེ། ཆོས་ཀྱི་སྐུ་ལས་གཞོལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱིས་དེ་རྣམས་བསླང་བར་བྱ་བའི་ཕྱིར་དེ་རྣམས་ལ་ཡང་བསྟོད་པའོ། །ས་དང་ཆུ་དང་མེ་དང་རླུང་། །ཞེས་པ་ནི་འབྱུང་བ་ནི་ས་ལ་སོགས་པའི་རང་བཞིན་ནོ། །
ཁྱེད་ནི་ཁྱེད་རྣམས་སོ། །སྣོད་ནི་སྣོད་ཉིད་དོ། །ལྷ་མོ་ནི་ལྷ་མོ་རྣམས་སོ། །ཉོན་ནི་ཉོན་ཅིག་པའོ། །སྤྲོས་པ་ནི་སྤྲོས་པས་སོ། །དེ་ཉིད་ནི་དེ་ཁོ་ན་ཉིད་དོ། །ང་ནི་ང་ལས་སོ། །གང་ནི་སུས་ཀྱང་མི་ཤེས་པ། །ཞེས་པ་ལ་གང་ནི་དེ་ཁོ་ན་ཉིད་དོ། །རྨི་ལམ་ལྟ་བུར་བཅོམ་ལྡན་འདས་ཀྱི་གསུང་ཐོས་ནས་དེ་

ཐམས་ཅད་སྲོག་ཐོབ་པར་ཞེས་པ་ནི་སྒྱུ་མ་བཞིན་བཅོམ་ལྡན་འདས་ཀྱི་གསུང་ཐོས་ཏེ་སྲོག་གི་རླུང་ངེས་པར་བསྡུས་པས་ལུས་ཐོབ་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བྱེ་བྲག་ཏུ་བཀའ་སྩལ་པ། སེམས་ཅན་ཞེས་པ་ནི་དེ་བས་ན་བྱེ་བྲག་མེད་པར་ཐོས་ནས་སེམས་ཅན་བསྒྲལ་བ་
ལས་ཕྱིར་ཕྱོགས་པར་མ་བྱེད་ཅིག་པའོ། །རྣལ་འབྱོར་མ་རྣམས་ཀྱིས་གསོལ་པ། འདི་དག་བཅོམ་ལྡན་འདས་དེ་ལྟར་མད་དེ་བརྫུན་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །གང་དག་སེམས་མེད་པ་ཞེས་པ་ནི་དུག་གི་དེ་ཁོ་ན་ཉིད་མི་
ཤེས་པས་སོ། །དེ་ཉིད་ཤེས་པས། གཏི་མུག་སྤངས་ཏེ་དེ་ཉིད་ཡིད། །དེ་ཡིས་དེ་ཉིད་ཡོངས་སུ་གཅོད། །ཅེས་པ་དེའི་མཆོག་ཏུ་གཅོད་པ་ནི་དེའི་བརྒྱལ་བའོ། །དེའི་ཕྱིར་ཐབས་ཀྱང་ཡིན་ཏེ། ཐབས་དེ་ཡོངས་སུ་ཤེས་པས་སེམས་ཅན་སངས་རྒྱས་ཀྱི་རང་བཞིན་ཡང་ཡིན་པ་དང་། ཚོགས་པ་དང་ལྡན་
ཡང་སངས་མ་རྒྱས་ཏེ། དུག་ཟོས་པས་བརྒྱལ་བ་བཞིན་ནོ། །དེ་བས་ན་སེམས་ཅན་གྱི་དོན་ཡོད་པ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་ཀྱིས་དཔེ་བསྟན་ནས། དེ་བཞིན་དུ་དོན་ལ་སྦྱང་བའི་ཕྱིར། མྱ་ངན་ལས་འདས་པའི་ཐབས་ཤེས་ན་ཞེས་པའོ། །རང་རང་གིས་རྟོགས་ན་ཞེས་པ་ནི་རང་བཞིན་གྱིས་ལྷན་ཅིག་
སྐྱེས་པ་ཤེས་པ་ལས་ལྷག་པའི་གནས་ཀྱི་དོན་ཡོད་པ་མ་ཡིན་ཏེ། དེ་ཡང་རང་རིག་པ་ཉིད་མཐར་ཕྱིན་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་མི་རིགས་པ་མཐོང་ནས་རྡོ་རྗེ་སྙིང་པོས་ཞུས་པ། ས་ནི་པུཀྐ་སཱི་རུ་གྲགས། །ཞེས་སོ། །ལན་དུ་ལུས་མེད་ཅེས་པ་སྟེ། ལུས་དང་ངག་དང་ཡིད་རྣམས་ཕན་ཚུན་
དུ་བརྟེན་པ་ཉིད་དང་དོན་དམ་པ་ལ་དབྱེར་མེད་པས་སྐྱོན་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་གཏོར་མ་ཞུས་པ་སྙོམས་ཞུགས་ཞེས་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་གནས་པ་དང་། བདེ་བ་ཆེན་པོ་ལ་བཞུགས་ཏེ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་
ཝཾ་རྣམ་པ་ནི་མདོར་བསྡུས་ནས་ཞེས་སོ། །རྡོ་རྗེ་སེམས་དཔར་གྱུར་པས་བསྟན། །ཞེས་པ་ནི་སྦྱིན་པ་སྟེ། གཏོར་མ་སྦྱིན་པའི་ཕན་ཡོན་གསུངས་པ་འདིས་ཤེས་པ་སྟེ། ལས་ཐམས་ཅད་བྱེད་པ་ལ་གཏོར་མ་འདིས་ཞེས་བྱ་བའི་དོན་ཏོ། །མ་གསུངས་པའི་ཕྱག་རྒྱའི་དོན་ཞུས་པ། གང་གིས་མཁའ་སྤྱོད་མ་ཞེས་པའོ། །

དབུ་མ་རུ་ནི་གནས་པའི་སེམས། །ཞེས་པ་དངོས་པོ་དང་དངོས་པོ་མེད་པ་ཉིད་ལས་གྲོལ་བ་ཉིད་དོ། །ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རིམ་པ་གསུངས་པ། རིགས་ནི་ཞེས་པའོ། །རྒྱས་པར་ཞེས་པ་ནི་རྡོ་རྗེ་སེམས་དཔའ་གཞག་པས་སོ། །དེའི་འོག་ཏུ། རྣམ་པ་གསུམ་དང་རྣམ་པ་ལྔར། །ཞེས་པ་རྡོ་
རྗེ་སེམས་དཔའ་མི་བསྐྱོད་པའི་ནང་དུ་ཞུགས་པས་རྣམ་པ་ལྔར་བསྒོམ་མོ། །ང་རྒྱལ་དང་ཕྲག་དོག་གཉིས་འདོད་ཆགས་ཀྱི་ནང་དུ་བསྡུས་པས་རིགས་གསུམ་མོ། །གཏི་མུག་དང་འདོད་ཆགས་གཉིས་ཀྱང་ཞེ་སྡང་གི་ནང་དུ་འདུས་པས་རིགས་གཅིག་གོ། །དེ་ཡང་སྔར་གྱི་རྡོ་རྗེ་སེམས་དཔའི་ནང་དུ་
ཞུགས་པས་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའོ། །བརྟག་པ་གཉིས་པ་ལས་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱའི་དོན་བསྡུས་པ་སྟེ་ལེའུ་བཞི་པའི་བཤད་པའོ།། །།ད་ནི་ཧེ་རུ་ཀ་མངོན་པར་འབྱུང་བའི་ལེའུ་གསུངས་པ། བཅུ་དྲུག་ཕྱག་ལ་ཞལ་བརྒྱད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་
པའོ། །བདག་མེད་མས་ཞུས་པ་དང་། འདིར་ལན་དུ་འཁོར་ལོ་སྔོན་པོ་ཞེས་པ་སྟེ། ཇི་ལྟར་ཁྱོད་ཀྱིས་འཁོར་ལོ་དེ་བཞིན་དུ་ངའི་ཡང་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་སྒྲུབ་ཐབས་ཀྱི་རིམ་པ་སྟེ། རང་སྙིང་རཾ་ལས་བྱུང་བ་ནི། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཉིད་ལ་ཡང་ཧཱུཾ་ཉིད་ནི། །
ཐབས་དང་ཤེས་རབ་བདག་ཉིད་ཅན། །རྡོ་རྗེ་ལས་སྐྱེས་སྙིང་རྗེ་ཆེ། །ནམ་མཁར་རྗེ་བཙུན་དམིགས་ནས་ནི། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །དཀར་མོ་རི་དགས་མཚན་མ་འཛིན། །རྐུན་མོའི་ལག་ན་ཉི་མའི་སྣོད། །རོ་ལངས་མ་ཡི་ལག་ན་ཆུ། །གྷསྨ་
རི་ནི་ལག་ན་སྨན། །སྦོས་མོའི་ལག་ན་རྡོ་རྗེ་སྟེ། །རི་ཁྲོད་མ་ནི་རོ་འཛིན་མའོ། །གཏུམ་མོ་ཅང་ཏེའུ་རྡུང་བར་བྱེད། །འདི་དག་རྣམས་ཀྱིས་བདག་པོ་མཆོད། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །གཡུང་མོ་ཡིས་ནི་མགུལ་ནས་འཁྱུད། །དང་པོ་བྱམས་པ་བསྒོམ་པར་བྱ། །གཉིས་པ་ལ་ནི་སྙིང་རྗེ་བསྒོམ། །
གསུམ་པ་དགའ་བ་བསྒོམ་བར་བྱ། །ཀུན་གྱི་ཐ་མར་བཏང་སྙོམས་བསྒོམ། །ཡང་ན་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུས། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་

ཉིད། །ཀ་ནི་གང་དུའང་མི་གནས་པ། །ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲ་ཤེས་རབ་ཏུ་ཡང་བརྗོད། །འདིས་ནི་ཤེས་རབ་རིག་པ་ཡིས། །ཀྱེ་ཡི་རྡོ་རྗེར་ཡང་དག་འདོད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རཾ་ལས་ཉི་མ་མདུན་དུ་བསྒོམ་པར་བྱ། །དེ་ལས་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་
དེ་ཉིད་ལས་ནི་རྣམ་བསྒོམ་པ། །ར་བ་དང་ནི་དྲ་བ་དག་ཀྱང་བཅིང་། །ནམ་མཁའི་ཁམས་ལ་བྷ་ག་བསམ། །དེ་ཡི་དབུས་སུ་བསྒོམ་བྱ་བ། །འཁོར་ལོ་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །འཁོར་ལོ་ས་ཡི་སྔོན་དུ་ཆུ། །ཇི་ལྟར་རིགས་པར་མེ་ཡི་གདན། །ལྷ་རྣམས་ཀྱི་ནི་རླུང་ཆེན་པོ། །ཇི་
ལྟར་སྒོམ་པ་པོ་འབྱུང་བའང་། །ཆོས་འབྱུང་ལས་བྱུང་འཁོར་ལོ་ནི། །དྲ་བ་དྲ་བ་ཕྱེད་པས་མཛེས། །གྲུ་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེའི་ཐིག་གིས་བརྒྱན་པའོ། །འདབ་བརྒྱད་གེ་སར་བཅས་པ་ཡིས། །དེ་ཡི་དབུས་སུ་པདྨ་བྲིས། །དེ་ཡི་སྟེང་དུ་ཟླ་བ་བསྒོམ། །ཟླ་བའི་སྟེང་དུ་ས་བོན་ཏེ། །ཕྱིས་ནི་ཉི་མས་མནན་
པའོ། །གཉིས་འདུས་པ་ལས་བདེ་བ་ཆེ། །ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀཱ་ལིའི་གཟུགས་ཀྱིས་ཉི་མའོ། །ཟླ་བ་མེ་ལོང་ཡེ་ཤེས་ལྡན། །མཉམ་ཉིད་ཡེ་ཤེས་རྟ་བདུན་པ། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་བརྗོད། །ཐམས་ཅད་གཅིག་འདུས་བྱ་ནན་ཏན། །གཟུགས་
བརྙན་རྫོགས་པ་ཆོས་དབྱིངས་དག །དེ་ཡི་དབུས་སུ་གནས་པ་ང་། །བཞིན་བཟངས་ཁྱོད་དང་ལྷན་ཅིག་ཏུ། །ལྷན་ཅིག་སྐྱེས་དགའི་རང་བཞིན་གྱིས། །འདོད་ཆགས་ཆེན་པོ་རྗེས་སུ་ཆགས། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་གིས་ནི་བརྒྱན། །བདུད་བཞི་པོ་ནི་མཉམ་པར་མནན། །
འཇིགས་པ་ཡང་ནི་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རེ་ཞིག་ཇི་སྲིད་གླུས་བསྐུལ་བའི་བར་རོ། །དེའི་འོག་ཏུ། བདག་པོ་དགའ་མའི་ས་བོན་གཉིས། །ཨོཾ་ཧཱུཾ་འབར་བ་འཇིགས་སུ་རུང་། །ཨཾ་དང་ཧཱུཾ་ནི་སྔོན་པོ་ལས། །རྡོ་རྗེ་འཛིན་པ་ཆེན་པོ་བཞེངས། །ཞབས་བཞི་ས་ལ་གནོན་པ་ཡིས། །ལྷ་དང་
ལྷ་མིན་སྐྲག་པར་བྱེད། །གླང་པོ་རྟ་དང་བོང་བུ་གླང་། །རྔ་མོ་མི་དང་ཤ་ར་བྷ། །དེ་བཞིན་དུ་ནི་བྱི་ལ་དག །གཡས་ཀྱི་ཐོད་པ་བརྒྱད་ནའོ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་མེ། །ཟླ་བ་ཉི་མ་ཉིད་དག་དང་། །མཐར་བྱེད་པ་དང་ནོར་སྦྱིན་ཉིད། །གཡོན་གྱི་ཐོད་པ་བརྒྱད་དག་ཏུ། །ས་ནི་དང་

པོ་ནོར་སྦྱིན་མཐའ། །དབང་ཕྱུག་ཐམས་ཅད་རབ་སྒྲུབ་བྱེད། །གླང་པོ་ལ་སོགས་སེམས་ཅན་རྣམས། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཟ་བྱེད་མཛེ་དང་འབྲུམ་བུ་དང་། །མཆེར་བ་མཆིན་པ་རང་གཟུགས་ཀྱིས། །གླང་པོ་ལ་སོགས་རབ་ཏུ་གྲགས། །སྒེག་དང་དཔའ་དང་མི་སྡུག་དང་། །དྲག་དང་དགོད་དང་
འཇིགས་སུ་རུང་། །སྙིང་རྗེ་ངོ་མཚར་ཞི་བ་ཡི། །གར་གྱི་རོ་ནི་དགུ་དང་ལྡན། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་བསྐོར། །དུར་ཁྲོད་དུ་ནི་མགོན་པོ་རོལ། །མིག་གཉིས་གཏི་མུག་རྡོ་རྗེ་མ། །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་
བདག་མེད་རྣལ་འབྱོར་མ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སྔགས། །ལུས་ངག་དེ་བཞིན་སེམས་རྣམས་ལ། །མཁའ་སྤྱོད་དང་ནི་ས་སྤྱོད་ཉིད། །ས་འོག་ཏུ་ནི་གནས་པ་བསམ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །དབང་བསྐུར་བ་ནི་བླང་བར་བྱ། །ལེའུ་བཞི་པ་ལས་གསུངས་པའི། །ཚུལ་གྱིས་འདིར་ནི་
དབང་བསྐུར་བྱ། །ཞེ་སྡང་རྡོ་རྗེ་ཀྱེའི་རྡོ་རྗེ། །གཽ་རཱི་ཕྱག་རྒྱ་དེ་ཉིད་ཀྱི། །རྐུན་མོ་གཏི་མུག་ཕྱག་རྒྱ་ཡིས། །ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་རྣམས་འདོད་དོ། །མཆོད་བསྟོད་བདུད་རྩི་མྱང་བ་དང་། །དག་པ་རྗེས་སུ་དྲན་བྱས་ཏེ། །དེ་ནས་གཽ་རཱི་སོགས་ལྷ་མོ། །རང་ཕྱོགས་ཁ་བལྟས་གཞུག་པར་བྱ། །ལྷ་མོའི་སྙིང་
གར་གྲི་གུག་གནས། །ཨོཾ་དང་ལྷན་ཅིག་ཞུ་གྱུར་ནས། །བཅོམ་ལྡན་སྙིང་གར་ཡང་དག་ཞུགས། །རང་སྙིང་ཉི་མ་ལ་གནས་ཧཱུཾ། །བཅོམ་ལྡན་འདས་དང་ལྷན་ཅིག་ཏུ། །གཅིག་ཏུ་འགྱུར་བར་རྣམ་པར་བསམ། །ཉི་ཟླ་ཁ་སྦྱོར་ནང་ས་བོན། །གནས་སྐབས་ཀྱིས་ནི་ཀུན་དུ་གནས། །གནས་སྐབས་དེར་ནི་
ཚིགས་བཅད་འདིས། །ཐོགས་མེད་ལ་སོགས་དྲན་པར་བྱ། །དེ་ཡི་ས་བོན་ཉི་ཟླ་དག །འདྲེས་པར་གྱུར་བའི་རིམ་པ་འདིས། །མར་མེའི་ཚུལ་གྱིས་དགའ་བ་ཆེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཅན། །དམིགས་པ་མེད་པར་བསམ་པར་བྱ། །ཇི་སྲིད་ཤིན་ཏུ་སྟོང་པ་ཉིད། །འདི་དང་འདི་ལྟར་བརྟགས་བྱས་
ཏེ། །དཀྱིལ་འཁོར་རིམ་པས་སྤྲོ་བར་བྱ། །སྔགས་ནི་སྙིང་ག་ལས་རྡོ་རྗེའི། །ལམ་ནས་བདེ་བའི་གཟུགས་ཀྱིས་སུ། །ལྷ་མོའི་པདྨར་སོང་དེ་ལས། །ལྷ་མོ་ཡི་ནི་ཁར་བྱུང་སྟེ། །རང་གི་ཁར་ནི་གཞུག་པར་བྱ། །ཡང་ནི་དེ་ཉིད་ཀྱིས་ཕྱུང་སྟེ། །ཞེས་སོ། །ཕྲེང་བའི་སྔགས་ཞུས་པ། རྡོ་རྗེ་གཞིབས་པར་བྱས་ནས་ནི། །

ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་དབང་དུ་བྱེད་པ་ཡི། །ཞེས་པའོ། །སྔགས་བཏུ་བ་གསུངས་པ། རིག་བྱེད་དང་པོ་ཞེས་པ་ནི་ཨོཾ་མོ། །ཟླ་ཕྱེད་ཐིག་ལེས་བརྒྱན་ཞེས་པ་ནི་རང་བཞིན་གསུངས་པའོ། །ད་ནི་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་
བའི་དཀྱིལ་འཁོར་བྲི་བའི་རིམ་པ་ཞུས་པ། བཅོམ་ལྡན་འདས་ཞེས་གསོལ་བ་དང་། དེ་ལ་མཉེས་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀལ་སྩལ་པ། སྟོན་པ་དེ་ལ་ཡེ་ཤེས་ཆེ། །ཞེས་པ་སྟེ། ཀྱེའི་རྡོ་རྗེའི་གཟུགས་ཀྱིས་དཀྱིལ་འཁོར་བྲི་ཞེས་བྱ་བའི་དོན་ཏོ། །ཐོས་པ་ཞེས་པ་ནི་པདྨའི་
སྣོད་དོ། །རིག་པ་བརྒྱད་ཀྱང་བདེ་བ་ཆེ། །ཞེས་པ་ནི་བདེ་བ་ཆེན་པོའི་རྒྱུ་ཉིད་དོ། །ལོ་བཅུ་གཉིས་མ་ནི་ཐུགས་ཀྱི་རྣམ་པར་དག་པའོ། །ལོ་བཅུ་དྲུག་མ་ནི་གསུང་གི་རྣམ་པར་དག་པའོ། །ལོ་ཉི་ཤུ་མ་ཡང་སྐུའི་རྣམ་པར་དག་པར་གསུངས་སོ། །རིག་མ་བརྒྱད་པོ་དེ་གང་སྙམ་པ་ལ། གསུངས་པ་མ་
ཡིན་ཞེས་པའོ། །དེ་ལ་དབང་བསྐུར་བའི་ཕྱིར་སློབ་མ་གཞུག་པ་གསུངས་པ། ཕྱིས་ཞེས་པའོ། །ཇི་ལྟར་གསུངས་པ་ཞེས་པ་ནི་སྔར་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་ཡང་ངོ་། །སློབ་དཔོན་ལ་སོགས་རབ་དབྱེ་བས། །ཞེས་པ་ནི། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་
ནོ། །ཞེས་པའི་རིམ་པས་སོ། །དེ་ལ་སློབ་དཔོན་གྱིས་དབང་བསྐུར་བས་ནི་ཆུ་དང་། དབུ་རྒྱན་དང་། ཕ