Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 2

Văn bản gốc(Tây Tạng)

Trang 9 / 18 (50.000 ký tự/trang)
ད་ནམས་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་རིགས་དང་ལྡན་པའི་བཙུན་མོ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཙལ་བར་བྱ་བའི་ཕྱིར་འཁྲིགས་ཐབས་ཀྱི་སྦྱོར་བ་རྣམས་ཀྱང་བྱ་སྟེ། ཚལ་

དང་སྐྱེ་བོ་མི་གནས་དང་། །བདག་གི་ཁྱིམ་གྱི་ནང་དུ་ཡང་། །གཅེར་བུ་ཕྱག་རྒྱ་ཆེ་བྱས་ནས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་བྱ་བ་སྟེ་གནས་འདི་རྣམས་སུ་བསྟེན་ལ། ནམ་ཡེ་ཤེས་མ་སྐྱེས་པ་དེ་སྲིད་དུ་བསྟེན་པར་བྱ་སྟེ་སྤྲོས་པ་དང་
བཅས་པའི་སྤྱོད་པས་སོ། །གཞན་དུ་ན། དྲི་མ་དང་ལྡན་རྒྱ་སྤངས་ལ། །ཟས་དང་གོས་སོགས་ལྟོས་མེད་པར། །རང་གི་ཁྱིམ་མམ་གཞན་པ་རུ། །ཡེ་ཤེས་འདི་ནི་རྟག་པར་དམིགས། །ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་དོན་ཁོང་དུ་ཆུད་པར་བྱའོ། །གཞན་
ཡང་། ཆགས་པའི་བསྟན་བཅོས་ཀྱི་མཚན་ཉིད། །འོ་དང་འཁྱུད་པར་བྱས་ནས་ནི། །ཞེས་པ་ནས། སྟེང་དང་འོག་ཏུ་བལྟ་བ་ཉིད། །ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱི་དོན་རྒྱས་པ་འདོད་པའི་བསྟན་བཅོས་བུ་ལེའི་ཚུལ་དུ་བྱ་བ་ཡིན་ལ། །མཐར་ཐུག་པ་
མེད་པས་འདིར་མ་སྤྲོས་སོ། །དཔའ་བོ་དཔའ་མོའི་དབང་ཕྱུག་མ་རྣམས་ལ་བཟོད་པར་གསོལ་ལོ། །དངོས་གྲུབ་རྒྱས་པ་ཐོབ་པ་སྟེ། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །དེ་རུ་ག་བུར་བཏུང་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལ་སོགས་པའི་བཙུན་མོ་གང་ཡིན་པ་དེ་རྣམས་
ལ་བརྟེན་པས་དྲི་མ་མེད་པའི་ག་བུར་བཏུང་བར་བྱའི། དྲི་མ་དང་བཅས་པས་མ་ཡིན་ཏེ། དེས་དངོས་གྲུབ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་བྱ་བ་ནི་དྲི་མ་མེད་པའི་ག་བུར་ཀུན་དུ་བསྐྱེད་པར་བྱ་
བའི་ཕྱིར་ཤ་ཐམས་ཅད་དང་། ཆང་ཐམས་ཅད་དང་། སྦྱང་བ་དང་། རྟོགས་པར་བྱ་བ་དང་། སྦར་བ་དང་། བདུད་རྩིར་བྱས་ལ་སྤྱད་དེ། དེས་ག་བུར་རྒྱས་པར་འགྱུར་ཞེས་པའི་དོན་ཏོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ལྷན་ཅིག་སྐྱེས་པའི་ལེའུའི་རྒྱ་
ཆེར་བཤད་པ་སྟེ་བཅུ་གཅིག་པའོ།། །།ཡོད་མིན་མེད་མིན་ཡོད་མེད་མིན། །མུ་བཞི་ལས་གྲོལ་བདག་ཕྱག་འཚལ། །བཞི་པོའི་རྒྱས་པར་བཤད་པ་ནི། །རྡོ་རྗེ་སྙིང་པོས་འབད་དེ་བྲི། །དེ་ནས་རྡོ་རྗེ་ཅན་གྱི་དབང་། །བཞི་ཡི་དོན་ཉིད་བཀའ་སྩལ་པ། །ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། དོན་འདི་ཡང་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ཉིད་ན་གསལ་བས་དེ་ལ་འཇུག་པར་བྱའོ། །འཇིག་རྟེན་འཇིག་རྟེན་འདས་དབྱེ་བས། །དབང་ནི་རྣམ་པ་གཉིས་སུ་བརྗོད། །འདོད་པའི་འབྲས་བུ་རྣམ་པ་གཉིས། །གཞི་འདི་ལས་ནི་འབྱུང་བར་བཤད། །
སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །བུམ་པ་གསང་བ་ཞེས་བྱ་དང་། །ཤེས་རབ་ཡེ་ཤེས་ཞེས་བྱ་བ། །མངོན་པར་དབང་བསྐུར་གསུམ་དུ་བསྟན། །སྐུ་གསུང་ཐུགས་དང་ཡེ་ཤེས་ཕྱིར། །མངོན་པར་དབང་བསྐུར་རྣམ་པ་བཞི། །བུམ་པ་གསང་བ་ཤེས་རབ་དང་། །ཡེ་ཤེས་
དབང་དང་བཞི་རུ་བཤད། །ཅེས་གསུངས་སོ། །དེ་བས་ན། བདུན་དང་བཅུ་དང་བཅུ་གཅིག་སོགས། །དང་པོའི་སངས་རྒྱས་རྒྱུད་ཆེན་དང་། །འབུམ་ཕྲག་ལྔ་སོགས་རྒྱུད་ཆེན་རྣམས། །གང་ཡིན་དེར་བསྟན་འདིར་བསྡུས་ཙམ། །དེ་བས་ན་དབང་བཞི་དང་བཅུ་གཅིག་ལ་
སོགས་པའི་གོ་རིམས་དང་དགོས་པ་དང་རྣམ་པར་དག་པ་རྣམས་རྒྱུད་ཆེན་པོ་དེ་དག་ན་གསལ་ལ། འདིར་ནི་དོན་མདོར་བསྡུས་ཏེ་བསྟན་པ་ཙམ་ཡིན་པས་དེ་དག་རྟོགས་པར་བྱའོ། །དེ་ལ་བཞི་པ་ཞེས་བྱ་བ་ནི་དྲང་བ་དང་ངེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་ཡོད་ལ།
གསུང་འདི་ནི་ངེས་པའི་དོན་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ལ་བཞི་པ་ཞེས་གསུངས་ཏེ། རྒྱུད་འདི་ཉིད་ལས་དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་
མ་བསྡུ་བ་ཉིད་དུ་གྱིས། །ཞེས་བྱ་བ་ནི་རྩ་བའི་རྒྱུད་ན་གསལ་བས་དེ་ལ་འཇུག་པར་བྱའོ། །ཇི་སྐད་དུ། སྟོང་ཉིད་སྙིང་རྗེར་ཁྱོད་བྱིན་བརླབས། །སྟོང་པ་སྙིང་རྗེ་རྒྱུན་མི་འཆད། །རྡོ་རྗེ་དྲིལ་བུ་མཚན་མར་ཟུང་། །ཇི་ལྟར་དེ་ལྟར་གཞན་ལ་སྟོན། །ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ། །
གནས་བརྟན་རྒན་པོའང་ཁྱོད་ཉིད་ཡིན། །ཁྱོད་ནི་བསིལ་འགྱུར་རྙོག་པ་མེད། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འཛག་པའི་འདོད་ཆགས་རབ་སྤངས་པས། །ཁྱོད་ཀྱིས་ཟུག་རྔུ་མ་ལུས་བཏོན། །གཞན་ལ་ཕན་པའི་གང་ཟག་མཆོག །ཁྱོད་ནི་མངོན་སུམ་སངས་རྒྱས་སྲས། །ཞེས་

གསུངས་པ་ལས། དོན་རྟོགས་པར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུན་དབང་བསྐུར་རོ། །ཞེས་བྱ་བ་ནི། ཇི་ལྟར་འདས་པའི་སངས་
རྒྱས་ཐམས་ཅད་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ། སངས་རྒྱས་ཀྱི་གསང་ཆེན་བཞི་པས་དབང་བསྐུར་བ་ལྟར། བུ་ཁྱོད་ཀྱི་སེམས་ཀྱི་རྒྱུད་རྡོ་རྗེ་ལྟ་བུར་དབང་བསྐུར་རོ་ཞེས་བྱ་བའི་དོན་ཏོ། །ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །
ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་བྱོས། །ཞེས་བྱ་བ་ལ་དགའ་སྟེར་གནས་སྟེར་ནི་རང་གི་རིག་པའི་སྟོང་པ་ཉིད་དོ། །སྣ་ཚོགས་ནི་སྟོང་པ་ཉིད་ཀྱི་རྡོ་རྗེའི་ལམ་འདི་ལ་གནས་ནས་གཟུགས་སྣ་ཚོགས་དང་། སྒྲ་སྐད་སྣ་ཚོགས་པ་ཡིད་དུ་འོང་བས་ཆོས་
སྟོན་པས་སོ། །ཁྱེར་ཅིག་ཅེས་པ་ནི་དེ་ཡིད་ལ་ཟུང་ཤིག་པའོ། །མཆོད་པ་གྱིས་ཞེས་པ་ནི་དེའི་དབང་གིས་བདག་མེད་རིགས་ལྡན་མ་དྲི་ཆེན་དྲི་ཆུ་ལ་སོགས་པ་འབྱུང་བ་མེད་པས་མཆོད་པའོ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞེས་པ་ནི་བྱིས་པའི་སྐྱེ་བོ་དབང་པོ་གཉིས་ཀྱི་བདེ་བ་འབའ་
ཞིག་ལ་ཆགས་པ་རྣམས་ཀྱིས་རྟོགས་པར་དཀའ་སྟེ། དཔེར་ན། རྡོ་རྗེ་ནམ་མཁའི་དཀྱིལ་དང་མཚུངས། །ཞེས་བྱ་བ་ནམ་མཁའ་དབྱིབས་དང་རྫས་དང་བྲལ་བ་རྟོགས་པར་དཀའ་བ་བཞིན་ནོ། །འཛག་པ་ལ་སོགས་པའི་ཉོན་མོངས་པའི་དྲི་མའི་རྡུལ་བསལ་ཏེ་ཞི་བའི་གོ་
འཕང་སྩོལ་བས། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད་དོ། །རང་གིས་རང་གི་སེམས་སོ་སོར་རྟོགས་པའི་མཐའ་ལས་བྱུང་བས་ན། ཁྱོད་ཉིད་ཀྱང་ནི་དེ་ཡི་ཕ། །ཞེས་བྱའོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ནི། ཐ་མལ་བའི་བྷ་ག་དང་ལིངྒ་དག་མི་ཤིགས་པའི་རང་
བཞིན་དུ་བྱིན་གྱིས་བརླབ་པ་སྟེ། རྐྱང་མ་དང་རོ་མ་དག་མི་ཤིགས་པ་ཀུན་སྤངས་པའི་ལམ་དུ་བྱིན་གྱིས་བརླབ་པའོ། །ཨོཾ་ནི་དབུགས་སྡུད་པའོ། །པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁ་དཏྟ། ཞེས་པ་ནི་འཛག་པའི་རང་བཞིན་གྱིས་མི་གོས་པ་སྟེར་བའི་ཕྱིར་རོ། །ཙ་ཏུ་ར་ཨཱ་ནནྡ་

བཱ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཱརྱཾ་ཀུ་རུ་ཥྭ་མེ། དྲི་མ་མེད་པའི་དགའ་བ་བཞིའི་དབང་གིས་འགྲོ་བ་ཐམས་ཅད་ལ་ངག་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་སྟོན་ནུས་པའི་ཕྱིར་རོ། །ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྡ་དཱ་ཡ་ཀ་ཞེས་པ་ནི། ཐ་མལ་པའི་ཞེ་སྡང་བཅོམ་ནས་ཞེ་སྡང་རྡོ་རྗེ་ཆེན་པོར་དགའ་བ་བཞིའི་
དོན་སྟོན་པས་སོ། །ཁ་ག་མུ་ཁཻ་ཀཱ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀཱརྱཾ་ཀུ་རུ་ཥྭ་མེ་ཞེས་པ་ནི། གང་བ་ཐམས་ཅད་ཀྱི་དགའ་བ་ནམ་མཁའ་ལ་འགྲོ་བའི་གདོང་ཅན་འདུས་ཤིང་རོ་གཅིག་པས། སྲིད་པ་གསུམ་གྱི་མགོན་དང་སྐྱབས་སུ་འགྱུར་བའི་ཕྱིར། བདག་ལ་བྱ་བ་མཛོད་ཅེས་བྱ་བའི་ཕྱིར་རོ། །
སྤྱི་བོར་ཨོཾ་གྱི་རྣམ་པ་ཞེས་པ་ནི། སྐུའི་རྡོ་རྗེ་སྟེ་ཟླ་བ་རྒྱུ་བའི་རྩའོ། །སྙིང་གར་ཧཱུཾ་གི་རྣམ་པ་ཞེས་པ་ནི། ཐུགས་ཀྱི་རྡོ་རྗེ་སྟེ་སྒྲ་གཅན་འཛིན་རྒྱུ་བའི་རྩའོ། །ཟེ་འབྲུ་ལ་ཨཿའི་རྣམ་པ་ཞེས་པ་ནི། གསུང་གི་རྡོ་རྗེ་ཉི་མ་རྒྱུ་བའི་རྩའོ། །དེ་ལྟར་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུ་བའི་ཕྱིར་གཞན་
པ་ལས་དོན་བཙལ་བར་མི་བྱེད་པར་སྟོན་པའོ། །རིག་བྱེད་ཆུ་དང་མེ་ཏོག་དཱུར་བའི་རྩ། །བྲམ་ཟེས་སྤྱི་བླུགས་སངས་རྒྱས་པས་མི་གཟུང་། །དབང་བསྐུར་སྔགས་སོགས་ཉམས་ཀྱིས་འཇིག་དོགས་པས། །གནས་ངན་ལ་སོགས་རིགས་ལའང་བཏུང་མི་བྱ། །ཀྱེའི་རྡོར་འབུམ་ལྔའི་བདག་
ཉིད་དང་། །མཆོག་གི་དང་པོ་རྒྱུད་ཆེན་དང་། །རྒྱུད་འབུམ་མངོན་བརྗོད་ལ་སོགས་པའི། །དོན་བཤད་རྡོ་རྗེ་སྙིང་པོས་བྲི། །འདིར་བཤད་ཕལ་ཆེར་རྩ་བ་ཡི། །སོ་སོར་བཤད་པས་རྒྱུད་འདི་ཡང་། །རྟག་པར་གང་དང་གང་བསྟན་པ། །དེ་དང་དེ་ཡིས་གསལ་བར་བསྟན། །ཉན་ཐོས་སྐྱེ་
བོ་རྣམས་ལ་ངས་འདི་ཡོངས་མ་བསྟན། །དེ་བཞིན་རང་རྒྱལ་ཕྱིར་མིན་མུ་སྟེགས་ཅན་ལའང་མིན། །མ་རུངས་རྒྱལ་པོ་ངན་དང་གསང་ཆེན་སྨོད་ལའང་མིན། །རྒྱལ་སྲས་བླ་མ་སྨོད་ལ་འདི་མ་བསྟན། །གསང་བ་མཆོག་ལ་རབ་མོས་ཤིང་། །མངའ་བདག་བླ་མ་ལ་གུས་ལ། །
རང་གི་དེ་ཉིད་སྦས་ཤེས་ན། །གང་ཡིན་དེ་ལ་བདག་གིས་བསྟན། །ས་བཅུ་པ་ཡི་དབང་ཕྱུག་མཆོག །དཔལ་ལྡན་རྡོ་རྗེ་སྙིང་པོ་ང་། །དཔའ་བོ་དཔའ་མོས་ལེགས་བསྐུལ་ནས། །རྣལ་འབྱོར་ལམ་བླང་ཕྱིར་འདི་བཤད། །རྙེད་དཀའ་དཔལ་ལྡན་ཀྱེ་ཡི་རྡོ་རྗེ་རིན་པོ་ཆེ། །

འབུམ་ཕྲག་ལྔ་པ་རྩ་རྒྱུད་ལས་འདི་ལེགས་པར་བསྡུས། །དེ་འབྲེལ་ངེས་དོན་རྒྱ་ཆེར་བཤད་པ་ཞེས་བྱ་བ། །ལེགས་བྲིས་དགེ་བ་དྲི་མེད་གང་ཐོབ་དེ་ཡིས་ནི། །ཀྱེ་རྡོར་གསང་བ་ལེགས་རྟོགས་དམ་ཚིག་ཡོངས་ལྡན་ཞིང་། །འདི་སྟོན་བླ་མའི་རྗེས་འབྲངས་
རྡོ་རྗེ་སྤུན་ལ་སོགས། །ཕན་ཚུན་ལེགས་པར་སྨྲ་ཞིང་ཁོན་དུ་མི་འཛིན་དང་། །དམ་ཚིག་རྡོ་རྗེས་གླེང་སློང་དལ་གྱིས་གནས་པར་ཤོག །མ་རུངས་དམ་འདྲལ་ངན་པའི་ལས་བྱེད་ཅིང་། །རྣལ་འབྱོར་ཆེད་དུ་མི་གཉེར་སྐྱེ་བོ་གང་། །དེ་དག་མི་འགྲོགས་དེ་ཡིས་མི་མཐོང་དང་། །
རང་སྡུག་བླ་མ་རྡོ་རྗེ་མཆོད་པར་ཤོག །རྩོད་ལྡན་དུས་སུ་གསང་ཆེན་སྟོན་བྱེད་དང་། །མུ་སྟེགས་སྐྱེ་བོ་ངན་པའི་ལྟ་འཇོམས་ཤིང་། །གང་དེའི་ལྟ་བ་ཕྱི་ནས་འདོན་བྱེད་པའི། །དེ་དག་འདུལ་བའི་དེད་དཔོན་དེས་བྱེད་ཤོག །རྣམ་པར་བཤད་པ་འདི་ལས་གཞན་པའི་བཤད་པ་
དེ་ཁོ་ན་མ་མཐོང་བའི་སྐྱེ་བོ་འདོད་རྒྱལ་རྣམས་ཀྱིས་བྱས་པ་ལ་ཡིད་བརྟན་པར་མི་བྱའི་འདི་དང་འདི་ལྟ་བུའི་འགྲེལ་པ་རྩ་བའི་རྒྱུད་མཐའ་དག་གི་ངེས་པ་དང་། དྲང་བ་ལེགས་པར་གཏན་ལ་འབེབས་པ་ལ་ཡིད་བརྟན་ཏེ་གནས་པར་བྱའོ། །ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་
པ་ས་བཅུའི་དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བླ་མ་ཆེན་པོ་མཻ་ཏྲི་ཞབས་ལ། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་མང་དུ་གསོལ་བ་བཏབ་ནས། ལེགས་
པར་མཉན་ཏེ་བསྒྱུར་བའོ།། །།ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ། རྙེད་པར་དཀའ་བ་འདི་སྔོན་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ཆད་ཀྱི་འགྲེལ་པ་ལས་མ་འགྱུར་བ་ལས། སླད་ཀྱི་
བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོལ་པ་ཞེས་བྱ་བ་ནས། འབྲོ་དགེ་སློང་ལོ་ཙཱ་བས། པཎྜི་ཏ་མཻ་ཏྲི་ཞབས་ལས་རྙེད་དེ། བོད་ཡུལ་དུ་དཔེ་སྤྱན་དྲངས་ནས། དགེ་སློང་རྣལ་འབྱོར་སྤྱོད་པ་དབང་ཕྱུག་གྲགས་པས་གསོལ་བ་བཏབ་སྟེ་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ཏནྟྲ་པཉྫི་ཀཱ་པདྨ་ནི་ནཱ་མ། བོད་སྐད་དུ། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ། ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་དཔལ་དང་ལྡན། །མཁའ་འགྲོ་མ་ཡི་འཁོར་ལོས་
སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཕྱིར། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་རྣམས། །ཀུན་དུ་རྟོག་པའི་འཆིང་གཅོད་པ། །འཇིག་རྟེན་དོན་དུ་རབ་འཇུག་རྣམས། །དེ་སྙེད་པ་ལ་རྟག་ཕྱག་འཚལ། །ལྷན་ཅིག་སྐྱེས་པ་མཛེས་དགའ་བ། །བདག་མེད་ཡང་དག་ལྡན་
པའི་དཔལ། །ཤེས་རབ་ཐབས་ཅིག་ལ་བཏུད་དེ། །དེ་དང་དེ་ཉིད་བཤད་པར་བྱ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་སྡུད་པར་བྱེད་པའོ། །བདག་གིས་ཞེས་པ་ནི་བདག་ཉིད་ཀྱིས་ཐོས་པའོ། །དུས་གཅིག་ན་ཞེས་པ་ནི་གང་གི་
ཚེ་བཞུགས་པའོ། །གང་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྟེ། བརྟེན་པའི་དཀྱིལ་འཁོར་དེའི་བདག་ཉིད་དོ། །རྟེན་གྱི་དཀྱིལ་འཁོར་ཡང་བྷ་ག་ལ་སྟེ། དེའི་དབུས་ཀྱི་གཞལ་ཡས་ཁང་དུའོ། །ཕྱི་དང་གསང་བ་དེ་
བཞིན་ནང་། །དེ་བཞིན་ཉིད་དོན་རྣམ་པ་བཞི། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང་། །ལུས་དང་རང་བཞིན་མེད་རྣམས་སོ། །ཐོས་པ་ནི་བཙུན་མོའི་བྷ་ག་ལ་འཛག་པའོ། །བི་ནི་རྣམ་པ་སྣ་ཚོགས་སོ། །ཛ་ཧ་ར་ནི་འཕྲོག་པར་བྱེད་པ་སྟེ། འདི་སྐད་བདག་གིས་ཞེས་བྱ་བ་ནི་ཚུལ་དེ་ལྟ་བུས་སོ། །
ཡང་ན་འདི་སྐད་བདག་གིས་ཐོས་པ་ཞེས་པ་ནི། འཁོར་ལོ་བཞིར་འཛག་པ་སྟེ། འདི་རྣམས་ལ་བཞུགས་པའོ། །ཡང་ན་འདི་སྐད་ནི་ཡང་དག་པར་སྦྱོར་བ་ལའོ། །བདག་གིས་ནི་བདག་ཏུ་འཛིན་པའོ། །ཐོས་པ་ནི་འཇིག་པའོ། །དུས་གཅིག་ན་ཞེས་པ་ནི་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་
སྐད་ཅིག་ལའོ། །ཡང་ན་འདི་སྐད་བདག་གིས་ནི་ཚངས་པའི་གནས་བཞི་ལས་སོ། །ཐོས་པ་ནི་བྱུང་བའོ། །བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའི་བདག་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་ནི་སྟོང་པ་ཉིད་ཀྱིས་ཏེ།

འདི་ནི་བསྒྲུབ་བར་བྱ་བའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་གནས་དེར་རོ། །ཡང་ན་སྐལ་བ་དང་ལྡན་པ་གཟིགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱིས་བཀའ་སྩལ་པ་ནི་བོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་
གསུམ་གྱི་སྙིང་པོ་ནི་སྙིང་པོ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་ཀྱི་གསང་བའི་ཡང་གསང་བའི་སྙིང་པོ་ཉིད་དོ། །སྐུ་གསུམ་གྱི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེའི་སྙིང་པོ་སྟེ། འབྲས་བུ་ཉིད་ཅེས་བྱ་བ་བཀའ་སྩལ་པའོ། །རྡོ་རྗེ་སེམས་དཔའི་མིང་ཁྱད་པར་དུ་བྱེད་པ་
དང་། ཁྱད་པར་དུ་བྱ་བ་གསུངས་པས་སྐུ་གསུམ་པོ་ཞུས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པའོ། །ཤེས་རབ་འདི་ཡིས་ཞེས་བྱ་བ་འདིའི་བཤད་པ་ནི་རིགས་པས་ཞེས་བྱ་བ་སྟེ་ཆོས་ཀྱི་སྐུའོ། །ཡང་ན་ངེས་པར་འབྱེད་པ་འདིས་ཤེས་རབ་དང་རིགས་པ་ནི་སྙིང་རྗེ་དང་སྦྱོར་བས་ཞེས་སོ། །ཆེན་པོ་ཞེས་
བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་རོ་དེ་རྣམས་ཀྱིས་ཡོངས་སུ་གང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་ནི་ཡང་དག་པར་འགྲོ་བར་བྱེད་ཅིང་ཐོབ་པར་བྱེད་པ་སྟེ། གདུལ་བྱ་རྣམས་ཀྱི་
དོན་གྱི་ཕྱིར་རབ་ཏུ་འཇུག་པ་ཉིད་ཀྱིས་དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུའོ། །བསྒྲུབ་བྱའི་དོན་ཞུས་པ་ནི་ཧེ་བཛྲ་ཞེས་པ་སྟེ། ཐབས་བདེ་བས་སེམས་ཅན་རྣམས་སྐྱོབ་པར་བྱེད་པས་སྙིང་རྗེ་ཆེན་པོའམ། ཡང་ན་མ་ཧཱ་ཀཾ་ཞེས་བྱ་བ་སྟེ། མ་ཧཱ་ནི་ཆེན་པོའོ། །ཀཾ་ནི་བདེ་བ་སྟེ་བདེ་བ་ཆེན་པོས་
བསྡུས་པས་ཞེས་བྱ་བའོ། །དེ་བས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་ཅེས་པ་རྒྱུད་ནི་གཉིས་སུ་མེད་པའི་བདག་ཉིད་ཀྱི་སྦྱོར་བའོ། །རྒྱུད་ཅེས་བྱ་བ་ནི་བརྗོད་པར་བྱ་བ་སྟེ། ངས་བཤད་ཀྱིས་ཉོན་ཞེས་པ་ནི་ཟུང་ཤིག་པ་སྟེ། དེ་ཉིད་ནི། ལྟ་སྟོངས་དགུག་དང་བརྡ་ཆེན་པོས་
ནུས་པ། །ཞེས་པ་སྟེ། དེ་ཡང་གང་ཞེ་ན། རེངས་དང་བསྐྲད་པ་ཉིད་དང་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་བསྐྱེད་པ་དང་ནི་གནས་པའི་རྒྱུའོ། །མཐུ་ཞེས་པ་ནི་མཐུའི་རྫུ་འཕྲུལ་ལོ། །ཡེ་ཤེས་ནི་དེ་ཁོ་ན་ཉིད་དོ། །རྣམ་པར་ཤེས་པ་ནི་རྡོ་རྗེ་མ་ལ་སོགས་

པའོ། །ལྷ་རྣམས་ཞེས་པ་ནི་ཕྱག་གཉིས་པ་ལ་སོགས་པའི་རྒྱུའོ། །དང་པོར་ཞེས་བྱ་བ་ནི་རྒྱུད་ཀྱི་དང་པོར་རོ། །གཅིག་ཅེས་བྱ་བ་ནི་གཉིས་སུ་མེད་པའོ། །ཧེ་རུ་ཀ་ཡང་ཡིན་ལ་བསྐྱེད་པའི་རྒྱུ་ཡང་ཡིན་པས་ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ་ཞེས་སོ། །དངོས་པོ་ཉིད་ཀྱིས་ཞེས་པ་ནི་འདིར་ཡང་དག་
པ་ཉིད་དུ་བསམས་ནས་སེམས་ཅན་རྣམས་གྲོལ་ཏེ་གཞན་དུ་མ་ཡིན་ནོ། །དངོས་པོའི་འཆིང་བས་བཅིངས་པའོ། །ཞེས་པ་ནི་དེ་ལ་ཆགས་པས་སོ། །དངོས་མེད་ཡོངས་སུ་ཤེས་པ་ཡིས། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཏེ་གྲོལ་བར་འགྱུར་རོ། །དེ་བཞིན་ཞེས་པ་ནི་
གསུངས་པའི་རིམ་པས་སོ། །ཧེ་རུ་ཀ་བསྒོམ་བྱ་ཞེས་པ་ནི། ཡོངས་སུ་ཤེས་པས་བསྒོམ་པར་བྱའོ། །དངོས་མེད་ཅེས་པ་ནི་རང་བཞིན་མེད་པར་གྱུར་པ་སྟེ། དེའི་ཕྱིར་དང་པོར་དངོས་པོ་བསྒོམ་པར་བྱའོ། །དངོས་པོ་མེད་པ་དེ་ཉིད་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། དངོས་པོ་དང་དངོས་པོ་
མེད་པ་དང་བྲལ་བས་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཧེ་རུ་ཀ་བསྒོམ་པར་བྱའོ། །གང་དུ་བསྒོམ་པར་བྱ་ཞེ་ན། ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་བྱ་བ་ནི་
དམིགས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དངོས་པོ་ཐམས་ཅད་ཁྱབ་བྱེད་པ། །ཞེས་པ་ནི་འཇོམས་པར་བྱེད་པས་སོ། །གནས་ཀྱང་ལུས་ཀྱིས་བསྐྱེད་པ་མིན། །ཞེས་པ་ནི་ལུས་ལ་ཉེ་བར་བརྟག་པར་བྱ་བ་ཡིན་ཡང་ལུས་ལས་མ་སྐྱེས་པའོ། །ཁྱབ་པར་བྱེད་ཅིང་སྐྱེ་བ་མེད་པ་དང་
འགག་པ་མེད་པ་ལ་སོགས་པ་ཉིད་ཡིན་ནོ། །ལུས་ལ་ཇི་ལྟར་ཉེ་བར་བརྟག་པར་བྱ་སྙམ་པའི་སྒོ་ནས་ཞུས་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བའོ། །བསྒྲུབ་བྱ་སོ་སོར་རྟོགས་པར་བྱ་བའི་ཕྱིར་དེ་རྣམས་ཞེས་པ་སྟེ། ཐབས་དང་ཤེས་རབ་གཉིས་པོ་དག་དང་དབྱེར་མེད་པ་ཉིད་ཀྱི་རྩ་ནི་འདི་
རྣམས་ཀྱི་གཙོ་བོ་གསུམ་མོ། །གཅིག་ནི་བྱ་བའི་དབྱེ་བས་མི་ཕྱེད་མ་ལ་སོགས་པའི་དབྱེ་བ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་དེར་མི་ཕྱེད་མར་རབ་ཏུ་གྲགས་སོ། །སྐྲའི་རྩེ་མོ་ལ་སོགས་པའི་དབྱེ་བས་དེ་ཉིད་ཕྲ་གཟུགས་མ་ཞེས་བྱ་བར་སྦྱར་རོ། །བེམས་པོས་བསྡུས་པས་ན་དེ་གཟུགས་

ཅན་མའོ། །གང་གི་ཕྱིར་ལུས་ལ་གནས་པས་ན་བཟང་མོའོ། །གཡོན་ཕྱོགས་སུ་བརྟེན་པས་ན་གཡོན་པ་མའོ། །ཟླུམ་པོ་ཉིད་ཀྱིས་ནི་མིའུ་ཐུང་མའོ། །རུས་སྦལ་གྱི་གཟུགས་ཉིད་ཀྱིས་ནི་རུས་སྦལ་སྐྱེས་སོ། །སྲིད་པ་བསྒོམས་པས་ན་བསྒོམ་པ་མའོ། །དབང་
བསྐུར་བ་སྦྱིན་པར་བྱེད་པས་ན་དབང་བསྐུར་མའོ། །ཉོན་མོངས་པ་སུན་འབྱིན་པར་བྱེད་པས་ན་སྐྱོན་མའོ། །ལུས་སྐྱོད་པར་བྱེད་པས་འདི་རྣམ་པར་གནས་པ་མའོ། །སྐྱེད་པར་བྱེད་པ་ཉིད་ཀྱིས་ན་མ་མའོ། །ཐམས་ཅད་དུ་སོང་བ་ཉིད་ཀྱིས་ན་མཚན་མོའོ། །ཞི་བ་ཉིད་ཀྱིས་ན་བསིལ་སྦྱིན་
མར་བཤད་དོ། །ཚིམ་པ་མེད་པའི་ངོ་བོ་ཉིད་ཀྱིས་ན་ལ་ལ་ནཱའོ། །གཟུག་མེད་པས་ན་ཨ་བ་དྷཱུ་ཏཱིའོ། །རོ་སྟེར་བར་བྱེད་པས་ན་ར་ས་ནཱའོ། །ཟླ་བ་ལྟ་བུས་ན་ཚད་མའོ། །མུན་པ་ཆེན་པོ་ལྟ་བུས་ན་ནག་མོའོ། །སྤྱི་མ་ནི་མཉམ་པའི་དངོས་པོས་སོ། །གང་གི་ཕྱིར་རྒྱུ་ཐམས་ཅད་སྦྱིན་པར་བྱེད་
པས་རྒྱུ་སྦྱིན་མའོ། །སྦྱོར་བ་ཐམས་ཅད་མེད་པས་དེ་སྦྱོར་བྲལ་མའོ། །དགའ་བྱེད་མ་ནི་དགའ་བས་བསྡུས་པས་སོ། །དངོས་གྲུབ་མ་ནི་དངོས་གྲུབ་སྦྱིན་པར་བྱེད་པས་སོ། །མེ་མ་ནི་ཉོན་མོངས་པ་བསྲེགས་པས་སོ། །ཡིད་བཟངས་མ་ནི་ཤེས་རབ་ཀྱི་ལྷ་མོའོ། །གསུམ་འཇུག་མ་
ནི་རྣམ་པ་གསུམ་གྱིས་འཇུག་པར་བྱེད་པའོ། །འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་དེ་ལ་འདོད་བྱེད་མའོ་ཞེས་གསུངས་སོ། །དེ་ཁྱིམ་གྱི་བདག་མོ་ཡིན་པས་ཁྱིམ་མའོ། །གཏུམ་པའི་ལས་བྱེད་པས་ན་གཏུམ་བྱེད་མའོ། །དེ་ཉིད་བདུད་འཇོམས་པར་བྱེད་པས་ན་བདུད་འཇོམས་
མའོ། །འདི་དག་ནི་འོག་ནས་འཆད་པར་འགྱུར་རོ། །སྲིད་པ་གསུམ་ཞེས་པ་ནི་སྐུ་གསུམ་གྱི་རང་བཞིན་ཏེ། རྩ་གསུམ་གྱི་གཟུགས་ཀྱིས་སོ། །ཡོངས་སུ་གྱུར་པས་ཞེས་པ་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་གོ། །དོན་དམ་པ་ལས་ནི་ཨ་བ་དྷཱུ་ཏཱིའི་རང་བཞིན་ཏེ། དེ་བས་ན་གཟུང་བ་དང་འཛིན་
པ་སྤངས་པའོ། །ཡང་ན་ཐམས་ཅད་ཀྱི་ཐབས་ཀྱི་དངོས་པོའི་མཚན་ཉིད་ཀྱིས་བརྗོད་པའོ་ཞེས་པ་ནི། རྣལ་འབྱོར་མ་བཅོ་ལྔའི་གཟུགས་ཀྱིས་ནི་འདི་དག་ཐམས་ཅད་བསྒོམ་པའི་ཐབས་ཀྱི་མཚན་ཉིད་ཀྱིས་གསུངས་པའོ། །དེ་དང་དེ་ཉིད་བདེ་བ་ཆེན་པོའི་རྡོ་རྗེས་ཆོས་ཐམས་ཅད་གཅིག་ཏུ་

བསྡོམས་པས་བསྡོམས་པའམ། བདེ་བ་ཆེན་པོ་མཆོག་གི་དབྱེ་བས་བཤད་པར་བྱ་བ་ནི་དབྱེ་བའི་མཚན་ཉིད་དོ། །ཨཱ་ལི་ཀཱ་ལི་ཉིད་ཐབས་དང་ཤེས་རབ་དག་སྟེ། དེ་དག་ཀྱང་ལ་ལ་ནཱ་དང་ར་ས་ནཱའམ། ཡང་ན་ཙཎྜ་ལཱི་དང་། གཞོམ་དུ་མེད་པ་དག་གོ། །ཆོས་ལ་སོགས་པ་དང་ཇི་ལྟར་
རིགས་པར་སྐུ་ལ་སོགས་པ་གནས་རྣམས་ནི་དེ་དང་དེ་ཉིད་དུའོ། །སྔར་གསུངས་པ་བཤད་པ་ནི། ཨེ་ཝཾ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་རིམས་ཇི་ལྟ་བར་སྤྲུལ་པ་ལ་སོགས་པའོ། །དེ་ཉིད་གསུངས་པའི་འཁོར་ལོ་ཞེས་པ་ནི་འོག་མ་དང་ཡང་སྦྱར་ཏེ། བྱ་རོག་གི་མིག་བཞིན་ནོ། །
རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་དེའི་བཤད་པར་འགྱུར་བ་ནི་རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པའོ། །ཐུགས་རྡོ་རྗེ་དེ་ཉིད་སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་ཤེས་པར་བྱའོ། །དེ་ཉིད་དེ་ཁོ་ན་ཉིད་བཞིའི་ཚུལ་གྱིས་ཏེ། དེ་ལ་བདག་ཉིད་ཀྱི་དེའི་རང་བཞིན་ནི་དེ་ཁོ་ན་ཉིད་
དོ། །དེ་ཉིད་ལྷའི་གཟུགས་ལོངས་སྤྱོད་རྫོགས་པའི་བདག་ཉིད་སྒྱུ་མའི་རང་བཞིན་གྱིས་དེ་ཁོ་ན་ཉིད་དོ། །དེ་ཉིད་ཤེས་པར་བྱེད་པ་དང་སྐྱོབ་པར་བྱེད་པ་ཉིད་ཀྱི་རང་བཞིན་གྱིས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཉིད་ཤིན་ཏུ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་རང་རིག་པའི་ཚུལ་གྱིས་དེ་ཁོ་ན་ཉིད་དོ། །དེ་
ཉིད་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་ཆེན་པོའི་ཡང་ཆེན་པོའི་དབྱེ་བས་དགའ་བ་ལ་སོགས་པའི་རང་བཞིན་ནོ། །དེ་ཉིད་གནས་བརྟན་ལ་སོགས་པ་ཉེ་བར་མཚོན་པའི་གནས་འོག་ནས་འཆད་པར་འགྱུར་རོ། །ཟླ་བ་དང་ཉི་མ་དག་ནི་སྣའི་བུག་པ་གཡས་པ་དང་གཡོན་པ་དག་གི་རླུང་ངོ་། །དེ་ཉིད་
ཨཱ་ལི་དང་ཀཱ་ལི་དག་སྟེ་གཉིས་ཀ་ནས་ཐུན་ཕྱེད་ཕྱེད་ཀྱིས་ཉིན་མཚན་དུ་སྤྱོད་པས་འཕོ་བ་བཅུ་དྲུག་གོ། །དེ་ཉིད་འཕོ་བའི་དུས་དག་ཏུ། །བཞི་ཆ་ཡིས་ནི་མེ་དང་རླུང་། །དེ་བཞིན་དབང་ཆེན་ཆུ་དག་གི །དཀྱིལ་འཁོར་ལས་ནི་ཀུན་དུ་སྤྱོད། །དེ་ཉིད་སྟེང་འོག་དབུས་འོག་རྒྱུ། །དབྱུ་གུ་དྲུག་ཅུ་རྩ་བཞི་
ཡིན། །བཟང་ངན་ལས་ནི་དེ་ཡི་ཕྱེད། །ཆུ་ཚོད་སུམ་ཅུ་རྩ་གཉིས་ཐུན། །བཞིར་ནི་ཉིན་དང་མཚན་དུ་ཡང་། །དེ་བས་ཐུན་གྱི་རྣམ་དག་པས། །ཆོས་ཀྱི་འཁོར་ལོ་འཕོ་བ་ནི། །ལོངས་སྤྱོད་དབྱུ་གུ་སྤྲུལ་པ་ཡིན། །ཆུ་ཚོད་རྣམ་དག་ཆེན་པོའོ། །ཞེས་སོ། །གཏུམ་མོའི་སྲིད་པའི་ཉོན་མོངས་པ་

རྩད་ནས་མེད་པ་བྱེད་པ་ཉིད་དོ། །འབར་བ་ཞེས་བྱ་བ་ནི་མཆེད་པར་བྱེད་པ་སྟེ། སྣང་བར་བྱེད་པ་ཞེས་བྱ་བའི་བར་དུའོ། །ཨཱ་ལི་ཞེས་པ་ནི་རི་མོའོ། །ལྟེ་བ་ནི་བདེ་བ་ཆེན་པོའི་པདྨའི་ལྟེ་བ་ལའོ། །བསྲེགས་ཞེས་པ་ནི་ངོ་བོ་ཉིད་མེད་པར་བྱེད་པའོ། །དེ་བཞིན་གཤེགས་
པ་ལྔ་ཞེས་པ་ནི་ཕུང་པོ་ལྔའོ། །སྤྱན་ལ་སོགས་པ་ཞེས་པ་ནི་ས་ལ་སོགས་པ་འབྱུང་བ་རྣམས་སོ། །གང་གི་ཚེ་བསྲེགས་ཤེ་ན། བདག་བསྲེགས་ཏེ་བདག་ཏུ་འཛིན་པ་བསྲེགས་པ་དེའི་ཚེ་ནའོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་རིགས་ནི་གནས་སོ། །དེ་རྟོགས་པར་བྱེད་པའི་ལེའུ་
སྟེ་དང་པོའོ།། །།དེ་ཉིད་སྔགས་ཀྱི་གཟུགས་ཀྱིས་སྣ་ཚོགས་པའི་དོན་བྱེད་པར་ནུས་སོ་ཞེས་བསྟན་པའི་ཕྱིར་གསུངས་པ་སྔགས་རྣམས་ཀྱི་ལེའུ་སྟེ་ཚོགས་བཤད་པར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའི་ཕྱིར་གཏོར་མའི་སྔགས་གསུངས་པ་ཨོཾ་
ཞེས་པ་སྟེ། ཨ་ཀཱ་རོ་མུ་ཁཾ་ནི་དང་པོའི་སྒོའོ། །སརྦ་དྷརྨཱ་ཎཱཾ་ནི་ཆོས་ཐམས་ཅད་དོ། །གང་ལས་ཤེ་ན། དེ་དང་པོ་ཉིད་ནས་སྐྱེ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་བྱེད་པ་ནི་ཨའོ། །དེའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་བདེ་བ་ཆེན་པོའི་རྡོ་རྗེར་ལྷག་པར་མོས་ཏེ། ཨ་ལས་
རྟེན་ཅིང་འབྲེལ་བར་འབྱུང་བ་རྨི་ལམ་དང་། སྒྱུ་མ་ལྟ་བུའི་སེམས་ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར་གཏོར་མ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཨཱཿཧཱུཾ་ཞེས་པ་ནི་ལུས་དང་ངག་དང་ཡིད་དེ་ཉིད་ཀྱིས་བྱིན་གྱིས་བརླབ་པའོ། །གདུག་པ་ཅན་བདུད་ལ་སོགས་པ་ཟློག་པར་བྱེད་པས་ཕཊ་དོ། །
སྭཱ་ཧཱ་ནི་ལུས་དང་ངག་དང་ཡིད་དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་པའོ། །རིགས་མཐའ་ཡས་ཀྱང་རིགས་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ཏེ། དེ་དག་ཉིད་ཡང་དག་པར་སྟོན་པར་བྱེད་པ་དང་སྐྱེད་པའི་གནས་ཀྱི་
སྔགས་སོ། །རྒྱུད་ལ་གཙོ་བོ་ཉིད་ཡིན་པས་རེ་ཞིག་ལྷ་དེ་ཉིད་ཀྱི་སྔགས་དང་པོར་བརྗོད་པར་བྱའོ། །དེ་གསུངས་པ་ཨོཾ་དེ་བ་པི་ཙུ་བཛྲ་ཞེས་པའོ། །ཀྱེའི་རྡོ་རྗེ་ཕྲེང་བའི་སྔགས་མ་གཏོགས་པ་ངེས་པ་དང་ལྡན་པས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། སྔགས་ཀྱི་ཚིག་རྣམས་ཕུན་སུམ་ཚོགས་པ་

ཐམས་ཅད་དང་དེ་དང་ལྡན་པའི་དེ་བསྐྱེད་པའི་གནས་ཡིན་པས་ཚིག་གོ། །དང་པོར་ཨོཾ་གང་ཡིན་པ་དེ་དག་ནི་ཨོཾ་ལ་སོགས་པའོ། །ཕཊ་དང་སྤེལ་ཞེས་པ་ནི་བར་དུ་གཞུག་པའོ། །གང་དག་སྭཱ་ཧཱ་མཐར་ཡིན་པ་དེ་དག་ནི་སྭཱ་ཧཱ་མཐར་རོ། །ཨོཾ་ལ་སོགས་པ་ཡང་ཡིན་ལ་སྭཱ་ཧཱ་མཐར་ཡང་ཡིན་པ་
དང་ཕཊ་དང་སྤེལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་གང་ཞེ་ན། ཧཱུཾ་གསུམ་མོ། །གང་ལས་ཤེ་ན་སྔགས་བརྗོད་པ་ལས་མང་པོའི་ཚིག་ཉེ་བར་བླངས་པ་དང་། ཧེ་རུ་ཀ་ཡང་མི་བསྐྱོད་པ་ཉིད་དང་། གང་སྐུ་གསུང་ཐུགས་སུ་གཅིག་པས་བོད་པའོ། །གྲོང་ཁྱེར་ནི་སྐྱེ་བོའི་གནས་ཏེ་
འཁྲུག་པར་བྱེད་པ་ནི་སྔགས་གང་གིས་གྲོང་ཁྱེར་དཀྲུག་པར་བྱེད་པ་དེ་ནི་གྲོང་ཁྱེར་དཀྲུག་པའི་སྔགས་སོ། །སྤྲུལ་པའི་འཁོར་ལོར་ཕྱོགས་བརྒྱད་ཀྱི་འདབ་མ་ལ་སྡེ་ཚན་བརྒྱད་ཀྱི་དང་པོའི་ཡི་གེ་རྣམས་ཤེས་རབ་གཙོ་བོར་བྱས་ཏེ་སྤྲོས་ནས་དེ་ཉིད་ཀྱིས་སྣ་ཚོགས་དབང་དུ་བྱས་ཏེ་བདེ་བ་ཆེན་པོའི་སྦྱོར་
བས་བསྡུས་ཏེ་སྔགས་མདོག་དམར་པོས་བཟླས་ན་གྲོང་ཁྱེར་འཁྲུག་པར་བྱེད་དོ། །རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་མ་རྣམས་ཏེ་བདག་མེད་མ་ལ་སོགས་པའོ། །ས་བོན་ནི་སྔགས་ཏེ་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་ཚིག་སྟེ། གོ་རིམས་
ཇི་ལྟ་བས་དབྱངས་ཡིག་བཅོ་ལྔའོ། །ཏྲཻ་ལོ་ཀྱཱ་ཀྵེ་པ་ཞེས་པ་ནི་ཏྲཻ་ལོ་ཀྱཱ་ནི་ཁམས་གསུམ་མོ། །ཀྵེ་པ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུ་སྡུད་པར་བྱེད་པ་སྟེ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུ་སྡུད་པར་བྱེད་པ་ནི་ཏྲཻ་ལོ་ཀྱཱ་ཀྵེ་པ་ཞེས་བཅོམ་ལྡན་འདས་ལ་ཡང་དག་པར་
བོད་པའོ། །ཛྭ་ལ་ཛྭ་ལ་ཞེས་པ་ནི་དངོས་པོ་ཐམས་ཅད་ལ་བདེ་བ་ཆེན་པོ་དེ་བཞིན་ཉིད་ཀྱི་རང་བཞིན་འབར་བར་གྱིས་ཤིག་པའོ། །བྷྱོ་ཞེས་པ་ནི་ཀྱེ་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །ཀི་ཊི་ཀི་ཊི་ཞེས་པ་ནི་ཆོས་ཐམས་ཅད་དང་བདུད་ཆོམས་ཤིག་ཆོམས་ཤིག་ཅེས་བྱ་བའི་དོན་ཏོ། །བཛྲ་
ཞེས་པ་ནི་ཀྱེའི་རྡོ་རྗེ་ཞེས་པའོ། །སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དེ་ཐོབ་པར་བྱེད་པ་སྟེ། སྔགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་དག་བརྗོད་པའི་འོག་ཏུ་རྡོ་རྗེ་

གསུམ་དབྱེར་མེད་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ས་སྦྱོང་བའི་སྔགས་ཞེས་པ་ནི་དཀྱིལ་འཁོར་གྱི་ས་དང་རྣལ་འབྱོར་གྱི་སའོ། །སྦྱོང་བ་ནི་སྟོང་པ་ཉིད་དུ་བྱས་ནས་རྡོ་རྗེ་རྐང་པས་བསྲུང་བར་སྦྱོར་བ་སྟེ། དེ་སྲུང་བར་བྱེད་པའི་སྔགས་ཞེས་བྱ་བའི་དོན་ཏོ། །རེངས་
པར་ཞེས་བྱ་བ་ལ་སོགས་པ་ལ་རེངས་པ་ལ་སོགས་པའི་ཕྱིར་སྔགས་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣལ་འབྱོར་པ་རྡོ་རྗེ་མའི་སྦྱོར་བ་དང་ལྡན་པས་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སྔར་བསྙེན་པ་མང་དུ་བཟླས་པ་དང་ལྡན་པས་དྲང་པོར་མི་གཡོ་བར་བལྟས་ཏེ་རླུང་ཞི་བ་དང་ལྡན་པས་འཇག་མ་ལ་སོགས་པ་
གཡོ་བའི་རྩ་ལ་བསླབས་ཏེ་བརྟེན་པར་གྱུར་ན་བསྒྲུབ་བྱ་དེ་བཞིན་དུ་རེངས་པར་བྱའོ། །གཽ་རཱིའི་རྣལ་འབྱོར་དང་ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་ཨོཾ་ཨཾ་སྭཱ་ཧཱ་ཞེས་སྔགས་བཟླས་ཏེ། གཡོན་ཕྱོགས་སུ་ལྟ་བའི་ལྟ་སྟངས་དང་། རླུང་བཟུང་བས་པདྨའི་མེ་ཏོག་ལ་སོགས་པ་ལ་བསླབ་པར་བྱ་སྟེ། དེ་བཞིན་
དུ་བསྒྲུབ་བྱ་དབང་དུ་བྱའོ། །དེ་ལྟར་གཞན་དུ་ཡང་ཇི་ལྟར་རིགས་པའི་སྦྱོར་བས་སྦྱར་བའི་རྗེས་སུ་འབྲངས་ཏེ་སྦྱར་བར་བྱའོ། །སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་། །དེ་ཉིད་བསྒོམ་དང་མཆོད་པ་དང་། །སྙིང་རྗེས་སྔགས་ནི་འགྲུབ་འགྱུར་ཏེ། །གཞན་དུ་མཆོག་ཏུ་ཉོན་མོངས་འགྱུར། །ཞེས་
སོ། །ཨཱཿཕུ་ཞེས་པ་ནི་སྔགས་འདི་བཟླས་ཏེ་ཙནྡན་ལས་མཐའ་ཡས་ཀྱི་གཟུགས་བྱས་ཏེ་ལྟེ་བ་ཡན་ཆད་སྐྱེས་པའི་གཟུགས་དང་། མན་ཆད་ཀླུའི་མཇུག་མར་བྱས་ཏེ་ལག་པ་བཞི་པ། ལག་པ་གཡོན་པར་བདུད་རྩིའི་ཐོད་པ་དང་པདྨ་ཐོགས་པ། གཡས་པས་བདུད་རྩིའི་འབྲས་བུ་དང་རིན་
པོ་ཆེ་ཐོགས་པ། སྟེང་དུ་གདེངས་ཀ་བདུན་གྱིས་བརྒྱན་པ་བྱས་ཏེ་འོ་མ་དང་། ཞོ་དང་། མར་དང་། སྦྲང་རྩི་དང་། ཤ་ཀ་ར་ཞེས་བྱ་བ་བདུད་རྩི་ལྔས་བཀྲུ་བར་བྱའོ། །དེ་ནས་ཨུཏྤལ་སྔོན་པོས་མཆོད་པར་བྱའོ། །བུ་མོ་ནག་མོས་བཀལ་བ་ཞེས་པ་ནི། རམས་སུ་བཙོས་པའི་སྐུད་པས་
ཕྱོགས་བརྒྱད་དུ་ལན་བརྒྱད་དུ་དཀྲི་བར་བྱའོ། །ཤིན་ཏུ་ཞེས་བྱ་བ་ནི་སྔགས་ཀྱི་སྒྲ་གསལ་བས་སོ། །ཁྲོས་པའི་སེམས་ཀྱིས་ཞེས་པ་ནི་ཞེ་སྡང་ཆེན་པོའི་སེམས་ཀྱིས་སོ། །དགོན་པའི་གནས་སུ་ཞེས་པ་ནི་ཇི་ལྟར་སྐྱེ་བོ་རྣམས་ཀྱིས་སྔགས་བཟླས་པའི་སྒྲ་མི་ཐོས་པའོ། །ཨརྫ་ཀ་ཞེས་པ་ནི་སྡོང་

བུ་དཀར་པོ་སྟེ་དེའི་སྙེ་མ་ཇི་ལྟ་བར་ཞེས་པ་དེ་ལ་ཉི་མས་རེག་པས་སྐད་ཅིག་གིས་རྣམ་པ་དུ་མར་འགས་པར་འགྱུར་བ་དེ་བཞིན་དུ་ཀླུ་རྣམས་ཀྱི་མགོ་བོ་འགས་སོ། །ཆར་ཆེན་སྤྲིན་དྲལ་བའི་ཆོ་ག་གསུངས་པ་སྤྲིན་རྣམས་ཞེས་པའོ། །རྡོ་རྗེ་གྲི་གུག་གི་བསྒྲུབ་པ་གསུངས་པ་ནི་རྡོ་རྒྱུས་ཀྱི་སྒྲུབ་པ་སྟེ་
རྣམ་པར་སྣང་མཛད་ལ་སོགས་པ་བདུད་རྩི་ལྔ་དང་རྡོ་རྒྱུས་བཏགས་ཏེ། སྟ་རེས་གཅོད་པར་བྱེད་པ་དང་ལྷན་ཅིག་ཏུ་མིག་ཙམ་གྱི་རི་ལུ་བྱས་ཏེ་ཧེ་རུ་ཀའི་ཁར་བཅུག་སྟེ་སྔགས་བཟླས་ནས་ཇི་སྲིད་དུ་སྐུ་གཟུགས་རང་གི་ཁ་ནས་རང་རང་བྱུང་སྟེ་སྒྲུབ་པ་པོ་ལ་མ་གཏད་པ་དེ་སྲིད་དུ་སྟན་གཅིག་ལ་འབུམ་
བཟླས་པས་གྲུབ་པར་འགྱུར་ཏེ། རྡོ་རྒྱུས་དེས་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་ལ་རི་མོ་བྲིས་ན་བསྒྲུབ་བྱ་འཁོར་དང་བཅས་པའི་མགྲིན་པ་ལ་དེ་ཉིད་སྣང་བར་འགྱུར་ཏེ། འདི་ནི་འཕྲལ་དུ་ཡིད་ཆེས་པར་བྱེད་པའོ། །འདི་ལྟ་བུས་ཀྱང་དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་བྱེད་པ་ལས་མི་
ལྡོག་ན་བཅག་པར་བྱའོ། །རྡོ་རྗེ་གྲི་གུག་ཅེས་པ་རྡོ་རྗེའི་གྲི་གུག་ལྟ་བུ་ནི་རྡོ་རྗེ་གྲི་གུག་སྟེ། དཔེར་ན་རྡོ་རྗེ་ལས་བྱས་པའི་གྲི་གུག་ནི་གང་དུ་བཏབ་པ་དེ་ངེས་པར་གཅོད་པར་བྱེད་དོ། །དེ་བཞིན་དུ་འདི་ཡང་དགྲའི་མགོ་བོ་གཅོད་པར་བྱེད་དོ། །རྡོ་རྗེའི་སྟ་རེས་བསྒྲུབ་པ་གསུངས་པ། ལྷ་ཞེས་པ་ནི་
སྐར་མ་རྒྱལ་གྱི་ཚེས་བཅོ་ལྔ་ལ་ཚངས་པའི་ས་བོན་ནི་པ་ལ་ཤའི་ས་བོན་ཏེ། དེ་བླངས་ལ་སྟེ་རེས་གཅོད་པར་བྱེད་པ་དང་ལྷན་ཅིག་ཏུ་ཆ་བསྙམས་ལ་མི་བསྐྱོད་པས་སྦྲུས་ཏེ། དེ་ལས་དགྲ་སྟ་བྱ་སྟེ་ཉི་མ་གཟས་བཟུང་བའི་དུས་སུ་དེ་རྐང་པའི་འོག་ཏུ་མནན་ནས་སྔགས་བཟླས་སོ། །སྔོན་དུ་བྱེ་བ་
བཟས་ཏེ་ཉི་མ་གཟས་བཟུང་བའི་ཉིན་མཚན་དུ་བསྒྲུབས་ནས་དེ་བདར་ལ་ཐིག་ལེ་སྟ་རེ་ལྟ་བུ་བྱ་སྟེ། དེ་ནས་ལྷ་གང་ལ་ཕྱག་བྱས་ཏེ་འགས་པར་འགྱུར་རོ། །འབྲས་ཕུབ་ཀྱི་མེ་ཞེས་པ་ནི་ཨརྐའི་ལོ་མ་ས་ལ་སོར་བརྒྱད་བརྐོས་ཏེ་དེ་གཞུག་པར་བྱ། དེའི་སྟེང་དུ་འབྲས་ཕུབ་ཀྱི་མེ་བུས་ཏེ་ཁྲི་ཕྲག་
གཅིག་བཟླས་པས་དེའི་ཚེ་བསྒྲུབ་བྱ་དེ་རིམས་ཀྱིས་ཐེབས་པར་འགྱུར་རོ། །སླར་ཕྱུང་སྟེ་འོ་མས་བཀྲུས་ན་རིམས་ལས་གྲོལ་བར་འགྱུར་རོ། །ཆང་སྐྱུག་པར་འདོད་པས་ཞེས་པ་ནི་སྔོན་དུ་ལྟོ་བར་ཆང་སྔགས་ལས་བསྒྲུབས་ཏེ་ཆང་སྐྱུགས་པར་བྱེད་པར་འདོད་པས་སོ། །བསྒྲུབ་བྱའི་ལྟེ་བར་

ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་མཾ་ཡོངས་སུ་གྱུར་པ་ལས་ཆང་ལྟོ་བར་བསྒོམ་པར་བྱའོ། །བསྒྲུབ་བྱ་ཡང་སྐྲ་གྲོལ་ཞིང་ཆང་སྐྱུགས་པར་བསྒོམས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་ཧེ་བཛྲ་མ་དྱ་མུད་གི་རི་
ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེའི་འོག་ཏུ་ཆང་སྐྱུགས་པར་འགྱུར་རོ། །སྔོན་དུ་ཀུ་རུ་ཀུལླེའི་སྔགས་བསྒྲུབས་པའི་རྣལ་འབྱོར་པའི་དབང་དུ་བྱས་ཏེ་དགུག་པ་གསུངས་པ་ནི་བུད་མེད་ཅེས་པའོ། །ཟླ་བ་དང་ཉི་མ་དག་རྣམ་པར་གཟུང་བའི་ཆོ་ག་གསུངས་པ། ཟླ་བ་དང་ཉི་མ་ཞེས་པ་སྟེ། སྔོན་དུ་
བསྙེན་པ་བྱེ་བ་བདུན་བཟླས་ཏེ་སྔགས་བསྒྲུབ་པར་བྱའོ། །སཱ་ལུ་བཏགས་པའི་ཟླ་བ་དང་ཉི་མ་བྱས་ཏེ་རླངས་པ་ལ་བཙོས་ནས་སོར་བཞི་པའི་རྡོ་རྗེའི་ཆུ་བླུགས་པའི་ཁམ་ཕོར་དུ་བཅུག་ལ་སྔགས་བཟླས་པར་བྱའོ། །ཉི་མའི་ཕྱོགས་ཀྱི་སྔགས་འདིའོ། །ཟླ་བའི་ཕྱོགས་ཀྱི་སྔགས་ནི་ཨོཾ་བཛྲ་
ཙནྡྲ་མ་ཙ་ལ་མ་ཙ་ལ་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཁྲི་བཟླས་པས་འདུག་པར་འགྱུར་རོ། །དྲི་ཆུ་ལས་ཕྱུང་བས་ནི་གྲོལ་བར་འགྱུར་རོ། །རྡོ་རྗེ་སྐར་མ་གསུངས་པ། ཨོཾ་ན་གྲ་ཞེས་པ་སྔོན་དུ་འབུམ་བཟླས་ཏེ་པདྨ་དམར་པོའི་སྦྱིན་སྲེག་བྱས་ནས་སྔགས་བསྒྲུབ་པར་བྱའོ། །ཨོཾ་ན་གྲཱ་ན་གྲཱ་
ཀུ་མཱ་རཱི་ཀེ་ཌི་བྱ་ལོ་ཙ་ནེ་སྭཱ་ཧཱ་ཞེས་བྱ་བ་འདིས་ཚེས་བཅུ་གསུམ་མམ་བདུན་གྱི་མཚན་མོའི་ཐུན་མཚམས་སུ་བུ་མོའི་ལུས་དང་མིག་གཉིས་ལ་བརྒྱ་རྩ་བརྒྱད་མངོན་པ་བསྔགས་ཏེ་མཆོད་ནས་སྙན་གསན་དབབ་པར་བྱའོ། །ད་ནི་སྔར་གསུངས་པའི་རེངས་པ་ལ་སོགས་པའི་སྦྱོར་བའི་ལྷ་གསུངས་
པ། རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའོ། །ལེའུ་གཉིས་པའི་བཤད་པའོ།། །།སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བའི་རིགས་པ་འདིས་ཆོས་དང་སྔགས་ཀྱི་བདག་ཉིད་ཀྱི་སྦྱོར་བ་བརྗོད་ནས། དབྱིབས་ཀྱི་བདག་ཉིད་ཀྱི་སྦྱོར་
བ་གསུངས་པ། ལྷའི་ལེའུ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཚུལ་གྱིས་རོལ་པས་ལྷ་སྟེ་ལྷ་ཉིད་ལྷའོ། །དེ་ཉིད་རྟོགས་པར་བྱེད་ཅིང་གཏན་ལ་འབེབས་པའི་གཞུང་ནི་ལེའུའོ། །བྱམས་པ་ལ་སོགས་པ་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་རང་དང་གཞན་

གྱི་དོན་སྒྲུབ་པར་བྱེད་པས་འཇུག་པར་བྱའོ་ཞེས་པ་ནི་དང་པོ་ཚད་མེད་པ་བསྒོམ་པ་གསུངས་པ། དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་ཕན་པ་དང་བདེ་བ་ཉེ་བར་སྡུད་པར་བྱེད་པའི་བྱམས་པ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་སྡུག་
བསྔལ་དང་དེའི་རྒྱུ་ལས་བསྒྲལ་བའི་བསམ་པའི་ངོ་བོ་ཉིད་ཀྱིས་སྙིང་རྗེའོ། །མ་རིག་པ་དང་བྲལ་བས་དགེ་བའི་ཕྱོགས་ལ་རབ་ཏུ་འཇུག་པ་ལ་དགའ་བའི་སེམས་དེ་ནི་དགའ་བའོ། །སྲིད་པ་ཞི་ཞིང་མཉམ་པ་ཉིད་ལ་འཇུག་པ་རྣམས་ལ་ལྟོས་པ་མེད་པ་ནི་བཏང་སྙོམས་སོ། །ཡང་ན་དགའ་བ་
དང་བདེ་བ་ཉེར་བར་སྡུད་པའི་རང་བཞིན་མཉམ་པ་ཉིད་བྱམས་པའོ། །ཀ་ནི་བདེ་བ་ཆེན་པོའོ། །རུ་ནི་སྡུད་པར་བྱེད་པ་སྟེ། སྙིང་རྗེ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལ་བརྩོན་པའོ། །དེ་ཉིད་ལ་མཆོག་ཏུ་ལྷན་ཅིག་སྐྱེས་པ་རྗེས་སུ་མྱོང་བར་དགའ་བ་ནི་དགའ་བའོ། །དེ་ཉིད་དུ་ཉོན་མོངས་
པ་རྣམས་ལ་རྣམ་པ་ཐམས་ཅད་དུ་བཏང་སྙོམས་སུ་བྱེད་དེ་དཔྱོད་པ་མེད་པའོ། །དེའི་འོག་ཏུ་སྟོང་པའི་བྱང་ཆུབ་སེམས་ཞེས་པ་ནི་ཆོས་ཐམས་ཅད་དམིགས་པ་མེད་ཅིང་ངོ་བོ་ཉིད་དང་བྲལ་བ་ནི་སྟོང་པ་ཉིད་དོ། །དེ་ཉིད་བྱང་ཆུབ་སྟེ་ཆོས་ཐམས་ཅད་ཀྱི་དོན་དམ་པ་རྟོགས་པ་སྟེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷན་ཅིག་སྐྱེས་པའི་གནས་སྐབས་སོ། །དེ་ཉིད་ཀྱི་མཚན་མ་མེད་པ་ལ་སོགས་པ་ཡང་བསྡུས་སོ། །སྟོང་པ་ཉིད་འདི་ལ་གང་དུ་ཅི་ཡང་རྒྱུ་དང་འབྲས་བུ་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་མེད་པའི་རང་བཞིན་པས་སྨོན་ལམ་གང་གིས་
གང་དུ་ཡང་ཡོད་པ་མ་ཡིན་ནོ། །ཡན་ལག་བཞི་གསུངས་པ། གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ནི་ས་བོན་ནི་བསྐྱེད་པའི་རྒྱུའོ། །བསྡུ་བ་ནི་ཉེ་བར་བསྐྱེད་པས་བསྡུས་པ་སྟེ། ཧཱུཾ་ལ་སོགས་པ་ལས་བསྐྱེད་ཅེས་པའི་དོན་ཏོ། །ཡང་ན་ས་བོན་གྱིས་བསྡུས་པ་ནི་མངོན་པར་བྱང་ཆུབ་
པ་བཞིའོ། །དེ་ནས་གཟུགས་རྫོགས་པ་དང་དེའི་འོག་ཏུ་ཡི་གེ་དགོད་དོ། །སྟོང་པ་ཉིད་བསྒོམ་པའི་འོག་ཏུ་རཾ་ལས་ཞེས་པ་ནི་རཾ་ལས་ཉི་མ་བསྒོམས་ལ་ཉི་མ་དེ་ལ་ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཁ་དོག་སྣ་ཚོགས་པའི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ། །ར་བ་ཞེས་པ་ནི་འཇིག་རྟེན་གྱི་

ཁམས་ལ་སོགས་པའི་ཚད་ཀྱིས་སའི་འོག་དང་སྟེང་དུ་ཚངས་པའི་གནས་ལ་ཐུག་པར་རྡོ་རྗེ་འབར་བའི་རང་བཞིན་ཟུར་བཞི་པ་སྣ་ཚོགས་རྡོ་རྗེ་འཕྲོས་པར་བསྒོམ་མོ། །སྟེང་དུ་ཡང་རྡོ་རྗེའི་རང་བཞིན་གྱི་དྲ་བའོ། །ཡང་ཞེས་པ་ནི་འོག་ཏུ་རྡོ་རྗེའི་རང་བཞིན་གྱིས་འབར་བ་དང་ལྡན་
པར་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་ཡང་དག་པར་བྱུང་བའི་པདྨ་ལ། རོ་ཞེས་པ་ཆོས་ཐམས་ཅད་བདག་མེད་པའི་ཕྱག་རྒྱའི་རང་བཞིན་ནོ། །དེ་ཉིད་ཀྱིས་གསུངས་པ། མཁས་པས་ཆོས་ཀྱི་བདག་ཉིད་ཅན། །ཞེས་སོ། །དེ་སྟེང་རྣལ་འབྱོར་པ་གནས་ནས། །ཞེས་པ་ནི་དེའི་སྟེང་དུ་
གནས་པ་བདག་ཉིད་ཧེ་རུ་ཀ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ། །རང་གི་སྙིང་གར་ཞེས་པ་ནི་རོའི་སྙིང་གའོ། །ཞེ་སྡང་བདག་ཉིད་ཅེས་པ་ནི་ཞེ་སྡང་གི་རྣམ་པར་དག་པའོ། །འདིས་ནི་དཔའ་བོ་གཅིག་པ་བསྒོམ་པ་གསུངས་སོ། །རྣལ་འབྱོར་མ་བརྒྱད་ཀྱིས་བསྐོར་བ་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་
པར་གསུངས་པ། ཡང་ན་ཞེས་པ་སྟེ་བྱམས་པ་ལ་སོགས་པ་བསྒོམ་པའི་འོག་ཏུ། ནམ་མཁར་རྗེ་བཙུན་དམིགས་ནས་ནི། །ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱ། །ཞེས་སོ། །རི་དགས་མཚན་མ་ནི་བྱང་ཆུབ་ཀྱི་སེམས་སོ། །ཉི་མའི་སྣོད་ཅེས་པ་ནི་རིན་ཆེན་འབྱུང་ལྡན་གྱིས་གང་བའི་པདྨའི་སྣོད་དོ། །
ཆུ་ནི་མི་བསྐྱོད་པའོ། །སྨན་ནི་མར་མེ་ལྔའོ། །རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །རོ་ནི་སྦྲང་རྩིའོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རྟོགས་པས་ཅང་ཏེའུ་བརྡུང་བའོ། །གཡུང་མོས་མགུལ་ནས་འཁྱུད་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་མཆོད་པ་བྱེད་དོ། །དེའི་འོག་ཏུ་སྟོང་
པ་ཉིད་ཀྱི་བྱང་ཆུབ་བོ། །དེའི་འོག་ཏུ་བསྲུང་བའི་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། པདྨའི་ལྟེ་བ་ལ་རོ་བསྒོམ་པར་བྱའོ། །དེའི་སྙིང་གར། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་པ་ནི་ཨཱ་ལི་ལས་ཟླ་བ་བསྒོམ་པ་དང་། ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་
སུ་ཞེས་པ་ནི་རྡོ་རྗེའི་དབུས་སུ་སྟེ། ས་བོན་དེ་ཉིད་ཅེས་པ་ནི་ཧཱུཾ་ངོ་། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། འདི་ནི་དེ་བཞིན་གཤེགས་པས་གསུངས་པའོ། །གང་ལས་ཤེ་ན། དམ་པར་དགའ་བའི་རང་བཞིན་ཅན། །ཞེས་གསུངས་པས་སོ། །རྣམ་པར་སྤྲོ་ཞེས་པ་ནི་ཧཱུཾ་དེ་ཉིད་ལས་སོ། །

རང་ལུས་འོད་ཅེས་པ་ནི་ཀྱེའི་རྡོ་རྗེའི་སྐུ་ལྟ་བུའི་འོད་ཟེར་དང་། རྣལ་འབྱོར་མ་ཡང་ངོ་། །བསྡུ་བ་ནི་སྡུད་པར་བྱེད་པ་སྟེ་གཞུག་པའོ། །སྙིང་གར་ཞེས་པ་ནི་ཧཱུཾ་ལ་སྟེ། འདི་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་འོག་ཏུ་རྣལ་འབྱོར་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཞེ་སྡང་གི་
བདག་ཉིད་ནི་ཀྱེའི་རྡོ་རྗེར་གྱུར་པའོ། །ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པས་སྔོན་དམར་དུ་སྣང་བའོ། །དབུགས་ཕྱུང་ཞེས་བྱ་བ་ལ་དབུགས་ཕྱུང་བ་ནི་གྱེན་དུ་དབུགས་ཕྱུང་བ་སྟེ་རོའོ། །དུར་ཁྲོད་ཅེས་པ་ནི་འདིར་ཡི་དགས་དང་རོ་ལ་སོགས་པའི་གནས་སོ། །ཡང་ན་དུར་ཁྲོད་ནི་ལུས་ཏེ།
མགོན་པོ་རོལ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པ་བརྒྱད་ཀྱིས་སོ། །རོལ་ཞེས་པ་ནི་རང་གི་ཤེས་རབ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པའི་སྦྱོར་བས་དགྱེས་པའོ། །ལུས་ཇི་ལྟར་དུར་ཁྲོད་ཡིན་སྙམ་པ་ལ། དབུགས་ཕྱུང་བ་ཡི་རིགས་
པའམ། །ཞེས་བྱ་བ་གསུངས་ཏེ། དབུགས་ནི་སྲོག་དང་རྩོལ་བ་དག་གི་རིགས་པ་འདིས་སོ། །ཐུགས་ཀྱི་རྒྱལ་པོ་དེ་ཕྱག་བཞི་པར་གྱུར་པ་ཡིན་ནོ། །ཇི་ལྟར་སྙམ་པ་ལ་བདུད་བཞི་རྣམ་པར་དག་པས་ཞེས་བྱ་བ་གསུངས་སོ། །སྔར་གསུངས་པའི་ཁ་དོག་དང་རང་བཞིན་ཏེ། ནག་པོ་ནི་མི་བསྐྱོད་
པའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཁ་དོག་དང་དབྱིབས་དང་སྐྲ་དམར་སེར་གྱེན་དུ་བརྫེས་པ་དང་། གོ་ཆ་དང་ཕྱག་རྒྱ་ལྔས་བརྒྱན་པ་རོ་ལ་བཞུགས་པ་དུར་ཁྲོད་ལ་སོགས་པས་བསྐོར་བ་བཅོམ་ལྡན་འདས་མ་རྡོ་རྗེ་ལྕགས་སྒྲོག་མ་དང་ལྷན་ཅིག་གཉིས་སུ་མེད་པར་ལྷན་ཅིག་སྐྱེས་པའི་སྙོམས་པར་
འཇུག་པས་ཞུགས་པ། ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་ཞེས་པ་ནི་ཁམས་གསུམ་མ་ལུས་པ་བདག་མེད་པའི་རང་བཞིན་གྱི་རོ་མནན་པའི་བཅོམ་ལྡན་འདས་ཡུམ་དང་བཅས་པའོ། །ལྷའི་ལེའུ་བཤད་པ་སྟེ་གསུམ་པའོ།། །།ལྷ་དབང་བསྐུར་བའི་ལེའུ་བཤད་པར་
བྱའོ་ཞེས་པའི་ལྷ་ནི་སྔར་གསུངས་པ་དང་འཆད་པར་འགྱུར་བའོ། །ཡེ་ཤེས་ཀྱི་འཁོར་ལོ་སྔོན་དུ་བཅུག་སྟེ་དབང་བསྐུར་བ་ནི་ཡེ་ཤེས་ཀྱི་ཆུས་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུ་བར་བྱེད་པས་དབང་བསྐུར་བའམ། ཡང་ན་ལྷས་དབང་བསྐུར་བ་ནི་ལྷས་དབང་བསྐུར་བའོ། །རང་གི་སྙིང་

གར་ས་བོན་ཞེས་པ་ནི་ཀྱེའི་རྡོ་རྗེའི་སྙིང་གའི་ཉི་མ་ལ་རང་གི་ས་བོན་ནི་ཧཱུཾ་ངོ་། །ལྷ་མོ་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པའོ། །རང་གི་ས་བོན་ལས་ཡང་དག་པར་སྤྲོས་ཏེ་མཆོད་ལ་རྗེས་སུ་བླང་བ་ཞེས་པ་ནི་གསོལ་བ་གདབ་པའོ། །རྡོ་རྗེའི་གླུས་ཀྱང་ཞེས་པ་ནི་ཀོལླ་ཨི་རེ་ཊྛི་
ཨ་བོ་ལ་ཞེས་བྱ་བ་ལ་སོགས་པའོ། །རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ། །ལྷའི་ལུས་ཀྱིས་གནས་པར་བྱའོ་ཞེས་པ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལྷག་པར་མོས་ཏེ་ཐམས་ཅད་དུ་གནས་པར་བྱའོ། །ལྷ་དབང་བསྐུར་བའི་
ལེའུ་བཤད་པ་སྟེ་བཞི་པའོ།། །།ད་ནི་སྔགས་དང་ལྷ་དག་གི་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །དེ་བས་ན་དེའི་ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསུངས་པ། གཟུགས་མེད་ཅེས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །ལྟ་བ་པོ་ཞེས་པ་ནི་མིག་གི་སྐྱེ་མཆེད་དང་། བདག་
དང་གང་ཟག་ལ་སོགས་པའི་རང་བཞིན་ནོ། །ཇི་ལྟར་མེད་སྙམ་པ་ལ་གསུངས་པ། ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པ་རང་བཞིན་མེད་དེ། ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རེག་པ་མེད་ཅེས་པ་དང་། རེག་བྱ་ཡོད་པ་མ་ཡིན་ཞེས་པ་ནི་ས་ལ་སོགས་པའམ། གཟུགས་ཀྱི་ཕུང་པོའམ་
སྐྱེ་མཆེད་བཅུ་དགག་པར་མཛད་པའོ། །ཕུང་པོ་བཞི་ནི་ཡིད་དམ་ཆོས་ཀྱི་སྐྱེ་མཆེད་ངོ་བོ་ཉིད་མེད་པར་སྟོན་པར་བྱེད་དོ། །སེམས་མེད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ནི་རྣམ་པར་ཤེས་པའི་ཕུང་པོའམ་ཡིད་དོ། །སེམས་ལས་བྱུང་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་
ཕུང་པོའམ་ཡིད་ཀྱི་དམིགས་པའི་ཡུལ་གྱི་ཆོས་སོ། །ཡང་མེད་ཅེས་པ་ནི་ངེས་པར་མེད་པ་སྟེ། གཟོད་མ་ནས་ཆོས་འདི་དག་སྐྱེ་བ་མེད་པར་དགག་པ་ནི་དངོས་པོར་མངོན་པར་ཞེན་པ་དགག་པའི་ཕྱིར་རོ། །དངོས་པོ་མེད་ཅེས་པ་ནི་ཡུལ་དང་དུས་ངེས་པ་ཉིད་ལ་དངོས་པོ་མེད་པའོ། །
རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དངོས་པོ་མེད་པ་ལ་ནི་དེ་བཞིན་དུ་དགག་པའི་སྦྱོར་བ་མེད་པའོ། །འོ་ན་དེ་ལྟ་ན་དེ་ཁོ་ན་ཉིད་བསྒོམ་པ་ཇི་ལྟར་གང་དུ་ཉེ་བར་བརྟག་པར་བྱ་སྙམ་པ་ལ། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པར་བྱ་ཞེས་པ་ནི་དགའ་བ་ལ་སོགས་པའི་སྐད་

ཅིག་བསྐྱེད་པར་བྱའོ། །སྦྱོར་བ་རིག་པས་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ཤེས་པས་སོ། །རྟག་ཏུ་ཞེས་པ་ནི་སྐད་ཅིག་ཀྱང་གཞན་དུ་སེམས་མ་ཡེངས་པས་སོ། །མ་འབའ་ཞིག་མ་ཡིན་གྱི་གཞན་ལ་ཡང་མཆོད་པར་བྱ་བ་ནི་གར་མཁན་མ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གར་མཁན་མ་ཞེས་པ་ལ་སོགས་པ་བསྡུས་པ་འདིའི་བཤད་པ་ནི་ལེའུ་འདི་ཉིད་ལས་བཅོམ་ལྡན་འདས་རང་གིས་མཛད་པར་འགྱུར་རོ། །འབྱེད་པ་ནི་གཉིས་སུའམ་ཤེས་པར་འགྱུར་བའོ། །འོ་ན་དེ་ཁོ་ན་ཉིད་ལ་ཆགས་པ་འདིས་ཅི་ཞིག་བྱ་སྙམ་པ་ལ་ཕྱག་རྒྱ་ལྔ་ཞེས་པ་
སྟེ། དེ་གསུངས་པས་ཕྱག་རྒྱ་རིགས་ལྔ་རྣམས་སོ། །དེ་ལས་ཅིར་འགྱུར་སྙམ་པ་ལ་ཐར་པའི་རྒྱུར་ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པས་བསྟན་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་གོ་འཕང་ནི་ཐར་པ་སྟེ། དེའི་རྒྱུས་སོ། །ཕྱག་རྒྱ་
འདི་དག་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རྡོ་རྗེ་ནི་གྲགས་པར་ཟད་དོ། །ཡང་ན་དེ་བཞིན་གཤེགས་པ་ལྔས་སམ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཏེ། འདིས་ཞེས་གསུངས་པ་ནི་ཕྱག་རྒྱས་གདབ་པ་སྟེ་རྒྱུ་དེས་ཕྱག་རྒྱར་བརྗོད་དོ། །ཡང་ན་འདིས་ཞེས་པ་ནི་རིགས་ལྔའི་
མཚན་ཉིད་ཀྱི་ཕྱག་རྒྱས་གདབ་པ་འདིས་ཏེ་དེ་ཁོ་ན་ཉིད་བརྟག་པ་ལ་སྟེ། ཕྱག་རྒྱ་ནི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་རྒྱུ་ཉིད་འདིས་སོ། །འོ་ན་རིགས་ལྔ་ཉིད་ལས་ཅི་ཞིག་གཞན་ཡོད་པ་མ་ཡིན་ནམ་སྙམ་པ་ལ་གསུངས་པ། རིགས་ནི་རྣམ་པ་ལྔར་ཞེས་གསུངས་ཏེ། མཆོག་ཅེས་པ་ནི་རིགས་ལྔ་པོ་
འདི་དག་མཆོག་སྟེ་ཐམས་ཅད་བསྡུས་པ་ཉིད་ཡིན་པས་འདི་དག་ལ་བརྟེན་ནས་རིགས་གཞན་དང་གཞན་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ། །རིགས་དེ་དག་ཅི་གང་གི་སྙམ་པ་ལ་གསུངས་པ། རྡོ་རྗེའི་ཕྱག་རྒྱ་ཌོམྦི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་རིགས་འདི་དག་གང་གི་སྙམ་པ་ལ་གསུངས་
པ། དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ཀྱིའོ། །མདོར་བསྡུས་པས་ནི་བསྡུས་པས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དོན་ཇི་ལྟ་བུ་སྙམ་པ་ལ། དེ་བཞིན་ཉིད་དུ་ཞེས་པ་སྟེ། གསུངས་པ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེ་

བཞིན་ཉིད་དེ། དེ་བཞིན་གཤེགས་པ་དེའི་ཚུལ་གྱིས་མི་གནས་པར་གནས་པའི་སྦྱོར་བས་སོ། །དཔལ་ལྡན་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་སོ། །དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱིས་དེ་བཞིན་ཉིད་དུ་གཤེགས་ནས་སླར་བསོད་ནམས་
ཀྱི་ཚོགས་ཀྱི་མཐུས་སླར་ཡང་འཁོར་བར་འོངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །མདོར་བསྡུས་ན་ནི་རྣམ་པ་ལྔ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ལྔའི་ནང་དུ་འདུས་པའོ། །གཞན་ཡང་གསུམ་དུ་སྡུད་པར་བྱེད། །ཅེས་པ་ནི་གང་ལས་སྙམ་
པ་ལ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་གྱིས་དབྱེར་མེད་ཀྱང་། སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ། །ཞེས་བྱ་བའི་དོན་ཏོ། །རྣམ་པ་གསུམ་གང་སྙམ་པ་ལ། །རིགས་ལྔ་རྣམས་ནི་འབྱུང་བ་ལྔ། །ཞེས་བྱ་བ་གསུངས་
ཏེ། ཕུང་པོ་ལྔའི་རང་བཞིན་ནམ། ས་དང་། ཆུ་དང་། མེ་དང་། རླུང་དང་ནམ་མཁའ་རྣམས་སོ། །ཕྱག་རྒྱའི་དོན་སྔར་བཤད་ནས་རིགས་ཀྱི་དོན་གསུངས་པ། རིགས་ནི་གྲངས་ཞེས་བྱ་བ་ཞེས་པ་ནི་དགའ་བ་ལ་སོགས་པའི་དབྱེ་བས་བདེ་བ་ཆེན་པོ་འདིས་རིགས་ཞེས་བྱ་བར་མངོན་པར་བརྗོད་པའོ། །
ད་ནི་སྔགས་དང་ལྷ་དག་གི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་གཞི་གདིང་བར་བྱ་བའི་ཕྱིར་རོ། །སྒོམ་པ་པོ་མེད་པ་ནི་བྱེད་པ་པོའོ། །སྒོམ་པ་འང་མེད་ཅེས་པ་ནི་བསྒོམ་པའོ། །ཡང་ན་སྒོམ་པ་པོ་མེད་ཅེས་པ་ནི་གང་ལས་གང་གི་ཕྱིར་ཞེ་ན། ཕུང་པོ་ལྔའི་བདག་ཉིད་ཀྱི་དངོས་པོ་མེད་པའོ། །གསུངས་
པ་རིགས་པ་སྟེ་རྒྱུ་དེས་སྔགས་དང་ལྷ་ཡང་མེད་དེ་དངོས་པོ་སྐྱེ་བ་མེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་སྔགས་དང་ལྷ་མེད་པ་དེའི་ཚེ་ཆོས་ཐམས་ཅད་མེད་པས་ངལ་བ་འབྲས་བུ་མེད་པ་ཡིན་ནོ་སྙམ་པ་ལ་ཡོད་ཅེས་བྱ་བ་སྨོས་ཏེ། གལ་ཏེ་ཡོད་ན་ཡང་རྟག་པར་ལྟ་བར་ལྟ་བའོ་སྙམ་པ་ལ་སྤྲོས་པ་
མེད་ཅེས་པ་སྟེ་སྤྲོས་པ་ནི་འཁྲུལ་པས་ཀུན་དུ་བརྟགས་པའི་གཟུང་བ་ལ་སོགས་པའོ། །དེས་སྟོང་པ་ཉིད་ཀྱིས་གནས་པ་སྟེ། གནས་པ་མེད་པའི་སྦྱོར་བས་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད་ཀྱི་གནས་སུའོ། །དེ་ཉིད་ཀྱིས་ན། ངེས་པར་དངོས་པོ་འདི་དག་ཀུན། །དེ་བཞིན་ཉིད་དུ་རྣམ་པར་

དག །ཅེས་འཆད་པར་འགྱུར་རོ། །གང་དག་དེ་བཞིན་གཤེགས་པ་དེ་དག་གི་མིང་ནི་ཅི། རིགས་དྲུག་ནི་གང་དག་སྙམ་པ་ལ། རྣམ་པར་སྣང་མཛད་མི་བསྐྱོད་པ། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །ཨཱ་རོ་ལྀཀ་ནི་འོད་དཔག་ཏུ་མེད་པ་སྟེ། རོ་ལྀཀ་ནི་རྩོད་
པའོ། །དེ་ཡང་མཆོག་ཏུ་དགའ་བའི་རང་བཞིན་འདོད་ཆགས་ཆེན་པོ་ལ་ཡོད་པ་མ་ཡིན་པས་ཨཱ་རོ་ལྀཀ་གོ། །འདི་དག་ཉིད་ཀྱི་མིང་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཚངས་པ་ཁྱབ་འཇུག་ཅེས་བྱ་བ་ལ་སོགས་པའོ། །ཇི་ལྟར་འདི་དག་གི་མིང་དེ་སྐད་ཅེས་བྱ་སྙམ་པ་
ལ་གསུངས་པ། ཚངས་པ་མྱ་ངན་ལས་འདས་པ། །ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སངས་རྒྱས་རྣམ་པར་སྣང་མཛད་ལ་ཚངས་པ་ཞེས་གསུངས་སོ། །ཤིན་ཏུ་རྣམ་པར་དག་པ་
ཆོས་ཀྱི་དབྱིངས་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཁྱབ་པ་ནི་བཞུགས་པ་སྟེ། མི་བསྐྱོད་པ་ལ་ཁྱབ་འཇུག་ཅེས་གསུངས་སོ། །བྱ་བ་གྲུབ་པའི་རང་བཞིན་གྱིས་སེམས་ཅན་འདི་དག་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་མཚན་ཉིད་དགེ་བ་སྟེར་བར་
བྱེད་པས་ཞི་བ་སྟེ་དོན་ཡོད་གྲུབ་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་མཉམ་པས་ཐམས་ཅད་ནི་རིན་ཆེན་མཆོག་གོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་དེ་ཁོ་ན་ཉིད་སོ་སོར་རྟོགས་པ་བདེ་བ་ཆེན་པོ་ནམ་མཁའ་ལྟ་བུ་ཉིད་ཀྱིས་དེ་ཁོ་ན་ཉིད་
ནི་འོད་དཔག་ཏུ་མེད་པའོ། །དགའ་བ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་རྟོགས་པའི་རང་བཞིན་ཙམ་གྱི་གནས་སྐབས་ཀྱིས་རྣམ་པར་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་སྟེ། རིགས་ཐམས་ཅད་བསྡུ་ན་དེ་བཞིན་གཤེགས་པ་དྲུག་གོ། །དེ་ཉིད་ཀྱིས་རྣམ་པར་སངས་རྒྱས་ཞེས་པ་ནི་
ཁྱད་པར་དུ་འཕགས་པའི་སངས་རྒྱས་ནི་རྣམ་པར་སངས་རྒྱས་སོ། །ཡང་ན་ཤེས་རབ་ཉིད་རིགས་ཏེ་རིགས་སུ་བྱ་ཞིང་བརྟག་པར་བྱ་བ་འདིས་རིགས་སོ། །དེ་ཉིད་ལ་མཚོན་པར་བྱ་བ་དང་མཚོན་པར་བྱེད་པ་མེད་པས་སྟོང་པ་ཉིད་དུའོ། །སྒོམ་པ་པོ་མེད་པ་ནི་རྣལ་འབྱོར་པར་དམིགས་པ་

མེད་པའོ། །དེ་བཞིན་དུ་བསྒོམ་པའང་མེད་ཅེས་པ་དེ་ལྟར་དེའི་གནས་སྐབས་ཀྱི་སྔགས་མེད་པ་དང་ལྷ་མེད་པའོ། །སྤྲོས་པ་མེད་པ་ལས་ནི་ཞེས་པ་དེ་ཉིད་བདེ་བ་ཆེན་པོ་ཡིད་ཀྱི་རང་བཞིན་ཉིད་སྔགས་སོ། །ལྷ་ཡང་བདེ་བ་ཆེན་པོའི་རོལ་པའི་རང་བཞིན་ཉིད་དམ། ལུས་
ལས་བྱུང་བ་ཉིད་ལྷ་སྟེ་དེའི་ཚུལ་གྱིས་མཛེས་པས་རྣམ་པར་སྣང་མཛད་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་དབྱེར་མེད་པ་ཉིད་ཀྱིས་མི་བསྐྱོད་པའོ། །འབྲས་བུ་དང་བཅས་པ་ཉིད་ཀྱིས་དོན་ཡོད་གྲུབ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུ་ཉིད་ཀྱིས་རིན་
ཆེན་མཆོག་གོ། །སྤྲོས་པ་མེད་པ་ཉིད་རྩོད་པའི་དངོས་པོ་མེད་པས་ཨཱ་རོ་ལྀཀ་གོ། །དེ་དང་དེ་ཉིད་ཐམས་ཅད་ཉེ་བར་སྡུད་པའི་ཚུལ་ཉིད་ཀྱིས་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། སྲིད་པ་གསུམ་གཅིག་པའི་ཚུལ་ཅན་དེས་གནས་ཅན་ནོ། །དེ་ཉིད་ཚངས་པ་ལ་སོགས་པའི་སྒྲས་ཀྱང་
བཤད་པར་བྱ་སྙམ་པ་ལ་གསུངས་པ། ཚངས་པ་ཞེས་པའོ། །གང་ལས་སྙམ་པ་ལ་གསུངས་པ། ཚངས་པ་མྱ་ངན་ལས་འདས་པ། །ཞེས་པ་སྟེ། ཤིན་ཏུ་ཞི་ཞིང་གཉིས་སུ་མེད་པའི་ཡེ་ཤེས་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཚངས་པའོ། །ཆོས་ཐམས་ཅད་ལ་ཁྱབ་པས་ནི་ཁྱབ་
འཇུག་གོ། །ཐམས་ཅད་དུ་ཞི་བའི་ཚུལ་གྱིས་ཞི་བའོ། །ཐམས་ཅད་ཀྱི་བདག་ཉིད་དང་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་ན་ཐམས་ཅད་དོ། །བདེ་བའི་མཆོག་ཉིད་ཀྱིས་དམིགས་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱང་དེའོ། །དགའ་བ་ནི་ཤེས་རབ་དང་ཐབས་གཉིས་
སུ་མེད་པའི་སྦྱོར་བས་རྟོགས་པ་དེའི་ཕྱིར་རྟོགས་པའི་རང་བཞིན་ཉིད་རྣམ་པར་སངས་རྒྱས་ཏེ་ཁྱད་པར་གྱིས་སངས་རྒྱས་པའོ། །ཡང་ན་དེ་ཉིད་ལུས་ལས་ཡང་དག་པར་བྱུང་བ་ཡིས། ལྷ་ཉིད་ཅེས་བྱ་བར་ཡང་བརྗོད་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བར་ཡང་གསུངས་ཏེ། གང་གི་ཕྱིར་
སྙམ་པ་ལ། བཅོམ་པ་མངའ་ཞེས་བྱ་བ་འདི་གསུངས་ཏེ། བཅོམ་ཞེས་བྱ་བ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །དེ་ནས་བརྩོན་འགྲུས་ལྡན་གྱུར་པས། །དེ་བས་བཅོམ་པ་ཞེས་བྱར་གྲགས། །ཞེས་སོ། །ཡང་ན་ཉོན་མོངས་པ་ལ་སོགས་པའི་

བདུད་རྣམས་རྩ་བ་ནས་འདོན་པར་བྱེད་པས་ན། ཤེས་རབ་ཉིད་ལ་བཅོམ་པར་གསུངས་སོ། །བཅོམ་པ་འཇོམས་པར་བྱེད་པར་གསུངས། །ཉོན་མོངས་པ་ཡི་བདུད་བཅོམ་པས། །ཤེས་རབ་ཉོན་མོངས་བཅོམ་པ་ཡང་། །དེ་ཕྱིར་ཤེས་རབ་འཇོམས་པར་གསུངས། །ཤེས་སོ། །སྔར་བསྟན་
པའི་མ་ལ་སོགས་པ་སྒྲའི་དོན་གསུངས་པ། མ་ཞེས་པ་ནི་སྐྱེད་པར་བྱེད་པ་སྟེ། གང་གི་ཕྱིར་འགྲོ་བ་སྐྱེད་པར་བྱེད་པ་ནི་འཇིག་རྟེན་ཐམས་ཅད་དོ། །ཡང་ན་འགྲོ་བ་ཞེས་པ་བརྟན་པའོ། །བསྐྱེད་པ་ཞེས་པ་གཡོ་བའོ། །ཡང་ན་འགྲོ་བ་བསྐྱེད་པ་ནི་འགྲོ་བ་སྐྱེད་པར་བྱེད་པའི་བདེ་བ་ཆེན་པོ་སྟེ།
འགྲོ་བ་སྐྱེད་པར་བྱེད་པས་ཤེས་རབ་ཉིད་ལ་མར་གསུངས་སོ། །དེ་ཉིད་སྲིང་མོ་སྟེ། གང་གི་ཕྱིར་དགའ་བ་ལ་སོགས་པ་འབྱེད་ཅིང་སྟོན་པར་བྱེད་པས་སོ། །དེ་ཉིད་ཁྲུས་མཁན་མ་སྟེ་འདོད་ཆགས་ཀྱི་རང་བཞིན་འདོད་ཆགས་ཆེན་པོས་དག་པར་བྱེད་པས་ཁྲུས་མཁན་མའོ། །དེ་ཉིད་སངས་
རྒྱས་ཐམས་ཅད་ཀྱི་ཡོན་ཏན་འདྲེན་པར་བྱེད་པས་བུ་མོའོ། །དེ་ཉིད་ཀྱང་གར་མཁན་མ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གར་བྱེད་པས་སམ། གནས་པ་མེད་པའི་སྦྱོར་བས་གཡོ་བ་ཉིད་ཀྱིས་གར་མཁན་མའོ། །རྣམ་པར་རྟོག་པ་དེ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་
རེག་པའི་ཡུལ་མ་ཡིན་པས་རེག་ཏུ་མེད་པ་སྟེ། དེ་ཉིད་ཀྱིས་གཡུང་མོར་གསུངས་སོ། །ད་ནི་འདི་ལྟ་བུར་གྱུར་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བྱ་བ་དེ་ཐམས་ཅད་ཕྱག་རྒྱ་དང་སྔགས་དང་ཏིང་ངེ་
འཛིན་གྱི་རང་བཞིན་ཏེ། དེའི་རང་བཞིན་མ་ལུས་པ་སྣ་ཚོགས་པ་ཡིན་ནོ་ཞེས་གསུངས་པ་ནི། བརྗོད་པ་ཡིས་ནི་བཟླས་པར་གྲགས། །རིགས་པ་གཞན་ཡང་གསུངས་པ། ཨཱ་ལི་ཀཱ་ལི་རབ་བརྗོད་པས། །ཞེས་པ་སྟེ། ཨཱ་ལི་ཀཱ་ལི་དང་བྲལ་བས་བརྗོད་པ་ཡོད་པ་མ་ཡིན་ཏེ། དེ་དག་ཀྱང་སོ་
སོར་སྔགས་ཀྱི་རང་བཞིན་ཉིད་དོ། །དེ་གསུངས་པ་ཨཱ་ལི་ཀཱ་ལི་དག་གི་སྔགས། གང་ཡང་དེ་དག་ལས་བྱུང་གང་། །ཞེས་སོ། །ཡང་གསུངས་པ། གང་ཡང་ངེས་པར་སྔགས་ཡོད་མིན། །འགྲུབ་པ་ཡོད་པས་རྣམ་པར་གནས། །ཞེས་སོ། །མནན་པ་ལས་བྱུང་བ་དེས་བྲིས་པའི་

དཀྱིལ་འཁོར་སྟེ། མནན་པས་དཀྱིལ་འཁོར་འདྲི་བ་ལ་མངོན་པར་ཞེན་པ་རྣམས་ཟློག་པར་བྱེད་དོ། །ལག་པ་བསྐྱོད་པ་ནི་རྣམ་པ་སྣ་ཚོགས་ཀྱི་གར་བྱེད་པས་འབྱེད་པ་སྟེ། ལག་པ་བསྐྱོད་པའི་བྱེ་བྲག་གོ། །དེ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཡིན་ཞེས་པ་སྟེ། དེ་ལྟ་
བུའི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་གསུངས་སོ། །འདི་ནི་བདེ་བ་ཆེན་པོ་དང་ལྷ་མངོན་སུམ་ཉིད་དུ་མཐོང་བའི་རང་བཞིན་ཉིད་ཀྱིས་སོ་སོར་སྣང་བའི་ཕྱག་རྒྱ་མཆོག་ཡིན་ནོ། །དེ་ལ་ཡིད་ཀྱིས་གང་བསམས་པ། །ཞེས་པ་ནི་གཉིས་སུ་མེད་པའི་སྦྱོར་བ་དེས་གང་བསམས་པ་དེ་ཉིད་བསམ་
གཏན་ནོ། །གང་ལས་སྙམ་པ་ལ། གང་ཕྱིར་རྣམ་བསམས་བསམ་གཏན་ནོ། །ཞེས་པ་སྟེ། སེམས་པར་བྱེད་པས་བསམས་པ་སྟེ། །དེ་ཁོ་ན་ཉིད་ཀྱི་ཚུལ་དུ་རྣམ་པར་སེམས་པར་བྱེད་པ་སྟེ། དེ་ཉིད་བསམ་གཏན་ནོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་འདིའི་ནི་གང་ཉིད་དམིགས་ཤིང་
བསམས་པ་དེ་ཉིད་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དེར་སྣང་བས་བསམ་གཏན་དུ་གྱུར་པ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལས་གཞན་དུ་བསམ་པར་བྱ་བ་ཡོད་པ་མ་ཡིན་ནོ། །དེ་ཡང་སོ་སོར་གཅིག་གམ་དུ་མས་དབྱེར་མེད་པས་ཐམས་ཅད་རྣམ་པར་དག་པ་སྟེ།
གཞན་དུ་ལྷག་མ་ཡོད་པ་མ་ཡིན་ནོ། །གང་དང་གང་དུ་ཡིད་བསམས་པ། །དེ་ཉིད་ལ་སྦྱོར་ཤེས་པར་བྱ། །གང་དུ་བསྐྱོད་པའི་འགྲོ་བ་དེ། །གང་ཕྱིར་དེ་ཡི་རང་བཞིན་པས། །ཞེས་སོ། །ཧེ་རུ་ཀ་གནས་གནས་པ་ཡི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །བརྗོད་པ་ཡི་ནི་ཚོགས་
རྣམས་ཀུན། །དེ་སྙེད་སྔགས་དང་ཕྱག་རྒྱ་ཡིན། །ཇི་ལྟར་ཕ་ཡི་བདེ་ཐོབ་པ། །ཞེས་པ་ནི་ཕ་ནི་བླ་མ་སྟེ། དེ་ལ་ཡོད་པའི་མན་ངག་གང་ཡིན་པའོ། །བདེ་བ་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་སྐད་ཅིག་ཙམ་མོ། །ཐོབ་པ་ནི་བདེ་བ་དེ་ལ་ཡུན་རིང་པོའི་དུས་སུ་གནས་པས་མཆོག་ལ་སོགས་
པའི་ཡོན་ཏན་དང་ལྡན་པར་རྣལ་འབྱོར་པ་རང་གི་ཕྱག་རྒྱ་ལ་ལྟོས་པ་མེད་པར་སྤྱོད་པར་འགྱུར་རོ། །དེ་ཇི་ལྟར་སྙམ་པ་ལས། གང་གིས་འཆི་བ་ཞེས་བྱ་བ་སྨོས་ཏེ། གང་གིས་ནི་བདེ་བ་ཆེན་པོ་སྐྱེས་པས་རྣམ་པར་རྟོག་པ་དང་། དེའི་མཐུ་ལས་བྱུང་བ་ཉོན་མོངས་པའི་དྲ་བ་གཟུང་བ་ལ་སོགས་

པ་བཤིག་ནས་ལྷན་ཅིག་སྐྱེས་པའི་བདེ་བ་དེ་དང་དེ་ཉིད་རང་གིས་སྤྱོད་པར་འགྱུར་ཏེ། དེ་ཉིད་ཀྱང་དེ་ལྟ་བུར་གྱུར་པའི་བདེ་བ་ཡང་དག་པར་རྟོགས་པར་བྱེད་ནུས་ཏེ། རང་རིག་པ་ཙམ་དེ་ཁོ་ན་ཉིད་མཐར་ཕྱིན་པའི་དངོས་པོ་མེད་པའི་བསམ་གཏན་ཞེས་གསུངས་ཏེ། དོན་དམ་པའི་བསམ་གཏན་
གྱི་སྒྲར་བརྗོད་དོ། །དེ་བས་བསམ་པའི་དམིགས་པ་མེད་དེ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའི་བཤད་པའོ།། །།དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་དྲོད་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་གསུངས་པ། དེ་ནས་གཞན་ཞེས་པ་སྟེ། དེ་ནས་
ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པའི་དེ་ཁོ་ན་ཉིད་བཤད་པ་ལས་གཞན་དེ་དང་དེ་དག་གི་སྤྱོད་པ་བྱ་བའོ། །ཕ་རོལ་འགྲོ་བ་ཞེས་པ་ནི་སྤྱོད་པ་མ་ལུས་པའི་མཆོག་ཏུ་གྱུར་པ་སྟེ། འདི་ནི་ཤིན་ཏུ་སྤྱོད་པ་དང་ལྡན་པ་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གང་གིས་གྲུབ་པའི་མཐར་འགྲོ་བ་ཞེས་པ་ནི་གང་
གིས་ནི་འཆད་པར་བྱེད་པའི་སྤྱོད་པས་སོ། །གྲུབ་པའི་མཐར་ནི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་གཞུང་ངོ་། །འགྲོ་བ་ནི་དེ་དོན་དུ་གཉེར་བ་རྣམས་ལ་དེ་བཞིན་དུ་བཤད་པར་བྱའོ་ཞེས་པའོ། །ཅིའི་ཕྱིར་སྙམ་པ་ལ། ཀྱེ་ཡི་རྡོ་རྗེ་དངོས་གྲུབ་རྒྱུས། །ཞེས་པ་སྟེ། ཀྱེའི་རྡོ་རྗེ་ནི་དངོས་གྲུབ་དེའི་
མཚན་མ་སྟེ། གསུངས་པ་ཡོངས་སུ་ཤེས་པ་དང་སྤྱོད་པ་སྤྱད་དོ། །ད་ནི་དེའི་ཆོས་ཀྱི་རྒྱལ་སྲིད་ཉིད་ཀྱི་དབང་དུ་བྱས་ཏེ། རྒྱལ་ཚབ་ཀྱི་རྒྱན་རྣམས་རེ་ཞིག་ཇི་སྙེད་པ་བཤད་པར་བྱའོ། །སྒོམ་པ་པོ་ཡིས་ཞེས་པ་ནི། །དེས་ན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པའི་རྣལ་འབྱོར་པ་རྒྱལ་བའི་
སྲས་ཀྱི་ཐུ་བོས་སོ། །རྣམ་གཟུང་བྱ་ཞེས་པ་ནི་ཁྱད་པར་དུ་སངས་རྒྱས་ལྔའི་རིགས་ཀྱི་རྣ་ཆ་ལ་སོགས་པ་གཟུང་བར་བྱའོ། །བཅུ་ཕྱེད་ཅེས་པ་ནི་བདུད་རྩི་ལྔའོ། །ཧེ་རུ་ཀ་ཡི་སྦྱོར་བ་ཡིས། །ཞེས་པ་ནི་ཧེ་རུ་ཀའི་རྒྱུ་ལ་སོགས་པ་སྟོང་པ་ཉིད་ལ་སོགས་པའི་བདག་ཉིད་དུ་སྦྱོར་བ་གང་ཡིན་པ་དེ་
ནི་ཧེ་རུ་ཀའི་སྦྱོར་བ་སྟེ། དེའི་ཁ་དོག་ལྔ་རྣམས་ལ་ཞེས་པ་ལ། ལྔ་ནི་བྲམ་ཟེ་ལ་སོགས་པ་དང་རྡོ་རྗེའི་རིགས་ལ་སོགས་པའི་མཐར་ཐུག་པ་ཐ་མ་རྣམས་ལ་མཉམ་པ་ཉིད་ཀྱིས་སྤྱོད་པ་དང་། སློང་བ་དང་། རེག་པ་ལ་སོགས་པའི་ཆོས་བྱེད་པའོ། །ཡང་ན་སངས་རྒྱས་ལྔའི་བདག་ཉིད་དུ་ཕུང་པོ་

ལྔ་རྣམས་ལའོ། །དེ་ཉིད་ལ་མཉམ་པ་ཉིད་གསུངས་པ། ཁ་དོག་ལྔ་དང་ཡང་དག་ལྡན། །ཞེས་སོ། །ཁ་དོག་ལྔ་ནི་དེ་བཞིན་ཉིད་དུ་བསྡུས་པས་ཁ་དོག་གཅིག་ནི་གཉིས་སུ་མེད་པའོ། །བརྟག་པ་ནི་བསམ་པའོ། །གང་ལ་སྙམ་པ་ལ། ཁ་དོག་སྣ་ཚོགས་པ་ཉིད་ཅེས་
བྱ་བ་གསུངས་ཏེ། གང་གི་ཕྱིར་ནི་དོན་དམ་པ་ལས་སོ། །དབྱེ་བ་བརྟག་མི་བྱ་ཞེས་པ་ནི་དམིགས་པར་མི་བྱའོ། །ད་ནི་སྤྱད་པ་སྤྱོད་དུ་རུང་བ་ཉིད་རྙེད་པའི་ཕྱིར་རྣལ་འབྱོར་པའི་སྤྱོད་པའི་བསམ་གཏན་གྱི་རྗེས་སུ་མཐུན་པའི་གནས་གསུངས་པ། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ།
གནོད་སྦྱིན་ལ་སོགས་པས་བྱིན་གྱིས་བརླབས་པ་དང་ལྡན་པས་གཙོ་བོར་གྱུར་པའི་ཤིང་དང་། ཁྱབ་འཇུག་མ་ལ་སོགས་པའི་མ་མོའི་གནས་དང་། རྣལ་འབྱོར་མའི་གནས་དང་ཞིང་ལ་སོགས་པའོ། །དགོན་པ་ནི་བགྲོད་པར་དཀའ་བ་དང་། ལམ་རིང་བ་རྣམས་སོ། །ཡང་ན་རྐང་པ་དང་
ལག་པ་ལ་སོགས་པའི་ཡན་ལག་དང་ལྡན་པའི་ལུས་ཉིད་གཅིག་ཏུ་ཐུན་མོང་མ་ཡིན་པའི་ཤིང་སྟེ། བདེ་བ་ཆེན་པོའི་འབྲས་བུ་ཆེན་པོ་སྦྱིན་པར་བྱེད་པའོ། །དེ་ཉིད་དབུགས་ཕྱུང་བས་དུར་ཁྲོད་དོ། །མ་མོ་ནི་རྩ་ལ་སོགས་པའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱི་ཁྱིམ་མམ་མ་ནི་སྐྱེས་པར་
བྱེད་པས་ཀྱེའི་རྡོ་རྗེ་རང་གིས་ཤེས་རབ་ཉིད་ཁྱིམ་སྟེ་གནས་སོ། །མཚན་མོ་ནི་ཤེས་རབ་ཀྱིས་འདོད་ཆགས་ལ་སོགས་པ་འགགས་པ་ཉིད་དོ། །དབེན་པ་ནི་སྙིང་སྟོབས་ལ་སོགས་པའི་ཀུན་དུ་རྟོག་པ་དང་བྲལ་བའོ། །བས་མཐའ་ནི་འཁོར་ལོ་དག་གི་ནང་གི་ལམ་རྣམས་སོ། །དྲོ་བ་ཅུང་ཟད་
རྙེད་ནས་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་གྱི་མཐུ་ཐོབ་པ་ན་སྤྱོད་པ་བྱའི་གཞན་དུ་མ་ཡིན་ནོ། །དེ་ཉིད་ཀྱིས་འཆད་པར་འགྱུར་བ་ལས་འཇིགས་པའི་གཟུགས་ཀྱིས་ཞེས་པའོ། །གལ་ཏེ་འདོད་ཅེས་པ་ནི་ངེས་པ་ཐམས་ཅད་དུ་སྤྱོད་པ་བྱ་བ་མེད་པར་སྟོན་པར་བྱེད་དོ། །འོན་ཀྱང་ཚེ་འདི་ཉིད་ལ་དངོས་
གྲུབ་རྟོག་པར་འདོད་པ་རྣམས་ལ། གལ་ཏེ་འདོད་ན་དེའི་ཚེ་སྤྱོད་པ་སྤྱད་དོ། །ཅི་གཅིག་པུ་ཞིག་གིས་སམ་ཞེ་ན་མ་ཡིན་ནོ་ཞེས་གསུངས་པ། འདིས་ཞེས་པ་འཆད་པར་བྱེད་པས་སོ། །དེ་ཉིད་གསུངས་པ་བཞིན་མཛེས་མ་བྱ་བ་ལ་སོགས་པ་གསུངས་པའོ། །མི་ཡི་བུ་མོ་བླངས་ནས་ནི། །

དེ་ལ་ཆོས་ནི་བཤད་པར་བྱ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པ། །དངོས་གྲུབ་དེ་དང་ལྷན་ཅིག་འགྱུར། །ཞེས་སོ། །སྐལ་བ་དང་ལྡན་པའི་ལྷའི་རིགས་ཏེ་ཡི་དམ་གྱི་ལྷའི་རིགས་སོ། །ཀུ་རུ་ཀུལླེ་ལ་སོགས་པའི་རྣལ་འབྱོར་པའི་བསམ་པ་གསུངས་པ། བྱང་ཆུབ་ས་བོན་རབ་བཏང་ནས། །ཞེས་པ་
ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ་དང་། གསང་བའི་དབང་བསྐུར་བ་ལ་སོགས་པའི་རིམ་པས་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་རྡོ་རྗེ་ལྡན་པས་མཆོག །ཅེས་པ་ནི་རྡོ་རྗེའི་ཚིག་དང་ལྡན་པ་ཉིད་ཀྱིས་གླུ་བླང་བར་བྱ་སྟེ། གྲོང་གི་གླུས་བྱ་བ་ཡང་མ་ཡིན་ནོ། །གླུ་ཡང་བླང་སྟེ་ཤེས་
རབ་དང་། །རྣལ་འབྱོར་མ་ནི་དེས་མཉེས་སོ། །རྣམ་པ་དེ་བཞིན་གཞན་དུ་ཡང་། །རྣལ་འབྱོར་རིག་པས་དེ་ལྟར་བྱ། །ཞེས་སོ། །དེ་ཉིད་ཀྱི་རྣམ་པར་དག་པ་གསུངས་པ། ཀྱེ་ཡི་རྡོ་རྗེའི་ང་རྒྱལ་གྱིས། །སྔགས་ཀྱི་དག་པ་གླུ་ཡིན་ཏེ། །གར་ནི་བསྒོམ་པའི་རང་བཞིན་ཡིན། །ལག་པ་
རྐང་པ་སྤྱོད་པ་དག །དེ་ཉིད་ཀྱིས་གསུངས་པ། རྡོ་རྗེ་རྐང་པ་ཡིས་ཞེས་པ་དང་། རྣལ་འབྱོར་ཞེ་སྡང་རྣམ་དག་པ། །ཞེས་པའོ། །ཐམས་ཅད་དུ་དམ་ཚིག་ཐོབ་པར་བྱ་བ་གསུངས་པ། སྨན་ཡང་བཟའ་བར་བྱ་བ་དང་། །ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཆུ་ཞེས་པ་ནི་རྡོ་རྗེའི་ཆུའོ། །
རྐུན་མའི་སྐྲ་ཞེས་པ་ནི་མཚོན་གྱིས་ཕུག་པ་དང་འགེགས་ནས་བསད་པའི་རྐུན་མའི་སྐྲས་ཅོད་པན་བྱའོ། །དེ་ཉིད་ལས་ཡང་ཧཱུཾ་བྱུང་ཞེས་པ་ནི་རུས་པའི་རྒྱན་བྱས་པའམ། ཀྱེའི་རྡོ་རྗེ་དང་སྦྱར་བར་བྱ། །ཞེས་པ་ནི་བསྒོམ་པས་སྦྱར་བར་བྱའོ། །སྐྲ་ཡི་སྐུད་པ་ཉིས་སྐོར་གྱིས། །ཞེས་པ་ནི་
རྐུན་མའི་སྐྲའི་སྐ་རགས་ཉིས་སྐོར་བཅིང་བར་བྱའོ། །ཉིས་སྐོར་གྱི་རྣམ་པར་དག་པ་གསུངས་པ། ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །ཞེས་པའོ། །ཐལ་བ་ཞེས་པ་ནི་ཡན་ལག་ཐམས་ཅད་ལའོ། །སྐྲའི་དག་བྱེད་ཅེས་པ་ནི་རྐུན་མའི་སྐྲའི་མཆོད་ཕྱིར་ཐོགས་པས་སྤྲས་པའོ། །རྡོ་རྗེ་
ཐོད་པ་ནི་ཀྱེའི་རྡོ་རྗེ་སྟེ་དེའི་སྤྱོད་པས་སོ། །ངོ་ཚ་བ་ནི་འཛེམ་པའོ། །བྱ་བ་ནི་ལས་སོ། །བདག་ཉིད་ཀྱང་ཞེས་པ་ནི་བདག་ཏུ་ལྟ་བ་རྩ་ནས་དབྱུང་བའོ། །ལུས་ནི་སྦྱིན་པ་གཏང་བར་བྱ། །ཞེས་པ་ནི་ཐམས་ཅད་དུ་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕྱིར་རོ། །སྐལ་

དང་སྐལ་མིན་རྣམ་དཔྱད་ན། །ཞེས་པ་ནི་གཅིག་དང་དུ་མའི་སྦྱོར་བ་དང་ལྡན་པས་སྦྱིན་པ་དང་སྦྱིན་པར་བྱེད་པ་ལ་སོགས་པ་མི་དམིགས་པའོ། །གང་གི་ཕྱིར་དོན་དམ་པ་ལ་སྦྱིན་པར་མི་བྱ་བ་དེའི་ཕྱིར་རྣལ་འབྱོར་པས་མི་སྦྱིན་ཏེ་ལུས་མི་སྦྱིན་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་
ཐོབ་པས་ཀྱང་། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བླ་མ་ལ་ཕྱག་བྱ་སྟེ། གཞན་དུ་དངོས་གྲུབ་ཐམས་ཅད་ལས་ཉམས་ཏེ་དམྱལ་བ་ཉིད་དུ་ལྟུང་ངོ་ཞེས་བསྟན་པའི་ཕྱིར་གསུངས་པ་ནི་དངོས་གྲུབ་ཐོབ་པས་ཀྱང་ཞེས་པ་སྟེ། མནར་མེད་སྤང་བའི་རྒྱུ་ཡིས་ཞེས་སོ། །མནར་མེད་པ་
ནི་དམྱལ་བ་ཆེན་པོ་སྟེ། དེ་སྤང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པའི་བྱ་བ་ངེས་པར་ནི་བསླབ་པའོ། །དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ནི་དབང་ངོ་། །ངོ་ཚ་བ་ནི་རང་གི་རིགས་ཀྱི་རྗེས་སུ་མཐུན་པའི་བྱ་བ་མི་སྤྱོད་པ་དང་ཁྲེལ་ཡོད་པའོ། །དངོས་པོ་ཐམས་ཅད་ངོ་བོ་
ཡིས། །ཞེས་པ་ནི་དངོས་པོ་ཐམས་ཅད་ནི་ཕུང་པོ་ལྔའོ། །དེ་རྣམས་ཀྱི་ངོ་བོ་ནི་བླ་ན་མེད་པ་དེ་བཞིན་ཉིད་དེའི་ཚུལ་གྱིས་ནི་སྟོང་པ་ཉིད་དོ། །སྙིང་རྗེ་གསུངས་པ། སྙིང་རྗེ་ཆེན་པོ་ཞེས་པ་སྟེ། །དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྐུས་གནས་ཞེས་བྱ་བའི་དོན་ཏོ། །དེ་ལ་འཇིགས་པར་མི་
བྱ་ཞེས་པ་ནི་འཇིགས་པའི་རྒྱུ་མཐོང་བ་ན་རང་གཉིས་སུ་མེད་པར་དམིགས་པས་སེམས་ཞུམ་པར་མི་བྱའོ། །དེ་ཉིད་ཀྱིས་སེང་གེའི་གཟུགས་ཀྱིས་ཞེས་པ་ནི་སེང་གེའི་སྤྱོད་པས་སོ། །རྣམ་པ་ཐམས་ཅད་དུ་དེའི་རང་བཞིན་གྱིས་འཇིགས་པ་མེད་པར་སྤྱོད་པའོ། །སྙིང་རྗེ་ནི་བདེ་བ་ཆེན་པོའོ། །བཏུང་བ་
ནི་གཉིས་སུ་མེད་པའི་ཨ་བ་དྷཱུ་ཏཱི་བཞོས་ནས་སོ། །རྣལ་འབྱོར་བཏུང་བ་ཞེས་པ་ནི་རྣལ་འབྱོར་པས་བཏུང་བ་དེ་ལ་དགའ་བར་བྱེད་པའོ། །དེ་ལ་དགའ་བ་བསྐྱེད་པ་དང་ལྡན་པས་བཏུང་བ་གཞན་གྱི་རོ་ལ་ཆགས་ཤིང་དགའ་བར་མི་བྱའོ། །སྤྱོད་པའི་ལེའུ་བཤད་པ་སྟེ་དྲུག་པའོ།། །།ད་ནི་སྤྱོད་པའི་
རྣལ་འབྱོར་པ་གཞན་ནམ་རང་གི་དམ་ཚིག་ལ་གནས་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་མཐོང་བ་ན་སྐལ་བ་མེད་པ་ཡོངས་སུ་ཤེས་པར་བྱ་བས་ཡོངས་སུ་ཤེས་པར་བྱེད་པའི་རྒྱུ་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་བརྡའི་ལེའུ་ཞེས་པ་སྟེ། སྐལ་བ་མེད་པ་ཡོངས་སུ་ཤེས་

པར་བྱ་བའི་ཕྱག་རྒྱ་ནི་བརྡ་སྟེ། དེ་གསལ་བར་བྱེད་པའི་ངེས་པའི་ཚིག་ནི་བརྡའི་ལེའུའོ། །དེ་ཅིའི་ཕྱིར་བྱ་སྙམ་པ་ལ། གང་གི་རྣམ་པར་ཤེས་ཙམ་གྱིས། །ཞེས་པས་སོ། །སྤུན་ནི་རྡོ་རྗེ་སྤུན་ནོ། །སྲིང་མོ་ནི་རང་གི་དམ་ཚིག་ལ་གནས་པའི་རྡོ་རྗེའི་སྲིང་མོའོ། །ཐེ་ཚོམ་མེད་པ་ནི་སོམ་ཉི་མེད་
པའོ། །སོར་མོ་གཅིག་ནི་ལེགས་པར་འོངས་སམ་ཞེས་པའི་དོན་ཏོ། །བསྟན་པར་བྱ་ཞེས་པ་ནི་སྟེང་དུ་བྱ་བའོ། །སྲིན་ལག་བསྟན་པར་བྱ་ཞེས་པ་ནི་རང་གི་དམ་ཚིག་གིས་བལྟ་བར་བྱ་བའམ་སོར་མོ་གཞན་གྱིས་སོ། །པ་ཏི་ས་ཞེས་པ་ནི་སོར་མོ་དབུ་མ་གཉིས་དཔྲལ་བར་འཕྲེད་ལ་འཇོག་པའོ། །
རྩེ་གསུམ་ཞེས་པ་ནི་སོར་མོ་དབུ་མ་གསུམ་བརྐྱང་བའོ། །མཚམས་ཀྱི་མཐའ་ནི་དཔྲལ་བའི་དབུས་ཀྱི་སྟེང་གི་གནས་སོ། །ཁྲོ་གཉེར་ནི་དཔྲལ་བའི་གཉེར་མ་བསྡུས་པའོ། །གཙུག་ཕུད་དགྲོལ་བར་བྱ་ཞེས་པ་ནི་གཙུག་ཕུད་དགྲོལ་བའོ། །བྱ་ཞེས་པ་ནི་སླར་ལ་རྣལ་འབྱོར་པ་རྣམས་ཀྱིས་སྨྲ་
བར་བྱ་བའོ། །རྒྱབ་ཅེས་བྱ་བ་ནི་རྒྱབ་ཕྱིར་བསྒྱུར་བའོ། །ཕོ་ལོང་ཞེས་པ་ནི་བཙུན་མོ་དང་རྩེ་བའི་རྒྱུས་པགས་པ་ལ་སོགས་པའི་རི་ལུ་གྱེན་དུ་འཕེན་པར་སྟོན་ཅེས་བྱ་བའི་དོན་ཏོ། །ཕྱག་རྒྱ་དང་པོར་བསྟན་པ་དང་། གཉིས་པ་ཕྱག་རྒྱའི་ལན་གྱི་དབྱེ་བས་དམ་ཚིག་ཤེས་པར་བྱ་བ་ནི་གསལ་བར་
བྱ་བའོ། །སྨྲ་བར་བྱེད་ཅེས་པ་ནི་རང་གི་དམ་ཚིག་ལ་གནས་པ་མཐོང་ན་སྨྲ་ཞིང་བདག་ཉིད་གསལ་བར་བྱེད་པའོ། །འདི་ལྟར་མཐོང་བ་དང་གལ་ཏེ་ཕྲེང་བ་སྟོན་པ་ནི་ལག་པ་སྟོན་པར་བྱེད་པའོ། །འདུ་བར་བྱེད་བ་ནི་བདག་ཅག་དང་འཁོར་ལོ་འདིར་ཟེར་བའོ། །དེ་ལ་ཕྱག་རྒྱའི་ལན་མེ་ཏོག་གི་ཕྲེང་
བ་བོར་བ་ནི་དེ་ལྟ་བུར་སྟོན་པའོ། །དམ་ཚིག་ལ་གནས་པར་གྱིས་ཞེས་པ་ནི་སྨྲས་པ་བཞིན་བྱེད་པའོ། །རང་གི་དམ་ཚིག་ལ་ཇི་ལྟར་གནས་པར་བྱ་བ་ནི་བདག་ནི་བཀའ་བློ་བདེ་བར་དེར་འགྲོ་བར་བྱའོ། །ཕྱི་རོལ་ཞེས་པ་ནི་དུར་ཁྲོད་ལ་སོགས་པར་རོ། །འདུ་བར་ཞེས་པ་ནི་འཁོར་ལོར་རོ། །བཟང་པོའི་
སྤྱོད་ཡུལ་ནི་ཞིང་དང་གནས་ལ་སོགས་པ་གནས་བཟང་པོར་རོ། །དེའི་ཚེ་གནས་པ་ནི་དེར་འདུས་པ་སྟེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་འདུས་པའོ། །འདུས་པ་ཅན་གྱི་གནས་ལ་སོགས་པ་གཞན་གསུངས་པ། གནས་དང་ཉེ་བའི་གནས་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ས་ནི་བཅུ་

གཉིས་རྣམས། །ཞེས་པ་ནི་གནས་ལ་སོགས་པའོ། །འདི་དག་ནི་འདིར་བདག་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རབ་ཏུ་དགའ་བ་ལ་སོགས་པ་ལས་གཞན་མ་ཡིན་ནོ། །ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ། །མགོན་པོ་ནི་སངས་
རྒྱས་སོ། །གནས་ལ་སོགས་པའི་གནས་གསུངས་པ། གནས་ནི་ཛཱ་ལནྡྷ་རར་གསུངས། །ཞེས་བྱ་བ་ལ་སོགས་པའོ། །གནས་འདི་རྣམས་ཀྱང་སུམ་ཅུ་རྩ་གཉིས་ཏེ། མགོ་བོ་དང་སྤྱི་གཙུག་ལ་སོགས་པའོ། །མི་ཕྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཏེ། དེ་བསྡུས་ཤིང་ཉེ་
བར་བསྡུས་པས་འདུས་པ་ནི་ས་བཅུ་གཉིས་རྣམས་སུའོ། །རྣལ་འབྱོར་མ་རྣམས་གནས་སུ་འདུ་བའི་གནས་ཀྱི་ཉི་མ་གསུངས་པ། ཡི་དགས་ཟླ་ཕྱེད་ཅེས་གསུངས་པ་ནི་ནག་པོའི་ཕྱོགས་སོ། །རྒྱལ་མཚན་ནི་འཕྱང་བའོ། །མཚོན་གྱིས་གསད་པ་ནི་འཐབས་ནས་ཤི་བའོ། །ལན་
བདུན་པ་ནི་སྐྱེ་བ་བདུན་པ་སྟེ། ཁ་ན་མ་ཐོ་བ་མེད་པར་གྱུར་པས་གསད་པའི་ཆོ་གས་གསད་དེ། དེ་ཅིའི་ཕྱིར་མི་བཟའ་སྙམ་པ་ལ། སྙིང་རྗེ་བསྐྱེད་པར་བྱ་ཞེས་གསུངས་ཏེ། གསད་པའི་ཆོ་ག་འདི་བཟའ་བའི་དོན་དུ་མ་ཡིན་ཏེ། འོན་ཀྱང་ངན་འགྲོའི་སེམས་ཅན་སྙིང་རྗེས་བསྒྲལ་བའི་ཕྱིར་རོ། །
ཡང་ན་དངོས་པོ་ཐམས་ཅད་འདུས་པ་དེར་གསད་པར་བྱའོ། །འོ་ན་ནི་སྟོང་པ་ཉིད་འབའ་ཞིག་གིས་ཉན