Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་ དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨོྃ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། །གཟུགས་ སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མཱུྃ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་སྒོམ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་གིས། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་ དཀྱིལ་འཁོར་མཉེས། །ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེའམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པོ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། ། དགྱེས་མཉམ་ཚོགས་ཀྱི་སྦྱིན་པས་བསྟིམ། །བསྒྲུབ་པའི་ཉི་ཟླའི་དཀྱིལ་འཁོར་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་ སྟེང་དུ་མཁས་པས་བཞག །ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུྃ་དུ་གྱུར་པས་རྣམ་པར་དག །དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་འགྱུར་འོད་ཟེར་འཕྲོ་བས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་སྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ཤེས་ སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་གོས་པ་མེད། །སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང་། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་དུ་བཟང་པོའི་ཞིང་། ། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ལྔ་དང་ལྔ་ཡི་སྦྱོར་བ་ཡིས། །ཚོམ་བུ་ལྔ་ཡི་ལྷ་བཀོད་ ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། ། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང་། །ཕོ་ཉ་ཕྱག་བརྙན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་ བྱེད། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །སྤྱོད་པ་ཅི་ལའང་ཐོགས་མེད་པ། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ། །འོད་འཕྲོ་འབར་བར་རབ་ཏུ་བསྒོམ། །ཆགས་མེད་ ཚུལ་དུ་བསྟིམ་པར་བྱ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཏིང་འཛིན་གསལ་བར་འོད་ཟེར་འཕྲོ། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དཀྱིལ་ འཁོར་མ་ལུས་འབར་བར་འགྲུབ། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །རྡོ་རྗེ་རིགས་སུ་སྐྱེ་བའི་གནས། །སྔགས་འཆང་དངོས་གྲུབ་ཡང་དག་ནི། །ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཆགས་པ་མེད་པའི་ཚུལ་ གྱིས་སུ། །འོད་ཟེར་རྣམ་པ་མང་པོ་འཕྲོ། །གཉིས་སུ་མེད་པར་བསྟིམ་པར་བྱ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །སེམས་དཔའ་སེམས་མ་ཉིད་དུ་བསྒོམ། ། སོ་སོའི་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་ཡང་དག་སོ་སོར་གསལ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །མ་ཉམས་བློ་ནི་རབ་ལྡན་པས། །དང་པོ་དམ་མནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམ་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །བསྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །གསང་ བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ། རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་ འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་ བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཤེས་འཇུག་མཚན་ཉིད་འབྱོར་པའི་ གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་དུ་རྫོགས། ། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་འགྱུར་བ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་ འཁོར་མཐའ་ཡས་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །དཀྱིལ་འཁོར་ཀུན་དུ་རབ་སྦྱོར་ བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ཡང་། །སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་ གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས། །དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་ དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །མ་རྟོགས་པ་དང་ལོག་པར་རྟགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་ གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་རྟགས་མིང་ཚོགས་ལས། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་ འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་ རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་དུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡིས། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟས་ཤིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བ། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་ དགྱེས་ལ་མཆོད་པ་དབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བའི། །རོལ་མོ་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བའི། །དབང་སྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་ པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མཆོག །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་ བསམ་བསྒོམ་ལ་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངོམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་འགྱུར་བ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་ བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་འགྱུར་ པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་ཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་ གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ཨོྃ་ ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་དུ་རྫོགས་ཧོཿ། །ཨོྃ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། ། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ། །ཨོྃ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་དུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་དུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ། །ཨོྃ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ། །ཨོྃ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ། །ཨོྃ་ ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་དུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ། །ཞེས་ཆེད་དུ་བསྒྲགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་ དང་བྲལ་བ་དག །གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས། རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེ་རབ་ཏུ་ཚ་བའི་སྡུག་བསྔལ་ དྲག་པོས་གདུངས་པ་དང་། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་དང་། །པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ། དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང་། ཤིན་ཏུ་གྲང་བ་ལ་སོགས་པ་ བརྒྱད་དུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མྱོང་ངོ་། །དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་ཡི་དགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། གདུག་ ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་གྱུར་པ་དང་། ཡོང་མེད་པར་ཡང་གྱུར་ཅིང་ཤིན་ཏུ་རིད་ཅིང་སྐམས་པ་དང་། ལུས་དང་ཡན་ལག་དང་། དབང་པོ་མི་འཚམ་པར་གྱུར་པ། བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་ བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་ནས། །ཡི་དགས་སྲིན་པོ་རབ་ཏུ་གདུག་པ་གཏུམ་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ལུས་བརྒྱ་ལ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ ཚོགས་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང་། འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཇིགས་པའི་ང་རོ་སྒྲ་སྐད་སྣ་ཚོགས་པ་སྒྲོགས་པ་དང་། གཟུགས་དང་། ང་རོ་དང་། དྲི་དང་། ཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་ པ་དང་། རབ་ཏུ་འཇིགས་པའི་རླུང་ནག་དང་། གྲང་བ་དང་། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་དུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཆེན་པོའི་ རྡོ་རྗེ་བཀོད་པ། སྒྱུ་འཕྲུལ་དྲ་བས་འཇིག་རྟེན་དྲུག་གི། ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་ཆེན་པོ་བསྟན་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་ འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི། །སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་མངོན་དུ་ཕྱུང་སྟེ། ཧི་ཧི་དགྱེས་པའི་གཟི་ མདངས་ཀྱིས་པདྨ་རྒྱས་པར་མཛད་ནས་ནི་གཉིས་སུ་མེད་པར་དགྱེས་པའི་འཁྲིལ་བས་ཐིམ་ནས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ ཁྱབ་པར་གྱུར་ཏོ། །ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་དུ་གཡོས་སོ། །འུར་འུར། །རབ་ཏུ་འུར་འུར། ཀུན་ དུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། །གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་དུ་རབ་ཏུ་གཏོར་གཏོར་རོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ ཁམས་ན་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པ་སྐྱི་བུང་ཞེས་ བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང་། སྐུ་སྨུག་གནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་ རུས་ཆེན་པོའི་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་འཁོར་ལོའི་ཀློང་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ ཆན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་ བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པའི་ང་རོ་དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གི་གདན་བྱས་པ་ལ་བཞུགས་ སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམ་སྟེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས་མགྲིན་གཅིག་ཏུ་གདུག་པའི་ང་རོས་གླང་པོའི་གཏུམ་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་རྔམ་མོ། །དེ་ནས་བཅོམ་ལྡན་ འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅྭ་བརྒྱད་ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ་ དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནང་གྲོལ་ཀུན་དྲངས་ཡན་ལག་ཀུན་བཅད་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ། །དེ་ནས་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་ཨེ་ཨཱ་ར་ལི་ཛཿཛཿཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་ འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུས་སོ། །དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་ དང་། འཇུག་སྲེད་མོ་དང་། གཞོན་ནུ་མ་དང་། དམར་མོ་དང་། བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་པ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་སྣ་སྔོ་ནག་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། བྲན་དང་ཡང་ བྲན་དང་། གཡོག་དང་། ཡང་གཡོག་དང་། འཁོར་ཞིང་གི་རྡུལ་སྙེད་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས། དེ་དག་ཀུན་ དགྱེས་པར་རོལ་པའི་དཀྱིལ་གྱི་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨོྃ་ཨཱཾཿཧཱུྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿ ཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན་ཏུ་ ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་ དང་། དགའ་བ་མོ་དང་། གསོད་བྱེད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་ སྲེད་མོ་དང་། གཞོན་ནུ་མ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ་ ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་རྣམས་ འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུྃ་ཞེས་བརྗོད་པས་པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བཅུམ་པར་གྱུར་ཏོ། །དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི་ ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྤོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་ཏོ། ། འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ཏེ་ཧེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་ དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀཱང་ཀའི་གདོང་ཆེན་མོའི་ཚོགས་དང་། དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་པར་བྱས་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་ སྲིང་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་རྔམ་ པའི་གཟུགས་ཀྱིས་གནས་སོ། །དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས། མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོ་བདུད་རྩི་ཆེན་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཨོྃ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨྃ་ཨྃ་ཨྃ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་ ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ནས། མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཆུད་པ་ལས། སྣམ་ནས་ཁྲོ་བོ་ཨུཙྪུསྨ་ཀྲོ་དྷ་ཕྱུང་ནས་འདམ་ཁུ་ཀུན་འཐུངས་པས་དྲན་པ་སླར་རྙེད་དེ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ ཀྱང་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། །ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་། །དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་ གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་རབ་ཏུ་བྲེད་ཅིང་ཞུམ་པའི་ང་རོས་སྨྲས་པའི་ཚིག །འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་ འགས་ཤིང་། །སྙིང་ཡང་འགས་ཤིང་གཏུགས་འགྱུར་ཅིང་། །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནས་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞག་གོ། །ཐམས་ཅད་ཀྱིས་མགྲིན་གཅིག་ ཏུ་སྨྲས་པ། །བདག་ཅག་རྣམས་ཀྱི་མཆིས་བྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །བདག་ཅག་སོ་སོའི་འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི། །མིང་ཙམ་ འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བྱ། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །གལ་ཏེ་དཔའ་བོའི་ སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བགྱིས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །བཀས་གཏུབས་དུམ་བུར་རུལ་བར་མཆི། །ཞེས་སྨྲས་སོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་མ་དང་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོ་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྨྲས་སོ། །དེ་ ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་གིས། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ཡེ་ཤེས་ རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དུཥྚཱྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་སཱུ་རྱ་རཏྣ་མ་ཧཱ་ཀྲི་དྷི་ཤྭ་རཱི་པི་མ་ཧཱུྃ་ཕཊ། ཨོྃ་ཧྲཱི་ཤ་ཏ་ས་མནྟ་པདྨ་ཨོྃ་མ་ཧཱ་སཱ་ར་སྭ་ཏ་མ་ཧཱ་པདྨ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁ་ཧཱྃ་ཧཱུྃ་ཕཊ། ཨོྃ་སརྦ་ཨ་མོ་གྷ་ཀརྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ཤྭ་ཧཱུྃ་ཕཊ། ཨོྃ་བཛྲ་གཱི་རཱི་ཡེ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་བཻཏྟ་ལཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་པུཀྐ་སཱི་ཧ། བཛྲ་གྷ་སྨ་རཱི་ཧ། བཛྲ་སྨ་ཤཱ་ནཱི་ཧ། བཛྲ་སིདྷ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། བཛྲ་སྲྀ་གཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ནཱ་མུ་ཁཱི་ཧེ། བཛྲ་གྲིདྡྷ་མུ་ཁཱི་ཧེ། བཛྲ་ཀངྐ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུལླུ་ཀ་མུ་ཁཱ་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེ་ར་ ཛཿ། བཛྲ་ཨ་མུ་ཀཱ་ཧཱུྃ། བཛྲ་ལོ་ཀཱ་བྃ། བཛྲ་བྷ་སྨིས་མ་ལ་བ་ཏོ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨོཾ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨ་ན་ཡ། ཛཿཧཱུྃ་བྃ་ཧོཿ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཨོྃ་ཁྲོ་ལ་ཁྲོས་པས་ཞི་ མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་བརླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། །ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ་ལི་ཨུ་ལི་ཏ་ལི་ཏ་བ་ལི་རྡཥྚ། གཽ་ན་ར་ཏྲི་ཁྃ་རྃ། ཡོ་གི་ནཱི་ ཁཱ་ཧི་ཧོཿ ཧཱུྃ་ཧ་ཧེ་ཕཊ་བྷྱོ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག །རབ་ཏུ་ཚིག །ཀུན་ཏུ་རབ་ཏུ་ཆིག་གོ། །འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་རོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། རབ་ཏུ་གང་། ཀུན་དུ་རབ་ཏུ་གང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་ པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འབར་བའི་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་འཕྲོ་བ་མང་པོས་ འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྦར་བ་ཡིས། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །སྨུག་ནག་སྔོ་ནག་སེར་ནག་དང་། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ ཚོགས་གྱོན། །རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླས་བརྗིད། །སྟོང་གི་འཇིག་རྟེན་ཁོར་ཡུག་བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞི་ཕྱག་རྒྱ་རབ་མཛེས་ཤིང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་བརྗོད་པས། འཇིག་ རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་མཉེས་པའི་ མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །དེ་ལ་མཆོད་སྦྱིན་དམ་པ་འདི། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། ། བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཕྱོགས་བཅུ་དུས་ བཞིར་གཤེགས་པ་ཡི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིང་། །གསལ་བ་ཡིད་གཉིས་མེད་པ་ན། ། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཆོག་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །བྱས་ལ་མི་སོག་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། ། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་གཅོད་བཅད་དུ་མེད། །སྲོག་ཀྱང་ སྐྱེས་བུའི་ལོག་རྟོག་ཙམ། །བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བརྟགས་པ་བརྫུན། །བརྫུན་ཉིད་ལ་ནི་བརྫུན་ སྤྱོད་པ། །བརྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཉིད་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤོང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་ བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤོང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའོ། །མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ནས་སངས་རྒྱས་མ་ཡིན་ནོ། །རྩ་བ་ཉམས་པའི་ཕྱལ་བ་དག །གསོ་ལ་ཉེ་བར་མི་བརྩོན་དང་། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང་། །རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུད། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པ། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །གཞན་ཡང་རྒྱལ་མཆོག་ ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །སྒྲུབ་བྱེད་དམ་པ་མ་ལུས་འགྲུབ། །དེ་ལ་སོགས་པ་མཐའ་ཡས་མཆོག །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །བདེ་ གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །འཇིགས་མེད་ཀུན་དུ་བཟང་པོར་སྦྱོར། །ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཉམས་ན་བསྐངས་པས་རྫོགས་པ་དང་། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཅེས་བརྗོད་པས་ དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་ རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔ་འམ་ ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདག །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུར་གཡོ། །མྱོས་ནས་གལ་ཏེ་འཚིག་པར་ འགྱུར། །བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བའི་གཟི་ཆེན་ལྷུན་ཆེན་ལ། །ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །རྡོ་རྗེ་གསུང་ཡང་དབང་དུ་འགྱུར། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱས། །རྡོ་རྗེ་ཆགས་པའི་ཕུར་པས་གདག །ཆགས་ པའི་ཚོགས་ལ་ཐིམ་པར་དབུལ། །བྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །འགུག་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང་། །ཅི་འདོད་དེ་བཞིན་འོང་བར་འགྱུར། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །འབར་བའི་འདུ་འཕྲོ་གཟི་བྱིན་ལ། །དགའ་བའི་ ཡིད་ཀྱིས་མཆོད་སྦྱིན་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མའི་མིང་དུ་བཅས་པར་བྱ། །ཡོན་ཏན་ཡིད་བཞིན་གཏེར་དུ་བརྟག །ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །རྡོ་རྗེ་གཟི་བྱིན་འབར་བར་འགྱུར། །མ་ཡི་ཚོགས་ཀྱི་དཀྱིལ་ འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །གཟི་བྱིན་འབར་བའི་འཕྲུལ་ཆེན་འཕྲོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །གསལ་བའི་གཟི་བརྗིད་འཚེར་བ་ལ། །དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། ། གཏུམ་པོ་རྔམ་པོ་ལྷན་ནེར་འགྱུར། །བདུད་རྩི་ལྔའམ་ཟས་ལྔ་ལ། །གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག །ལྷན་ནེར་གསལ་བའི་ཕུར་བས་གདབ། །འབར་བ་ལྷན་ནེའི་ཚོགས་སུ་དབུལ། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྤྲེལ་ནས་བསྔམས། །འབར་ བ་ལྷན་ནེའི་བྱིན་གྱིས་ཁྱབ། །ཐམས་ཅད་གཡོ་བ་མེད་པར་བྱེད། །སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རབ་བསྒྲགས་ན། །གང་འདོད་ལས་ནི་བྱེད་པར་བསྒོ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། །ཤིན་ཏུ་གདུག་ཅིང་ གཏུམ་བག་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་བརླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་ཁས་བླངས་དམ་བཅས་པ། །མ་ཐོགས་ མྱུར་དུ་མངོན་པར་ཕྱུང་། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གི་མནས་བོར་བའི། །སྡོམ་བྱས་དེ་ལས་འདའ་མ་བྱེད། །སྡོམ་བྱས་དེ་ལས་འདས་གྱུར་ན། །མགོ་ལུས་སྙིང་ཡང་ཚལ་པ་བདུན། །ཡཀྵ་ཁྲོ་བོས་གཏུབས་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་ འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་ཁས་བླངས་མནས་བོར་བཞིན། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་ བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །ཞེས་བསྒོའོ། །ཁྲོ་བོ་བསྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཐམས་ཅད་ཅི་འདོད་ པར། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །མཛོད་ལྷ་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྦོས་ མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ལྷན་ནེར་འདོད་ན་ལྷན་ནེར་བྱེད། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། ། བཞད་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །སླས་དང་བྱི་མོ་བྲན་མོ་ཡི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །སྦད་ཅིང་གཏང་བར་བྱ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། ། ལྗོན་པ་དང་ནི་ལྕུག་ཕྲན་ཚལ། །གདོང་གཅིག་མ་དང་མེ་རེག་དྲུག །དད་པའི་དགའ་བས་ཆགས་པ་དང་། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྦྱོང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ལྷུན་གྱིས་གྲུབ་པའི་ ཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཧཱུྃ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་ གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ། །ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ཨ་ཧ་ལའི་གད་རྒྱངས་ཆེ། །དབྱུག་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ། །ཧཱུྃ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་ དཀྱིལ་འཁོར་ཀུན་དུ་གསལ། །འབར་བའི་ཡེ་ཤེས་ཀུན་དུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ། །ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ ལེ་ཆེ་ཧོཿ། །ཧཱུྃ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུང་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ། །རྡོ་རྗེ་བྲག་སྟེ་སྲ་བ་པོ། །རྡོ་རྗེ་ཆུ་བོ་སྡུད་པ་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་ འཐོར་རླུང་ཆེ་ཧོཿ། །ཞེས་ཆེད་དུ་གླུ་འདི་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་ འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་ཟིན། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་ རབ་འབྱམ་ཀུན། །དོན་དུ་མི་འགྱུར་ཡོང་མ་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་ངེས་པ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་ མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་ བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་གོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སྷོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་མཱ་ཡཱ་ཛ་ལ་གུ་ཧྱ་སརྦ་ཨཱ་དརྴ་ནཱ་མ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད། །ཨོྃ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །ཧཱུྃ་མི་བསྐྱོད་པ་ལ་ཕྱག་ འཚལ་ལོ། །ཨྃ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རྒྱལ་བ་ཀུན་གྱི་གསང་བའི་བདག །ཀུན་གྱིས་དབང་བསྐུར་གཏེར་འཛིན་པས། །དགྱེས་ཤིང་སྤྱན་གདངས་གུས་བཅས་པས། །རྒྱལ་བ་ཀུན་ལ་བསྟོད་བསྐོར་ནས། ། སྤྱན་སྔར་གུས་འདུག་འདི་སྐད་གསོལ། །ཨེ་མའོ་སངས་རྒྱས་ཀུན་གྱི་གསུང་། །རྟོག་པ་ཀུན་གྱི་རྒྱལ་པོ་སྟེ། །ཆོ་ག་རྒྱས་པར་བསྟན་པའི་རྒྱུད། །དྲི་མེད་ཟབ་མོ་བརྟག་དཀའ་བ། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་བསྒྲུབ་དང་གྲུབ་པ་དང་། །སྐུ་གསུང་ ཐུགས་ཀྱི་ཆོ་གའི་རྒྱུད། །མ་ལུས་གཏན་ལ་འབེབས་པ་འདི། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །སྒྱུ་འཕྲུལ་གང་གིས་བསྟན་པ་དེ། །དྲ་བའི་རྒྱུད་དེ་གང་ཕྱིར་བསྟན། །ལུང་ནི་གང་ཕྱིར་བརྗོད་པ་ཉིད། །གང་ཕྱིར་སྤྱི་ཞེས་བྱ་བར་བཤད། །གསང་བ་ཞེས་ནི་ཇི་ལྟ་ བུ། །སྙིང་པོའི་དོན་ནི་ཅི་ཡི་ཕྱིར། །དེ་ཁོ་ཉིད་ཅེས་ཇི་ལྟར་བརྗོད། །ངེས་པ་ཞེས་པ་ཅི་ཡི་ཕྱིར། །མཚན་འདི་གང་ཟག་གང་ལ་གསུངས། །མཚན་གྱི་དྲི་བ་དྲིས་པའོ། །ཐུན་མོང་ཁྱད་པར་ཚུལ་ཉིད་ཀྱི། །སྟོན་པ་ཞེས་ནི་ཅི་ཡི་ཕྱིར། །གནས་དང་འཁོར་ནི་ཇི་ལྟ་བུ། ། དུས་དང་སྡུད་པ་ཇི་ལྟ་བུ། །མི་བསྐྱོད་པ་ནི་ཇི་ལྟར་བྱ། །རྣམ་པར་སྣང་མཛད་ཇི་ལྟར་བརྗོད། །རིན་ཆེན་འབྱུང་ལྡན་གང་གི་ཕྱིར། །སྣང་བ་མཐའ་ཡས་གང་གི་ཕྱིར། །དོན་ཡོད་གྲུབ་པ་ཇི་ལྟ་བུ། །སྤྱན་དང་ནམ་མཁའི་དབྱིངས་མ་དང་། །གོས་དཀར་མོ་དང་མཱ་མ་ཀཱི། ། སྒྲོལ་མ་ཞེས་པ་གང་གི་ཕྱིར། །ས་ཡི་སྙིང་པོ་ཅི་ཡི་ཕྱིར། །ནམ་སྙིང་སྤྱན་རས་གཟིགས་དབང་དང་། །ཕྱག་ན་རྡོ་རྗེ་གང་ཕྱིར་བརྗོད། །སྒེག་མོ་ཕྲེང་དང་གླུ་གར་ཅི། །བྱམས་དང་སྒྲིབ་སེལ་ཀུན་བཟང་དང་། །འཇམ་དཔལ་ཞེས་པ་ཅི་ཡི་ཕྱིར། །དུས་བཞི་བདུག་སྤོས་མེ་ཏོག་ དང་། །མར་མེ་དྲི་ཆབ་གང་ཕྱིར་བརྗོད། །རྣམ་རྒྱལ་གཤིན་རྗེ་གཤེད་པོ་དང་། །རྟ་མགྲིན་བདུད་རྩི་འཁྱིལ་པ་ཅི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཞེས་པ་གང་ཕྱིར་བརྗོད། །ཡིད་དང་ཆོས་བཟང་གཉིས་ཅི་ཕྱིར། །གཙོ་བོས་བདག་ལ་ངེས་པར་ གསུངས། །གང་ཕྱིར་ཐུན་མོང་མ་ཡིན་པའི། །ནང་དང་གསང་བའི་གླེང་གཞི་ལས། །སྟོན་པ་བསྟན་པ་གནས་དང་འཁོར། །དུས་དང་སྡུད་པ་ཇི་ལྟར་བརྗོད། །གྲགས་པ་ཐུན་མོང་གླེང་གཞི་ལས། །སྟོན་པ་འཁོར་གནས་དུས་ཇི་ལྟར། །བསྟན་པ་སྡུད་པ་ཇི་ལྟ་བུ། །སྐྱེས་བུ་ ཆེན་པོས་བཤད་དུ་གསོལ། །འདི་ནི་གླེང་གཞིའི་དྲི་བ་ཚིགས་སུ་བཅད་པའོ། །ཐུན་མོང་ཐུན་མོང་མ་ཡིན་པའི། །གླེང་བསླང་གཉིས་སུ་ཅི་ཕྱིར་འགྱུར། །གང་གིས་གང་ལ་གླེང་བསླང་ཞིང་། །ཐབས་དང་འབྲས་བུ་ཅི་ཡིན་སྟོན། །ཐུན་མོང་ཐུན་མོང་མ་ཡིན་པའི། །སེམས་ལྔ་ ཡེ་ཤེས་ལྔ་ཡི་རིམ། །གང་དང་འབྲེལ་པ་བཤད་དུ་གསོལ། །འདི་ནི་གླེང་བསླང་བའི་ཚིགས་སུ་བཅད་པའོ། །སྐྱེས་བུ་ཆེན་པོ་སྟོན་པའི་གཙོ། །སྒྱུ་འཕྲུལ་དྲ་བར་མངའ་བརྙེས་ཤིང་། །ཕུན་སུམ་ཚོགས་པ་ཆོས་ཀྱི་རྗེ། །གཟི་བརྗིད་ཕུང་པོ་ཕུན་སུམ་ཚོགས། །བལྟ་བྱ་གང་ ལ་ཅི་ཡི་ཕྱིར། །གང་གིས་རྟོགས་པས་ཇི་ལྟར་འགྱུར། །རྟོགས་དང་མ་རྟོགས་ཁྱད་པར་ཅི། །རྟོགས་པའི་སྒོ་ནི་དུ་རུ་གསུངས། །གཏན་ཚིགས་ཚུལ་དང་འབྲས་བུ་ཅི། །འདི་ནི་ལྟ་བའི་དྲི་བའོ། །ཐུན་མོང་སྤྱོད་པ་ཅི་ཡི་ཕྱིར། །ཐུན་མོང་ཐུན་མོང་གང་ཅིའི་ཕྱིར། །ཤེས་རབ་ ཚོགས་དང་ཐུགས་རྗེ་དང་། །རྟོགས་དང་ཕྱོགས་གཅིག་སྤྱོད་པ་དང་། །འབྲེལ་དང་རིག་འཛིན་སྤྱོད་པ་ཅི། །གང་གིས་གང་ལ་ཇི་ལྟར་སྤྱད། །དེ་ཡི་འབྲས་བུ་གང་ཕྱིར་འགྱུར། །གང་དུ་དེ་དང་མི་ལྡན་པའི། །སྤྱད་པའི་སྐྱོན་ཉིད་བདག་ལ་གསུངས། །འདི་ནི་སྤྱོད་ པའི་ཁྱད་པར་གྱི་དྲི་བའོ། །ཐུན་མོང་སྤྱི་དང་ཁྱད་པར་གྱི། །རང་བཞིན་ཉིད་དང་ལྷུན་གྲུབ་ཀྱི། །དཀྱིལ་འཁོར་ཞེས་པ་གང་ཅིའི་ཕྱིར། །དེ་ཉིད་ཕྱི་ནང་གསང་བ་དང་། །འདུལ་ཐབས་གཉིས་སུ་ཇི་ལྟར་འགྱུར། །ཏིང་འཛིན་དཀྱིལ་འཁོར་རིམ་གསུམ་གང་། །ལྷག་པ་ ཏིང་འཛིན་ཞེས་བྱ་བ། །གཉིས་ལ་སྐུ་གསུང་ཐུགས་སྦྱོར་དང་། །ཕྱི་ནང་གསང་བའི་རིམ་པ་ཅི། །གཟུགས་བརྙན་དཀྱིལ་འཁོར་ཇི་ལྟ་བུ། །གང་ཕྱིར་གཟུགས་བརྙན་ཞེས་བརྗོད་ཅིང་། །གང་གི་གཟུགས་བརྙན་གང་ལ་སྣང་། །ཕྱི་ནང་གསང་བར་ཇི་ལྟར་འགྱུར། ། ལྷག་པ་ཞེས་པ་གང་ཕྱིར་ཏེ། །གཟུགས་བརྙན་ཞེས་པ་ཇི་ལྟ་བུ། །གཉིས་དང་གསུམ་དང་དྲུག་བསྟན་ཅིང་། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ཕྱི་ནང་གསང་བ་ཇི་ལྟར་སྦྱོར། །ཚོགས་ཀྱི་དཀྱིལ་འཁོར་གཉིས་ཅི་ཞིག །གང་གིས་གང་དུ་གང་ཚོགས་ནས། །ཇི་ལྟར་ སྤྱད་པས་ཅི་ཞིག་འགྲུབ། །འདི་དག་བསྟན་པའི་དགོངས་པ་ཅི། །གནས་སྐབས་གང་དང་འབྲེལ་པར་འགྱུར། །ཡན་ལག་རྩ་བ་གང་དང་འབྲེལ། །དཀྱིལ་དང་འཁོར་དུ་ཇི་ལྟར་བརྟག །གསུངས་ཤིག་སྐྱེས་བུ་མཆོག་ཆེན་པོ། །གང་དང་ངེས་པ་མ་རྙེད་པར། །ཀུན་གྱི་ སྤྱོད་པར་མ་གྱུར་པ། །ལེགས་པར་གསུངས་ཤིག་རྒྱལ་མཆོག་ཆེ། །འདི་ནི་དཀྱིལ་འཁོར་གྱི་དྲི་བ་དྲིས་པའོ། །གང་གིས་གང་ལ་གང་དག་ཏུ། །ཇི་ལྟར་དབང་བསྐུར་ཕུན་སུམ་ཚོགས། །བདག་གིས་ཇི་ལྟར་ཤེས་པར་བགྱི། །གང་དང་གང་དུ་ཇི་ལྟར་འབྲེལ། །སྐྱོན་ དང་ཡོན་ཏན་ཇི་ལྟ་བུ། །འབྲས་བུ་རིམ་པ་བཤད་དུ་གསོལ། །འདི་ནི་འཇུག་པའི་ཆོ་ག་དུ། །ལས་ཀྱི་རིམ་པ་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐབས་དང་ཤེས་རབ་གཉིས་མེད་པས། །བདག་གི་ཐེ་ཚོམ་བསལ་དུ་གསོལ། །འདི་ ནི་དབང་གི་དོན་མཐའ་དག་ལ་དྲི་བ་དྲིས་པའོ། །གང་ལ་གང་གིས་བརྟེན་པ་ཡི། །དམ་ཚིག་ཅེས་པ་ཅི་ཡི་ཕྱིར། །རྩ་བ་དམ་ཚིག་དུ་ཞིག་བསྟན། །གང་ཕྱིར་རྩ་བར་བརྗོད་པར་བྱ། །ཡན་ལག་དུ་ཞིག་བསྟན་པ་གསུངས། །འདི་དག་ལམ་དང་བསྙེན་བསྒྲུབ་དང་། །གང་ཟག་གང་ དོན་ཇི་ལྟར་འབྲེལ། །བསྲུངས་དང་འདས་པའི་སྐྱོན་ཡོན་ཅི། །ཕྱི་ནང་གསང་བར་ཇི་ལྟར་གསུངས། །ལྟ་དང་སྤྱོད་དང་སྒྲུབ་པ་དང་། །ཤེས་བྱ་ཏིང་འཛིན་དམ་ཚིག་ཏུ། །གྲུབ་དང་མི་སྤོང་བསྲུང་ཅི་ཞིག །རྒྱལ་མཆོག་སྐྱེས་བུས་བཤད་དུ་གསོལ། །ཐུན་མོང་ཐུན་མོང་མ་ཡིན་པའི། ། མཆོག་དང་མཆོག་གྱུར་མ་ཡིན་པའི། །བསྒྲུབ་པའི་ཁྱད་པར་ཇི་ལྟ་བུ། །གང་གིས་གང་དུ་ཇི་ལྟར་བསྒྲུབ། །དགུག་དང་བཅིང་དང་གསོ་དང་བསད། །དབྱེ་དང་བསྐྲད་དང་ཕམ་རྒྱལ་ཅི། །གཏེར་དང་མིག་རྣོན་རྐང་མགྱོགས་དང་། །རིག་འཛིན་གོ་འཕང་ཇི་ལྟར་སྒྲུབ། ། རྒྱལ་བ་མཆོག་གིས་བཤད་དུ་གསོལ། །འདི་སྒྲུབ་པའི་དྲི་བ་དྲིས་པའོ། །ཕྲིན་ལས་རིམ་པ་གང་ཅི་ཞིག །གང་གིས་གང་དུ་བརྩམ་པར་བྱ། །ཐབ་དང་རྫས་དང་ཕུར་བུ་ཅི། །ཏིང་འཛིན་འདུག་སྟངས་ཧོམ་ཁུང་ཅི། །གདུལ་བྱ་རིམ་པ་གང་ཅི་ཞིག །ཁྱད་པར་རིམ་པ་ཇི་ལྟར་བཤད། ། འབྲས་བུ་ཡོན་ཏན་ཇི་ལྟར་འགྱུར། །གསུངས་ཤིག་གསུངས་ཤིག་རྒྱལ་མཆོག་གཙོ། །ཐེ་ཚོམ་ལེགས་པར་ཆོད་པར་མཛོད། །འདི་ནི་ཕྲིན་ལས་ཀྱི་དྲི་བ་དྲིས་པའོ། །རྨད་འབྱུང་སྐྱེས་བུ་གང་ཞིག་གིས། །དང་པོ་ལམ་ཚུལ་ཇི་ལྟ་བུ། །ཕྱི་ནང་གསང་བའི་ལམ་ཅི་ཕྱིར། །སྟོང་པའི་རྣལ་ འབྱོར་སྙིང་རྗེ་ཆེ། །ཕྱག་རྒྱ་ཅིག་དང་སྤྲོས་བཅས་ཅི། །རྣམ་སྨིན་དབང་སྒྱུར་ཕྱག་རྒྱ་དང་། །ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅི། །མཐར་ཕྱིན་རྣམ་པ་དུ་ཞིག་གསུངས། །ཕྱི་ནང་གསང་བ་མཐར་ཕྱིན་པའི། །འབྲས་བུ་བདག་གཞན་དོན་ཉིད་ཅི། །ཉི་ཤུ་རྩ་ལྔའི་དོན་ཅི་ལྟར། །གང་ དག་རྟོག་པའི་རྒྱལ་པོ་སྟེ། །སྒྱུ་འཕྲུལ་དྲ་བ་བླ་ན་མེད། །ཀུན་ལམ་འབྲས་བུ་ཐུགས་ཆུད་པ། །ཆོ་ག་རྒྱས་པར་བཤད་པའི་རྒྱུད། །སྐལ་ངན་རྣམས་ཀྱིས་མ་རྟོགས་པའི། །གསང་བ་གསང་ཆེན་མདོ་སྡེ་དང་། །འདུལ་བ་ཆོས་ཀྱི་ཕུང་པོ་དག །ནམ་མཁར་མཐའ་ཐུག་བཤད་པ་ཀུན། ། གསང་བའི་སྙིང་པོ་ལས་འཕྲོས་པས། །ཇི་སྙེད་བསྐྱེད་དང་རྫོགས་པའི་ལམ། །མ་ལུས་ཀུན་གྱི་སྙིང་པོ་འདི། །ཐེག་པ་དམན་དང་མ་སྦྱངས་དང་། །རིགས་ཆད་དབང་དང་མན་ངག་བྲལ། །ཇི་ལྟར་བལྟས་ཀྱང་མི་སྣང་བ། །སྐྱེས་བུ་མཆོག་གི་སྤྱོད་ཡུལ་བས། །རྡུལ་སྙེད་སྦྱངས་པའི་གང་ ཟག་ལ། །གསང་ཕྱིར་གསང་བའི་ཐབས་དག་གིས། །དངོས་གྲུབ་མཐའ་ཡས་གྲུབ་ཕྱིར་བསྟན། །ཕྱི་ནང་སྣོད་བཅུད་མ་ལུས་པའི། །རྟེན་དང་བརྟེན་པར་བཅས་པའི་ཆོས། །ཇི་ལྟར་གྲགས་དང་གྲགས་གྱུར་པའི། །ཐམས་ཅད་མ་ལུས་རྒྱུ་གཅིག་ཀྱང་། །རྐྱེན་སྟོབས་ནུས་པ་སོ་སོར་ སྣང་། །ཁྱད་པར་རིམ་པར་གང་གནས་པ། །རང་བཞིན་གདུལ་བྱ་བདེ་གཤེགས་དང་། །འཁྲུལ་པའི་དབང་གིས་སོ་སོར་སྣང་། །མ་བཅོས་ངང་ལ་ཐ་དད་མེད། །རང་སྣང་ལས་ཀྱིས་ཐ་དད་པའི། །བྱེ་བྲག་རྣམ་པར་བསྟན་པ་ཀུན། །དེ་བཞིན་ཉིད་ལ་དགོད་བྱའི་ཕྱིར། ། རྒྱལ་མཆོག་བདེ་ཆེན་ཡོངས་གང་བས། །དྲི་བའི་དོན་འདི་ལུང་བསྟན་ཅིང་། །ཐབས་དང་ཤེས་རབ་འབྲེལ་གྱུར་པའི། །གསང་བའི་དོན་ལ་དགོད་དུ་གསོལ། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ལས་དྲི་བ་རྩ་བའི་རྒྱུད་ཅེས་བྱ་བ་བཤད་པ་རྟོག་ པའི་རྒྱལ་པོ་རྫོགས་སྷོ།། །།དེ་ནས་གསང་བདག་རྡོ་རྗེ་འཆང་། །སྐྱེས་བུ་མཚན་དཔེ་རབ་ལྡན་ཅིང་། །དཔག་མེད་རྒྱལ་བས་རབ་བསྐོར་ཞིང་། །རང་འབྱུང་དག་པའི་གཞལ་ཡས་ན། །ཐབས་དང་ཤེས་རབ་འཁྲིལ་སྦྱོར་ཞིང་། །ཀུན་ཀྱང་དེ་དང་མཐུན་པ་སྟེ། །འཛུམ་ ཞིང་སྟེག་པས་སོས་འདེབས་ཤིང་། །དགྱེས་པའི་ཚུལ་གྱིས་བཀའ་སྩལ་པ། །དཔག་མེད་རྒྱལ་བས་གསུངས་པ་དང་། །གསུང་དང་གསུང་འགྱུར་ཐུགས་ཀྱི་རྒྱུད། །ཐོག་མ་བར་དང་མཐར་དགེ་བ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཆོ་ག་རྒྱས་པར་དྲིས་པའི་ མཆོག །ཉོན་ཅིག་ད་ནི་སེམས་དཔའ་བཤད། །ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དེ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །རང་བཞིན་མཐའ་ཐུག་མེད་པའི་ཆོས། །ཐབས་དང་ཤེས་རབ་འབྲེལ་པ་ཡིས། ། ཐུགས་སུ་ཆུད་ཅིང་མངོན་རྟོགས་པ། །ཕྱི་ནང་གསང་བའི་སེམས་དཔར་བཤད། །རང་བཞིན་ཐབས་དང་འབྲས་བུའི་དོན། །ནུས་པའི་རིམ་པ་སྩལ་སྣང་བ། །ཐབས་དང་ཤེས་རབ་འབྲེལ་པའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཐ་དད་མིན་ལས་ཐ་དད་པའི། །ངོ་བོ་ ཐབས་དང་བདག་ཉིད་དང་། །བྱིན་བརླབས་ཤུགས་ཀྱིས་འབྲེལ་པ་ནི། །དྲང་བའི་དོན་ཞེས་བཤད་པ་ཡིན། །མ་བརྗོད་གྲགས་པའི་བསྟན་པ་ཉིད། །སྒྲོ་སྐུར་མེད་དང་ཞལ་ནས་གསུངས། །དྲི་མ་མེད་པའི་ལུང་ཉིད་དེ། །ལས་དང་ཡེ་ཤེས་སྤྱི་ཉིད་དང་། །རྫོགས་པས་རྫོགས་ ཕྱིར་ལུང་ཉིད་དེ། །བསྟན་པ་སྤྱི་ཡི་བདག་ཉིད་ནི། །ཐམས་ཅད་ཀུན་གྱི་བདག་ཉིད་པས། །གཅིག་དང་དུ་མ་མི་གནས་ཀྱང་། །སོ་སོའི་བསྟན་པ་རྒྱ་མཚོའི་རྒྱུད། །འདི་སྟོན་འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་ བཤད་པ་ཡིན། །གང་ཕྱིར་གསང་བ་ཞེས་བྱ་བ། །སྐུ་དང་གསུང་ཐུགས་བདག་ཉིད་དེ། །རང་བཞིན་ཡེ་ནས་ངོ་བོ་དང་། །ཐབས་དང་འབྲས་བུར་གྱུར་པ་ཉིད། །གསང་བའི་དོན་དུ་འདི་བརྗོད་དོ། །ངང་གིས་དམན་དང་མ་སྦྱངས་དང་། །དབང་དང་དམ་ཚིག་བྲལ་བ་དང་། ། རང་བརྟགས་བསྒྲིབས་པས་སའི་ཁྱད་པར། །དེ་དང་དེ་ཡི་དབང་གིས་ན། །རོ་མྱང་བྲལ་ཕྱིར་གསང་བར་བཤད། །རང་བཞིན་ཐབས་དང་འབྲས་བུ་ཡི། །ཆོས་རྣམས་ཐིག་ལེ་ཆེན་པོའི་དོན། །འཇིག་རྟེན་འདས་དང་འཇིག་རྟེན་པ། །མ་ལུས་རོ་གཅིག་དབྱེར་མེད་པ། །ཇི་སྙེད་ཐེག་པའི་ཁྱད་པར་དང་། ། བསྟན་པའི་བྱེ་བྲག་གནས་པ་རྣམས། །འདིར་འདུས་ཐབས་འདིས་མཚོན་པ་དང་། །རྩ་བར་གྱུར་པ་ཁོ་ན་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཉིད་བདེ་བ་ཆེ། །རང་འབྱུང་ཡེ་ཤེས་ཐོག་མཐའ་མེད། །རྡོ་རྗེ་སེམས་དཔའི་བདག་ཉིད་དེ། །རྒྱལ་བའི་བྱིན་ བརླབས་རབ་སྣང་བ། །བསམ་གྱིས་མི་ཁྱབ་ཆེ་བ་རྣམས། །འདི་ལས་སྟོན་པས་སྙིང་པོ་སྟེ། །སྙིང་པོ་དང་ནི་འོད་བཞིན་ནོ། །རྒྱུ་དང་འབྲས་བུ་བཅུད་འདུས་པས། །སྙིང་པོ་ཞེས་ནི་བཤད་པ་ཡིན། །གང་ཕྱིར་ཐམས་ཅད་བྱང་ཆུབ་སེམས། །མཐའ་དབུས་ཡོངས་སུ་མ་ཆད་ པ། །དངོས་པོ་གསུམ་གྱིས་ཁྱབ་གྱུར་པ། །ཡོངས་སུ་རྫོགས་པའི་རྒྱུ་ཡིན་ནོ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །དེ་བཞིན་ཉིད་དུ་རྡོ་རྗེས་རིག །བདག་དང་གཞན་དོན་ནུས་པ་རྫོགས། །འབྲས་བུའི་དེ་ཁོ་ན་ཉིད་དོ། །གང་ཕྱིར་དངོས་གཉིས་ཐ་དད་པར། །ལོག་པར་ བརྟགས་པའི་སྣང་བ་རྣམས། །མུན་ལ་སྣང་དང་གསེར་འགྱུར་ལྟར། །རོ་གཅིག་ཐབས་ཀྱི་དེ་ཁོ་ན། །དེ་ཕྱིར་དེ་ཁོ་ན་ཞེས་བརྗོད། །དངོས་པོ་སྣ་ཚོགས་དབྱེར་མེད་པའི། །ཐ་དད་དོན་མིན་དོན་གཅིག་མིན། །དེ་ཉིད་གསང་བའི་ངེས་པ་ནི། །གཞི་དང་ལམ་དང་ངོ་བོ་དང་། ། ངེས་པས་ངེས་པ་གསུམ་དུ་བསྟན། །གང་དུ་ཐེག་པ་བཞི་གསུངས་པ། །འགྲོ་བ་འདྲེན་ཕྱིར་མ་ངེས་པ། །རོ་གཅིག་ཐེག་པར་ངེས་གནས་པ། །ངེས་པའི་ཐེག་པ་བླ་ན་མེད། །རང་བཞིན་མ་བཅོས་རང་བྱུང་ལས། །བྱ་བྱེད་ངང་གིས་བྲལ་བ་ཡི། །སྣ་ཚོགས་སྒྱུ་མའི་དཀྱིལ་འཁོར་ འཕྲུལ། །རང་སྣང་སྒྱུ་འཕྲུལ་དྲ་བའོ། །རང་བཞིན་མཐའ་དབུས་མེད་པ་ལས། །རྒྱུ་རྐྱེན་ལས་ཀྱིས་སོ་སོར་འཁྲུལ། །དེ་ཉིད་བྱང་ཆུབ་སེམས་ཉིད་དེ། །མཐའ་དབུས་མེད་པར་མཉམ་པར་གནས། །དེ་ལྟར་སོ་སོར་སྣང་བའི་རྒྱུད། །ནམ་མཁའ་དང་རིས་ཕྱེ་བ་ལྟར། །རྒྱུད་ཆེན་ སྒྱུ་འཕྲུལ་དྲ་བ་ཡི། །ལམ་གཉིས་འབྲེལ་པར་མངོན་བསྒོམས་པས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །བདེ་ཆེན་ཐིག་ལེ་མངོན་སྣང་བ། །འཇུག་དང་གྲོལ་བའི་ལམ་ཉིད་དེ། །སྒྱུ་འཕྲུལ་དྲ་བའི་ལམ་དུ་བརྗོད། །རང་བཞིན་ཡོངས་ཀྱིས་ཁྱབ་པ་ཡི། །དངོས་དབང་ཐབས་ ཀྱིས་འབྲེལ་པ་ཡིས། །རིམ་པ་ཇི་བཞིན་སྟོབས་གྱུར་པས། །ཁྱད་པར་ཐབས་ཀྱི་སྒྱུ་འཕྲུལ་ཡིན། །ཐོག་མ་མེད་པའི་རྡོ་རྗེ་སེམས། །ཆོས་ཀུན་རང་གི་ངོ་བོ་ཉིད། །ཟབ་མོ་བསྟན་པ་སྤྱི་ཡི་ལུང་། །ཐབས་དང་ཤེས་རབ་དབྱེར་མེད་པའི། །རྟོག་པའི་ཆོ་ག་རྒྱས་པའི་རྒྱུད། ། བསྐལ་པ་གྲངས་མེད་སྔོན་རོལ་ནས། །ཤེས་རབ་སྦྱངས་དང་སྙིང་རྗེ་ལྡན། །དད་དང་བརྩོན་འགྲུས་དམ་ཚིག་དང་། །ཆོ་གས་དག་པར་སྦྱངས་པ་ཡིས། །དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན། །རྡོ་རྗེ་གསང་བའི་ཐེག་པ་འདི། །ངོ་བོ་ཉིད་དང་བྱིན་བརླབས་དང་། །མཚོན་དང་རྡོ་རྗེར་གྲུབ་པ་ སྟེ། །རྡོ་རྗེ་ཐེག་པ་བདེ་བ་ཆེ། །རང་བཞིན་ངན་དང་དམན་པ་དང་། །ཕྱིན་ཅི་ལོག་དང་མི་མོས་དང་། །དབང་དང་དམ་ཚིག་མེད་པ་ལ། །གསང་ཕྱིར་གསང་བའི་ཐེག་པར་གསུངས། །ཐབས་དང་བྲལ་བའི་སློབ་དཔོན་གྱིས། །སྣོད་དང་བྲལ་བའི་སློབ་མ་ལ། །གསང་བའི་སྙིང་པོ་ བསྟན་གྱུར་ན། །བདག་དང་གཞན་ཀུན་སྡུག་བསྔལ་ཞིང་། །སྲེག་དང་སྒྲིབ་པར་ཡུན་རིངས་གནས། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་མེ་ལོང་གི་རྒྱུད་ཆེན་པོ་ལས་མཚན་གྱི་དོན་གྱི་བཤད་པ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཐུན་མོང་མ་གྱུར་གསང་བའི་ དོན། །ཐུན་མོང་མ་ཡིན་འཁོར་དག་ལ། །ཕྱོགས་བཅུ་རྒྱལ་བ་རྡོ་རྗེ་འཆང་། །དཀྱིལ་འཁོར་མངོན་དུ་ཕྱུང་བ་ཡི། །རྡོ་རྗེ་པདྨ་འབྲེལ་པ་ཡིས། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ནས། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཉོན་མོངས་ལྟ་དང་ཤེས་བྱ་ རྣམས། །སྐད་ཅིག་ཡུད་ལ་བསལ་བྱས་ཏེ། །ཐུན་མོང་ཁྱད་པར་གསང་བ་ཡི། །ལམ་གཉིས་ངེས་པར་སྟོན་པས་ན། །སྟོན་པ་ཞེས་ནི་བརྗོད་པ་ཡིན། །དེ་ཡི་གནས་མཆོག་བཤད་བྱ་བ། །འབྱུང་དང་བཞུགས་དང་རྟེན་པ་དང་། །མཚོན་པ་བྱིན་གྱིས་བརླབས་ཕྱིར་རོ། ། ཐབས་དང་ལམ་གྱི་ཁྱད་པར་གྱིས། །ཀུན་བདག་རྡོ་རྗེ་འཆང་ཆེན་ཉིད། །གཙང་མ་རིས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཆེན་པོ་དེར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྐལ་མེད་སྐྱེ་བོ་གདུལ་བའི་ཕྱིར། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །སངས་རྒྱས་ཀུན་ གྱི་བཞུགས་པའི་གནས། །གཙང་མ་རིགས་དག་རྣམ་སྤངས་པ། །འཇིག་རྟེན་ལས་ཀྱིས་མཐར་གྱུར་པ། །འོག་མིན་འབར་བའི་གཞལ་ཡས་ཁང་། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཡོན་ཏན་ཁྱད་པར་སྤགས་པ་ན། །གསང་བ་ཡུམ་གྱི་བྷ་ག་ལ། །བཅུ་གསུམ་ས་ཡི་ དབང་ཕྱུག་ལྡན། །རྡོ་རྗེ་འཆང་ཆེན་དཔག་མེད་དང་། །ཏིལ་འབྲུའི་ཚུལ་དུ་རབ་ཏུ་བཞུགས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཐོག་མ་ཐ་མ་དབུས་མེད་པའི། །རང་བཞིན་དོན་གྱི་འོག་མིན་ནི། །རྒྱལ་བ་ཀུན་གྱི་ཕོ་བྲང་ཕྱིར། །འདས་དང་ད་ལྟར་མ་བྱོན་པའི། །རྒྱལ་བ་ ཀུན་གྱི་བསྟེན་པའི་གནས། །དེ་དག་ཉེ་བར་མཚོན་པ་ཡི། །ཡིད་དང་མཚན་མ་ལས་གྱུར་པའི། །བསྒོམས་དང་བྲིས་དང་བྱས་ལ་སོགས། །དེ་དང་འདྲ་བའི་གཞལ་ཡས་ཁང་། །རྒྱལ་བ་སྔགས་དང་བྱིན་བརླབས་ཀྱིས། །དེར་གནས་དོན་ཕྱིར་མཚོན་པའི་གནས། །ཐུན་མོང་ཐུན་མོང་མ་ ཡིན་པའི། །བསོད་ནམས་ཡེ་ཤེས་ཁྱད་པར་ཅན། །བསགས་པ་སྣ་ཚོགས་ལས་བྱུང་བའི། །རྫོགས་ལོངས་སྤྱོད་པ་ཆེན་པོ་ནི། །གཙང་མ་རིས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམས་སྤངས་པ། ། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་མཆོག་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྤང་བར་མཛད། །ཆོས་རྣམས་སྣ་ཚོགས་ཇི་སྙེད་པ། །དངོས་པོ་ཐ་དད་མེད་ཕྱིར་ཟླུམ། །ཁྱབ་དང་སྤགས་དང་ཚད་མེད་དང་། །ཡེ་ཤེས་བཞི་ཕྱིར་ འཁོར་ལོ་བསྟན། །ཆོས་དབྱིངས་འདུ་འབྲལ་མེད་པའི་ཕྱིར། །མུ་ཁྱུད་ཟླུམ་པོར་ཀུན་ནས་བསྐོར། །སྐུ་གསུང་ཐུགས་དང་བྱིན་བརླབས་དང་། །ཐུགས་རྗེས་མ་ཁྱབ་མེད་པའི་ཕྱིར། །ཡོན་ཏན་རྒྱས་པའི་དབྱིབས་སུ་བསྟན། །རང་འབྱུང་ཡེ་ཤེས་མཐའ་བྲལ་བས། །ཕྱོགས་བཅུར་འགྲོ་ འོང་མི་གནས་པའི། །ཚད་དང་བྲལ་བའི་སེམས་ཀྱི་ཕྱིར། །གཞི་རྩ་ཚད་མེད་འཁོར་ལོར་བསྟན། །གདོད་ནས་བྱིན་བརླབས་ངོ་བོའི་ཕྱིར། །མ་བསགས་ལྷུན་རྫོགས་མཛོད་ཉིད་དེ། །འགྲོ་བ་རེ་འདོད་སྐོང་བའི་ཕྱིར། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །སྣ་ཚོགས་དངོས་དང་དངོས་ མེད་པའི། །ཆོས་ཀུན་ངོ་བོར་རང་གནས་ཏེ། །བདག་གཞན་གཟུང་འཛིན་བྲལ་བའི་ཕྱིར། །ཕྱི་དང་ནང་བྲལ་སྒྲིབ་པ་མེད། །ཐུན་མོང་ལ་བརྟེན་ཐབས་ཀྱི་འབྲས། །ཡེ་ཤེས་ཐབས་ཀྱིས་འཕགས་པ་ཉིད། །གདུལ་བྱའི་བློ་ལ་མངོན་སྣང་བས། །གློ་འབུར་བཞི་ནི་ལྷག་པར་མཛེས། ། ཐུན་མོང་ཐུན་མོང་མ་ཡིན་པའི། །གདུལ་བྱའི་རིམ་པ་མཐོ་དམན་ཀུན། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཐབས་མང་བསམ་གྱིས་མི་ཁྱབ་པས། །ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུ་ཡོན་ཏན་ཀུན་རྫོགས་པས། །རྟ་ བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེན་དང་སྤོང་བའི་ལམ་བྲལ་བས། །འདོད་ཡོན་ཡེ་ཤེས་ལྔ་རོལ་ཏེ། །བདག་མཆོད་ཀུན་མཉེས་ལས་བྱུང་བས། །འདོད་ཡོན་ལྷ་མོས་འཁྲིགས་པར་བསྟན། །ཐབས་དང་ཤེས་རབ་ལྡན་པ་ཡིས། །མ་ཆགས་ཐབས་དང་ལྡན་པ་དང་། །ཆེ་བའི་ ཡོན་ཏན་ལྷུན་རྫོགས་པས། །ཉི་ཟླ་པདྨ་རིན་པོ་ཆེ། །ལས་དང་ཐུགས་རྗེ་སྨོན་ལམ་གྱིས། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །སྨོན་ལམ་དབང་གིས་དེ་དག་ཏུ། །ཐོས་པ་རྒྱ་མཚོ་བསག་ཕྱིར་གནས། །དེ་ཚེ་དུས་ཀྱི་ཐ་བྲལ་ཡང་། །ངོ་བོ་དུས་བཞི་མཉམ་པའི་དུས། །དུས་ཀྱི་ མཐའ་ལ་མངོན་རྟོགས་པས། །ཐུན་མོང་མིན་པའི་དུས་སུ་བསྟན། །དེ་ཚེ་ཕྱོགས་བཅུ་རྒྱལ་བ་ཡིས། །བསྐལ་པ་བྱེ་བར་ལུང་བསྟན་པ། །འདུལ་བའི་དུས་བབ་གསང་བའི་བདག །ལག་ན་རྡོ་རྗེས་བསྡུ་བ་མཛད། །དུས་གསུམ་རྒྱལ་བས་བྱིན་ བརླབས་ཕྱིར། །འཁོར་གྱི་ནང་ན་སྐལ་མཆོག་ལྡན། །གསང་བའི་རྡོ་རྗེ་འཆང་བསྡུས་ནས། །འདུལ་བའི་འཁོར་ལ་བསྟན་པར་མཛད། །འདས་དང་མ་བྱོན་ད་ལྟར་གྱི། །སྐུ་གསུམ་སྐུ་གསུང་ཐུགས་ངེས་པའི། །དེ་བཞིན་ཉིད་དུ་ཐབས་གང་གིས། །གཤེགས་ཤིང་ གཤེགས་དང་གཤེགས་གྱུར་པའི། །ཐར་པ་གསུམ་དང་ཡེ་ཤེས་དང་། །ཕ་རོལ་ཕྱིན་པ་དྲུག་ལྡན་པ། །ཞིང་ཁམས་ཡོན་ཏན་བསམ་མི་ཁྱབ། །བྱེ་བྲག་བརྒྱད་ཅུ་ཀུན་འདུས་པའི། །རྒྱལ་བ་རྒྱ་མཚོ་ཀུན་གྱི་མཚན། །གང་ཕྱིར་རྡོ་རྗེ་ཐུགས་ཆུད་པས། །ལས་དང་ སྤྱོད་པ་དཀའ་ཐུབ་དང་། །སྲིད་པའི་རི་བོས་མི་བསྐྱོད་པས། །དེ་ནི་མི་བསྐྱོད་མཆོག་ཏུ་གསུངས། །ཐབས་དང་ཤེས་རབ་འབྲེལ་པ་ཡིས། །ཇི་སྙེད་སྐུ་གསུང་ཐུགས་སྣང་བ། །མོས་དང་ཐབས་ཀྱི་ཁྱད་པར་གྱིས། །རྣམ་པར་སྣང་ཕྱིར་སྣང་མཛད་མཆོག །རྒྱ་བ་ཀུན་གྱི་ ཡོན་ཏན་ནི། །ཚོགས་རྣམས་འདུས་པའི་ངོ་བོ་སྟེ། །ཡོན་ཏན་རིན་ཆེན་ལྟར་འབྱུང་བས། །རིན་ཆེན་འབྱུང་བར་གསུངས་པ་ཡིན། །དཔག་ཏུ་མེད་པའི་གསུང་གི་སྒོ། །དབང་པོ་ཐབས་ཀྱི་བྱེ་བྲག་གིས། །དོན་རྟགས་གསུང་དང་ཡི་གེའི་སྒོ། །མཐའ་ཡས་སྣང་ཕྱིར་ མཐའ་ཡས་མཆོག །དཔག་མེད་ཐུགས་རྗེ་མཛད་པ་ཡི། །འགྲོ་འོང་མེད་པའི་ཐུགས་རྗེ་ཡིས། །འགྲོ་བ་སྐྱོབ་པའི་དོན་མཛད་པས། །དོན་གྲུབ་ཅེས་ནི་རྣམ་པར་བསྟན། །རིག་པའི་རྒྱལ་པོ་འདི་དག་ཀྱང་། །ཐ་མལ་ལྔ་ཉིད་གནས་དག་ཅིང་། །དེ་ལས་ཐབས་དེས་མངོན་བྱས་ པས། །དེར་དབང་སྒྱུར་ཏེ་ཉིད་སྣང་བ། །རྒྱལ་པོ་ཉིད་དུ་བརྗོད་པ་ཡིན། །སྟེང་འོག་གཉིས་ལས་མངོན་གྱུར་པའི། །སྦྱོར་དང་འཇུ་འདུལ་རླུང་གི་རིམ། །གང་དེ་ཐབས་ལས་མངོན་གྱུར་པའི། །བདེ་བའི་གཟུགས་དང་ཚོར་བ་དང་། །འདུ་ཤེས་དང་ནི་འདུ་བྱེད་དང་། །རྣམ་ཤེས་ཟག་ མེད་བདེ་བའི་རོས། །དབང་སྒྱུར་ཡེ་ཤེས་རྒྱལ་པོར་བཤད། །གང་ཕྱིར་སྣང་དང་བསྒོམས་དང་བྲིས། །ཕྱག་རྒྱ་རྩ་བཅུད་ཐིག་ལེའི་མདོག །དཀར་དང་དམར་དང་སེར་བ་དང་། །སྔོ་དང་ལྗང་དང་རིམས་ལྡན་པའོ། །རྒྱལ་བ་ཀུན་གྱི་བདེ་སྐྱིད་ཅིང་། །སྤྱོད་དང་དེ་ལས་འབྱུང་བའི་ཡུམ། ། ཐམས་ཅད་དེ་ལས་སྐྱེད་པ་ལྔ། །ཐ་མལ་ཞེན་པ་དག་པ་དང་། །དབང་སྒྱུར་རྒྱལ་མོ་ལྔ་རང་བཞིན། །སྲ་དང་གཤེར་དང་དྲོད་དང་བསྐྱོད། །ནམ་མཁའི་ཁམས་ཀྱིས་གང་ཕྱེ་བ། །སྟེང་འོག་ཐབས་ལས་མངོན་གྱུར་པ། །ཡུལ་དང་ཤེས་པ་དབྱེར་མེད་ཅིང་། །ཐུགས་རྗེ་ཤེས་རབ་འབྲེལ་བ་ ཡིས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་མེད་གཟིགས་པ་སྤྱན་གྱི་མཆོག །ཟག་མེད་སྟོང་པའི་ཀློང་ཆེན་གྱིས། །སྐྱེད་དང་སྡུད་དང་གནས་པའི་ཕྱིར། །མཐའ་དབུས་བྲལ་བའི་དེ་བཞིན་ཉིད། །ནམ་མཁའི་དབྱིངས་ཞེས་གང་བརྗོད་པའོ། །ཐུན་མོང་ཐུན་མོང་མ་ཡིན་པའི། ། ལས་དང་ལྟ་བ་ཉོན་མོངས་དང་། །ཤེས་བྱའི་དྲི་མ་མཐའ་ཡས་པ། །རྟོགས་པས་སྦྱོང་ཞིང་སྲེག་པས་ན། །གོས་དཀར་མ་རུ་བརྗོད་པ་ཡིན། །གང་ཕྱིར་ལས་དང་ཏིང་འཛིན་དང་། །ཡེ་ཤེས་ཐུགས་རྗེ་བར་མེད་ཆུས། །གང་དག་འཁྲུད་དང་ཚིམ་བྱེད་པས། །ཆུ་ནི་མཱ་མ་ཀཱི་རུ་ བཤད། །གང་ཕྱིར་རྟོགས་དང་ཐབས་དག་དང་། །ཏིང་འཛིན་ཐབས་ཀྱི་རླུང་དག་གིས། །བགྲོད་པ་མེད་པའི་ཞིང་ཁམས་སུ། །སྒྲོལ་བས་སྒྲོལ་མ་ཉིད་དུ་བཤད། །སྙིང་པོ་རང་འབྱུང་ཡེ་ཤེས་ཉིད། །ཀུན་བརྟེན་གནས་དང་ཁྱབ་པའི་ཕྱིར། །བྱང་ཆུབ་སེམས་ཀྱི་རང་བཞིན་ ལ། །ས་ཡི་སྙིང་པོར་བརྗོད་པ་ཡིན། །རང་འབྱུང་སྙིང་པོ་བྱང་ཆུབ་སེམས། །ནམ་མཁའ་ལྟ་བུར་བསམ་བརྗོད་མེད། །མཐའ་དབུས་སྒྲོ་སྐུར་གང་འདས་པ། །དེ་ནི་ནམ་མཁའི་སྙིང་པོ་ཉིད། །གང་ཕྱིར་ཐུགས་རྗེ་དཔག་མེད་པས། །འགྲོ་བ་ཆུ་བོ་རྒལ་གྱི་བར། །སྐྱོ་བ་མེད་པར་ གཟིགས་པས་ན། །སྤྱན་རས་གཟིགས་དབང་པདྨའི་གཙོ། །རྟོགས་དང་དབྱེར་མེད་རྡོ་རྗེ་ཡིས། །མཐའ་ཡི་བདག་རྟོགས་མཚན་མ་དག །འཇོམས་པས་ཕྱག་ན་རྡོ་རྗེ་སྟེ། །ཐུན་མོང་ཉིད་དང་ཁྱད་པར་གྱི། །གསང་བའི་རྣམ་པར་ཤེས་པ་བཞི། །ཐུན་མོང་ཡུལ་དང་ཁྱད་ པར་ནི། །ཐབས་དང་ཤེས་རབ་འབྲེལ་པ་ལས། །མཚོན་དང་རྟོགས་དང་བསྒོམས་པ་ཡིས། །ལྷ་མོ་བཞིར་ནི་མངོན་སྣང་བ། །བྱང་ཆུབ་སེམས་དང་བདེ་བ་དང་། །ཐབས་ཀྱི་བདེ་བས་རབ་སྒེག་པས། །ལྷ་མོ་འདི་ནི་སྒེག་མོར་བཤད། །གྲོལ་དང་ མ་གྲོལ་འཁོར་བ་ཡི། །ཕྱི་ནང་སྒྲ་ཡི་བྱེ་བྲག་ཀུན། །བྲག་ཅ་ལྟ་བུར་བརྗོད་མཛད་པས། །བར་ཆད་མེད་པས་ཕྲེང་བ་མ། །ཚིམ་པའི་ངོ་བོ་གང་བསྟན་པ། །དྲི་དང་ལྡན་པའི་ཁྱད་པར་ཉིད། །དབྱངས་ཉིད་ཚིམ་ཞིང་ཡིད་བདེ་བས། །དེ་ཉིད་རྡོ་རྗེ་གཱི་ཏི་མ། །རོ་ཡིས་ཁྱབ་ ཅིང་གར་སྒྱུར་ལྟར། །བདེ་བ་ཆེན་པོ་བཞི་ཡི་གར། །ཁྱབ་དང་མཛེས་དང་ཚིམ་པ་དང་། །མི་གནས་བཀྲོལ་བས་གར་མཁན་མ། །རྒྱན་དང་ཆགས་པའི་སྒྲ་དག་དང་། །ཡིད་ཀྱི་ཕྲེང་བ་བདེ་བའི་གར། །ལྷ་མོ་བཞི་ཡི་རང་བཞིན་ནོ། །མ་རྟོགས་འགྲོ་བ་མཐའ་ཡས་ལ། ། རང་བཞིན་ཐུགས་རྗེ་མཛད་པ་ཡིས། །ཡོངས་ལ་ཕན་འདོགས་སྐྱོབ་པ་ནི། །འདི་ནི་བྱམས་པ་ཞེས་བྱའོ། །རྟོགས་གོམས་མཐར་ཕྱིན་ཁྱད་པར་གྱིས། །ལས་དང་ཉོན་མོངས་ལྟ་བའི་རིམ། །སེལ་བ་འདི་ནི་སྒྲིབ་སེལ་ལོ། །ཐབས་དང་ཤེས་རབ་གནས་རྟོགས་ན། །གང་ ཕྱིར་སྤོང་ལེན་མི་གནས་པས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །དབྱེ་བ་མེད་པས་ཀུན་དུ་བཟང་། །བདག་དང་གཞན་དུ་འཛིན་པ་ཀུན། །ཟག་པ་མེད་པའི་ཤེས་རབ་ཀྱིས། །ལྟ་བའི་དྲ་བ་གཅོད་པས་ན། །ཟག་མེད་ཤེས་རབ་འཇམ་དཔལ་སྐུ། །དབང་པོ་ཡི་གེ་ཐིག་ལེར་ བཅས། །གནས་དང་རྟོགས་དང་བསྒོམས་པ་ཡིས། །མངོན་དུ་སྣང་ཕྱིར་བརྗོད་པ་ཡིན། །དུས་བཞི་རིམ་པ་གཉིས་བརྒྱད་དེ། །དེ་ཉིད་དགྲོལ་དང་བྲོད་སྐྱེད་དང་། །སྤྱོད་ཡུལ་དག་ཕྱིར་བརྗོད་པ་ནི། །དྲི་དང་བདེ་བས་ངག་ཚིམ་ཞིང་། །ཡིད་ལྡོག་མེད་པས་རྡོ་རྗེ་དྲི། །ཕྱི་ནང་ཁྱབ་ པའི་དཀྱིལ་འཁོར་ལ། །མེ་ཏོག་ཐིག་ལེར་བདེར་བཀོད་པས། །རྡོ་རྗེ་མེ་ཏོག་བླ་ན་མེད། །ཕྱི་ནང་སེམས་ལ་གནས་བཅས་པའི། །མུན་པ་བསལ་ཕྱིར་ཤེས་རབ་དང་། །ཡེ་ཤེས་སྣང་བ་བླ་ན་མེད། །རྡོ་རྗེ་གསལ་བའི་མར་མེ་མ། །ཕྱི་ནང་དཀྱིལ་འཁོར་མ་ལུས་ལ། །རང་ འབྱུང་ཏིང་འཛིན་བདེ་བ་ཡིས། །ཐམས་ཅད་ཁྱབ་པར་གནས་པའི་ཕྱིར། །ཁྱབ་བྱེད་རྡོ་རྗེ་དྲི་ཆབ་མ། །དེ་བཞིན་ཉིད་ལ་དགོངས་པ་ཡིས། །འཁོར་བའི་ཆོས་རྣམས་མ་ལུས་པ། །བྱང་ཆུབ་སྙིང་པོར་ཚར་བཅད་པས། །རྣམ་པར་རྒྱལ་བ་ཞེས་སུ་བརྗོད། །གཟུང་འཛིན་བྲལ་ བའི་ཡེ་ཤེས་ནི། །གཉིས་འཛིན་རྟོགས་པའི་གཉེན་པོ་སྟེ། །རྟོགས་གོམས་དེ་ཡིས་འཇོམས་པས