Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 2
Văn bản gốc(Tây Tạng)
Trang 2 / 18 (50.000 ký tự/trang)
་ཉོན། །དངོས་གྲུབ་ཐམས་ཅད་རྣམས་ཀྱི་རྒྱུད། །རྣལ་འབྱོར་པ་ ལ་གྲོལ་བ་སྟེར། །རྡོ་རྗེ་སེམས་དཔས་གང་གསུངས་པ། །ཡེ་ཤེས་སྐུ་སྟེ་གཉིས་རྟོག་མེད། །རྩ་གསུམ་ལྟེ་བར་མགོན་པོ་ནི། །ལྟེ་བ་གསང་བའི་ནང་ན་གནས། །དེ་ཡི་འོག་དང་སྟེང་སོན་པ། །གློག་གི་དབྱུག་པ་མཚུངས་འོད་ཅན། །རྣམ་ཤེས་དབང་པོའི་ཁམས་ རྣམས་ནི། །ལུས་ལ་གནས་པ་སད་བྱེད་པའོ། །ས་ཡི་དབང་ཕྱུག་མ་དེ་ནི། །ལྟེ་བར་རྩེ་མོ་དབུས་མར་གནས། །གསང་བར་གཡས་ཀྱི་རྩེ་མོ་ཡང་། །ལྟུང་བཞིན་པ་ནི་གློག་དང་འདྲ། །རང་འདྲའི་ཤེས་རབ་ཡིན་པར་བརྗོད། །དེ་འདིར་གཏུམ་མོ་ཡིན་པར་བཤད། །དེ་ནི་ཐུར་དུ་རྩེ་གསུམ་ སྟེ། །དེ་བཞིན་གྱེན་དུའང་གསུམ་རྣམས་སོ། །ཚངས་པའི་རྩེ་མོ་དབུས་ན་གནས། །ཁྱབ་འཇུག་རྩེ་མོ་གཡོན་པ་ན། །གཡས་པ་དྲག་པོའི་རྩེ་མོའོ། །བཤང་བ་གཅི་བ་ཁུ་བ་འབབ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཟླ་བའི་རྩེ་མོ་གཡོན་པ་ན། །གཡས་པར་ཉི་མའི་རྩེ་མོའོ། །ཆུ་དང་ མེ་དང་ནམ་མཁའ་འབབ། །བརྐྱང་མ་གཡོན་དུ་ཡང་དག་བཤད། །གཡས་པ་ན་ནི་རོ་མར་བརྗོད། །དབུ་མར་ཨ་ཝ་དྷཱུ་ཏཱི་གང་། །དེ་ནི་གཡུང་མོར་རབ་བརྗོད་བྱ། །ལྟེ་བ་ནས་ནི་སྙིང་དབུས་སུ། །ལམ་གསུམ་བྱས་ནས་དེ་ནས་འགྲོ། །སྙིང་ག་ནས་ནི་མགྲིན་དབུས་སུ། །ལམ་གསུམ་བྱས་ནས་ སླར་ཡང་སོན། །དཔྲལ་བ་མགྲིན་པ་དག་དབུས་སུ། །ལམ་གསུམ་བྱས་ནས་སླར་ཡང་བགྲོད། །དཔྲལ་བ་གཙུག་ཏོར་དག་དབུས་སུ། །ལམ་གསུམ་བྱས་ནས་སླར་ཡང་བགྲོད། །གཙུག་ཏོར་ནས་ནི་སྣ་བར་དུ། །ལམ་གསུམ་བྱས་ནས་སླར་ཡང་བགྲོད། །སྣ་ཡི་བུ་ག་གཡོན་ པར་ནི། །བརྐྱང་མར་ཡང་དག་རྣམ་པར་གནས། །གཡས་སུ་རྩ་ནི་རོ་མའོ། །སྨིན་དབུས་ཨ་ཝ་དྷཱུ་ཏཱིའོ། །ལྟེ་བ་ལ་སོགས་འཁོར་ལོ་ལྔ། །དེ་རྣམས་ལམ་གསུམ་ལྔ་རྣམས་ཉིད། །ལྟེ་བ་ནས་ནི་ལྟེ་དབུས་སུ། །ཨ་ཝ་དྷཱུ་ཏཱིས་འགྲོ་ཞིང་འོང་། །འདབ་མ་རྣམས་ནས་འདབ་མ་ལ། །བརྐྱང་ མ་རོ་མ་དག་བཤད་དོ། །ལྟེ་བར་སྒྲ་གཅན་དེ་ནས་ཉིད། །ཟླ་བ་ཟླ་བས་མཚན་པ་ཡང་། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་ཝ་དྷཱུ་ཏཱི་རྩ། །གང་ཚེ་སྐྱེས་བུ་འདོད་མྱོས་པའི། །བརྐྱང་མ་དང་ནི་རོ་མ་དང་། །དེ་དག་སྦྱར་བའི་སྦྱོར་བ་ཡིས། །གཏུམ་མོ་ངེས་པར་འབབ་པར་བྱེད། །དེ་ནི་ ལྟེ་བའི་འཁོར་ལོར་འབར། །གཡུང་མོའི་ལམ་ནས་ངེས་པར་འབྱུང་། །སྒྲ་གཅན་ཟླ་བས་མཚན་ཕུག་ནས། །དེ་ནི་ཧཾ་ཡིག་ལ་རེག་བྱེད། །དེ་ཡིས་རེག་པས་ཧཾ་ཡིག་དེ། །དེ་ནས་བདུད་རྩི་དཀར་པོར་འཇུ། །དཀྱིལ་འཁོར་ལྔ་རྣམས་འབབ་བྱེད་པ། །ཕུང་པོ་ཁམས་སོགས་བསྲེགས་ པས་ན། །ཡུལ་དང་དབང་པོ་འགགས་པ་ན། །དགའ་བ་ལ་སོགས་འབྱུང་བ་ལ། །ཟླ་བ་ལས་ནི་ཐིག་ལེ་འཛག །ཧཾ་ཡིག་སྤྱི་བོར་ཡང་དག་གནས། །དཔྲལ་བ་ཟླ་བར་མགྲིན་ཉི་མར། །དེ་ནས་སྒྲ་གཅན་དུ་སོང་བ། །ལྟེ་བར་གཏུམ་མོ་ཞུགས་པ་ནི། །གསང་བའི་འཁོར་ལོར་དེ་ནས་ བགྲོད། །གསང་བའི་འཁོར་ལོར་འདི་ལྷུང་བ། །འདི་ནི་ཕྱུགས་ཆེན་དུ་བཤད་དོ། །འོག་ཏུ་རྩེ་གསུམ་རྩ་རྣམས་ཀྱིས། །གང་དུ་སྦུབས་སུ་རབ་ཏུ་བསྟན། །སྐྱེ་བ་བདུན་པ་ཕྱུགས་ཉིད་ནི། །མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར། །རྒྱལ་བ་ཡིས་ནི་ནད་རྣམས་འཕྲོག །ཕུང་པོ་ ཁམས་ནི་ཞུ་བ་ཡིས། །འཁོར་ལོས་སྒྱུར་བ་ཉིད་སྦྱིན་བྱེད། །དབང་པོ་དང་ནི་ཡུལ་བསད་པ། །འདི་ནི་མཁའ་ལ་སྤྱོད་ཉིད་སྟེར། །ཕྲ་ལ་སོགས་པའི་ཡོན་ཏན་ལྡན། །རྗེས་སུ་བཞུ་བས་སད་པ་སོགས། །མྱུར་དུ་སངས་རྒྱས་ཉིད་སྟེར་བྱེད། །ཇི་ལྟར་ཕྱི་རོལ་དངུལ་ཆུ་བཅིངས། ། དེ་ལྟར་ཡེ་ཤེས་བཅུད་འདི་ཡང་། །སྡུག་བསྔལ་ཐམས་ཅད་ངེས་འཇོམས་པའི། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །དེ་བཞིན་ཚངས་པ་ཁྱབ་འཇུག་ཕྱུགས། །གསང་བའི་འཁོར་ལོར་ངེས་ལྟུང་བ། །ཇི་སྲིད་བསྲེགས་པ་བདུན་གྱི་བར། །ཚེ་འདི་ཡངས་པ་སྦྱིན་པར་བྱེད། ། སྟེང་དུ་སྒྲ་གཅན་ཕྱུགས་སུ་བརྗོད། །ཟླ་བ་ཉི་མ་ཕྱུགས་ཆེན་པོ། །ཚངས་པའི་བུ་གར་ལྷུང་གྱུར་པས། །སྤྱོད་དང་གྲོལ་བའི་འབྲས་བུ་སྟེར། །ཁྲག་དང་ཆུ་རྒྱུས་དེ་བཞིན་དུ། །རྐང་མར་འབབ་པས་ལྟུང་བར་བྱ། །འདི་རྣམས་ཀྱང་ནི་ཕྱུགས་ཞེས་བྱ། །ཕྱི་རོལ་ཡུལ་ཅན་གཞན་ ཕྱུགས་མིན། །སྐྱེ་བ་བདུན་པ་ཕྱུགས་རྣམས་ནི། །ཀུན་ནས་མཆོག་གི་དབང་ཕྱུག་གོ། །ལུས་ལ་སྐྱེ་བདུན་ཇི་ལྟ་བར། །དེ་ལྟར་དེ་ནི་བཤད་བྱ་ཉོན། །བཟའ་དང་བཏུང་བའི་རོ་རྣམས་ཀུན། །ཟོས་དང་འཐུངས་པ་རྣམ་དྲུག་པོ། །སྨིན་པ་ལས་ནི་བཅུད་འགྱུར་ཏེ། །དེ་དེའི་སྐྱེ་བ་ དང་པོའོ། །དེ་ནས་ཁྲག་ཉིད་དུ་འགྱུར་ཏེ། །གཉིས་པར་གསལ་བར་འགྱུར་བ་ཡིན། །གསུམ་པ་ཤ་ཉིད་དུ་འགྱུར་རོ། །བཞི་པ་པགས་པ་ཉིད་དུ་འགྲོ། །ལྔ་པ་རྩ་ཉིད་འགྱུར་བ་ཡིན། །དྲུག་པ་རྒྱུས་པ་ཉིད་འགྱུར་རོ། །བདུན་པར་རྐང་ཉིད་དུ་འགྱུར་ཏེ། །འདི་ནི་ ལན་བདུན་པར་འགྱུར་རོ། །དེ་ཉིད་བརྟེན་པའི་སྦྱོར་བ་ཡིས། །མཛོད་དྲུག་རིགས་སུ་བརྗོད་པར་བྱ། །རིགས་ནི་ལུས་ཞེས་བཤད་པ་སྟེ། །རིགས་ལས་བྱུང་བ་ཁུ་བར་བརྗོད། །དེ་ཡིས་ནུས་མ་རྡུལ་དུ་བརྗོད། །ལུས་ནི་སྐྱེད་པར་བྱེད་པའི་རྒྱུ། །རྣམ་ཤེས་ཁྱབ་བྱེད་ཤེས་པ་ནི། །དེ་དག་ གི་ནི་དབུས་སུ་གནས། །ཟླ་བ་ཉི་མ་ལ་བརྟེན་ནས། །སྲིད་གསུམ་བདག་ཉིད་ཧེ་རུ་ཀ །སྟེང་འོག་གནས་པའི་དཔའ་བོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོའི་གཙོ། །རྩ་ནི་རྣམ་པ་བཞི་རྣམས་ཀྱིས། །སྤྱི་བོར་འཁོར་ལོ་བརྗོད་པར་བྱ། །དཔྲལ་བར་བཅུ་དྲུག་རྣམས་ཀྱིས་ཏེ། །མགྲིན་པར་ སུམ་ཅུ་གཉིས་རྣམས་ཀྱིས། །སྙིང་གར་འཁོར་ལོ་བརྒྱད་རྣམས་ཀྱིས། །དྲུག་ཅུ་རྩ་བཞི་རྣམས་ཉིད་ཀྱིས། །ལྟེ་བའི་འཁོར་ལོར་ཡང་དག་བཤད། །གསང་བར་སུམ་ཅུ་གཉིས་རྣམས་ཀྱིས། །རྩ་རྣམས་འཁོར་ལོའི་རྩིབས་བཤད་པ་འམ། །ཡང་ན་པདྨའི་འདབ་མ་རྣམས། །རྣལ་འབྱོར་ མ་རྣམས་དེ་བརྟེན་པ། །བྱ་བ་རྣམ་པ་དུ་མ་བྱེད། །ཡུལ་དང་དབང་པོའི་རང་བཞིན་གྱིས། །རྣམ་པར་ཤེས་པ་རབ་བསྐུལ་བ། །གནས་དང་ཉེ་བའི་གནས་སོགས་ཀུན། །དེ་ནི་རྩ་ཡི་པད་འདབ་རྣམས། །ལྷ་མོ་བཞི་ཡི་གཙུག་ཏོར་དུའོ། །སྒྱུ་མ་ཆེན་པོར་བརྗོད་པར་བྱ། །འདི་ནི་ལྟེ་བའི་ འཁོར་ལོ་ཡི། །དང་པོའི་དཀྱིལ་འཁོར་དུ་ནི་འཆར། །དཔྲལ་བར་ཐིག་ལེ་རྡོ་རྗེ་ནི། །རྩ་རྣམས་བརྒྱད་དང་ལྡན་པར་འགྱུར། །མིག་གཉིས་དེ་བཞིན་རྣ་བ་དག །སྣ་དང་ལྕེ་དང་འཕྱང་བའོ། །གཽ་རཱི་ལ་སོགས་ལྷ་མོ་ནི། །གཟུགས་སོགས་དང་ནི་ས་སོགས་རྣམས། །ཟླ་བའི་ཆ་ དབྱེས་བདག་མེད་མ། །འདི་ཉིད་དུ་ནི་རབ་ཏུ་བརྗོད། །ཞལ་གསུམ་ཕྱག་དྲུག་མགྲིན་པར་ཏེ། །དེ་ནི་སུམ་ཅུ་གཉིས་ཁོ་ནས། །སྙིང་ལའང་ལྷ་མོ་བརྒྱད་རྣམས་དང་། །ཕྱག་བཞི་པ་འདི་ཡང་དག་བཞུགས། །སེམས་ཀྱི་རྡོ་རྗེར་ཁྱབ་འཇུག་ཆེ། །མི་བསྐྱོད་པ་ཡི་རིགས་ལས་བྱུང་། ། འཇིག་རྟེན་གསུམ་བསྐྱོད་ལྟེ་བར་ཏེ། །དེ་ནི་དྲུག་ཅུ་བཞི་ཉིད་ཀྱིས། །འདི་རྣམས་མཁའ་འགྲོ་ལྔ་རུ་བཤད། །མཁའ་འགྲོ་མ་རྣམས་ཁམས་ལྔ་རྣམས། །འདི་རྣམས་འཁོར་ལོ་ལྔ་ལ་གནས། །དྲུག་པ་གསང་བར་བདག་པོ་ཆེ། །མཁའ་འགྲོ་སུམ་ཅུ་གཉིས་རྣམས་དང་། །ལྷན་ ཅིག་ཁམས་གསུམ་དབང་ཕྱུག་གོ། །འཁོར་ལོ་དྲུག་ལ་ལྷ་མོ་རྣམས། །ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱའོ། །དུས་ཀྱི་འཁོར་ལོ་ཞེས་པར་བཤད། །རིགས་དྲུག་རྣམས་ཀྱིས་གཅིག་བསྡུས་པའོ། །དཔྲལ་བ་སྤྱི་བོར་རྩ་རྣམས་གང་། །ཉི་ཤུ་བད་ཀན་འབབ་བྱེད་པའོ། །མགྲིན་པ་སྙིང་ གའི་བཞི་བཅུ་རྣམས། །དེ་བཞིན་མཁྲིས་པ་འབབ་བྱེད་པའོ། །ལྟེ་བ་གསང་བར་བཅུ་དྲུག་གང་། །བརྒྱད་ཅུ་རླུང་ནི་འབབ་བྱེད་པའོ། །འདུས་པའི་རང་བཞིན་ལ་སོགས་པའོ། །གསང་བའི་འཁོར་ལོའི་རྩ་བཅུའོ། །སྟེང་འོག་རྩ་གསུམ་གང་ཡིན་རྣམས། །འཁོར་ལོ་དྲུག་ནི་ འགོག་བྱེད་པའོ། །ཉེ་བའི་རྩ་རྣམས་དུ་མ་སྟེ། །དེ་ལས་ལུས་ནི་གང་ནས་གནས། །དེ་རྣམས་སྟོང་ཕྲག་བདུན་ཅུ་གཉིས། །ལུས་ལ་དེ་སྙེད་ལྷ་མོ་རྣམས། །བ་སྤུའི་གྲངས་ཀྱི་འབྱུང་པོ་སྟེ། །བྱེ་བ་ཕྲག་གསུམ་ཕྱེད་བཅས་རྣམས། །སྐྲ་ཡི་གྲངས་ཀྱིས་གྲུབ་པ་གནས། ། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །དབུགས་དྲུག་རྣམས་ཀྱི་ཆུ་སྲང་སྟེ། །ཆུ་སྲང་དྲུག་ཅུས་ཆུ་ཚོད་དོ། །ཆུ་ཚོད་དག་གིས་ཡུད་ཙམ་ཅིག །བཞི་ཆས་དམན་པ་བཞི་རྣམས་ཀྱིས། །ཐུན་ཚོད་ཕྱེད་པ་དེ་གཅིག་འགྱུར། །ལྔ་རྣམས་ཀྱིས་ནི་དུས་སྦྱོར་འགྱུར། །དུས་སྦྱོར་ཕྱེད་གཉིས་ ཐུན་ཚོད་འགྱུར། །ཐུན་ཚོད་གཉིས་ནི་ཐུན་མཚམས་གཅིག །དེ་བཞི་རྣམས་ཀྱིས་ལུས་ཅན་གྱི། །ཉིན་ཞག་ཏུ་ནི་རབ་ཏུ་བརྗོད། །དེ་ཡང་དུས་སྦྱོར་བཅུ་གཉིས་ཀྱིས། །དབུགས་རྣམས་དྲུག་བརྒྱ་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས། །ཉི་མའི་དབྱུ་གུ་དང་མཉམ་པས། ། ཟླ་ཕྱེད་ཉི་ཤུ་རྩ་བཞི་དང་། །དེ་བཞིན་ཟླ་བ་བཅུ་གཉིས་ཀྱིས། །དུས་ཚིགས་དྲུག་གིས་ཇི་བཞིན་བཤད། །སྦྱོར་བའི་དུས་ནི་མཉམ་པ་བཞིས། །དུས་གསུམ་གྱིས་ཏེ་བགྲོད་གཉིས་ཀྱིས། །དེ་ལྟར་ལུས་ལ་ཉིན་ཞག་འགྱུར། །དབུགས་རྣམས་དགུ་བརྒྱས་ཟླ་བ་ཕྱེད། །ཟླ་བ་བརྒྱ་ཕྲག་ བཅོ་བརྒྱད་ཀྱིས། །སུམ་ཅུ་དྲུག་གིས་དུས་ཚིགས་བཤད། །ལྔ་སྟོང་བཞི་བརྒྱས་སྦྱོར་བའི་དུས། །བདུན་སྟོང་ཉིས་བརྒྱས་གསུམ་ཅན་དུས། །བགྲོད་པ་བརྒྱད་བརྒྱས་ལྷག་པ་ཡི། །སྟོང་ཕྲག་བཅུས་སོ་དེ་བཞིན་དུ། །གཉིས་ཀྱིས་ལོ་གཅིག་བརྗོད་པར་བྱ། །འཕོ་ བ་ལ་ནི་དབུ་མའི་དབུགས། །ལྔ་བཅུ་རྩ་དྲུག་རྐང་པར་བཅས། །བདུན་ཅུ་རྩ་ལྔས་ལྷག་པ་ཡི། །བརྒྱ་ཕྲག་དྲུག་རྣམས་བཅུ་གཉིས་ལའོ། །དེ་རྣམས་ལོ་བརྒྱའི་དབུགས་རྣམས་ཀྱིས། །ཕྱོགས་གསུམ་དང་ནི་ལོ་གསུམ་མོ། །ཨ་ཝ་དྷཱུ་ཏཱིའི་དུས་སུ་འགྱུར། །སྲོག་ཆགས་རྣམས་ ལ་འཆི་སྟེར་བྱེད། །བརྐྱང་མ་ལ་ནི་ཉིན་མཚན་དུ། །གལ་ཏེ་རླུང་གིས་འབབ་བྱེད་ན། །དེ་ལས་ལོ་གསུམ་ན་འཆི་སྟེ། །ཟླ་བའི་འཆི་ལྟས་ལས་འགྱུར་རོ། །གང་ཚེ་ཉི་མར་ཉིན་ཞག་ལྔ། །ལུས་ཅན་རྣམས་ཀྱི་སྲོག་འབབ་ན། །དེ་ལས་ལོ་གསུམ་ན་འཆི་འགྱུར། །གཡས་སུ་ཉི་ མའི་འཆི་ལྟས་ཀྱིས། །གང་ཚེ་གཡོན་གྱི་རྩ་ལ་སྲོག །འདི་ནི་ཉིན་ཞག་གསུམ་རྒྱུ་ན། །ལྟེ་བར་ཁྱིམ་གྱི་འདབ་མ་འདོར། །ལོ་གསུམ་ནས་ནི་བགྲོད་པར་ཟད། །གཉིས་པར་ཉིན་ཞག་དྲུག་དེ་ལྟར། །ཟླ་བ་གསུམ་ལ་ངེས་པར་འབབ། །དེ་ལྟར་ཟླ་བ་གསུམ་གསུམ་གྱིས། །ཉིན་ ཞག་གསུམ་གྱི་རྣམ་འཕེལ་ལས། །འདབ་མ་བཅུ་གཅིག་རྣམས་ནི་འདི། །ལོ་གསུམ་རིམ་པས་འདོར་བར་བྱེད། །སུམ་ཅུ་རྩ་གསུམ་ཇི་སྲིད་པས། །ཉིན་ཞག་གཡོན་ནས་བར་མེད་འབབ། །ཡོན་ཏན་གསུམ་གྱི་དབྱེ་བ་ཡིས། །དེ་ནས་ཉི་མར་ཡང་དག་འཇུག །ཉིན་ཞག་གཉིས་ ཏེ་དེ་ནས་ནི། །དབུས་སུ་ལྟེ་བར་ཡང་དག་འཇུག །སྲོག་ནི་ཞག་གཅིག་དེ་ནས་ནི། །འཆི་བ་ལས་ནི་དབུགས་རྣམས་འདོར། །གང་ཚེ་རླུང་ནི་ཉིན་ཞག་བཅུར། །གཡས་པའི་རྩ་ལ་འབབ་བྱེད་དེ། །ཁྱིམ་གྱི་འདབ་མ་གཉིས་པ་ལའོ། །དེ་ནས་ལོ་གཉིས་ཀྱིས་འཆི་འགྱུར། ། ཁྱིམ་གྱི་འདབ་མ་གསུམ་པ་ལ། །ཚེས་ཞེས་བྱ་བས་ལོ་གཅིག་ནའོ། །བཞི་པར་ཉིན་ཞག་ཉི་ཤུ་རུ། །འབབ་པས་ཟླ་བ་དྲུག་ནའོ། །འདབ་མ་ལྔ་པར་ཉི་ཤུ་ལྔ། །འབབ་ན་ཚེ་ནི་ཟླ་བ་གསུམ། །དྲུག་པར་ཉིན་ཞག་ཉི་ཤུ་དྲུག །འབབ་ན་ཚེ་ནི་ཟླ་བ་གཉིས། །བདུན་པར་ཉིན་ཞག་ ཉི་ཤུ་བདུན། །འབབ་ན་ཚེ་ནི་ཟླ་བ་གཅིག །ཉིན་ཞག་སུམ་ཅུ་རྩ་གསུམ་དུ། །འདི་ལས་བར་མེད་འབབ་ན་འདི། །འདབ་མ་བརྒྱད་པ་དགུ་པ་དང་། །བཅུ་པ་བཅུ་གཅིག་པ་རིམ་པས། །ཚེས་ཕྱོགས་ལྔ་དང་ཡོན་ཏན་གྱིས། །ཞག་གཅིག་འདབ་མ་དེ་རྣམས་འདོར། །དེ་ནས་ གཡས་ཀྱི་རྩ་སྤངས་ནས། །གཡོན་དུ་རླུང་གིས་འགྲོ་བྱེད་དེ། །ཉིན་ཞག་གཉིས་སུའོ་དེ་ནས་ནི། །དབུ་མའི་གནས་སུ་ཉིན་གཅིག་འགྲོ། །དེ་ལྟར་དབུགས་རྣམས་ཟད་བྱས་ནས། །འཆི་བ་ལས་ནི་འདི་འཕོ་བའོ། །འོག་ཏུ་ཁུ་བ་ཟད་པར་འགྱུར། །མ་ཡི་རྡུལ་ནི་གྱེན་དུ་འགྲོ། ། རང་ལས་བག་ཆགས་ཀྱིས་བཅིངས་པའི། །རྣམ་ཤེས་རླུང་དང་ལྡན་པ་ནི། །ཤི་ལས་སླར་ཡང་འབྱུང་བར་འགྱུར། །དེ་མེད་པར་ནི་ཕྱི་མ་མིན། །མཁན་པོ་ལས་ནི་རིག་པ་དང་། །མར་མེས་མར་མེ་འགྱུར་ཇི་བཞིན། །རྒྱ་ལས་རྒྱ་གཞན་ཇི་བཞིན་དང་། །གདོང་ལས་མེ་ ལོང་ལ་གདོང་དང་། །སྒྲ་ལས་སྒྲ་བརྙན་འབྱུང་བ་དང་། །ཇི་ལྟར་མེ་ཤེལ་ལས་མེ་ནི། །ཉི་མར་ཉི་མ་མེད་མི་འབྱུང་། །སྐྱུར་བ་ཟོས་ལས་ལྕེ་འཛག་པ། །སྐྱུར་མིན་སྐྱུར་བ་མེད་མི་འབྱུང་། །ས་བོན་ལས་ནི་མྱུ་གུ་བཞིན། །དེ་མེད་པར་ནི་དེ་མི་འབྱུང་། །འབྲས་བུ་རྒྱུ་ཡི་རང་ བཞིན་ལས། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་རྣམས་འགའ་ན་ཡང་། །སྐྱེ་བ་འགའ་ཡང་ཡོད་མ་ཡིན། །ཕ་དང་མ་ཡི་དཀར་དམར་དང་། །སྲོག་དང་ཐུར་སེལ་གཉིས་དེ་བཞིན། །སེམས་ཀྱི་རྡོ་རྗེ་ཡང་དག་ ལྡན། །ལུས་ཀྱི་སྐྱེད་པར་བྱེད་པའི་རྒྱུ། །འོད་དཔག་མེད་དང་རིན་ཆེན་འཆང་། །སྲོག་དང་ཐུར་སེལ་རིམ་ཇི་བཞིན། །ལུས་ངག་ཡིད་དང་ཆགས་པ་རྣམས། །སེམས་ཀྱི་རྡོ་རྗེ་ཅན་གྱི་སྒོ། །ཁུ་བ་ལས་ནི་ཟླ་བ་ཕྱེད། །ཁྲག་ལས་ཉི་མ་ཡང་དག་འབྱུང་། །སྲོག་ལས་སྒྲ་ གཅན་གྲུབ་པའོ། །དུས་ཀྱི་མེ་ནི་ཐུར་སེལ་ལས། །ཁུ་བ་ལས་ནི་རྩ་རྣམས་སྐྱེ། །རུས་པ་ཁུ་བ་ལས་བྱུང་བའོ། །རྡུལ་ལས་ཁྲག་ནི་ཡང་དག་འབྱུང་། །ཁྲག་ལས་ཤ་ནི་ཀུན་དུ་སྐྱེ། །ཤ་ལས་ཀྱང་ནི་པགས་པ་སྐྱེ། །རུས་པ་ལས་ནི་རྐང་སྐྱེ་འགྱུར། །ཁུ་བ་རྡོ་རྗེ་རྡུལ་དྲིལ་བུ། ། རྩ་ནི་པདྨ་ནོར་བུ་ཆེ། །ཁྲག་གོ་དེ་བཞིན་འཁོར་ལོ་རུས། །ཤ་ནི་དེ་བཞིན་རལ་གྲིར་བཤད། །ཨུཏྤ་ལ་དང་པདྨ་དཀར། །ལུས་ཅན་རྣམས་ཀྱི་པགས་པ་རྐང་། །བརྒྱད་པོ་འདི་རྣམས་རང་སེམས་ཀྱིས། །རིམ་པ་ཇི་བཞིན་ཞལ་རྣམས་སོ། །ཤར་གྱི་ཞལ་ རྣམས་རྐང་པར་འགྱུར། །ཟླ་བ་ཉི་མ་མུན་པ་མེད། །ཁྲག་ལས་འཇིམ་པའི་རང་བཞིན་ས། །ཤ་ཡི་ཁམས་སུ་རབ་བརྗོད་བྱ། །ཁུ་བ་ལས་ནི་སྲ་བ་ས། །རྡོ་བ་རུས་པའི་རང་བཞིན་དེའོ། །ཟླ་བ་ལས་ནི་ཆུ་འགྲུབ་བོ། །མེ་ནི་ཁྲག་ལས་གྲུབ་པ་ཡིན། །སྒྲ་གཅན་ལས་ནི་སྲོག་ འགྲུབ་པོ། །ཐུར་སེལ་དུས་མེ་ལས་བཤད་དོ། །ལུས་ཅན་ཀུན་གྱི་ལྕེ་དང་ནི། །འཕྱང་མ་ཁུ་བཅས་བསྐྱེད་པ་ཡིན། །གཡོན་དང་གཡས་པའི་མིག་ཉིད་ནི། །རྡུལ་གྱིས་བསྐྱེད་པར་བྱས་པ་ཡིན། །སྲོག་གིས་ངེས་པར་བསྐྱེད་པ་ནི། །དེ་བཞིན་སྣ་ཡི་བུ་ག་གཉིས། །སྟོང་པ་ཁོ་ ནས་ལས་བསྐྱེད་པ། །རྣ་བའི་བུ་ག་གཉིས་དེ་བཞིན། །ཐུར་སེལ་ཉིད་ཀྱིས་བསྐྱེད་པ་ནི། །འོག་གི་རྒྱུ་གསུམ་དེ་བཞིན་ནོ། །སྒྲ་གཅན་གྱིས་ནི་བསྐྱེད་པ་སླར། །ནུ་མའི་བུ་ག་གཉིས་དེ་བཞིན། །ཐུར་དུ་རྒྱུ་ལས་སྒོ་ང་ཟུང་། །དེ་ལྟར་ལུས་ཀྱི་ཁམས་རྣམས་འགྱུར། །ཁུ་བ་ཉིད་ ཀྱིས་ཁམས་རྣམས་གསུམ། །རྡུལ་གྱིས་ཀྱང་འདིར་རྣམ་པ་གསུམ། །མཛོད་དྲུག་པ་ཞེས་བཤད་པ་ཡིན། །ལུས་དང་ལུས་ཀྱི་དབང་པོ་གཉིས། །ཆུ་ཡིས་བསྐྱེད་པ་གཡོན་པ་སྟེ། །གཡས་པ་མེ་ཡིས་བསྐྱེད་པའོ། །སྲོག་ཉིད་ཀྱིས་ནི་བདུད་རྩིར་འགྱུར། །དེ་ལས་གྱེན་དུ་ རྩ་གསུམ་བཤད། །རླུང་གིས་བསྐྱེད་པ་གཡོན་པ་སྟེ། །ས་ཡི་འོག་གི་དབུས་མའོ། །གཡས་པའི་རྩ་ནི་ཐུར་སེལ་གྱིས། །བསྐྱེད་པར་འདིར་ནི་ཐེ་ཚོམ་མེད། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ནི། །ཡང་དག་རྫོགས་ལྔ་སྐུ་གནས་སོ། །མགྲིན་པའི་ཕྱོགས་སུ་གསུང་རྡོ་རྗེ། །ཉི་ མའི་དཀྱིལ་འཁོར་གང་བ་ལའོ། །སྒྲ་གཅན་དཀྱིལ་འཁོར་དབུས་གནས་པར། །ལུས་ཅན་ཀུན་གྱི་རྣམ་ཤེས་སོ། །སྒྲ་གཅན་མཇུག་མ་ས་ལ་ནི། །རིན་ཆེན་ལེགས་གནས་ཐེ་ཚོམ་མེད། །དོན་ཡོད་དུས་མེའི་དཀྱིལ་འཁོར་ལ། །སྣ་ཚོགས་རྡོ་རྗེའི་སྟེང་ན་གནས། །འཁོར་ལོ་ པདྨ་རྡོ་རྗེ་དང་། །རིན་ཆེན་རལ་གྲི་ལྔ་པ་སྟེ། །སྐྱེས་བུའི་རྡོ་རྗེ་ནོར་བུ་དང་། །སངས་རྒྱས་དབུ་ལ་དྲུག་པར་བཤད། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །རིགས་དྲུག་འདི་རྣམས་སྟོབས་ཆེན་ཡིན། །ས་ཡིས་དྲི་ནི་བསྐྱེད་བྱ་སྟེ། །རོ་ནི་མེ་ཡིས་སྨིན་ལས་འགྱུར། །ཆུ་ལས་མྱུ་གུ་ ལ་སོགས་འགྱུར། །རེག་བྱ་འདི་ནི་རླུང་ལས་འགྱུར། །སྲོག་གི་རླུང་ལས་སྒྲ་འབྱུང་སྟེ། །ཐུར་སེལ་ལས་ནི་ཆོས་ཀྱི་ཁམས། །ཡིད་ཀྱི་དབང་པོ་དེ་ཉིད་ལའོ། །ལུས་ཅན་ཀུན་གྱིས་ཤེས་པར་བྱ། །གཤིན་རྗེ་མཐར་བྱེད་རུས་པས་བསྐྱེད། །ཁྲག་ལས་ཤེས་རབ་མཐར་བྱེད་ བཤད། །པདྨ་མཐར་བྱེད་རྩ་རྣམས་ལས། །ཤ་ལས་བགེགས་མཐར་བྱེད་པ་བཤད། །རྐང་ལས་ཀྱང་ནི་མི་གཡོར་བརྗོད། །ཊཀྐི་རྒྱལ་པོ་པགས་པ་ལས། །དབྱུག་པ་སྔོ་འགྱུར་བ་སྤུ་ལས། །སེན་མོ་ལས་ཀྱང་སྟོབས་པོ་ཆེ། །སྐྲ་ལས་གཙུག་ཏོར་འཁོར་ལོ་ཅན། །འོག་ གི་སྐྲ་ལས་གནོད་མཛེས་རྒྱལ། །ལག་པ་རྐང་པའི་ཚིགས་རྣམས་གང་། །ཁྱིམ་རྣམས་ཡིན་ཏེ་ས་སོགས་བཞིའོ། །ཡོན་ཏན་གསུམ་གྱི་དབྱེ་བ་རྣམས། །དེ་རྣམས་བཅུ་གཉིས་སུ་ནི་བཤད། །སོར་མོ་རྣམས་ཀྱི་ཚིགས་རྣམས་ནི། །དུས་ཚིགས་ཉིན་ཞག་དྲུག་ཅུ་རྣམས། ། ལུས་ཅན་རྣམས་ཀྱི་སྟེང་འོག་ཏུ། །གང་གནས་སོ་རྣམས་རྒྱུ་སྐར་འདིར། །དྷྲུ་བ་ཁུ་བས་སྤྱི་བོར་སོན། །རི་བྱི་འོག་ཏུ་སོན་པའི་རྡུལ། །ཇི་ལྟར་ཕྱི་རོལ་དེ་བཞིན་དུ། །ལུས་ལ་མངལ་ནས་ངེས་པར་སྐྱེ། །བདེན་དོན་རྣམ་པ་བཅུ་གཉིས་པ། །བཅུ་གཉིས་ཕྱག་གིས་ཧེ་རུ་ཀ །ཡན་ལག་ བཅུ་གཉིས་འགོག་པས་སོ། །གནས་སྐབས་ལས་ནི་ཞལ་བཞིའོ། །ཕྱག་ནི་བཅུ་དྲུག་ཟླ་བའི་ཆ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །བུ་ག་བརྒྱད་པོ་འགོག་པ་ཡིས། །དབང་ཕྱུག་དམ་པ་ཞལ་བརྒྱད་པའོ། །ཟླ་བ་ཉི་མ་མུན་པ་མེ། །གང་གི་ཞབས་ཀྱིས་འགོག་མཛད་པ། །ཟླ་ ཕྱེད་རྣམས་ནི་བཀག་མཛད་ནས། །ཉི་ཤུ་རྩ་བཞིའི་ཕྱག་རྣམས་ཀྱིས། །ཞལ་བཞི་རྣམས་ཀྱིས་སྔ་མ་བཞིན། །དུས་ཀྱི་འཁོར་ལོ་ཡང་དག་བྱུང་། །ཀ་སོགས་གསལ་བྱེད་བཀག་པ་ལས། །སུམ་ཅུ་རྩ་བཞིའི་ཕྱག་གིས་གཞན། །དབྱངས་རྣམས་བཅུ་དྲུག་འགོག་པ་ཡིས། ། བཅུ་དྲུག་ཞབས་རྣམས་བཤད་པའོ། །སྒོ་དགུ་རྣམས་ནི་འགོག་པ་ཡིས། །རྡོ་རྗེ་འཇིགས་བྱེད་ཞལ་དགུ་པ། །དེ་ལྟ་བུ་སོགས་རྒྱུད་རྣམས་ནི། །ལུས་ངག་སེམས་རྣམས་འགོག་པ་ལས། །དེ་དག་ས་ལས་བྱིས་རྣམས་ལ། །རྒྱལ་བའི་དབང་པོས་བསྟན་པ་ཡིན། ། ཞེས་སོ། །རྩ་བའི་རྒྱུད་ལས་གཞན་ཡང་རྒྱ་ཆེར་གསུངས་ཏེ། བྱིས་པ་རྣམས་ཀྱིས་རྟོགས་པའི་དོན་དུ་ཅུང་ཟད་བཤད་པ་ཡིན་ནོ། །རིགས་ཀྱི་ལེའུ་འདི་ཉིད་ཀྱི་རྩའི་ཀུན་དུ་སྤྱོད་པ་ནི། འཁོར་ལོ་བདེ་མཆོག་ཉུང་ངུའི་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གསུམ་གྱིས་བསྡུས་པའི་དོན་གྱི་འགྲེལ་བར་ ཤེས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། །རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །དེ་ལྟར་ཚིགས་བཅད་སུམ་ཅུ་རྣམས་ཀྱིས་རྩ་བའི་རྒྱུད་ཀྱི་ངེས་པ་ཀྱེའི་རྡོ་རྗེའི་རིགས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པར་གཏུམ་མོའི་ རྣལ་འབྱོར་སྡུད་པ་དང་། །བསྐྱེད་པའི་རྒྱུར་གྱུར་པའི་རིགས་ཀྱི་ལེའུར་ཡོངས་སུ་བཅད་པ་ལྔ་པའོ། །རིགས་ཀྱི་ལེའུ་རྫོགས་སོ།། །།སྣ་ཚོགས་སྒྲ་རྣམས་ཀྱི་ནི་དོན་ཙམ་བསྟན། །ལོངས་སྤྱོད་རྫོགས་སྐུར་སྤྱི་བོས་ཕྱག་འཚལ་ནས། །ཐེག་པ་འདི་ལ་གསང་སྔགས་འདི་ཉིད་ ནི། །བརྡ་ཡིས་རིགས་སོགས་དོན་འདིར་བཤད་པར་བྱ། །སངས་རྒྱས་རྣམས་ཀྱི་སྔགས་ཀྱི་བརྡ། །རྒྱུད་དུ་རྣམ་གཉིས་གསལ་མཛད་དེ། །དེ་བཞིན་ཉིད་ཀྱི་བརྡ་ཅན་གཅིག །ཐ་སྙད་རབ་བརྗོད་གཉིས་པའོ། །དེ་བཞིན་ཉིད་བརྡ་ཞེས་བྱ་བ། །སེམས་ཅན་ཀུན་གྱི་སྐད་ཅན་ཚིག །ཆོས་ ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཀུན་དུ་འགྲོ་བའི་ངག་ཏུ་བརྗོད། །གང་ལ་ཐ་སྙད་རབ་བརྗོད་སྔགས། །བརྡ་ཡིས་དོན་ནི་གསལ་བྱེད་པའོ། །དོན་ནི་རྗེས་འགྲོའི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིས། །ཡན་ ལག་དབྱེ་བ་མེད་པའི་སྔགས། །མ་ནིང་གོ་འཕང་ལ་གནས་བཟླས། །སྲོག་ནི་རྒྱུན་མི་འཆད་འགྱུར་སྤྲོ། །ཨ་ཝ་དྷཱུ་ཏཱིའི་གནས་སོན་བཟླས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་ཉིན་དང་མཚན་མོ་ལའོ། །ཉིན་ཞག་ལྔ་ཡིས་འབུམ་ཕྲག་སྟེ། །སྟོང་ཕྲག་བརྒྱད་རྣམས་ ལྷག་པའོ། །ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། །གང་བ་གསུམ་བྱུང་བར་དུའོ། །དཀར་པོའི་ཚེས་གཅིག་ནས་བརྩམས་ནས། །རྫོགས་པ་གསུམ་གྱི་བར་དུ་བཟླས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཟླ་བ་ཉ་ལ་དེ་འགྲུབ་བོ། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཆོས་ཀྱི་འཁོར་ ལོ་རབ་སྐོར་བྱེད། །བཟླས་པ་སྟོང་ཕྲག་བརྒྱད་རྣམས་དང་། །ཁྲི་ཕྲག་བཞི་དང་དེ་བཞིན་དུ། །འབུམ་ཕྲག་དྲུག་གིས་ཟླ་བ་གཅིག །སྲོག་གི་བཟླས་པ་འགྲུབ་པར་བྱེད། །ཕྲེང་བས་མ་ཡིན་བརྗོད་པ་མིན། །སྦྱིན་སྲེག་སྔགས་ཀྱིས་མཆོད་པ་དང་། །ཚིམ་པར་བྱེད་དང་ཆོ་ག་གཞན། ། གཞན་དང་གཞན་རྣམས་རྣམ་པར་འཇིག །བཟླས་པ་འདི་ཡིས་ནུས་མེད་གང་། །བྱིས་པའི་བློ་ཅན་སྔགས་པ་རྣམས། །དེ་རྣམས་ལ་ནི་བགྲང་ཕྲེང་གི །ཐ་སྙད་རབ་བརྗོད་གསལ་བྱ་སྟེ། །ཕྱི་རོལ་ལོངས་སྤྱོད་འདོད་རྣམས་ལ། །སྔགས་པས་བསོད་ནམས་ཐོབ་བྱེད་དུའོ། །ཉིན་ མཚན་དུ་ནི་དབུ་མར་སྲོག །ཞུགས་པས་ནད་རྣམས་འཕྲོག་པར་བྱེད། །ཚེས་ཀྱི་ཉིན་ཞག་སྲོག་བཅིངས་ན། །འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད། །ཟླ་གཅིག་སྲོག་བསད་སྙིང་གར་གནས། །རྣལ་འབྱོར་པ་རྣམས་འཆི་མེད་འགྱུར། །ལྟེ་བའི་ཟླ་དྲུག་བསྲེགས་ན་ནི། །འདི་ ཡིས་ཐམས་ཅད་མཁྱེན་ཉིད་སྟེར། །དཔྲལ་བ་མགྲིན་པའི་འཁོར་ལོ་དང་། །སྙིང་ག་ལྟེ་བར་གོ་རིམས་བཞིན། །མི་རྣམས་ཀྱིས་ནི་བརྒྱལ་དང་བཅིངས། །བསད་དང་ཇི་བཞིན་བསྲེགས་པས་འདིའོ། །སྲོག་དང་ཐུར་སེལ་འགོག་པ་ཡི། །འདོད་ཆགས་བྲལ་བ་ཉིད་འདོད་དོ། ། བསད་དང་བསྲེགས་པ་གཉིས་དག་གིས། །སྔགས་པ་སངས་རྒྱས་ཉིད་དུ་འགྱུར། །སྲོག་དང་ཐུར་སེལ་ཟད་པས་འདིར། །ཡན་ལག་བཅུ་གཉིས་ཟད་པར་འགྱུར། །རྒྱུ་དང་འབྲས་བུ་འགོག་པ་ཡིས། །སངས་རྒྱས་ཉིད་དུ་སུ་མི་འགྱུར། །ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག །རྒྱུ་བ་ དེ་སྲིད་ཡང་སྲིད་པའོ། །སྲོག་གི་རྒྱུ་བ་རྣམས་ཞིག་ན། །འཆི་བ་མེད་ཅིང་ཡང་སྲིད་མེད། །ཅེས་པ་དེ་ལྟར་སྔགས་ཀྱི་བརྡ་མ་ནིང་གི་བཟླས་པ་སྟེ། །དེ་བཞིན་ཉིད་ཀྱི་བརྡ་ཡིས་ཤེས་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་འདི་ལས་སྔགས་ཀྱི་ལེའུ་བཤད་ པར་བྱའོ། །འདི་ལྟ་སྟེ་འབྱུང་པོ་ཐམས་ཅད་པའི་གཏོར་མིའི་སྔགས་ཞེས་པ་ཐམས་ཅད་དང་འབྱུང་བ་པ་རྣམས་ནི་འབྱུང་པོ་ཐམས་ཅད་པ་སྟེ། དེའི་དང་དེ་རྣམས་ཀྱི་སྔགས་གྲངས་ཇི་ལྟ་བ་བཞིན་ནོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ། ཨ་དྱ་ནུཏྤ་ནྣ་ཏྭཱཏ། ཅེས་པ་ལ་འདིར་ཨ་ཡིག་ གི་སྒྲ་ཡིས་གཞོམ་དུ་མེད་པའི་སྒྲ་སྟེ། ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ལ་སོགས་པས་སྒྱུ་འཕྲུལ་དྲ་བར་རིག་པའོ། །ཐམས་ཅད་ནི་ཐམས་ཅད་མཁྱེན་པ་སྟེ། ཀུན་ མཁྱེན་ཀུན་རིག་དམ་པ་སྟེ། །བདག་རིག་གཞན་རིག་ཐམས་ཅད་པའོ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ་ལ་སོགས་པ་ཐམས་ཅད་མཁྱེན་པའི་སྔགས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ གསུང་ངག་ཅེས་པ་ངེས་པའི་དོན་ཏོ། །ས་ལ་སོགས་པའི་འབྱུང་བ་རྣམས་ལས་སྐྱེས་པ་ནི་འབྱུང་བ་པ་རྣམས་ཏེ། ཕུང་པོ་ལྔའི་ངོ་བོ་ཉིད་ཀྱི་ཆོས་ཅན་རྣམས་སོ། །དེ་རྣམས་ཀྱི་སྔགས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཡིག་ལྔ་རྣམས་ཞེས་པ་སྟེ། ཨོཾ་ཡིག་གིས་དེ་རྣམས་ ཀྱི་གཟུགས་ཀྱི་ཕུང་པོ་སྐུ་རྡོ་རྗེའོ། །ཨཱཿཡིག་གིས་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་གསུང་རྡོ་རྗེའོ། །ཧཱུཾ་ཡིག་གིས་རྣམ་པར་ཤེས་པའི་ཕུང་པོ་སྟེ་ཐུགས་རྡོ་རྗེའོ། །སྭཱ་ཡིག་གིས་ཚོར་བའི་ཕུང་པོའོ། །ཧཱ་ཡིག་གིས་འདུ་བྱེད་ཀྱི་ཕུང་པོའོ། །དེ་རྣམས་ལ་གཏོར་མ་དབུལ་བ་སྟེ། མཐར་ཧཱུཾ་ཡིག་གསུམ་དང་ཕཊ་ཡིག་གཉིས་ཀྱིས་ཕྱིར་བཏང་བའོ་ཞེས་པའོ། །དེ་ལྟར་ཨོཾ་ཡིག་གིས་སྦྱོང་བའོ། །ཨཱཿཡིག་གིས་རྒྱས་པར་བྱེད་པའོ། །ཧཱུཾ་ཡིག་གིས་སྦར་བར་བྱེད་པའོ། །སྭཱ་ཡིག་གིས་བདུད་རྩིར་བྱེད་པའོ། །ཧཱ་ཡིག་གིས་འགུགས་པར་བྱེད་པའོ། །ཧཱུཾ་ཡིག་ གསུམ་གྱིས་དབུལ་བའོ། །ཕཊ་ཡིག་གཉིས་ཀྱིས་ཕྱིར་བཏང་བའོ། །ལག་པ་གཡོན་པས་སྦྱོང་བ་སྟེ། ལག་པ་གཡས་པས་རྒྱས་པར་བྱེད་པའོ། །ཐལ་མོས་བཀབ་པས་སྦར་བའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་བདུད་རྩིར་བྱེད་པའོ། །ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ ཕྱག་རྒྱས་དགུག་པའོ། །རྡོ་རྗེའི་ཕྱག་རྒྱས་དབུལ་བའོ། །ལག་པའི་ཕྱག་རྒྱས་སེ་གོལ་སྦྱར་ནས་གཤེགས་སུ་གསོལ་བའོ་ཞེས་པའོ། །ཕྱག་རྒྱ་བཅིང་བ་འདི་རྒྱུད་གཞན་དུ་ཤེས་པར་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནི་གྲངས་ཇི་ལྟ་བ་བཞིན་དུ་འདི་ལྟ་སྟེ། བྷྲཱུཾ་ ཡིག་གིས་རྣམ་པར་སྣང་མཛད་དེ་སྤྱི་བོར་རོ། །ཨཱཾ་ཡིག་གིས་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ། །ཛྲཱྀཾ་ཡིག་གིས་འོད་དཔག་ཏུ་མེད་པ་སྟེ་མགྲིན་པར་རོ། །ཁཾ་ཡིག་གིས་དོན་ཡོད་གྲུབ་པ་སྟེ་གསང་བར་རོ། །ཧཱུཾ་ཡིག་གིས་མི་བསྐྱོད་པ་སྟེ་སྙིང་གར་རོ། །དེ་ལྟར་པི་ཙུ་བཛྲའི་སྐུ་ལ་དགོད་པ་ བྱས་ནས་རྡོ་རྗེ་མཁའ་འགྲོ་གཞན་རྣམས་ཀྱི་ཡང་ངོ་ཞེས་པ་ངེས་པའོ། །དེ་ནས་ཕྱག་བཅུ་དྲུག་པའི་སྔགས་ནི། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་སྟེ་འདིར་ངེས་པའི་དོན་ནི་ཨོཾ་ཡིག་གིས་ལྷ་རྣམས་ཀྱི་གདན་ཡིན་པ་ཇི་ལྟ་བ་དེ་ལྟར་སྔགས་ཀྱི་ཡི་གེ་དང་པོས་ལྷ་འགྲུབ་པའོ། །ས་ བོན་ལྷག་མ་རྣམས་ཀྱིས་ཡན་ལག་དགོད་པ་སྟེ། མིག་ལ་སོགས་པ་ལ་རིམ་པ་ཇི་ལྟ་བས་སོ། །ཧཱུཾ་ཡིག་གསུམ་གྱིས་ཡེ་ཤེས་སེམས་དཔའ་འགུགས་པ་སྟེ། ཕཊ་ཡིག་གིས་གཞུག་ཅིང་སྭཱ་ཡིག་གིས་དགྱེས་པར་བྱེད་པ་དང་། ཧཱ་ཡིག་གིས་རོ་མཉམ་པར་བྱེད་པའོ་ཞེས་པ་ཀྱེའི་ རྡོ་རྗེའི་སྙིང་པོའོ། །དེ་ལྟར་སྔགས་རྣམས་ཐམས་ཅད་ཨོཾ་ཡིག་དང་པོ་ཅན་དང་། སྭཱ་ཧཱའི་མཐའ་ཅན་དང་། ཧཱུཾ་ཕཊ་སྤེལ་བའི་དབུས་སོ་ཞེས་པ་ཐམས་ཅད་དུ་ངེས་པའོ། །དེ་ལྟར་སྔ་མ་བཞིན་དུ། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ཕྱག་དྲུག་པའི་འོ། །དེ་བཞིན་དུ་ཕྱག་བཞི་པའི་ ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཕྱག་གཉིས་པའི་ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །འདི་སྔགས་བཏུ་བའི་ལིའུ་ལ་ཧཱུཾ་ཡིག་དང་ཕཊ་ཡིག་ནི་མན་ངག་ལས་ཤེས་པར་བྱའོ། །ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་ནི་ཨོཾ་ཡིག་གིས་ སྐུ་བྱིན་གྱིས་བརླབ་པ་སྟེ། རྣམ་པར་སྣང་མཛད་ཟླ་བའི་དཀྱིལ་འཁོར་ལའོ། །ཨཱཿཡིག་གིས་གསུང་བྱིན་གྱིས་བརླབ་པ་སྟེ། ཉི་མ་ལ་འོད་དཔག་ཏུ་མེད་པའོ། །ཧཱུཾ་ཡིག་གིས་ཐུགས་བྱིན་གྱིས་བརླབ་པ་སྟེ་སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་མི་བསྐྱོད་པའོ། །འདི་དྲང་བའི་དོན་ དུ་བདག་མེད་མ་ལ་སོགས་པ་དབྱངས་རྣམས་སྔགས་བཏུ་བའི་དོན་དུ་བརྗོད་པར་བྱ་སྟེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ངེས་པའི་དོན་གྱིས་ཡང་སོ་སོར་བསྡུ་བའི་ཀློག་པས་གཟུང་བར་བྱ་སྟེ། ཨ་ཨི་རྀ་ཨུ་ལྀ་ཀ །ཨ་ཨེ་ཨར་ཨོ་ ཨལ་ཙ། ཧ་ཡ་ར་ཝ་ལ་ཊ་ས། ཞེས་པའི་ས་བོན་རྣམས་དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་རྣམས་ཀྱིའོ། །བྱིས་པ་ཀློག་པའི་ཚུལ་གྱིས་དྲང་བའི་དོན་གྱིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་པ་རྩ་བའི་རྒྱུད་དུ་ངེས་པའོ། །དེ་བཞིན་དུ་གྲོང་ཁྱེར་བསྐྱོད་པའི་ སྔགས་ནི། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། ཞེས་པ་དྲང་བའི་དོན་གྱིས་སོ། །ངེས་པའི་དོན་གྱིས་ནི་ཨ་ཀུ་ཧ་རྣམ་པར་བཅད་བྱ་རྣམས་མགྲིན་གྱུར་རོ། །ཨི་ཙུ་ཡ་ཤ་རྣམས་རྐན་གྱུར་རོ། །རྀ་ཊུ་ར་ཥ་རྣམས་སྤྱི་བོ་ལས་གྱུར་པའོ། །ཨུ་པུ་ཝ་དང་མཆུ་ཅན་རྣམས་མཆུ་གྱུར་རོ། ། ལྀ་ཏུ་ལ་ས་རྣམས་སོ་གྱུར་རོ། །ཨོཾ་ཨ་ཨཱ་ཧ་ཧཱ་ང་ཉ་ཎ་མ་ན་ྈྐ་སྭཱ་ཧཱ། ཞེས་པ་གྲོང་ཁྱེར་དཀྲུག་པའི་སྔགས་སོ། །སྔགས་བཏུ་བའི་ལེའུ་བླ་མའི་ངག་ལས་ཤེས་པར་བྱའོ། །རྩ་བའི་རྒྱུད་དུ་ངེས་པའི་དོན་གྱིས་མན་ངག་ནི་ཨཱ་ལི་ཟླ་བའི་ཆའི་དབྱེ་བས་ཡུད་ཙམ་སུམ་ཅུ་རྣམས་སོ། །ཉིན་ ཞག་སོ་སོ་ལ་ཉི་མའི་གསལ་བྱེད་དྲུག་ཅུ་རྣམས་དབྱུ་གུའི་དབྱེ་བས་བཟླས་པར་བྱའོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྒྲ་ཡིས་ཨཱ་ལི་དང་ཀཱ་ལིའི་ངེས་པའི་དོན་གྱིས་བརྗོད་དེ། ཨཱ་ལི་དང་ཀཱ་ལིའི་བཟླས་པ་འབུམ་ཕྲག་བཟླས་པས་འཇིག་རྟེན་དེ་གསུམ་བསྐྱོད་པར་བྱེད་ན་གྲོང་ཁྱེར་གཅིག་ ཙམ་ལྟ་ཅི་སྨོས་ཞེས་པའོ། །ཨཱ་ལི་དང་ཀཱ་ལི་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཨ་ཨཱ་ཨི་ཨཱི་རྀ་རཱྀ་ཨུ་ཨཱུ་ལྀ་ལཱྀ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཞེས་པ་སྤྲོ་བའི་རིམ་པས་ཨཱ་ལིའི་བཟླས་པས་དབུགས་འཇུག་པའོ། །དབུགས་འབྱུང་བས་ཀཱ་ལི་སྟེ། ། ཀ་ཀཱ་ཁ་ཁཱ་ག་གཱ་གྷ་གྷཱ་ང་ངཱ་། ཙ་ཙཱ་ཚ་ཚཱ་ཛ་ཛཱ་ཛྷ་ཛྷཱ་ཉ་ཉཱ། ཊ་ཊཱ་ཋ་ཋཱ་ཌ་ཌཱ་ཌྷ་ཌྷཱ་ཎ་ཎཱ། པ་པཱ་ཕ་ཕཱ་བ་བཱ་བྷ་བྷཱ་མ་མཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷཱ་ན་ནཱ། །ས་སཱ་ྉྤ་ྉྤཱ་ཥ་ཥཱ་ཤཱ་ཤཱ་ྈྐ་ྈྐཱ་ཞེས་པ་སྟེ། དང་པོ་ཨོཾ་ཡིག་བསྐྱེད་པ་ལའོ། །དགུག་པ་ལ་མཐར་བོ་ཥཊ་སྦྱིན་པར་བྱ་སྟེ། དེ་ལྟར་གྲོང་ཁྱེར་བསྐྱོད་པའི་ སྔགས་སོ། །ལྷ་གཅིག་གི་བསམ་གཏན་དང་མེ་ཏོག་དམར་པོ་ལ་བཟླས་པས་དང་། སྦྱིན་སྲེག་གིས་སོ་ཞེས་པ་འཆད་པར་འགྱུར་བ་ལ་བརྗོད་པར་བྱའོ། །དེ་བཞིན་དུ་ཀུ་རུ་ཀུལླེའི་སྔགས་བརྗོད་པར་བྱ་སྟེ། འདིར་ཨོཾ་ཡིག་གི་རྟེན་སྐུ་འགྲུབ་པའོ། །ཧྲཱིཿཡིག་གིས་ལྷ་མོའི་ངག་རྫོགས་ པའོ། །རླུང་གི་རིགས་ལ་ཀུ་རུ་ཀུལླེ་འོད་དཔག་ཏུ་མེད་པས་རྒྱས་བཏབ་པའོ། །དཔྲལ་བར་ཨོཾ་མོ། །ལྕེ་ལ་ཧྲཱིཿའོ། །མགྲིན་པ་ལ་ཀུའོ། །སྙིང་གར་རུའོ། །ལྟེ་བ་ལ་ཀུའོ། །གསང་བར་ལླེའོ་ཞེས་པ་ཡན་ལག་དགོད་པའོ། །དབུགས་རྔུབས་པ་བཀང་ནས་འབུམ་ཕྲག་གཅིག་བཟླས་པར་ བྱ་ཞིང་། དབུགས་འབྱུང་བའི་དུས་སུ་བགྲང་ཕྲེང་བསྐྱོད་པར་མི་བྱའོ་ཞེས་པ་ཀུ་རུ་ཀུལླེའི་སྔགས་སོ། །ད་ནི་བསྲུང་བའི་སྔགས་ཀྱི་ངེས་པའི་དོན་བརྗོད་པར་བྱ་སྟེ། ཨོཾ་ཡིག་གིས་འཇམ་པའི་སྟན་བརྗོད་དོ། །དྲི་བཟང་པོའི་ས་གཞི་ཅན་གྱི་གནས་ཡིད་དུ་འོང་བ་ཟླ་བ་ལྟ་བུ་ཡང་ངོ་། །ར་ཡིག་ གིས་ཉི་མ་བདུན་གྱི་ཉི་མའི་དཀྱིལ་འཁོར་རོ། །ཀྵ་ཡིག་གིས་སྣ་ཚོགས་རྡོ་རྗེའོ། །དེའི་འོག་དང་སྟེང་དང་ཕྱོགས་ཐམས་ཅད་དུ་རྩིབས་བཅུ་པའི་འཁོར་ལོ་བྱས་ནས་དེ་ནས་དབུས་སུ་ཧཱུཾ་ཡིག་ལས་ཁྲོ་བོའི་རྒྱལ་པོའི་དབང་པོའོ། །ཤར་གྱི་རྩིབས་ལ་གཤིན་རྗེ་མཐར་བྱེད་དོ། །ལྷོའི་རྩིབས་ ལ་ཤེས་རབ་མཐར་བྱེད་དོ། །ནུབ་གྱི་རྩིབས་ལ་པདྨ་མཐར་བྱེད་དོ། །བྱང་གི་རྩིབས་ལ་བགེགས་མཐར་བྱེད་དོ། །མེར་མི་གཡོ་བའོ། །བདེན་བྲལ་གྱི་ཕྱོགས་སུ་འདོད་པའི་རྒྱལ་པོའོ། །རླུང་གི་མཚམས་སུ་དབྱུག་པ་སྔོན་པོའོ། །དབང་ལྡན་གྱི་མཚམས་སུ་སྟོབས་པོ་ཆེའོ། །སྟེང་གི་ རྩིབས་ལ་གཙུག་ཏོར་རོ། །འོག་ཏུ་གནོད་མཛེས་རྒྱལ་པོའོ། །དེ་ནས་གཉིས་པ་བརྗོད་པས་རེ་བའི་ཉི་མའི་དཀྱིལ་འཁོར་རོ། །ཀྵ་ཡིག་གིས་སྣ་ཚོགས་རྡོ་རྗེ་སྟེ་དེ་ཡིས་གཅིག་ཏུ་འདྲེས་པར་གྱུར་པས་རྡོ་རྗེ་རབ་གསུམ་མོ། །ཧཱུཾ་ཡིག་གསུམ་གྱིས་རྡོ་རྗེའི་ས་གཞི་དང་ཁང་པ་བརྩེགས་པ་དང་ རྡོ་རྗེ་པདྨའི་གདན་ནོ་ཞེས་པའོ། །ཕཊ་ཡིག་གིས་གདུག་པ་ཅན་ལ་ཕུར་བུས་འདེབས་པའོ། །སྭཱ་ཡིག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་ཏུ་སྤྱན་འདྲེན་པའོ། །ཧཱ་ཡིག་གིས་ནི་མཆོད་པ་ལ་སོགས་པ་མཐའ་དག་དང་སྡིག་པ་བཤགས་པ་ལ་སོགས་པ་གསུངས་པར་འགྱུར་རོ་ཞེས་ པ་སྔགས་འདིའི་ངེས་པའི་དོན་ཏོ། །ད་ནི་རྩ་བའི་རྒྱུད་དུ་གསུངས་པའི་ལས་ཉི་ཤུ་རྩ་བཞི་སྒྲུབ་པར་བྱེད་པ་རྣམས་སུ་འགྱུར་ཞིང་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱའོ། །འདིར་ཉུང་ངུའི་རྒྱུད་དུ་ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པ་ལས་ཐམས་ཅད་གདུག་ པའི་སློབ་དཔོན་ཡོངས་སུ་མི་ཤེས་པ་རྣམས་ལ་སྦས་ཏེ། བླ་མ་དམ་པའི་བརྒྱུད་པའི་རིམ་པ་ལ་སོགས་པས་ཤེས་པར་བྱ་ཡིས། གླེགས་བམ་བཀླགས་པས་ནི་མ་ཡིན་ནོ། །གཞན་དུ་ན་རྒྱུད་གཞན་བལྟས་ནས་གང་རིགས་པས་འཐད་པ་རྒྱུད་མང་པོར་ཡང་དག་པར་རྟོགས་པར་ བྱས་པའི་བཅོམ་ལྡན་འདས་ཀྱི་ངག་དེ་གཟུང་བར་བྱའི། བླུན་པོའི་དད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ངའི་གསུང་ནི་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཁོ་ན་སྟེ། དང་པོར་དགེ་བ་བར་དང་ཐ་མར་མི་དགེ་བ་ནི་མ་ཡིན་ཞིང་ དང་པོ་དང་། བར་དུ་མི་དགེ་ཐ་མར་དགེ་བ། ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བརྟགས་པ། དང་པོར་རྣམ་པར་རྟོག་པའི་སྒོམ་པ་དང་། བར་དུ་དབང་པོ་གཉིས་ཀྱི་བདེ་བ་བསྒོམ་པ་དང་། ཐ་མར་རྣམ་པར་མི་རྟོག་པ་སྟོང་པ་ཉིད་བསྒོམ་པ་བདེ་བ་ཆེན་པོ་སྒོམ་པའོ་ཞེས་པ་མ་རུངས་པའི་ ཚིག་གི་རྒྱུ་འདྲར་དེ་ལས་སྐྱེ་བའི་འབྲས་བུ་ཐམས་ཅད་དུ་མཐོང་གིས། ཀོ་ཏྲ་བ་ཡི་ས་བོན་ལས། །སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། ། རྒྱུ་དེའི་ཕྱིར་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའོ། །ཇི་ལྟར་ས་བོན་དེ་བཞིན་ལྗོན། །ཇི་ལྟར་ལྗོན་ཤིང་དེ་བཞིན་འབྲས། །འཇིག་རྟེན་འདི་ཀུན་དུ་མཐོང་སྟེ། །དེ་ནི་རྟེན་ཅིང་འབྱུང་བ་ཉིད། །གཞན་གྱི་རིགས་ཀྱི་སྔགས་གང་ཡིན། །དེ་ནི་ལས་གཞན་སྒྲུབ་བྱེད་མིན། །འཇིག་ རྟེན་དུ་ནི་འགའ་ཞིག་ཏུའང་། །ཉི་མས་ཚ་བ་ཞི་བྱེད་མིན། །ཀྱེ་ཡི་རྡོ་རྗེའི་རྩ་རྒྱུད་དུ། །ཇི་ལྟར་བདག་ལ་གསལ་གསུང་བཞིན། །དེ་ཉིད་ཉུང་རྒྱུད་འདི་རུ་ནི། །རྒྱས་བཤད་བདག་གིས་བརྗོད་པར་བྱ། །ས་ཡི་ས་བོན་གྱིས་རེངས་བྱེད། །རྨོངས་དང་ཕུར་བུས་གདབ་དེ་བཞིན། །རྟག་ཏུ་ཞི་ བྱེད་ཆུའི་ས་བོན། །དེ་བཞིན་རྒྱས་དང་དུག་མེད་པའོ། །མེ་ཡི་ས་བོན་ཆེར་འགུགས་བྱེད། །དབང་དང་བསྐྱོད་པ་རྟག་ཏུའོ། །སྡང་བྱེད་བསྐྲད་པ་རླུང་རྣམས་ཀྱི། །དེ་བཞིན་དུ་ནི་དུག་འཕེལ་བའོ། །སྟོང་པའི་ས་བོན་དུག་གཅོད་བྱེད། །དེ་བཞིན་གསོད་དང་འཚེ་བའོ། །གསོ་དང་བསླང་ དང་དགའ་བ་ནི། །ཡེ་ཤེས་ས་བོན་གྱིས་གྲུབ་པའོ། །ལྐུགས་པ་ཉིད་དང་འོན་ཉིད་དང་། །མ་ནིང་བྱེད་པ་ཉིད་ཀྱང་ནི། །ཐུགས་གསུང་སྐུ་ཡི་ས་བོན་གྱིས། །རིམ་པ་ཇི་བཞིན་སྔགས་པས་བྱེད། །ས་ཆུ་མེ་རླུང་སྟོང་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ལས། །རེངས་པ་ ལ་སོགས་ལས་རྣམས་ནི། །སྒྲུབ་པོ་མཆོག་གིས་སྒྲུབ་པར་བྱེད། །མ་ནིང་བྱེད་དང་ལྐུགས་ཉིད་དང་། །ལོང་བ་དང་ནི་སྣ་འགགས་དང་། །འོན་པ་ཉིད་དང་སྨྱོ་བ་ཉིད། །སྔ་མའི་ས་བོན་རྣམས་ཀྱིས་བསྒྲུབ། །རི་བོ་རི་ཁྲོད་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་འགྲམ་རྣམས་དང་། ། གདོད་ནས་གྲུབ་པའི་དུར་ཁྲོད་དེ། །གནས་འདི་རྣམས་སུ་བྱ་བ་ཡིན། །སྔགས་བཟླས་དེ་བཞིན་བསམ་གཏན་དང་། །སྦྱིན་སྲེག་དཀྱིལ་འཁོར་བཞེངས་པ་ནི། །སོ་སོའི་ལས་དང་རྗེས་མཐུན་པས། །གཞན་དུ་དངོས་གྲུབ་སྦྱིན་མི་འགྱུར། །སྐྱེས་པ་བུད་མེད་གནས་གཞན་དུ། ། སྔགས་དང་ལྷ་ནི་སྒྲུབ་པ་མིན། །དེ་ལ་སྔགས་ཀྱིས་རབ་བསྐུལ་ནས། །ལྷ་ནི་ལས་རྣམས་བྱེད་པར་འགྱུར། །དེ་ཕྱིར་མཁས་པ་རྣམས་ཀྱིས་ནི། །མིང་དང་སྐུ་ཡི་བཟླས་བསྒོམ་བྱ། །རྩ་བའི་སྔགས་ནི་སྐུ་རུ་འགྱུར། །སྙིང་པོ་ཞེས་བྱ་མཐུ་ལྡན་གསུང་། །དེ་བཞིན་ཉེ་བའི་སྙིང་པོ་ ནི། །ཐུགས་ཀྱི་སྔགས་སུ་བརྗོད་པར་འགྱུར། །ཡེ་ཤེས་ས་བོན་ཞེས་བཤད་པར། །ཡེ་ཤེས་སྔགས་སུ་དེ་བརྗོད་བྱ། །ས་བོན་ཉེ་བའི་སྙིང་པོ་དང་། །སྙིང་པོ་དང་ནི་རྩ་བའི་སྔགས། །ཡེ་ཤེས་ཐུགས་དང་གསུང་དང་སྐུ། །རིམ་བཞིན་བསྒོམ་བྱ་བཟླས་བྱ་སྟེ། །ཇི་སྲིད་དངོས་ གྲུབ་གྱུར་གྱི་བར། །འབད་པས་བཟླས་བྱ་མཆོད་པར་བྱ། །གཞན་དུ་ཆོ་ག་ཉམས་པས་ནི། །སྔགས་ཀྱི་དངོས་གྲུབ་འགྱུར་མ་ཡིན། །དད་པས་བཟུང་བ་འདི་ཡིས་ནི། །ལུས་ནི་ཉོན་མོངས་འབའ་ཞིག་གོ། །ཡ་ར་ལ་ཝ་ཡི་གེ་གང་། །རླུང་མེ་ས་དང་ཆུ་ལས་སྐྱེས། །ཤར་དང་ལྷོ་དང་ ནུབ་དང་ནི། །བྱང་རྣམས་སུ་ནི་ངེས་སྦྱར་བྱ། །རིང་པོ་མེ་དང་བདེན་བྲལ་དང་། །རླུང་དང་དབང་ལྡན་རིམ་པ་ལས། །སྟེང་དང་འོག་ཏུ་ཧཾ་ཧ་སྦྱིན། །དབུས་སུ་ཨཾ་ཨཿརབ་མཆོད་བྱ། །སངས་རྒྱས་ཀུན་དང་བླ་མ་དང་། །དམ་པའི་ཆོས་ནི་ཀློག་པ་ཡི། །དོན་དུ་མདུན་དུ་མཎྜལ་ བྱ། །གཞན་པ་རྒྱལ་བ་མངའ་བདག་ཉིད། །རླུང་གི་དཀྱིལ་འཁོར་ཆོས་ཀྱིས་ནི། །ཟླུམ་པོ་ཤར་གྱི་ལུས་འཕགས་པོ། །མེ་ཡི་དཀྱིལ་འཁོར་ངོ་བོ་ཡིས། །འཛམ་བུ་གླིང་སྟེ་ཟུར་གསུམ་པ། །གྲུ་བཞི་ནུབ་ཀྱི་བ་གླང་སྤྱོད། །ས་ཡི་དཀྱིལ་འཁོར་མཚན་ཉིད་ཅན། །ཆུ་ཡི་དཀྱིལ་ འཁོར་ཆོས་ཅན་གྱིས། །ཟླ་ཕྱེད་བྱང་གི་སྒྲ་མི་སྙན། །སྟོང་པའི་ངོ་བོས་ཟླ་བ་ཡི། །དཀྱིལ་འཁོར་མཚན་ཉིད་ཚངས་སྒོ་ང་། །འོག་ཏུ་ཡེ་ཤེས་ངོ་བོ་ཡིས། །དུས་མེ་ཉི་མའི་དཀྱིལ་འཁོར་རོ། །དབུས་སུ་ཐིག་ལེ་རྣམ་བཅད་ནི། །སྟེང་འོག་ལྷ་ཡི་རི་བོར་འགྱུར། །འདི་ལྟར་མཎྜལ་བྱས་ ནས་ནི། །དེ་ནས་སྔགས་སོགས་བཟླས་པར་བྱ། །ས་ལ་མཎྜལ་གཞན་པ་ནི། །རྡུལ་ཚོན་དཀྱིལ་འཁོར་བཞིན་དུ་བྱ། །ཕུང་པོ་ཁམས་དྲུག་གཟུགས་ལ་སོགས། །སུམ་ཅུ་དྲུག་གིས་རྟག་ཏུ་མཆོད། །ས་དང་ཆུ་དང་མེ་དང་རླུང་། །ཁུ་བ་རྡུལ་ནི་དེ་བཞིན་ཏེ། །ཁམས་དྲུག་ཅེས་པར་བཤད་བྱས་ པ། །ལུས་ཅན་རྣམས་ཀྱི་གཟུགས་ཕུང་པོ། །མགྲིན་གྱུར་རྐན་གྱུར་སྤྱི་བོར་གྱུར། །མཆུར་གྱུར་སོར་གྱུར་སྣ་ལྡན་ཏེ། །འདུ་ཤེས་དང་ནི་རྣམ་དྲུག་བསྟན། །དངོས་དང་དངོས་མེད་དོན་གསལ་བྱེད། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་དེ་བཞིན་ཡིད་དབང་པོ། །རྣམ་ཤེས་ཕུང་པོར་བཤད་པ་ སྟེ། །མིག་ལ་སོགས་པ་རྣམ་པ་དྲུག །དེ་བཞིན་གཟུགས་དང་སྒྲ་དང་ནི། །དྲི་རྣམས་དང་ནི་རོ་དང་ནི། །རེག་བྱ་དང་ནི་ཆོས་ཀྱི་དབྱིངས། །མྱོང་ཕྱིར་ཚོར་བ་རྣམས་སུ་བཤད། །དེ་བཞིན་དབང་པོ་དྲུག་སྒོ་ནས། །རྣམ་ཤེས་རྣམས་ནི་རབ་འཇུག་ཅིང་། །ཡུལ་དང་དབང་བོ་རབ་འཇུག་བྱེད། །འདུ་བྱེད་ རྣམ་དྲུག་རབ་ཏུ་བཤད། །རྟག་ཏུ་སྲོག་དང་ཐུར་སེལ་དག །སྟེང་དང་འོག་གི་ལམ་གསུམ་པོ། །རྩ་དྲུག་རྣམས་སུ་འབབ་བྱེད་པ། །ཡེ་ཤེས་ཕུང་པོའང་རྣམ་པ་དྲུག །སུམ་ཅུ་བདུན་པ་སེམས་ཆེན་པོ། །དམ་པ་སུམ་ཅུ་རྩ་དྲུག་གི །ཁམས་ཀྱི་བསྐོར་བ་རྣལ་འབྱོར་པས། །ཨ་སོགས་ཀ་ སོགས་ཀྱིས་མཆོད་བྱ། །ཨ་སོགས་ཀ་སོགས་རང་བཞིན་གྱིས། །ཁམས་རྣམས་བདུན་ཅུ་རྩ་གཉིས་ཏེ། །དེ་དྲུག་ཧ་སོགས་ཡི་གེ་རྣམས། །ཐུང་ངུ་རིང་པོའི་རབ་དབྱེ་ལས། །བདུན་ཅུ་རྩ་གཉིས་འདིར་བཤད་དོ། །དབྱངས་དེ་སུམ་ཅུ་རྩ་དྲུག་ཉིད། །ཨ་སོགས་ཀ་སོགས་ཡང་དག་ལྡན། ། ཡི་གེ་བརྒྱ་ནི་བརྒྱད་ལྷག་པ། །བགྲང་ཕྲེང་དུ་ནི་རབ་བརྗོད་བྱ། །རྣལ་འབྱོར་པ་ཡིས་སྔགས་བཟླས་པའོ། །གསལ་བྱེད་སུམ་ཅུ་དྲུག་ཐུང་བའི། །བཅོ་བརྒྱད་དབྱངས་རྣམས་དང་ལྡན་པ། །བརྒྱད་ལྷག་བརྒྱ་ཡི་ཕྱེད་རྣམས་ཀྱིས། །བགྲང་ཕྲེང་དུ་ནི་དེར་བརྗོད་བྱ། །རྒྱུ་སྐར་རྐང་པའི་དབྱེ་བ་ ཡིས། །གསུམ་པར་ཡོངས་སུ་བརྗོད་པར་བྱ། །རྒྱུ་སྐར་ཕྱེད་ཀྱི་ཆ་ཡིས་ནི། །བཞི་པ་དེ་ཉིད་གང་ཕྱིར་ཡིན། །སུམ་ཅུ་དྲུག་གི་དབྱངས་དབྱེ་བས། །ལྔ་པར་ཡོངས་སུ་བརྗོད་པར་བྱ། །རྒྱུ་སྐར་ལོངས་སྤྱོད་དབྱེ་བ་ཡིས། །དྲུག་པར་ཡོངས་སུ་བརྗོད་པར་བྱ། །བཅོ་བརྒྱད་དབྱངས་ཀྱི་དབྱེ་བ་ ཡིས། །བདུན་པར་ཡོངས་སུ་བརྗོད་པར་བྱ། །སླར་ཡང་སུམ་ཅུ་རྩ་དྲུག་གི །གསལ་བྱེད་དབྱེ་བས་བརྒྱད་པའོ། །དཀའ་ཐུབ་ཅན་གྱི་བགྲང་ཕྲེང་གིས། །འདི་ལྟར་རྣམ་པ་བརྒྱད་དུ་བཤད། །ཤེལ་གྱི་བཅོ་བརྒྱད་རྣམས་ཀྱིས་གཅིག །བརྟུལ་ཞུགས་ཅན་གྱིས་ཞི་བ་བྱེད། །མུ་ ཏིག་སུམ་ཅུ་དྲུག་དབྱངས་སུ། །བརྗོད་པས་མི་རྣམས་རྒྱས་པའོ། །ཉི་ཤུ་རྩ་བདུན་རྒྱུ་སྐར་གྱི། །མི་སོས་གསོད་ལ་བཤད་པའོ། །དེ་ཡི་ཉིས་འགྱུར་བོང་བུའི་སོས། །སྡང་བར་བྱེད་དང་སྐྲོད་ལའོ། །གསལ་བྱེད་སུམ་ཅུ་དྲུག་དག་པས། །དབང་དུ་བྱས་སོགས་བོ་ཏེ་ཙེས། །དབྱངས་ དང་གསལ་བྱེད་ཡོངས་བསྲེས་པ། །བཞི་ལྷག་པ་ཡི་ལྔ་བཅུ་ཡིས། །པདྨ་ཞེས་པའམ་ཡང་ན་ནི། །ཙནྡན་ས་བོན་གྱིས་དགུག་པའོ། །རྒྱུ་སྐར་ཕྱེད་ཀྱི་རྐང་པ་ཡིས། །རྨོངས་པར་བྱེད་ལ་ལུང་ཐང་བཤད། །དབྱངས་དང་གསལ་བྱེད་རྐང་པས་དག །རེངས་ལ་རུ་དྲཱ་ཀྵ་རུ་བཤད། །དེ་ ལྟར་དག་པའི་ལས་ལ་ནི། །དག་པ་རྣམ་པ་བརྒྱད་དུ་བཤད། །འདྲེས་པ་རྣམ་པ་སྣ་ཚོགས་པའི། །ས་བོན་ནམ་འདིར་ནོར་བུས་བྱ། །ཁམས་ཀྱི་ཁ་དོག་དབྱེ་བ་ཡིས། །ཇི་ལྟར་རྙེད་པ་དེ་བཞིན་བྱོས། །དེ་ནས་འདི་ལས་རྣལ་འབྱོར་པའི། །གང་གིས་མྱུར་དུ་འགྲུབ་བྱེད་འགྱུར། །རིགས་ ལས་སྐྱེས་པར་གྱུར་པའི་སྔགས། །སྔགས་ཀྱི་མཚན་ཉིད་བཤད་པར་བྱ། །ཨ་ཀུ་ཧ་ྈྐ་མགྲིན་བྱུང་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ནམ་མཁའི་ཁམས་ལས་ཡང་དག་བྱུང་། །དེ་རྣམས་ཧ་ཡིག་ཤེས་བྱེད་ཀྱིས། །ཨི་ཙུ་ཡ་ཤ་རྐན་ལས་ བྱུང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ཁམས་ལས་ཡང་དག་བྱུང་། །དེ་རྣམས་ཡ་ཡིག་ཤེས་བྱེད་ཀྱིས། །རྀ་ཊུ་ར་ཥ་སྤྱི་བོ་བྱུང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་། །ར་ཡིག་ཤེས་བྱེད་ཀྱིས་ཡིན་ནོ། །ཨུ་ པུ་ཝ་ྉྤ་མཆུར་གྱུར་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ཡང་དག་བྱུང་། །དེ་རྣམས་ཝ་ཡིག་ཤེས་བྱེད་ཀྱིས། །ལྀ་ཏུ་ལ་ས་སོ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང་། །དེ་རྣམས་ ལ་ཡིག་ལས་ཤེས་བྱེད། །རྗེས་སུ་ང་རོ་རྣམ་བཅད་ཀྱང་། །དབྱངས་དང་གསལ་བྱེད་སྤངས་པ་སྟེ། །ཡེ་ཤེས་ཁམས་ལས་ཡང་དག་བྱུང་། །དེ་ལྟར་ཁམས་དྲུག་རིགས་ཅན་ཏེ། །ས་དང་ཆུ་དང་སྲེག་ཟ་རླུང་། །ཁུ་བ་དང་ནི་རྡུལ་གྱི་རིགས། །ཁམས་དྲུག་ཅན་དུ་འདིར་བཤད་དེ། །སྐྱེས་བུ་ གང་ཟག་ཆེན་པོའོ། །གཙོ་བོ་ཨ་སོགས་ཀ་སོགས་བདག །ཕུང་པོ་ཁམས་ཀྱི་སྔགས་བདག་ཉིད། །སོ་སོར་སྡུད་པ་བདེ་བྱེད་ཀྱི། །སྒྲ་གྲུབ་པ་ཡི་དོན་དུ་བསྟན། །སྔགས་གྲུབ་པ་ཡང་དེ་ཁོ་ན། །ཐམས་ཅད་མཁྱེན་པའང་དེ་བཞིན་སྔགས། །བྱིས་པ་ཀློག་པའི་རིམ་པས་མིན། ། མགྲིན་པ་རྐན་དང་མགྲིན་པ་མཆུ། །འདྲེས་པ་གསལ་བྱེད་དབྱངས་རྣམས་གང་། །གནས་གཉིས་པ་གང་གཞན་པ་རྣམས། །དེ་རྣམས་རང་བཞིན་གཅིག་སྐྱེས་མིན། །མགྲིན་པ་ལ་སོགས་གནས་གཅིག་ཏུ། །རང་བཞིན་དག་པ་ལས་སྐྱེས་དབྱངས། །སྔགས་རྣམས་རྟག་ཏུ་བརྗོད་ བྱས་པ། །དེ་ནི་གནས་གཉིས་བརྗོད་པ་མིན། །ཨ་ཡིག་དབྱངས་དང་ཡང་དག་ལྡན། །གང་ཞིག་རང་གི་གནས་མི་འདོར། །དེ་ནི་རང་བཞིན་གྱིས་དག་པ། །གསལ་བྱེད་རྣམ་བཅད་ཐིག་ལེ་ཅན། །ཨེ་ཡིག་སོགས་དབྱངས་དང་ལྡན་པ། །གནས་གཉིས་པ་རུ་གང་འཇུག་པ། །རང་ བཞིན་དག་པ་སྐྱེས་དེ་མིན། །གསལ་བྱེད་ཉིས་འགྱུར་དུ་འགྱུར་རོ། །དབང་ཆེན་དཀྱིལ་འཁོར་སེར་པོ་སྟེ། །ལཾ་ཡིག་ཡི་གེ་ལས་བྱུང་བའོ། །ཆུ་ཡི་དཀྱིལ་འཁོར་དཀར་པོ་སྟེ། །ཝཾ་ཡིག་ཡི་གེ་ལས་བྱུང་བའོ། །མེ་ཡི་དཀྱིལ་འཁོར་དམར་པོ་སྟེ། །རེ་བའི་ཡི་གེ་ལས་བྱུང་ བའོ། །རླུང་གི་དཀྱིལ་འཁོར་ནག་པོ་སྟེ། །ཡཾ་ཡིག་ཡི་གེ་ལས་བྱུང་བའོ། །ནམ་མཁའི་དཀྱིལ་འཁོར་ལྗང་གུ་སྟེ། །ཧ་ཡིག་ཡི་གེ་ལས་བྱུང་བའོ། །རྣམ་བཅད་ཐིག་ལེ་ལས་བྱུང་བ། །ཡེ་ཤེས་ཁ་དོག་ཀུན་ལས་སྐྱེས། །དེ་བཞིན་ཏ་སྡེ་ལྀ་ཡིག་གོ། །ཡི་གེ་ལས་སྐྱེས་སེར་ པོ་སྟེ། །པ་སྡེ་ལ་སོགས་ཨུ་ཡི་གེ །དབྱངས་ལས་བྱུང་བ་དཀར་པོར་བཤད། །ཊ་སྡེ་ལས་བྱུང་རྀ་ཡི་གེ །དབྱངས་ལས་བྱུང་བ་དམར་པོའོ། །ཙ་སྡེ་ལས་སྐྱེས་ཨི་ཡི་གེ །དབྱངས་ལས་བྱུང་བ་ནག་པོར་བཤད། །ཀ་སྡེ་ལ་སོགས་ཨ་ཡི་གེ །དབྱངས་ལས་བྱུང་བ་ལྗང་ གུར་བཤད། །དེ་བཞིན་ས་ཡིག་ལས་བྱུང་དང་། །ཨལ་ཡིག་ལས་བྱུང་སེར་པོའོ། །དཀར་པོ་ྉྤ་ཡིག་ལས་བྱུང་དང་། །ཨོ་ཡིག་ཡོན་ཏན་ལས་བྱུང་བའོ། །དམར་པོ་ཥ་ཡིག་ལས་བྱུང་དང་། །ཨར་ཡིག་ཡོན་ཏན་ལས་བྱུང་བའོ། །ནག་པོ་ཤ་ཡིག་ལས་བྱུང་དང་། །ཨེ་ཡིག་ ཡོན་ཏན་ལས་བྱུང་བའོ། །ལྗང་གུ་ྈྐ་ཡིག་ལས་བྱུང་དང་། །ཨ་ཡིག་ཡོན་ཏན་ལས་བྱུང་བའོ། །ཨ་ཨི་རྀ་ཨུ་ལྀ་ཞེས་འདི། །དག་པ་རང་བཞིན་ལས་སྐྱེས་དབྱངས། །ཨ་ཨེ་ཨར་ཨོ་ཨལ་ཞེས་འདི། །ཡོན་ཏན་རང་བཞིན་གཉིས་ལས་སྐྱེས། །ཧ་ཡ་ར་ཝ་ལ་ཞེས་འདི། །ཡཎ་ དུ་བསྒྱུར་བ་དེ་བཞིན་གཉིས། །ཕལ་པ་གཙོ་བོས་གཉིས་དབུས་སུ། །གཙོ་བོ་དཀྱིལ་འཁོར་འདྲེན་པའོ། །སླར་ཡང་སྡེ་པ་སོ་སོ་ལའང་། །རང་བཞིན་རྣམ་པ་ལྔ་རུ་བཤད། །ང་ཉ་ཎ་མ་ན་ཞེས་འདི། །སྟོང་པའི་ཁམས་ལས་བྱུང་རྣམས་སོ། །གྷ་ཛྷ་ཌྷ་བྷ་དྷ་འདི་རྣམས། །རླུང་གི་ ཁམས་ལས་ཡང་དག་བྱུང་། །ག་ཛ་ཌ་བ་ད་འདི་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་། །ཁ་ཚ་ཋ་ཕ་ཐ་ཞེས་འདི། །ཆུ་ཡི་ཁམས་ལས་བྱུང་བ་རྣམས། །ཀ་ཙ་ཊ་པ་ཏ་འདི་རྣམས། །ས་ཡི་ཁམས་ལས་བྱུང་བ་རྣམས། །རིགས་དྲུག་ཡི་གེའི་དབྱེ་བ་ཡིས། །རང་བཞིན་གཙོ་བོས་ དབྱེ་བ་ལས། །ཡི་གེ་སོ་སོའི་དབྱེ་བ་ཡིས། །རིགས་ནི་རྣམ་པ་ལྔ་རུ་འགྱུར། །ཇི་ལྟར་ས་དང་མཇུག་མ་སེར། །དེ་ལྟར་གཟུགས་དང་ལུས་དབང་པོ། །ཆུ་དང་ཟླ་བ་ཇི་ལྟར་དཀར། །ཇི་ལྟར་འདུ་ཤེས་ལྕེ་དབང་པོ། །མེ་དང་ཉི་མ་ཇི་ལྟར་དམར། །ཚོར་བ་མིག་སྟེ་ དེ་དག་ཀྱང་། །རླུང་དང་སྒྲ་གཅན་ཇི་ལྟར་གནག །དེ་ལྟར་འདུ་བྱེད་དང་ནི་སྣའོ། །ཇི་ལྟར་ནམ་མཁའ་དྷྲུ་བ་ལྗང་། །རྣམ་ཤེས་རྣ་བ་དེ་ལྟར་རོ། །ཡེ་ཤེས་རི་བྱི་ཇི་ལྟར་སྔོ། །དེ་ལྟར་ཡེ་ཤེས་ཡིད་བཤད་དོ། །དེ་བཞིན་དྲི་དང་ཁ་དོག་དང་། །རོ་དང་རེག་བྱ་ཁོ་ན་དང་། །སྒྲ་དང་ཆོས་ཀྱི་ དབྱིངས་ཀྱང་ནི། །ཁམས་དྲུག་རིགས་ཏེ་རིམ་པ་ལས། །དེ་བཞིན་བཤང་ལམ་རྐང་པ་དང་། །ལག་པ་ངག་གི་དབང་དེ་བཞིན། །བྷ་ག་མཆོག་གི་དབང་པོ་ཡང་། །ས་ལ་སོགས་པའི་རིགས་ལས་བྱུང་། །དེ་བཞིན་བརྗོད་དང་ལེན་པ་དང་། །འགྲོ་དང་བཤང་བ་འཛག་ཉིད་དང་། །ཁུ་ བ་འཕོ་བའི་བྱ་བ་སྟེ། །འདི་རྣམས་ས་སོགས་རིགས་ལས་བྱུང་། །དེ་ལྟར་ཁམས་དྲུག་རབ་ཏུ་བརྗོད། །ཕུང་པོ་དྲུག་དང་དབང་པོ་དྲུག །ཡུལ་དང་ལས་ཀྱི་དབང་པོ་རྣམས། །ལས་ཀྱི་དབང་པོའི་བྱ་བ་དྲུག །ཕུང་པོ་དྲུག་དང་ཁམས་དབྱེ་བས། །ཁམས་རྣམས་སུམ་ཅུ་རྩ་དྲུག་རྣམས། ། སུམ་ཅུ་བདུན་པ་ཤེས་རབ་སྟེ། །ཆོས་ཀུན་སྟོང་ཉིད་གཅིག་པའོ། །ཁམས་རྣམས་ཕྱི་དང་ལུས་ལ་ཡང་། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །དག་པའི་ས་ཡིས་རེངས་པ་ཡིན། །དག་པའི་ཆུ་ཡིས་ཞི་བའོ། །དག་པའི་མེ་ཡིས་དབང་དུ་བྱེད། །དག་པའི་རླུང་གིས་རྣམ་སྡང་བྱེད། །དག་ པའི་སྟོང་པས་འཚོ་བྱེད་པའོ། །དག་པའི་ཡེ་ཤེས་ཀྱིས་གསོད་པའོ། །དག་པའི་ལས་རྣམས་དྲུག་ཅེས་པའོ། །རྣམ་པར་བསྲེས་པ་གཞན་རྣམས་ཏེ། །ས་དང་ཆུ་ནི་བསྲེས་པ་ཡིས། །ལུས་ཅན་ཀུན་གྱི་རྒྱས་པའོ། །རླུང་དང་མེ་ནི་རྣམ་བསྲེས་པས། །ལུས་ཅན་ཐམས་ཅད་འགུགས་ པའོ། །རླུང་དང་ཆུ་ནི་རྣམ་བསྲེས་པས། །མི་རྣམས་ཀྱི་ནི་བསྐྱོད་པར་འགྱུར། །ས་དང་སྟོང་པ་བསྲེས་པ་ཡིས། །ལུས་ཅན་རྣམས་ཀྱི་ལྟུང་བར་འགྱུར། །ས་དང་ཡེ་ཤེས་བསྲེས་པ་ཡིས། །ལྟུང་བ་སླར་ཡང་སློང་བར་བྱེད། །ཆུ་དང་མེ་ནི་བསྲེས་པ་ཡིས། །སྐྱེས་པ་བུད་མེད་འཇུ་བར་ བྱེད། །ས་དང་རླུང་དུ་བསྲེས་པ་ཡིས། །རྨོངས་དང་ཕུར་བུས་འདེབས་པར་འགྱུར། །སྟོང་པ་དང་ནི་ཆུ་བསྲེས་པས། །སེམས་ཅན་རྣམས་ནི་བརྟ་བར་འགྱུར། །སྟོང་པ་ཡེ་ཤེས་བསྲེས་པ་ཡིས། །ཕྱིར་ཡང་འཚོ་བ་ཉིད་ཡིན་ནོ། །མེ་དང་ས་ནི་བསྲེས་པ་ཡིས། །ལུས་ཅན་ཐམས་ ཅད་གདུང་བར་བྱེད། །མེ་དང་སྟོང་པ་བསྲེས་པ་ཡིས། །ལུས་ཅན་རྣམས་ལ་རིམས་སུ་འགྱུར། །མེ་དང་ཡེ་ཤེས་བསྲེས་པ་ཡིས། །ལུས་ཅན་རྣམས་ལ་འཁྲུག་པར་འགྱུར། །རླུང་དང་སྟོང་པ་བསྲེས་པ་ཡིས། །སྣ་ཚོགས་ངེས་པར་སྐྲོད་པར་བྱེད། །རླུང་དང་ཡེ་ཤེས་བསྲེས་པ་ཡིས། ། སྐད་ཅིག་གིས་ནི་ཁམས་གསུམ་འཆིང་། །སྟོང་པ་ཡེ་ཤེས་བསྲེས་པ་ཡིས། །ལུས་ཅན་ཐམས་ཅད་བསྐྱོད་པའོ། །ཡེ་ཤེས་གཅིག་པུས་ལས་རྣམས་ཀུན། །ཡེ་ཤེས་སྨྲ་བ་རྣམས་ཀྱིས་བྱེད། །བཟླས་པ་མ་ཡིན་བགྲང་ཕྲེང་མིན། །སྦྱིན་སྲེག་སྔགས་དང་མཆོད་པས་མིན། ། ལས་རྣམས་ཐམས་ཅད་རྣལ་འབྱོར་པས། །བསམ་གཏན་ཙམ་གྱིས་འགྲུབ་པར་བྱེད། །འདི་ལྟར་སྔགས་གང་རིགས་གསུམ་དང་། །བཞི་དང་ལྔ་ཡི་རིགས་རྣམས་ཀྱང་། །ཁམས་རྣམས་ཀྱི་ནི་རང་བཞིན་ལས། །ཆོ་གས་མཐའ་ཡས་ལས་རྣམས་བྱེད། །ཅེས་པ་དེ་ལྟར་རིགས་དྲུག་ སྔགས། །དག་པ་དང་ནི་ཕན་ཚུན་བསྲེས། །དེ་རྣམས་གྲངས་མེད་སེམས་དཔའ་ཆེ། །ལྷ་ཡི་དངོས་གྲུབ་སྒྲུབ་པ་ལ། །ཁམས་ལྔ་ཡི་ནི་རང་བཞིན་ལས། །སྔགས་རྣམས་མཚན་ཉིད་བརྗོད་པར་བྱ། །དགྲ་དང་བཤེས་དང་བཏང་སྙོམས་ལ། །སེམས་ཅན་དོན་ཕྱིར་བརྗོད་པར་བྱ། །ཨ་ ཀུ་ཧ་ྈྐ་མགྲིན་བྱུང་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །སྟོང་པ་རླུང་སོགས་སྔགས་རྣམས་ཀྱིས། །གྲོགས་པོ་ཉིད་ཀྱིས་རྟག་ཏུ་གནས། །ཨི་ཙུ་ཡ་ཤ་རྐན་བྱུང་རྣམས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །རླུང་གི་ཁམས་ལས་ཡང་དག་བྱུང་། །ཆུ་ ལས་སྐྱེས་པ་རྣམས་ཀྱི་དགྲ །རྀ་ཊུ་ར་ཥ་སྤྱི་བོ་སྐྱེས། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །མེ་ཡི་ཁམས་ལས་ཡང་དག་བྱུང་། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ །ཨུ་པུ་ཝ་ྉྤ་མཆུ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ཆུ་ཡི་ཁམས་ལས་ ཡང་དག་བྱུང་། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ལྀ་ཏུ་ལ་ས་སོ་སྐྱེས་གང་། །དབྱངས་དང་གསལ་བྱེད་མཚན་ཉིད་རྣམས། །ས་ཡི་ཁམས་ལས་ཡང་དག་བྱུང་། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ །རྟག་ཏུ་སྟོང་པ་རླུང་གི་གྲོགས། །ཐ་མལ་པ་ཆུ་ནུས་མེད་ ཕྱིར། །མེ་ཡི་གྲོགས་པོ་རྟག་ཏུ་རླུང་། །ས་ནི་བཏང་སྙོམས་ནུས་མེད་ཕྱིར། །ཆུ་ཡི་གྲོགས་པོ་ས་ཡིན་ཏེ། །ཐ་མལ་པ་ནི་མེ་ཉིད་དོ། །ས་ཡི་གྲོགས་པོ་ཆུ་ཡིན་ཏེ། །མེ་ཉིད་ཀྱང་ནི་བཏང་སྙོམས་པའོ། །ཨོཾ་གྱི་ཡི་གེ་སྤངས་ནས་ནི། །སྔགས་ཀྱི་ཡི་གེ་དང་པོ་རིགས། །དེ་ཉིད་སྔགས་ ཀྱི་ཐུགས་ཡིན་ཏེ། །གཟུགས་ནི་རྫོགས་པའི་རྒྱུ་ཡིན་ནོ། །གང་ཚེ་སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་བརྩེགས་ན། །དེ་དག་ལས་དེར་དང་པོ་བཟུང་། །དང་པོར་བརྗོད་པའི་རྒྱུ་ཡི་ཕྱིར། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །དེ་ཉིད་རྣམས་ལ་གཉིས་སུ་འགྱུར། །སྲོག་ གི་དགྲ་དང་གྲོགས་པོ་དང་། །ལུས་ཀྱི་ཡང་ནི་བརྗོད་པར་བྱ། །སྲོག་གི་དགྲ་དང་གྲོགས་པོའམ། །ཐ་མལ་པ་ནི་དབྱངས་རྣམས་བཤད། །ལུས་ཀྱི་དགྲ་དང་གྲོགས་པོ་དང་། །བཏང་སྙོམས་པ་རྣམས་གསལ་བྱེད་བཤད། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་པོའི། །སྲོག་འཕྲོག་བྱེད་དེ་ ཐེ་ཚོམ་མེད། །ལུས་ཀྱི་དགྲ་བོ་གསལ་བྱེད་ཀྱི། །མཚན་ཉིད་ཅན་གྱིས་ནད་སོགས་བྱེད། །སྡེ་པ་གཅིག་ལའང་ཀ་ལ་སོགས། །སྔགས་སྒྲུབ་པ་ལ་ཤེས་པར་བྱ། །ང་ཉ་ཎ་མ་ན་འདི་རྣམས། །གཞན་རྣམས་གྲོགས་པོ་ཉིད་དུ་གནས། །གྷ་ཛྷ་ཌྷ་བྷ་དྷ་འདི་རྣམས། །ཆུ་ལས་སྐྱེས་པ་ རྣམས་ཀྱི་དགྲ། །ག་ཛ་ཌ་བ་ད་འདི་རྣམས། །ས་ལས་སྐྱེས་པ་རྣམས་ཀྱི་དགྲ །ཁ་ཚ་ཋ་ཕ་ཐ་ཞེས་འདི། །མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། །ཀ་ཙ་ཊ་པ་ཏ་ཞེས་འདི། །རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ །དེ་ལྟར་ཕན་ཚུན་གྲོགས་པོ་དང་། །ཐ་མལ་སྔ་མ་བཞིན་ཤེས་བྱ། །སྔགས་ ཀྱི་དང་པོ་ཡི་གེ་གནས། །རང་གི་སྡེ་པའམ་གཞན་རྣམས་ལའང་། །སྒྲུབ་པ་པོ་ཡི་ཡི་གེ་གཉིས། །སྐྱེ་ལས་སྐྱེས་དང་མིང་སྐྱེས་འགྱུར། །དེ་ཡང་རྣམ་གཉིས་ཡོངས་ཤེས་བྱ། །དབྱངས་དང་གསལ་བྱེད་མཚན་ཉིད་དོ། །སྐྱེ་བའི་དུས་སུའང་དུས་སྦྱོར་གང་། །དབྱུ་གུ་ལྔ་ཡི་བདག་ཉིད་ གྱུར། །སྐྱེས་པའམ་མོ་ཡི་ཆུ་སྲིན་སོགས། །དེ་ཡི་གསལ་བྱེད་སྦྱང་བར་བྱ། །ཆུ་སྲིན་ལ་ནི་ཀ་སོགས་ལྔ། །དབྱུ་གུའི་དབྱེ་བས་སྦྱང་བར་བྱ། །བུམ་པ་ལ་ཡང་ང་སོགས་ལྔ། །སྟོང་པ་སོགས་རིམ་དབྱེ་བ་ལས། །ཉ་ལའང་ཙ་ལ་སོགས་རྣམས་ལྔ། །ལུག་ལའང་ཉ་སོགས་རིམ་པ་ བཞིན། །གླང་ལའང་ཊ་སོགས་ལྔ་རྣམས་སོ། །འཁྲིག་ལ་ཎ་སོགས་དེ་བཞིན་ནོ། །པ་སོགས་ཀརྐ་ཊ་སྦྱོར་ལ། །མ་སོགས་སེང་གེའི་དུས་སྦྱོར་ལའོ། །བུ་མོ་ལ་ནི་ཏ་སོགས་ལྔ། །སྲང་ལ་དེ་བཞིན་ན་སོགས་རྣམས། །སྡིག་པ་ལ་ནི་ས་སོགས་ལྔ། །གཞུ་ལ་ྈྐ་ལ་སོགས་རྣམས་བཤད། ། སྡུད་དང་སྤྲོ་བའི་དབྱེ་བ་ཡིས། །ཡི་གེ་དྲུག་ཅུ་ཉིན་མཚན་ལའོ། །གཡས་དང་གཡོན་པའི་རྒྱུ་བ་ལ། །དཀྱིལ་འཁོར་ལྔ་པོ་འབབ་པ་རྣམས། །དུས་དྲུག་གིས་ནི་རབ་དབྱེ་བས། །ཕྱི་རོལ་དེ་བཞིན་དེ་ལུས་ལའོ། །དབྱངས་རྣམས་ཟླ་བའི་ཆ་དབུས་སུ། །སུམ་ཅུའི་དབྱེ་བས་རྣམ་སྦྱང་བྱ། །ཡར་ ངོའི་ཚེས་གཅིག་ནས་བརྩམས་ཏེ། །གནམ་སྟོང་མཐར་ཐུག་སུམ་ཅུའི་ལྷ། །ཨ་ཨི་རྀ་ཨུ་ལྀ་ཞེས་འདི། །ཚེས་གཅིག་ལ་སོགས་རིམ་ཇི་བཞིན། །ཨ་ཨེ་ཨར་ཨོ་ཨལ་ཞེས་འདི། །དྲུག་པ་ལ་སོགས་ཡོངས་སུ་གྲགས། །ཧ་ཡ་ར་ཝ་ལ་ཞེས་འདི། །བཅུ་གཅིག་པ་སོགས་རྣམས་སུ་ བཤད། །ལ་སོགས་ལྔ་རྣམས་རིམ་བཟློག་པས། །ནག་པོའི་ཚེས་གཅིག་སོགས་རྣམས་སོ། །ཨ་ཡིག་ལ་སོགས་ལྔ་རྣམས་ནི། །ནག་པོའི་ཕྱོགས་ཀྱི་དྲུག་པ་སོགས། །ལྀ་ཡིག་ལ་སོགས་ལྔ་རྣམས་གང་། །དབྱངས་རྣམས་བཅུ་གཅིག་པ་ལ་སོགས། །གང་བའི་མཐར་ནི་ཐིག་ལེར་ བརྗོད། །གནམ་སྟོང་མཐར་ནི་རྣམ་བཅད་དོ། །དེ་རྣམས་ཡུད་ཙམ་རབ་དབྱེ་བས། །ཟླ་བ་སོ་སོའི་ཆ་རུ་བཤད། །ཆ་གང་ལ་ནི་འཆར་བའི་དབྱངས། །གང་ཡིན་གཙོ་བོར་འགྲོ་བ་ཡིན། །གསལ་བྱེད་ཆོས་ཅན་ལྔ་རྣམས་གང་། །དེ་རྣམས་ས་ལ་སོགས་པའི་རིགས། །ཡུད་ཙམ་དང་པོ་ལ་དབྱངས་ དེ། །དེ་ཡིས་སྐྱེས་པའི་དབྱངས་སུ་འགྱུར། །དེ་ཡི་གཉིས་པ་གཉིས་པ་ཡི། །དེ་ལྟར་ཐམས་ཅད་རིམ་བཞིན་དུ། །ཡུད་ཙམ་སུམ་ཅུའི་དབྱེ་བ་ཡིས། །སྐྱེས་པའི་དབྱངས་སུ་བརྗོད་པར་བྱ། །སྔགས་ཀྱི་ཐོག་མའི་སྒྲ་ཡིས་ནི། །ངེས་པར་དབྱངས་དང་གསལ་བྱེད་ཀྱིས། །སྒྲུབ་པ་པོ་རྣམས་ སྲོག་ཟད་དང་། །ནད་ཆེན་བྱེད་པར་ཐེ་ཚོམ་མེད། །སྐྱེ་བའི་དབྱངས་ནི་མི་ཤེས་དང་། །གསལ་བྱེད་རྟོག་པ་མེད་པ་ན། །མིང་གི་དང་པོའི་དབྱངས་གཟུང་བྱ། །གསལ་བྱེད་གཉིས་ཀྱི་དང་པོའོ། །སྔགས་ཀྱི་དང་པོའི་གསལ་བྱེད་དམ། །དབྱངས་རྣམས་བསྒྲུབ་པའི་ ཆེད་དུ་ཡང་། །བསྙེན་པ་བཟླས་པར་བྱེད་པ་ལ། །འདིར་ནི་ལས་རྣམས་དྲུག་ཏུ་གསུངས། །དང་པོ་བརྡེག་པར་བྱ་བ་སྟེ། །དེ་བཞིན་དབབ་དང་བསྲེག་པ་དང་། །དེ་ནས་སྔགས་ལས་བརྟ་བ་དང་། །དེ་ནས་རྒྱས་དང་མཉེས་པའོ། །རྣམ་བཅད་བྱས་པའི་སྟོང་པ་ཡིས། །སྔགས་ཀྱི་སྔོན་ ལ་མནན་པ་འདི། །མཚོན་གྱི་རྒྱལ་པོས་བསྣུན་པ་སྟེ། །བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །སྔགས་ཀྱི་བཟླས་པ་འབུམ་གྱིས་ནི། །སྔགས་ཀྱི་ལྷ་ནི་རྒྱལ་གྱུར་པ། །ང་རྒྱལ་ཡོངས་སུ་བཏང་བ་ནི། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་རླུང་གིས་མནན་པ་སྟེ། །རྣལ་ འབྱོར་པ་ལ་འབབ་པར་འགྱུར། །མེ་ཡིས་མནན་པས་སྲེག་པར་བྱེད། །དེ་ནས་ཆུ་ཡིས་བརྟ་བར་བྱེད། །ས་ནི་སྤྱི་བོར་གནས་པ་ནི། །བཟླས་པས་ལྷ་ནི་རྒྱས་པའོ། །མགོ་བོར་ཐིག་ལེ་ཆས་མནན་པ། །མཉེས་པར་གྱུར་པ་མཆོག་སྟེར་འགྱུར། །དེ་ལྟར་དྲུག་འབུམ་བཟླས་པ་ཡིས། ། སྔོན་དུ་བསྙེན་པར་གསུངས་པ་སྟེ། །རྩ་རྒྱུད་ཀུན་དུ་བདེ་གཤེགས་ཀྱིས། །འདོད་པའི་དངོས་གྲུབ་ཆེད་དུའོ། །ཕཊ་ཡིག་དེ་བཞིན་ཧཱུཾ་བཽ་ཥཊ། །ན་མཿསྭཱ་ཧཱ་ཝ་ཥཊ་རྣམས། །ལས་དྲུག་ལས་ནི་གྲངས་བཞིན་དུ། །སྔགས་མཐར་བརྟུལ་ཞུགས་ཅན་གྱིས་བྱ། །དང་པོར་རྣམ་སྣང་ མཛད་སྦྱིན་ནས། །སླར་ཡང་བཟླས་པ་བརྩམ་པར་བྱ། །དེ་ནས་དབྱེ་བ་བཟླས་བྱ་སྟེ། །བཅུ་ཡི་ཆ་ཡིས་སྦྱིན་སྲེག་བྱ། །རྒྱུད་གསུངས་ཆོ་གས་ཐམས་ཅད་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །གྲུབ་པ་དེ་ཡིས་སྔགས་པ་ལ། །མཆོག་སྟེར་གང་ཞིག་དོན་གཉེར་བའོ། །རིགས་ གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །གླེགས་བམ་ལས་ནི་བཀླགས་པའི་སྔགས། །མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །དེ་རྣམས་ས་ལ་ ཉོན་མོངས་སོ། །གལ་ཏེ་གླེགས་བམ་ལས་རྙེད་ན། །ཡང་དག་བླངས་པ་དེས་ཅི་བྱ། །ཇི་ལྟར་བྲིས་པ་བཀླགས་པ་ཡིས། །དྲང་བའི་དོན་གྱིས་རབ་གསལ་བྱས། །སྔགས་ཀྱི་དམ་པའི་དངོས་སྤངས་རྣམས། །གླེགས་བམ་ལས་བཀླགས་སྔགས་རྣམས་ཀྱིས། །ལྷ་ལ་སོགས་རྣམས་སྒྲུབ་ པ་པོ། །ནམ་མཁའ་ཟ་བར་འདོད་པར་བྱེད། །རང་སེམས་བརྟན་པའི་བརྩོན་འགྲུས་སམ། །སྔགས་ཀྱི་བཟླས་པ་སྒྲུབ་པ་པོ། །གཞན་དོན་གཉེར་བ་རྣམས་ཀྱི་ནི། །འདོད་པས་འཇིག་རྟེན་དངོས་གྲུབ་འགྱུར། །སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་། །གནས་དང་མཆོད་པའི་ཆོག་ རིམ་གྱིས། །བྱ་བ་ཉམས་ན་མི་འགྲུབ་སྟེ། །ཚིག་འདི་ཡང་དག་དེ་བཞིན་ནོ། །སྟོན་པ་བྱང་ཆུབ་སེམས་དཔའ་དང་། །ལྷ་ཡིས་བསྟན་པའི་ངོ་རུ་ནི། །དེ་ཕྱིར་ཐམས་ཅད་འབད་པ་ཡིས། །དེ་ཉིད་མཁས་པས་གཟུང་བར་བྱ། །ཞེས་པ་ལ་སོགས་པས་རྩ་བའི་རྒྱུད་དུ་ཐབས་གཞན་ གྱིས་སྔགས་བསྒྲུབ་པ་གསུངས་ཏེ། རེངས་པ་ལ་སོགས་པའི་ལས་བསྒྲུབ་བའི་དོན་དུའོ། །ཉུང་ངུའི་རྒྱུད་འདིར་ནི་དགོངས་པའི་སྐད་གཞན་གྱིས་དོན་རྟོགས་པ་སྟེ། དེ་ཁོ་ན་བརྗོད་པར་བྱའོ། །ཨོཾ་ཧཱུཾ་སྭཱ་ཧཱ་རེངས་པར་བྱེད་པའོ་ཞེས་པ་ཧཱུཾ་ཡིག་གིས་རྡོ་རྗེའི་ས་གཞི་བསྒྲུབ་པར་བྱ་ཞིང་དེས་ རེངས་པ་བསྒྲུབ་པར་བྱའོ། །ཨོཾ་ཨཾ་སྭཱ་ཧཱ་དབང་དུ་བྱ་བའོ་ཞེས་པ་ཨཾ་ཡིག་གིས་མེའི་ཁམས་བསྒྲུབ་པར་བྱ་ཞིང་དེས་དབང་དུ་བྱ་བའོ། །ཨོཾ་ཁཾ་སྭཱ་ཧཱ་སྐྲོད་པར་བྱེད་པའོ་ཞེས་པ་ཁཾ་ཡིག་གིས་རླུང་གི་ཁམས་བསྒྲུབ་པར་བྱ་ཞིང་དེས་བསྐྲད་པར་བྱའོ། །ཨོཾ་ཛྲཱྀཾ་སྭཱ་ཧཱ་སྡང་བར་བྱེད་པའོ་ཞེས་ པ་ཛྲཱྀཾ་ཡིག་གིས་མེ་དང་རླུང་འདྲེས་པའི་ཁམས་དག་བསྒྲུབ་པར་བྱ་ཞིང་དེ་དག་གིས་སྡང་བ་བྱེད་པར་བྱའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་མངོན་སྤྱོད་དོ་ཞེས་པ་བྷྲཱུཾ་ཡིག་གིས་མེ་དང་ཆུ་དག་བསྒྲུབ་པར་བྱ་ཞིང་དེ་དག་གིས་མངོན་སྤྱོད་བྱའོ། །ཨོཾ་ཧཱུཾ་སྭཱ་ཧཱ་འགུགས་པར་བྱེད་པའོ་ཞེས་པ་ཧཱུཾ་ཡིག་གིས་རླུང་དང་ མེ་དང་ནམ་མཁའི་ཁམས་རྣམས་བསྒྲུབ་པར་བྱ་ཞིང་དེ་རྣམས་ཀྱིས་དགུག་པར་བྱའོ། །ཨོཾ་གྷུཿསྭཱ་ཧཱ་གསོད་པར་བྱེད་པའོ་ཞེས་པ་གྷུཿཡིག་གིས་རླུང་དང་ཆུ་དག་བསྒྲུབ་པར་བྱ་ཞིང་དེ་དག་གིས་གསོད་པར་བྱའོ། །འདི་ནི་དགོངས་པས་བཤད་པའོ། །དབང་པོ་རྣམས་ཀྱི་མངོན་སུམ་གང་། ། སེམས་ཀྱིས་བརྟགས་པ་མངོན་སུམ་སྟེ། །བསྐྱེད་པའི་རིམ་པའི་ཡེ་ཤེས་དེ། །སངས་རྒྱས་བྱེད་པའི་མངོན་སུམ་མིན། །རྣལ་འབྱོར་པ་ཡི་མངོན་སུམ་གང་། །རང་རིག་བྱེད་པ་གང་ཡིན་པ། །རྫོགས་པའི་རིམ་པའི་ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་པའི་མཆོག ། དེ་ཉིད་ཐ་དད་རྣམ་པ་ལྔ། །ཐོག་མ་བར་དང་ཐ་མར་ནི། །ཆོས་སྡུད་པ་ལ་སྐྱོབ་པ་ཡིས། །སྤྱན་ལྔ་རྣམས་ནི་གསུངས་པ་ཡིན། །ཤ་ཡི་མིག་དང་དེ་ནས་ལྷའི། །དེ་ནས་སངས་རྒྱས་སྤྱན་དུ་འགྱུར། །ཤེས་རབ་སྤྱན་དང་དེ་ནས་སླར། །ཡེ་ཤེས་སྤྱན་ནི་ལྔ་པའོ། །ལས་དང་པོ་ཡི་རྣལ་འབྱོར་ པའི། །དང་པོ་ཤ་ཡི་སྤྱན་དུ་འགྱུར། །དེ་ནས་དེ་ཡིས་ལྷ་ཡི་སྤྱན། །ལྷ་ཡི་ཇི་ལྟ་དེ་ལྟ་བའོ། །དེ་ལ་སངས་རྒྱས་སྤྱན་དུ་འགྱུར། །ཉན་ཐོས་ཇི་ལྟ་དེ་ལྟ་བའོ། །དེ་ནས་ཤེས་རབ་མིག་ཇི་ལྟར། །བྱང་ཆུབ་སེམས་དཔའ་དེ་ལྟ་བའོ། །དེ་ནས་ཡེ་ཤེས་རང་བཞིན་སྤྱན། །བདེ་གཤེགས་རྣམས་ ཀྱི་ཇི་ལྟ་བའོ། །ཡེ་ཤེས་རྣམ་པ་བཞི་ཡི་སྤྱན། །གང་ལ་ཡོད་པ་དེས་ན་དེའོ། །ཡེ་ཤེས་རྣམ་ཤེས་དབྱེ་བ་ཡིས། །དངོས་པོ་གཉིས་སུ་རབ་བསྟན་ཏེ། །སྐྱོབ་པ་རྣམས་ལ་ཡེ་ཤེས་སྤྱན། །དེ་ནས་ཡེ་ཤེས་སྤྱན་དུ་བརྗོད། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་ གཉིས་རྟོག་མེད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །དེ་ལྟར་འཇིག་རྟེན་པའི་ཀུན་རྫོབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་འདི་ཐོབ་ནས་འདི་འབྱུང་སྟེ། ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བ་ལས་དམར་བ་ཉིད་བཞིན་དུ་ལས་ཐམས་ཅད་བསྒྲུབ་ པ་ལ་རིག་པར་བྱའོ། །རྣལ་འབྱོར་པ་རྣམས་ཀྱིས་སངས་རྒྱས་སོ་ཞེས་པའི་ང་རྒྱལ་གྱིས་ནི་མ་ཡིན་ནོ་ཞེས་པ་ལས་སྒྲུབ་པའི་ངེས་པའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པར་སྔགས་ཀྱི་རིགས་ཀྱི་ལེའུ་ལས་རབ་འབྱམ་སྒྲུབ་པའི་ཡོངས་སུ་བཅད་པ་སྟེ་དྲུག་པའོ།། །། ཀྱེའི་རྡོ་རྗེའི་ཧཱུཾ་ལ་འདུད་ནས། །སྣ་ཚོགས་སྒྲུབ་པ་བཤད་པར་བྱ། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ས་ལ་ཆར་པ་དབབཆེད་དུའོ། །ཨ་ཕུཿའི་ཡི་གེ་གཉིས་ཀྱིས་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་ཞེས་པ་འདིར་མཐའ་ཡས་ཀྱི་གཟུགས་བརྙན། དྲི་ཞིམ་པོའི་ཙནྡན་ལས་བྱུང་བ་ བྱས་ཏེ། ལྟེ་བ་ཡན་ཆད་སྐྱེས་བུའི་ཆ་བྱད་ཅན་འོག་སྦྲུལ་གྱི་མཇུག་མའི་རྣམ་པ་ཅན་ལག་པ་བཞི་པ་གཡོན་དུ་བདུད་རྩིའི་ཐོད་པ་དང་། པདྨའི་ལག་པ་ཅན། གཡས་པར་བདུད་རྩིའི་འབྲས་བུ་དང་རིན་པོ་ཆེའི་ལག་པ་ཅན། མགོ་བོའི་སྟེང་དུ་གདེངས་ཀ་བདུན་པ་ཅན་ཁོར་ཡུག་གི་རྣམ་པ་ཅན་ བྱ་སྟེ། དེ་དང་འདྲ་བར་དེའི་གཡོན་དུ་ཀླུའི་རྒྱལ་པོ་ཨཾ་ཡིག་གིས་སོ་ཞེས་པའོ། །དེ་བདུད་རྩི་ལྔས་བཀྲུ་བར་བྱ་སྟེ། འོ་མ་དང་། ཞོ་དང་། སྦྲང་རྩི་དང་། མར་དང་། ཀ་ར་རྣམས་བདུད་རྩི་ལྔ་སྟེ། དེས་བཀྲུ་བར་བྱའོ། །དེ་ནས་ཨུཏྤལ་སྔོན་པོས་མཆོད་པར་བྱའོ། །ཀླུ་འདུལ་བའི་ཁུ་བས་ ལུས་ལ་བྱུག་པར་བྱ་སྟེ། གླང་པོ་ཆེའི་ཆང་གིས་མགོ་བོ་བྱུགས་ལ། ཁམ་ཕོར་གཉིས་ཁ་སྦྱོར་དུ་བྱས་ནས། བ་ནག་མོའི་འོ་མས་དགང་སྟེ། སོར་མོ་བཞིས་དཔྲལ་བ་དང་། སྣ་དང་ཨོ་སྐོའི་མཐར་ཐུག་པ་དང་། ཕྱེད་དང་བཅས་པའི་སོར་བཅུ་གཉིས་པའི་ཚད་ཅན་གཞག་པར་བྱའོ། ། གཞོན་ནུ་མ་ནག་པོས་བཀལ་བ་རིམས་ཀྱིས་བཙོས་པའི་སྐུད་པས་ཕྱོགས་བརྒྱད་རྣམས་སུ་དཀྲི་བར་བྱའོ། །དེ་ནས་རྫིང་བུའི་འགྲམ་དུ་རླུང་གི་ཕྱོགས་སུ་དཀྱིལ་འཁོར་བྱ་སྟེ། རྫིང་བུའི་དབུས་སུ་ཀླུའི་རྒྱལ་པོ་མཐའ་ཡས་དེར་གཞག་པར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ནི་མཐའ་ ཡས་མནན་པའི་ཀྱེའི་རྡོ་རྗེ་རྡུལ་ཚོན་གྱིས་བྲི་བར་བྱའོ། །འདིར་དཀྱིལ་འཁོར་དུ་ཚོན་གདབ་པ་བརྗོད་པར་བྱ་སྟེ། དུར་ཁྲོད་ཀྱི་སོལ་བས་རྡུལ་ཚོན་ནག་པོའོ། །མིའི་རུས་པའི་ཕྱེ་མས་དཀར་པོ་དང་། བ་བླས་སེར་པོ་དང་། དུར་ཁྲོད་ཀྱི་སོ་ཕག་གིས་དམར་པོ་དང་། རྐུན་མའི་ལོ་མ་མིའི་རུས་ པ་ཅུང་ཟད་བསྲེས་པས་ལྗང་གུ་སྟེ། རྡུལ་ཚོན་ལྔ་པོ་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་ནས་དང་པོར་དུར་ཁྲོད་ཀྱི་སྲད་བུས་ཞེས་པ་རོའི་རྒྱུས་པ་རྣམས་ཀྱིས་བྱས་པའི་སྲད་བུས་ཐིག་བཏབ་ནས་སོར་གསུམ་ལྷག་པའི་ཁྲུ་གསུམ་པ་སྨིན་མའི་དབུས་ནས་ལྟེ་བའི་མཐར་ཐུག་པའི་ཚད་རྣམས་ ཀྱིས་ཏེ་འགྲོ་བ་འོང་བ་རྣམས་ཀྱི་ཞེས་པའོ། །དཀྱིལ་འཁོར་གྱི་ཕྱེད་ཀྱིས་པདྨ་འདབ་མ་བརྒྱད་པ་བྱས་ནས་ཆ་གསུམ་གྱི་ལྟེ་བ་ཆ་གཅིག་ལ་ཉི་མའི་གདན་ནོ། །དེའི་སྟེང་དུ་མཐའ་ཡས་དང་། མཐའ་ཡས་ཀྱི་རྒྱལ་པོ་སྟེ། ཀྱེའི་རྡོ་རྗེའི་གཡོན་པ་དང་གཡས་པའི་ཞབས་དག་གི་མཐིལ་ལ་རྒྱལ་བ་ དང་རྣམ་པར་རྒྱལ་བ་བྲིའོ། །ཀྱེའི་རྡོ་རྗེ་ཞལ་བརྒྱད་པ་ཞབས་བཞི་པ་ཕྱག་བཅུ་དྲུག་གིས་བརྒྱན་པ་བདག་མེད་མས་ཕྲག་པ་ལ་འཁྲིལ་བ་འཆད་པར་འགྱུར་བའི་སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པའོ། །དེ་ནས་པདྨའི་འདབ་མ་རྣམས་ལ་ཀླུའི་དབང་པོ་བརྒྱད་རྣམས་ཏེ་གདེངས་ཀ་ ལྔ་དང་། ལྷག་མ་མཐའ་ཡས་ཀྱི་གཟུགས་བརྙན་དང་འདྲ་བར་བྲི་བར་བྱའོ། །འདབ་མ་གཡོན་པ་ལ་མཐའ་ཡས་སོ། །གཡས་པ་ལ་ནོར་རྒྱས་ཀྱི་བུའོ། །ནུབ་ཏུ་འཇོག་པོའོ། །ཤར་དུ་ཀརྐོ་ཊའོ། །མེ་མཚམས་སུ་པདྨའོ། །རླུང་ཕྱོགས་སུ་པདྨ་ཆེན་པོའོ། །བདེན་བྲལ་དུ་དུང་སྐྱོང་ངོ་། ། དབང་ལྡན་དུ་རིགས་ལྡན་ནོ། །ས་བོན་འདི་རྣམས་ཀྱི་ལྟེ་དབུས་སུ་ཨ་ཕུའོ། །གཡས་དང་གཡོན་པ་ལ་སོགས་པའི་འདབ་མ་རྣམས་ལ་ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿའོ། །ཕུཿཡིག་བརྒྱད་པོ་འདི་རྣམས་ཀྱིས་ཀླུ་བརྒྱད་ཡོངས་སུ་རྫོགས་པ་བྱ་སྟེ། ཤར་དང་མེར་ནག་པོའོ། །ལྷོ་དང་བདེན་ བྲལ་དུ་དམར་པོའོ། །ནུབ་དང་རླུང་ཕྱོགས་སུ་སེར་པོའོ། །བྱང་དང་དབང་ལྡན་དུ་དཀར་པོ་སྟེ། ཐུགས་དང་གསུང་དང་ཡེ་ཤེས་དང་། སྐུའི་ཞལ་གྱི་དབྱེ་བས་སོ། །གན་རྐྱལ་དུ་འགྱེལ་བའི་མཇུག་མ་མནན་པར་ཐམས་ཅད་བྲི་བར་བྱའོ། །དེ་བཞིན་དུ་ཤར་གྱི་ས་གཞི་ནག་པོའོ། །ལྷོ་དམར་པོའོ། ། ནུབ་ཏུ་སེར་པོའོ། །བྱང་དཀར་པོ་སྟེ་རེ་ཁཱ་ལྔའི་མཐར་ཐུག་པའོ། །དཀྱིལ་འཁོར་གྱི་བརྒྱད་ཆའི་སྒོ་སྟེ་དེ་བཞིན་དུ་འགྲམ་དང་སྒོ་ཁྱུད་རྣམས་སོ། །སྒོའི་ཕྱེད་ཀྱི་སྟེགས་བུ་དང་དྲ་བའི་ས་གཞིའོ། །སྟེགས་བུའི་ཕྱེད་ཀྱིས་རེ་ཁཱ་ལྔ་དང་རིན་པོ་ཆེའི་སྣམ་བུ་དང་། བ་ཀུ་ལི་དང་། ཀྲ་མ་ཤཱིཪྵ་ རྣམས་སོ། །སྒོའི་སུམ་འགྱུར་རྟ་བབས་ཏེ། མཚམས་སུ་སྣ་ཚོགས་རྡོ་རྗེའོ། །ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་འབར་བ་དང་བཅས་པའོ། །དེ་ལྟར་དཀྱིལ་འཁོར་བཞེངས་ནས་དེ་ནས་སྦྱིན་སྲེག་བྱ་སྟེ། ཟླུམ་པོའི་ཐབ་ཏུ་ཞི་བའི་དོན་དུའོ། །དེ་ནས་དཀྱིལ་འཁོར་རབ་གནས་བྱས་ལ། འཆད་པར་ འགྱུར་བའི་གཏོར་མ་བྱིན་ཏེ། ཨིན་ད། ཛ་མ། ཛ་ལ། ཛཀྵ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ། །ཕྱི་ནས་སློབ་དཔོན་གྱིས་ནང་གི་ཁྲོ་བོའི་སེམས་ཀྱིས་སྔགས་བཟླས་པར་བྱའོ། །ནང་གི་ཞེས་པ་ཅུང་ཟད་སྤྲོ་བ་དང་བཅས་པའི་སེམས་ཀྱིས་སོ་ཞེས་པའོ། །དེ་ནས་དཀྱིལ་འཁོར་དུ་སྒོ་སྲུང་ རྣམས་གཞག་ལ་བུམ་པ་བཅུ་དགོད་ཅིང་སྟེང་དུ་འོ་མས་གང་བའི་ཁམ་ཕོར་རྣམས་བཞག་ནས་ཕྱི་རོལ་དུ། ཕྱོགས་བཅུ་རྣམས་སུ་བ་དན་སྔོན་པོ་རྣམས་བྱིན་ཏེ་དབེན་པའི་གནས་སུ་སྔགས་འདི་བཟླ་བར་བྱའོ། །ཨོཾ་གྷ་ཊ་གྷ་ཊ། གྷུ་ཊུ་གྷུ་ཊུ། མ་ཤ་མ་ཤ། །གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ་ཨ་ནནྟ་ཀྵོ་ བྷ་ཀ་རཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀཾ་སབྟ་པཱ་ཏཱ་ལ་ག་ཏཱ་ན་ནཱ་ག་ན་ཨཱ་ཀཱཪྵ་ཡ་བརྵ་ཡ་གརྫ་ཡ་ཏརྫ་ཡ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། འདི་ལྟ་ན་ཆར་འབབ་པོ། །གལ་ཏེ་ཆར་མི་འབབ་ན་བཟློག་ནས་སྔགས་འདི་བཟླས་ཏེ། ཧཱ་སྭཱ་ཊ་ཕཊ་ཕཊ་ཕ་ཧཱུཾ་ཧཱུཾ་ཧཱུཾ་ཕུཿཕུཿཕུཿཕུཿཕུཿ ཕུཿཕུཿཕུཿ། ཡ་རྫཏ་ཡ་རྫག་ཡ་ཪྵ་བ་ཡ་ཪྵ་ཀ་ཨཱ་ན་གཱ་ནཱ་ཏཱཾ་ག་ལ་ཏཱ་པཱ་པྟས་ཀཾ་རུ་རུ་ཧེ་ཧེ་ཡེ་ཏ་པ་དྷི་གཱ་ནཱ་ཡ་རཱ་ཀ་བྷ་ཀྵོ་ནྟན་ཨ་ཡ་ཊ་གྷོ་ཡ་ཊ་གྷོ་ཊ་གྷ་ཊ་གྷ་ས་མ་ས་མ། ཊུ་གྷུ་ཊུ་གྷུ་ཊ་གྷ་ཊ་གྷ་ཨོཾ་ཞེས་པ་དེ་ལྟར་བཟླས་པར་གྱུར་པ་ན་གལ་ཏེ་ཀླུ་རྣམས་ཆར་མི་འབེབས་ན་དེའི་ཚེ་མགོ་བོ་ཨརྫ་ཀའི་དོག་པ་ ལྟར་འགས་སོ། །ཨརྫ་ཀ་ཞེས་པ་དབྱུག་པ་དཀར་པོ་ཅན་མལླི་ཀ་ནག་པོ་འདྲ་བ་སྟེ། དེའི་དོག་པ་ཇི་ལྟར་ཉི་མའི་འོད་ཀྱིས་འགས་པ་དེ་བཞིན་དུ་ཞེས་པ་ངེས་པའོ། །ཆར་པ་འབེབས་སུ་འཇུག་པའི་ཆོ་གའོ། །སྔགས་འདིའི་སྔོན་དུ་བཟླས་པ་འབུམ་ཕྲག་གཅིག་སྟེ། བྱེ་བ་བཟླས་པས་སྔགས་ འགྲུབ་ཅིང་། གང་གི་ཚེ་སྦྱིན་སྲེག་འབུམ་ཕྲག་བཅུ་བྱས་ན་དེའི་ཚེ་སྒྲུབ་པ་པོས་གཏོར་མ་བྱིན་པ་ཙམ་གྱིས་ཀླུ་རྣམས་ཆར་འབེབས་ཏེ། དེ་ལ་དཀྱིལ་འཁོར་གྱི་ཆོ་ག་མེད་དོ། །དཀྱིལ་འཁོར་གྱི་ཆོ་ག་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་དང་། སྦྱིན་སྲེག་ཁྲི་ཕྲག་གཅིག་བྱས་ཏེ་དེའི་ཚེ་ཀླུ་ རྣམས་ཆར་འབེབས་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་རྩ་བའི་རྒྱུད་དུ་ངེས་པའོ། །ད་ནི་སྤྲིན་དྲལ་བ་བརྗོད་པར་བྱ་སྟེ། འདིར་གང་གི་ཚེ་ཆར་ཆེས་པར་གྱུར་ན་དེའི་ཚེ་མཐའ་ཡས་དེ་དུར་ཁྲོད་ཀྱི་ཐལ་བས་ཁམ་ཕོར་བཀང་བར་གཞག་པར་བྱ་སྟེ། སྔགས་པས་དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་ སྔགས་འདི་བཟླས་པར་བྱའོ། །ཨོཾ་ཨཱརྱཱ་ཤ་མ་ཤཱ་ན་པྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པས་དྲལ་བར་བྱའོ། །འདི་ལ་ཡང་སྔ་མ་བཞིན་དུ་བསྙེན་པ་དང་སྦྱིན་སྲེག་བཟླས་པའོ་ཞེས་པ་སྤྲིན་དྲལ་བའི་ཆོ་གའོ། །ད་ནི་རྡོ་རྗེ་གྲི་གུག་གི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། འདིར་གདུལ་དཀའི་སེམས་ཅན་རྣམས་ གདུལ་བའི་དོན་དུ་རྡོ་རྗེ་གྲི་གུག་གི་སྔགས་བྱེ་བ་བཟླས་པས་བསྒྲུབ་པར་བྱ་ཞིང་སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་ཀྱང་ངོ་། །དེ་ནས་ཐོད་ལོ་ཀོར་གྱི་སྒྲུབ་པ་བྱ་སྟེ། ཐོད་ལོ་ཀོར་བདུད་རྩི་ལྔ་དང་ལྷན་ཅིག་བཏགས་ལ་ཀུ་ཋཱ་ར་ཚིནྣ་དང་བཅས་པའི་རིལ་བུ་མིག་འབྲས་ཀྱི་ཚད་ཙམ་བྱའོ། ། དེ་ནས་ཧེ་རུ་ཀའི་ཁང་པར་སོང་སྟེ། ཧེ་རུ་ཀའི་ཞལ་དུ་བཅུག་ནས་སྔགས་འདི་ཇི་སྲིད་དུ་སྐུ་གཟུགས་ཀྱི་ཞལ་གྱིས་རིལ་བུ་དེ་སྒྲུབ་པ་པོ་ལ་གཏོད་པའི་བར་དུ་བཟླས་པར་བྱའོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དངོས་གྲུབ་ཀྱི་དོན་དུ་འབུམ་བཟླས་པ་བྱ་སྟེ་སྟན་གཅིག་པའོ། །དེ་ནས་འགྲུབ་ པར་འགྱུར་རོ། །དེ་བསྒྲུབས་ནས་རིལ་བུའི་མགྲིན་པ་ལ་དེའི་རི་མོ་བྱའོ། །རི་མོ་རྒྱལ་པོ་འཁོར་དང་བཅས་པའི་མགྲིན་པ་ལ་མཐོང་ན་གལ་ཏེ་རིལ་བུའི་མགྲིན་པ་དེ་བཅད་པ་དེའི་ཚེ་དགྲ་རྣམས་མགོ་བོ་མེད་པར་འགྱུར་རོ། །རྡོ་རྗེ་གྲི་གུག་རྫོགས་སོ། །ད་ནི་རྡོ་རྗེ་དགྲ་སྟའི་སྒྲུབ་ཐབས་བརྗོད་པར་ བྱ་སྟེ། འདིར་མུ་སྟེགས་པའི་ལྷ་རྣམས་འགས་པར་འདོད་པས་རྡོ་རྗེ་དགྲ་སྟའི་ཐིག་ལེ་བསྒྲུབ་པར་བྱའོ། །འདིར་ཡང་སྔགས་བསྒྲུབ་པ་སྔ་མ་བཞིན་དུ་བྱ་སྟེ། དེ་ནས་རྒྱུ་སྐར་རྒྱལ་གྱིས་ཉ་བ་ལ། ཚངས་པའི་ཤིང་གི་ས་བོན་བླངས་ཏེ། ཚངས་པའི་ཤིང་ནི་པ་ལ་ཤར་བརྗོད་པར་བྱའོ། །དེའི་ ས་བོན་ཀུ་ཋཱ་ར་ཚིནྣ་དང་བསྲེས་ལ་ཆ་མཉམ་པ་མི་བསྐྱོད་པས་བཏགས་པར་བྱའོ། །བཏགས་ནས་དགྲ་སྟར་བྱ་ཞིང་བསྐམ་པར་བྱའོ། །ཉི་མ་གཟས་བཟུང་བ་ན་རྐང་པས་མནན་ཏེ་སྔགས་བཟླས་པར་བྱའོ། །ཨོཾ་བཛྲ་ཀུ་ཋཱ་ར་པཱ་ཊ་ཡ་པཱ་ཊ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་བྱེ་བ་བཟླས་ནས་སྔ་མ་ བཞིན་དུ་ཉི་མ་བཟུང་བ་ན་ཉིན་མཚན་དུ་བསྒྲུབས་ནས་དེ་བདར་བས་དགྲ་སྟའི་རྣམ་པའི་ཐིག་ལེ་བྱའོ། །བྱས་པ་དེས་ལྷ་གང་ལ་སྒྲུབ་པ་པོས་ཕྱག་འཚལ་བ་དེས་འགས་པར་བྱེད་པའོ་ཞེས་པ་ལྷ་དགས་པའི་ཆོ་གའོ། །ད་ནི་ཚ་བའི་རིམས་ཀྱི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྔ་མ་བཞིན་དུ་ སྔགས་བསྒྲུབས་ལ། དེ་ནས་ཚ་བའི་རིམས་བྱེད་པར་འདོད་པས། དུག་དང་། སྐེ་ཚེ་དང་། ཙི་ཏྲ་ཀའི་ཁུ་བས་ཨརྐའི་འདབ་མ་ལ་དགྲ་བོའི་མིང་བྲིས་ཤིང་དེ་ནས་ས་གཞི་ལ་སོར་བརྒྱད་དུ་བརྐོ་བར་བྱའོ། །སྟེང་དུ་ཕུབ་མའི་མེ་གཞག་སྟེ་ཁྲི་བཟླས་པར་བྱའོ། །ཨོཾ་ཧེ་བཛྲ་ཛྭ་ར་ཛྭ་ར་ཤ་ཏྲཱུཾ་བྷྲཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་སྭཱ་ཧཱ། དེ་ནས་བསྒྲུབ་བྱ་རིམས་ཀྱིས་འདེབས་པར་འགྱུར་རོ། །འདབ་མ་ཕྱུང་ནས་བའི་འོ་མས་བཀྲུས་ན་གྲོལ་བའོ་ཞེས་པ་ཚ་བའི་རིམས་ཀྱི་ཆོ་གའོ། །ད་ནི་ཆང་སྐྱུག་པའི་ཆོ་ག་བརྗོད་པར་བྱ་སྟེ། སྔ་མ་བཞིན་དུ་ཆང་སྐྱུག་པའི་སྔགས་བསྒྲུབས་ནས། དེ་ནས་ཆང་སྐྱུག་པར་འདོད་ པས་བསྒྲུབ་བྱའི་ལྟེ་བར་ཡཾ་ཡིག་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་བསྒོམ་ཞིང་། དེའི་སྟེང་དུ་མཾ་ཡིག་ཡོངས་སུ་གྱུར་པའི་ཆང་གི་ལྟོ་བ་ཅན་སྐྲ་གྲོལ་བ་ཆང་སྐྱུག་པ་བསྒོམ་པར་བྱ་སྟེ། བསྒྲུབ་བྱ་ཆང་སྐྱུག་གོ། །ཨོཾ་ཧེ་བཛྲ་མ་རྱ་མུངྒི་རཱ་ཡ་མཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ བརྒྱད་ལྷག་པའི་བརྒྱ་བཟླས་པར་བྱའོ། །ཆང་སྐྱུག་པའི་སྒྲུབ་ཐབས་སོ། །ད་ནི་དབང་དུ་བྱ་བ་བརྗོད་པར་བྱ་སྟེ། སྔ་མ་ལྟ་བུའི་ཀུ་རུ་ཀུལླེའི་སྔགས་སྔར་བཤད་པའི་བྱེ་བ་ལ་སོགས་པ་བཟླ