Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
ཀོ྅ཧྃ། ཨོྃ་མ་ཧཱ་ས་མནྟ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྵཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཞེས་བརྗོད་ཡེ་ཤེས་སྐུ་གསུང་ཐུགས། ། རྩེ་གཅིག་ཐིམ་པར་གསལ་བར་འགྱུར། །ཙིཏྟ་འོག་མིན་འབར་བའི་གནས། །རིན་ཆེན་འབར་བ་རྫོགས་པའི་མཛོད། །མི་ཤིགས་ཐིག་ལེ་ཟ་མ་ཏོག །རྒྱལ་བ་ཀུན་གྱི་བཞུགས་པའི་གནས། །ཙིཏྟའི་ཁམས་ལྔའི་སྙིང་པོ་ལ། །བདེ་བའི་ཐིག་ལེ་ཕྲ་རགས་ཉིད། ། ཡེ་ཤེས་ལྔ་ཡི་བདག་ཉིད་དུ། །གསང་བ་འཛིན་པའི་རྒྱལ་པོར་བརྗོད། །གང་དེ་དངས་མ་ཡེ་ཤེས་ལྔ། །གང་དུ་མི་ཕྱེད་རྡོ་རྗེར་གསལ། །དུག་ལྔ་ཡེ་ཤེས་བསྐྱེད་པ་དང་། །བཙུན་མོ་དགའ་བདེའི་ངོ་བོར་བརྗོད། །ཁམས་ལྔ་འདུས་པའི་ཡེ་ཤེས་ཉིད། །རང་འབྱུང་ ཡེ་ཤེས་བདེ་བའི་ཐུགས། །རྣམ་ཤེས་བཞིར་བཅས་ཐིག་ལེ་ཉིད། །ཐུགས་ཀྱི་སེམས་དཔའ་ཉིད་དུ་བཤད། །དེ་ཡིས་གང་ལ་དབང་སྒྱུར་བའི། །ཡུལ་བཞི་ཐིག་ལེ་བདེ་བའི་བཅུད། །སྒྱུ་མའི་བདེ་བར་གང་འཆང་བ། །ཡུལ་བཞི་རིམ་པར་བཤད་པ་སྟེ། ། དབང་སྒྱུར་གཉིས་མེད་གང་ཡིན་པས། །ཡབ་ཡུམ་འབྲེལ་བའི་ངོ་བོར་བཤད། །རྩ་བཅུད་ཐིག་ལེར་བཅས་པའི་རྟེན། །སོ་སོའི་ནུས་པར་བཅས་པ་ཉིད། །གང་ལ་དེ་དབང་དེ་ཡི་ཕྱིར། །འདི་ནི་ཕྱི་ཡི་རིམ་པར་བཤད། །གང་དེ་ཁམས་ལྔའི་བདེ་བ་ཡིས། །མཉེས་དང་ཐིག་ལེ་ བཀོད་པ་དང་། །ནམ་མཁའི་ཡེ་ཤེས་གསལ་བ་དང་། །དེ་ཉིད་ཁྱབ་པའི་རང་བཞིན་ཏེ། །ཟག་མེད་བདེ་བའི་རང་བཞིན་གྱིས། །ཕྱོགས་བཅུའི་ཞིང་ཁམས་མཉེས་པར་མཛད། །དགུག་དང་བཅིང་དང་མཉེས་དང་གསལ། །ཐབས་ལམ་བཅུད་དུ་འབྲེལ་བར་གསུངས། །གང་ དེ་ཐབས་ཆེན་གསལ་བྱས་པས། །ལུས་ཀྱི་ཆོས་བཞི་རྟག་ཆད་སྤངས། །བདེ་བའི་ཐིག་ལེ་རང་སྣང་བ། །མ་ལུས་འཇོམས་ལས་ཁྲོ་བོའོ། །བཅུད་ལས་འདས་པའི་ཧཱུྃ་གསུམ་ཉིད། །བྱེད་པ་བྲལ་བའི་ངོ་བོ་ཉིད། །ཡུལ་གསུམ་བྲལ་བས་ཆོས་ཀྱི་དབྱིངས། །མ་ལུས་རྣམ་དག་ ཀུན་དུ་བཟང་། །དངས་སྙིགས་སྙིང་པོར་འབྲེལ་བ་ཡིས། །ཉོན་མོངས་ས་བོན་དྲུག་བཅས་པས། །ཐིག་ལེས་བཏུལ་ནས་བསྟན་པ་འཆད། །སྤྲུལ་པའི་སྐུ་རུ་བཤད་པ་ཡིན། །ཀུན་ཀྱང་ཡེ་ཤེས་ལྔ་ཡི་རོ། །ཁྱབ་པར་གནས་པས་རྒྱས་བཏབ་ཅིང་། །སྣང་སྲིད་བདེ་ཆེན་སྐུ་གསུང་ ཐུགས། །དྲན་པ་རྟག་ཏུ་གསལ་བཟུང་བའོ། །དེ་ནས་གཞན་ཡང་བཤད་པར་བྱ། །གསང་རྩེ་སྣ་ཚོགས་འདུས་པའི་དབུས། །ཕྱི་ནང་རིམ་པའི་དབུ་རྩེ་ཅན། །ངོ་བོ་བྱིན་བརླབས་འཕགས་པ་སྟེ། །ཡོན་ཏན་བྱིན་བརླབས་ཀུན་གྱི་གནས། །གསང་བའི་པདྨའི་རང་བཞིན་དུ། ། རྡོ་རྗེ་གཉིས་མེད་ཐིག་ལེར་བལྟ། །ཉི་ཟླ་ཟིལ་བའི་ཐིག་ལེ་ཉིད། །ཕན་ཚུན་འདྲེས་པ་རླུང་གིས་ཕྱེ། །གསང་བའི་ཁམས་ལྔས་ཡེ་ཤེས་རོལ། །སྙིགས་མའི་ཕུང་པོ་ལྔ་དག་ནས། །དངས་མ་ལྔ་ཡི་རང་བཞིན་གསལ། །རྒྱལ་པོ་དེ་བཞིན་གཤེགས་པར་གསལ། །གསང་ བའི་འབྱུང་བ་ལྔར་བསྟན་པ། །དབང་ཡུལ་ཕྲད་པའི་སྐབས་ལས་ཤེས། །རིགས་མཆོག་ཡུམ་གྱི་ཕྱག་རྒྱ་ལྔ། །སྙིགས་མ་བྲལ་བའི་དུས་ན་བལྟ། །ཐིག་ལེ་ཐུགས་ཀྱི་བདེ་བ་རྣམས། །རང་རང་ཐིག་ལེ་བདེ་བར་གསལ། །ཡེ་ཤེས་རྣམ་ཤེས་དངས་མ་རྣམས། །བདེ་བ་ཆེན་ པོ་གསལ་བར་ཤེས། །དམ་ཚིག་བདེ་བའི་ཆས་ཀྱིས་སྒེགས། །སྒོ་གསུམ་འབྲེལ་ཅིང་ཐིག་ལེར་ཆགས། །གང་དུ་བདེ་བའི་སྒྲ་བསྒྲགས་ཏེ། །བསྐྱོད་ཅིང་འཕོ་བའི་གར་གྱིས་མཉེས། །ཐུགས་གང་ཐིག་ལེ་བརྟེན་པའི་གནས། །གང་ཡུལ་བདེ་བར་དབང་བྱེད་ པའི། །རྟེན་དང་བཅས་པའི་བདེ་བ་ཡིས། །རང་རང་ཐིག་ལེ་སྐྱེད་པར་བྱེད། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐུགས་དང་ཐིག་ལེར་བཅས་པ་ཉིད། །དགུག་འཛིན་འཁྱུད་ཅིང་གནས་པ་དང་། །ཐིག་ལེ་རླུང་དང་སྟོད་སྨད་བསྡམས། །བསྐྱོད་དང་འབེབས་པའི་ཐབས་ ཡིན་ཏེ། །ཚིམ་དང་ཐིག་ལེ་དོར་བ་དང་། །ཡེ་ཤེས་གསལ་བས་བདེ་སེམས་རྒྱས། །རིམ་པ་ཇི་བཞིན་གསལ་བར་བརྟགས། །གསང་ཡུལ་དབང་པོ་རེག་པ་དང་། །རྣམ་ཤེས་གང་ཡིན་ཏ་ཀྲིཏ་དེ། །བདེ་བའི་རང་བཞིན་མ་སྐྱེས་པས། །རྟག་ཆད་མཚན་མ་བདག་མེད་པ། ། སྒོ་མའི་རང་བཞིན་གསང་བའི་སྔགས། །ཤེས་སྐྱོབ་དོན་ཕྱིར་གསང་བའི་སྔགས། །ཤེས་པ་གསུམ་འདས་སྒྲིབ་ཟད་པ། །རང་རིག་བྱེད་པ་ཡིད་ཅེས་བྱ། །རྒྱུན་གསུམ་ཟད་པའི་ཆོས་དབྱིངས་ཉིད། །རྟོགས་བྱ་ཀུན་དུ་བཟང་མོར་བཤད། །འཁོར་བའི་ས་བོན་ཉོན་མོངས་ བཅས། །ཟིལ་བའི་ཐིག་སྔོན་ལམ་བཞིན་དུ། །ཐབས་སྦྱོར་ཐིག་ལེའི་འཕྲོ་འདུ་ཡིས། །གསང་བའི་མཛད་པ་བཅུ་གཉིས་སྟོན། །ས་བོན་ཐིག་ལེ་མ་སྐྱེས་གཟུགས། །བསྟན་པ་རིམ་པ་གསུམ་དུ་བསྟན། །འདོད་པའི་ཡན་ལག་སུམ་བརྒྱ་དང་། །དྲུག་ཅུ་རྩ་བཞི་ལ་སོགས་པས། ། ཐ་མལ་ཞེན་པ་རང་གྲོལ་ནས། །རྡོ་རྗེ་ཟེའུ་འབྲུ་འབྲེལ་བསྐྱོད་པས། །རང་འབར་ཐིག་ལེ་གཟུགས་སུ་ཆགས། །ཡབ་ཡུམ་ལྔ་ཕྱི་ཐབས་ཀྱིས་གཟུང་། །ཉི་མ་ཟླ་བ་ཤར་བའི་འོད། །རྩེ་ནས་རྩེ་རུ་ཕྱིན་པ་ཡིས། །འཁོར་བའི་མུན་པ་ཀུན་བསལ་ནས། །མ་ལུས་ལྷན་ཅིག་སྐྱེས་ པར་གསལ། །དེ་ཉིད་གསང་བར་ཤེས་པར་བྱ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བཞི་བཅུ་རྩ་ལྔར་གནས་པ་ཡི། །ཐུགས་ཀྱི་རང་བཞིན་སྙིང་པོ་ཉིད། །རང་རང་མཚོན་པའི་རྟགས་ཡིན་ཏེ། །རྒྱས་དང་བསྡུས་པའང་དེ་བཞིན་དུ། །རྡོ་རྗེ་འཁོར་ལོ་རལ་གྲི་ འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་བཤད་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ཨུཏྤལ་ཀླུ་ཤིང་པོ་ཏི་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་ བ་དང་། །པི་ཝང་གར་སྒྱུར་པོག་མེ་དང་། །བྱུག་པ་སོ་སོར་རིམ་ཤེས་བྱ། །ནྲྀ་མགོ་རྡོ་རྗེ་ཐོད་རྒྱ་གྲམ། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོཿ། །འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ལ་བརྟན་པ་ཉིད་དུ་གསུངས། །ཐུབ་ཆེན་ ངེས་པར་ཕྱག་གཉིས་ཤེས། །གསེག་པར་གོ་མཚོན་པི་ཝང་བརྡབ། །སྒྲོམ་སྟོབ་བོ་ཏི་ཆོས་འཆད་ཚུལ། །མེ་དཔུང་བུམ་པར་ཤེས་པར་བྱ། །གཞན་ཡང་མཐུན་པ་སྐབས་ཀྱིས་བརྟག །མི་མཐུན་ཁྱད་པར་རྒྱས་པར་བསྟན། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་དྲིལ་ བུ་བརྒྱད་ཤེས་བྱ། །རྡོ་རྗེ་ལྕགས་ཀྱུ་མདའ་སེ་གོལ། །རིན་ཆེན་ཉི་མ་རྒྱལ་མཚན་སོ། །པདྨ་འཁོར་ལོ་རལ་གྲི་ལྕེ། །རྒྱ་གྲམ་ཁུ་ཚུར་གོ་ཆ་མཆེ། །གཞན་ཡང་སྐབས་དང་མཐུན་པ་སྟེ། །རང་རང་དོན་ཉིད་རྩེ་གཅིག་པའི། །ཐུགས་ཀྱི་རྟགས་སུ་ཤེས་པར་བྱ། །དངས་མའི་ ཡེ་ཤེས་ལྔ་འབར་བས། །གཅོད་དང་མི་ཕྱེད་དགའ་བ་དང་། །མ་གོས་བདེ་བ་བསྐྱེད་པ་ཉིད། །རྣམ་པར་མི་རྟོག་རིམ་པར་ཤེས། །ཡོན་ཏན་བསྐྱེད་དང་ཐ་མལ་གཅོད། །དེ་བཞིན་མ་གོས་ཡེ་ཤེས་ཉིད། །སོ་སོ་ཡོན་ཏན་ཆ་ལས་བྱུང་། །རང་རང་རྩ་བཅུད་ཐིག་ལེའི་དབྱིབས། ། སོ་སོ་ཉིད་ལྟར་རང་གནས་ཏེ། །བདེ་བའི་ཐིག་ལེ་ཉིད་དུ་ཤེས། །རང་འབྱུང་དངས་མའི་ཐིག་ལེ་ཉིད། །འབྲེལ་པའི་ཚུལ་གྱིས་ཀུན་སྣང་བ། །ཁུ་བ་རྩ་ཡི་དབྱིབས་གཟུགས་ཉིད། །རང་རང་ལས་དང་རྟོག་པ་དང་། །སྙིང་པོ་ཕྱག་མཚན་དབྱིབས་བཞིན་པས། །བདེ་ཆེན་ཐུགས་ སུ་གསལ་བརྟན་པ། །ཐུགས་ཀྱི་དུས་སུ་ཤེས་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་གསལ་བའི་རང་བཞིན་ལས། །ཐུགས་མཚན་ཆེ་བའི་ཡེ་ཤེས་ཉིད། །དཔག་ཏུ་མེད་པར་རང་སྣང་བ། །བདེ་བ་ཆེན་པོའི་ཐིག་ལེའི་འོད། །མ་ལུས་དེ་དེར་སྣང་བ་ ཉིད། །མ་ལུས་གཉིས་མེད་ཐིག་ལེ་ཡི། །བདེ་བ་ཆེན་པོའི་ཡེ་ཤེས་ལྔ། །དེ་ལས་ཕྱེ་བས་མཚོན་པའི་སྒོ། །ཐུགས་ཀྱི་རང་རྟགས་བསམ་མི་ཁྱབ། །བདེ་བའི་ཐུགས་ལས་གཞན་མ་ཡིན། །གང་ཕྱིར་དཀྱིལ་འཁོར་འདི་དག་ཀྱང་། །ཐུན་མོང་གནས་སུ་བསྒོམས་པ་ དང་། །མི་ཤིགས་ཐིག་ལེའི་སྙིང་པོ་ལ། །སྐུ་གསུང་ཐུགས་ཉིད་གསལ་བར་བྱ། །དོན་དམ་ཐིག་ལེ་པད་རྩེ་ལ། །རིམ་པ་ཇི་བཞིན་གསལ་བར་བྱ། །དེ་ནས་གདུག་པ་གདུལ་བའི་ཕྱིར། །འབར་བའི་དཀྱིལ་འཁོར་གསལ་བར་བཤད། །ཆོ་གའི་རིམ་པ་ཇི་བཞིན་གྱིས། །རང་སྙིང་ རྒྱུ་ཡི་ས་བོན་ཧཱུྃ། །དག་པས་རིམ་པས་གསལ་བ་ལ། །རང་རྒྱུད་འབྱུང་ལྔ་ཉོན་མོངས་ལྔ། །རང་འབྱུང་ལྔ་རུ་སྣང་བའི་ཕྱིར། །འབྱུང་བ་ལྔ་ཉིད་བསྒོམ་པར་བྱ། །ཨེ་ཡྃ་རྃ་སུྃ་ཀེྃ་རྃ། སོ་སོ་ལས་རྣམས་བྱས་ནས་ནི། །ནམ་མཁའ་གྲུ་གསུམ་ཟླ་གམ་རླུང་། །ཁྲག་གི་དབའ་ཀློང་ འཁྲུག་པ་དང་། །གཏི་མུག་རོ་དང་ང་རྒྱལ་རི། །ཞེ་སྡང་མེ་ཉིད་བསྒོམ་པར་བྱ། །མདོག་ཀྱང་རིམ་པར་ཤེས་བྱ་སྟེ། །ལས་དང་རང་བཞིན་ཤེས་བཞིན་བརྟག །བྷྲུྃ་ལས་དུར་ཁྲོད་གཞལ་ཡས་ཁང་། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་དང་། །བར་ཁྱམས་གཉིས་ནི་སྒོ་དང་བཅས། ། ཐོད་ཕྲེང་སྦྲུལ་གྱི་ཟ་ར་ཚགས། །ཞིང་གི་གདུང་དང་ཀ་བ་སྟེ། །སྤྲིན་ནག་དུར་ཁྲོད་རྒྱན་དང་བཅས། །ཁྲོ་མོ་བདུད་རྩི་ལྷ་མོ་དང་། །ཐོད་པ་ལྔ་གསུམ་རྩིག་པ་ཅན། །ཉི་ཟླའི་རྒྱན་ཅན་བསམ་བྱས་ལ། །དྲེགས་པ་གནོད་སྦྱིན་སྲིན་པོ་དང་། །དྲི་ཟ་གཤིན་རྗེ་བཞོན་པར་བཅས། །དེ་བཞིན་གསལ་ བར་བསྒོམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཆོ་ག་ལས་བྱུང་རིམ་པ་ཡིས། །གཉིས་མེད་གསལ་བས་དེ་བརྟན་ཕྱིར། །དབང་བསྐུར་བྱིན་བརླབས་རིམ་བཞིན་བྱ། །སྦྱོར་བའི་ཐིག་ལེ་འཕྲོས་པ་ཡིས། །གདུག་པ་མ་ལུས་བཏུལ་ནས་ནི། །རང་རང་རིམ་པ་གསལ་གྱུར་ནས། །ཧཱུྃ་ གིས་ཕྱོགས་ཕྱོགས་གདན་ལ་བཞུགས། །ཧ་བརྒྱད་ས་བོན་ལས་བྱུང་བ། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །རྨོངས་མོ་དང་ནི་ཐལ་བྱེད་མ། །སྦོས་མོ་དང་ནི་གཏུམ་མོ་དང་། །སྨེ་ཤ་ཅན་དང་མ་ཚོགས་མའི། །སོ་སོའི་ཆ་ལུགས་རྔམ་འཐོན་ནས། །སྤྲུལ་པ་བཞི་པོ་ལ་ཐིམ་ཞིང་། ། རང་རང་ལས་མཛད་སྙིང་པོ་སྒྲོགས། །འདུས་ཏེ་ཕྱོགས་ཕྱོགས་གནས་པར་བྱ། །ཧེ་བརྒྱད་ས་བོན་ལས་བྱུང་བ། །སྟག་དང་སེང་གེ་ཝ་དང་ཁྱི། །བྱ་རྒོད་ཀང་ཀ་འུག་པ་དང་། །ཕོ་རོག་ལ་སོགས་ཕྲ་མེན་རྣམས། །འཕྲོ་འདུ་ལས་དང་ཕྱོགས་མདོག་མཚན། །རིམ་པ་ཇི་བཞིན་དེ་ བཞིན་བསམ། །ཕཊ་བཞིས་རྟ་དང་ཕག་གདོང་དང་། །སྦྲུལ་དང་སྤྲེའུ་གདོང་རིམ་པ་བཞིན། །ལས་དང་སྐུ་མདོག་ཕྱག་མཚན་ཡང་། །རིམ་པ་བཞིན་དུ་གནས་པ་ཡིན། །དེ་དག་འཁོར་ལོ་དབུས་དང་ལྔ། །ཡབ་ཡུམ་ཕྱག་རྒྱ་འབྲེལ་བར་གནས། །རྩིབས་མཆན་གྲུ་ཆད་བཞི་ དག་ལ། །གནས་ཀྱི་མ་མོ་དགོད་པར་བྱ། །བར་ཁྱམས་དང་པོར་ཕྲ་མེན་བརྒྱད། །ཕྱོགས་མཚམས་རིམ་པར་དགོད་པར་བྱ། །སྒོ་བཞིར་སྒོ་བ་རྔམ་ཚུལ་གནས། །བར་ཁྱམས་ཐ་མ་དག་ལ་ནི། །སླས་དང་བྱི་མོ་བྲན་མོའི་ཚོགས། །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་ཉིད། ། རིམ་པ་བཞིན་དུ་བཀོད་པར་བྱ། །རིན་ཆེན་ཐོད་པའི་དབུ་རྒྱན་དག །གནས་སྐབས་དག་ཏུ་འཚམ་པར་བྱ། །སྐུ་གསུང་ཐུགས་ཀྱང་དེ་བཞིན་ཏེ། །ཡན་ལག་དཀྱིལ་འཁོར་ཉིད་དུ་བཤད། །གང་ཕྱིར་ནམ་མཁའི་ཡེ་ཤེས་ཉིད། །སྤྲོས་མེད་དམ་པ་ཉིད་དུ་འདོད། །བདེ་ བའི་ཐིག་ལེས་ཀུན་ཁྱབ་ལ། །ཆོས་ཉིད་སྙིང་རྗེ་ཀུན་དུ་སྣང་། །ཐིག་ལེ་རང་སྙིང་ས་བོན་རྒྱུ། །ཟག་པ་མེད་པའི་སྙིང་པོ་ཡིན། །མ་ལུས་འདུས་པའི་སྙིང་པོ་ཅན། །ཐིག་ལེ་གོང་འོག་ཀུན་དང་འབྲེལ། །གནས་པ་ཁོང་སྟོང་ཚུལ་དག་གིས། །མ་ལུས་ཀུན་ལ་ཁྱབ་པ་ཡིན། །ཛྷྃ་སྒོ་ གཡོ་བའི་ས་སྒོ་ཅན། །བསྐྱོད་དང་ལས་ཀྱིས་ཁྱབ་བྱེད་པ། །ལུས་ཁྱབ་གནས་དང་ལས་དག་ནི། །ཁྱད་པར་སོ་སོར་སྣང་བ་ཡིན། །དེ་སྟེང་ཏི་ལ་ཀའི་རང་བཞིན། །འབར་མ་བརྒྱད་དང་ལྡན་པ་ཉིད། །ཞུ་དང་འབར་བའི་ལས་བྱེད་པ། །དྲག་མོ་ཞེས་ཀྱང་འདོད་པ་ཡིན། ། ཐིག་ལེ་སྒོ་ནས་འཛག་པའི་བཅུད། །གཤེར་དང་འཛག་པའི་བྃ་སྙིང་ཅན། །སྡང་དང་བེབས་པའི་རང་བཞིན་ཅན། །ལུས་ཅན་གནས་པ་གསལ་བར་བྱ། །གང་ལ་གང་རྟེན་དེ་ཡི་བརྟེན། །ཐིག་ལེ་རྩར་བཅས་བདེ་བའི་རྟེན། །དེ་ཉིད་བསྐྱེད་དང་གནས་གྱུར་པ། །བརྟེན་ པས་ས་ཡི་དཀྱིལ་འཁོར་ཉིད། །འཁོར་ལོ་གཞལ་ཡས་རང་བཞིན་ཏེ། །རིམ་པ་གོང་འོག་འབྲེལ་པ་ཅན། །ལུས་ལ་གནས་པས་དུར་ཁྲོད་དེ། །ཁ་དོག་རྩ་དང་བཅུད་བསྡུས་པའི། །རྒྱན་དང་གདན་དུ་ལྡན་པ་ཉིད། །གང་ལ་རྟེན་པའི་ཐིག་ལེ་ཉིད། །གཉིས་ མེད་བདེ་བ་ཆེན་པོའི་ལྷ། །ས་བོན་ཡི་གེ་བདེ་བ་ཡིས། །སྐུ་གསུང་ཐུགས་དང་ལྡན་པ་ཉིད། །གཅིག་ཀྱང་ཁྱམས་ལྔའི་བདེ་བའི་རོས། །མ་ལུས་ཁྱབ་པའི་ཚུལ་གྱིས་གནས། །ལུས་ལ་ཐིག་ལེ་ཆེན་པོ་གནས། །གནས་དང་བཅུད་དང་བདེ་བ་ཉིད། །ཐབས་ཆེན་ཐབས་ལས་ བྱུང་བ་ཡི། །ནམ་མཁའི་ཡེ་ཤེས་དཔག་ཏུ་མེད། །འཇུག་པ་བཞི་དང་རིམ་པ་བརྒྱད། །ཐིག་ལེ་གཅིག་གིས་ཁྱད་པར་འཕགས། །ཉོན་མོངས་ཟད་པས་ཟད་བྱེད་དེ། །དངས་མའི་ཡེ་ཤེས་ལྔ་འབར་ཉིད། །ཡུལ་དང་བཅས་པའི་རང་བཞིན་ལས། །འབར་བའི་དཀྱིལ་འཁོར་ གསལ་བར་སྣང་། །གནས་ཀྱི་ཐིག་ལེ་བདེ་བ་ཅན། །དུར་ཁྲོད་མ་བརྒྱད་གསང་བ་སྟེ། །གཉིས་མེད་ཕྲ་མེན་ཉིད་དུ་བཤད། །ཐིག་ལེ་ཐབས་དང་བཅས་པ་ཉིད། །དཀྱིལ་འཁོར་འཇུག་པའི་སྒོ་དང་འབྲེལ། །སྙིང་པོ་ཐིག་ལེ་ཉིད་དུ་སྦྱོར། །གང་དང་ལྷན་ཅིག་སྐྱེས་པ་ ལས། །བདེ་བ་ཆེན་པོ་སྐྱེ་བ་མེད། །མ་ལུས་བདེ་བ་ཆེན་པོ་ཉིད། །ཁྱབ་པ་རྒྱ་ཡོངས་མ་ཆད་པའོ། །མ་ལུས་འདུས་པའི་བདེ་བའི་རོ། །ས་ཡང་བཅུ་གསུམ་འདུས་པའི་མཁའ། །རང་འབྱུང་ཁྱབ་པ་ཆེན་པོའི་གཟུགས། །ཀུན་འདུས་ཐིག་ལེ་ཆེན་པོར་གསལ། །རྣམ་ཐར་ གསུམ་ལྡན་ཨེ་ཡི་གཟུགས། །བདེ་བ་བསྐྱོད་དང་ཐིག་ལེ་བསྐུལ། །འཕྲོ་དང་སྡུད་དང་བསྡམས་པའི་རླུང་། །རྡོ་རྗེ་པདྨ་འདུས་པའི་ས། །རྟེན་དང་བྲལ་བ་བདེ་བའི་ས། །ཤུ་ཀྲའི་ཐིག་ལེ་གང་གཤེར་བ། །གསང་བ་ཆུ་ཡི་རང་བཞིན་ཡིན། །དེ་དག་ཕྱག་རྒྱས་གང་སྦྱར་ བས། །བདེ་བའི་དྲོད་ནི་རང་འབར་སྐྱེ། །བྷྲུྃ་ལས་གསང་བའི་གཞལ་ཡས་ཁང་། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སྣ་ཚོགས་འདུས་པའི་སྙིང་པོ་ཅན། །ཁྱད་པར་འཕགས་པའི་འོག་མིན་ཏེ། །ཡོན་ཏན་རྫོགས་པའི་དངོས་གཞི་ཅན། །དགའ་བཞི་འཇུག་པའི་སྒོ་ དང་ལྡན། །འབབ་འཛེག་ཐིག་ལེའི་སྐས་དང་ལྡན། །བདེ་བ་ཉི་ཟླ་རྒྱལ་ལ་བཞུགས། །ཐིག་ལེ་འདྲེས་པ་བདེ་བའི་རོ། །ཉི་ཟླ་འབྲེལ་བའི་བདེ་བའི་ལྷ། །འཐུང་དང་རྔུབ་པའི་ཐབས་ཆེན་གྱིས། །འཁོར་བའི་ས་བོན་ཟད་བྱེད་པས། །ཟ་བྱེད་ཁྲོ་བོར་དེ་བཤད་པའོ། །དཔག་མེད་ ཐིག་ལེའི་རང་བཞིན་གང་། །ས་ཡ་བཅུ་གསུམ་ཕོ་བྲང་ན། །བདེ་བ་ཆེན་པོ་ཡེ་ཤེས་གཟུགས། །སྐུ་གསུང་ཐུགས་དང་ལྷན་ཅིག་བཞུགས། །འདུ་ཤེས་གསུམ་ལྡན་བྱིན་བརླབས་ཏེ། །གསང་བའི་ཡེ་ཤེས་ལྔ་ལྡན་པས། །དབང་ཐོབ་རྣམས་ལ་རྒྱས་བཏབ་པོ། །གསང་བ་ཐིག་ལེ་ཆེན་པོ་ ནི། །རང་འབྱུང་བདེ་བ་ཆེན་པོ་ཉིད། །རྣམ་རྟོག་རྒྱུ་བ་ཆད་པ་ཡི། །རྡོ་རྗེ་པདྨའི་བར་ན་གནས། །འོག་སྒོ་སྙིང་པོ་པདྨ་ནི། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཏེ། །གསང་བ་སྐུ་གསུང་ཐུགས་ཉིད་དུ། །ཐབས་དང་ཤེས་རབ་གཉིས་མེད་གནས། །མ་ལུས་འདུས་པའི་ཐིག་ལེ་ཉིད། །གཉིས་མེད་ བཅུད་དུ་གྱུར་པ་ན། །དེ་ཡི་བདེ་བ་ཆེན་པོ་ཉིད། །ཁྱབ་པའི་ཚུལ་གྱིས་གང་བར་བཞུགས། །ཡེ་ཤེས་རྒྱ་མཚོ་ལྷན་ཅིག་སྐྱེས། །གསང་བའི་ཐིག་ལེ་བདེ་བའི་རོ། །ཉི་ཟླ་འདྲེས་པའི་ཚུལ་གྱིས་སྣང་། །གསང་བའི་དཀྱིལ་འཁོར་ཆེན་པོར་བཤད། །དེ་ནས་རྒྱལ་བ་ཐམས་ཅད་ཀུན། ། གདུལ་བྱའི་བསམ་པའི་ཁྱད་པར་གྱིས། །ནམ་མཁའ་དབྱིངས་ཀྱི་མཐས་གཏུགས་པར། །རྡོ་རྗེ་ཁྲོ་བོར་སྣང་གྱུར་ཏེ། །བསྐྱེད་ཅིང་གདུག་པ་འདུལ་བ་ཡི། །དྲག་པོ་ལྷ་ཡི་སྔགས་དག་དང་། །དེ་ཡི་གཞལ་ཡས་སྣང་བར་མཛད། །བྷྲུྃ་བི་ཤྭ་བི་ཤུདྡྷེ། ཛྙཱ་ན་ཀ་པ་ལ་རཏྣ་པཉྩ་ཧཱུྃ། མ་ཧཱ་དེ་པ་སྠི་ར་བཾ། སཱུརྱ་ཙནྡྲ་མཎྜ་ལ་ཧཱུྃ། དེ་སྟེང་སོ་སོའི་སྐུ་ཉིད་དག །གསལ་པའི་རིམ་པ་དགོད་པར་བྱ། །ཨོྃ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་རཏྣ་མ་ཧཱ་ཤྲཱི་ ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སརྦ་དུཥྚཱན་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཛྲ་ དྷ་ར་ཀྲོ་དྷཱི་ཤྭ་རི་ཛ་ལ་ནཱི་ཧཱུྃ་ཕཊ། ཨོྃ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ད་མ་ཧཱུྃ་ཕཊ། ཨོྃ་ཤྲཱི་ཤ་ཏ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། ཨོྃ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། ཨོྃ་བཛྲ་གཽ་རཱི་ཧ། བཛྲ་ཙཽ་རཱི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་བཻཏྟ་ལཱི་ཧ། བཛྲ་བུཀྐ་སཱི་ཧ། བཛྲ་གྷ་སྨ་རཱི་ཧ། བཛྲ་སྨ་ཤཱ་ནཱི་ཧ། བཛྲ་ཙཎྜ་ལཱི་ཧ། བཛྲ་སིཾ་ཧ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། བཛྲ་སྲྀངྒཱ་ལ་མུ་ཁཱི་ཧེ། བཛྲ་ཤྭ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀཱངྐ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུལླཱུ་ཀཱ་མུ་ཁཱི་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེང་ཛ། བཛྲ་ཨ་མུ་ཁཱ་ཧཱུྃ། བཛྲ་ལོ་ཀཱ་བྃ། བཛྲ་བྷ་སྨི་ས་མ་ཡ་བ་ཏོ་ཧོཿ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བཛྲ་མ་ནུ་རཱཀྵ་སི། བཛྲ་བྲཧྨ་ཎཱི། བཛྲ་རཽ་ཏྲི། བཛྲ་བཻཥྞ་བེ། བཛྲ་ཀཽ་མཱ་རཱི། བཛྲ་ཨིནྡྲ་ཡེ། བཛྲ་སཱུརྱ་ཡེ། བཛྲ་བིངྒ་ལེ། བཛྲ་སཽ་མེ། བཛྲ་ཨ་མྲྀ་ཏཱ། བཛྲ་དཎྜ་ནཱི། བཛྲ་རཱཀྵ་སི། བཛྲ་བྷཀྵ་སི། བཛྲ་ར་ཏི་ཧཾ། བཛྲ་རུ་དྷི་རོ་མ་ཏྱྃ། བཛྲ་ཨེ་ཀ་ཙ་རཾ། བཛྲ་མ་ནོ་ཧ་རཾ། བཛྲ་སིདྡྷི་ཀཾ། བཛྲ་བཱ་ཡ་བེ། བཛྲ་མ་ཧཱ་མཱ་ར་ཎི། བཛྲ་ཨགྣ་ཡེ། བཛྲ་བཱ་རཱ་ཧཱི། བཛྲ་ཙ་མུཎྜཱི། བཛྲ་པཱུ་ཏ་ནཱ། བཛྲ་ བཱ་རུ་ཎི། བཛྲ་མ་ཧཱ་ཀཱ་ལཱ། བཛྲ་ཙ་ཀ་ལཱ། བཛྲ་ཀུམྦྷ་ཀརྞཱ། བཛྲ་ལམྦོ་དྷ་རཱ། རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨཱ་ན་ཡ། ཛཿཧཱུྃ་བྃ་ཧོཿརྃ། ཨོཾ་བཛྲ་ཀྲོ་དྷ་ཡ་མ་ཡ་ཧཱུྃ། ཨོཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་བརླབས་ རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨ་ལི་ཨུ་ལི་ཏཱ་ལི་ཏ་པ་ལི། རྡྃཥྚ་གཽ་ན་ར་ཏྲི། ཁ་རྃ་ཡོ་གི་ནི་ཁ་ཧི་ཧོཿ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རྃ། གསང་སྔགས་དྲག་པོ་མཐུ་ཡིས་ནི། ། ཕྱོགས་བཅུ་ཚིག་ཅིང་རབ་ཏུ་ཚིག །ཀུན་དུ་རབ་ཏུ་ཚིག་པར་འགྱུར། །འབར་དང་རབ་འབྱམ་ཀུན་དུ་འབར། །འབར་བའི་དཀྱིལ་འཁོར་ཁྲོ་ཚོགས་ཀྱིས། །གང་ཞིག་རབ་གང་ཀུན་དུ་གང་། །འཁྲུགས་དང་རབ་འཁྲུགས་ཀུན་དུ་འཁྲུགས། །འཐོར་ཞིང་ རབ་འཐོར་ཀུན་དུ་འཐོར། །འགུལ་ཞིང་ལྡེག་པ་དེ་བཞིན་ཏེ། །ཕྱོགས་བཅུ་དུས་བཞི་གང་བ་ཡི། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །ཕྱོགས་བཅུའི་གདུག་པ་མ་ལུས་པ། །ཐུལ་ཞིང་བརྒྱལ་ནས་མྱོས་གྱུར་ཏེ། །དེ་དག་བདེ་བས་བསླང་བྱས་ཏེ། །བདེ་བ་ཆེན་པོ་དགྱེས་པའི་ གར། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །རྣམ་པར་འཕྲུལ་པའི་གཟུགས་ཀྱིས་བྱེད། །རྡོ་རྗེ་གསང་བ་རང་བཞིན་ལས། །ཐིག་ལེ་ཆེན་པོའི་དཀྱིལ་འཁོར་བསྒྱུར། །གདོད་ནས་ཐིག་ལེའི་རང་བཞིན་ཉིད། །མ་བཅོས་ཐིག་ལེར་གནས་པ་ཉིད། །མ་ལུས་ཐིག་ལེར་ རྒྱས་བཏབ་པ། །ནམ་མཁའི་གཟུགས་ཅན་དེ་བཞིན་ཉིད། །མ་ལུས་བདེ་བའི་ཐིག་ལེ་ཉིད། །ཁྱབ་པ་ཆེན་པོའི་རང་བཞིན་ཏེ། །མཐའ་དབུས་བྲལ་བ་བདེ་བ་ཆེ། །སྙིང་རྗེ་ཆེན་པོར་བརྗོད་པ་ཡིན། །ཀུན་གྱི་རྒྱུ་ནི་ཐིག་ལེ་སྟེ། །མ་ལུས་ས་བོན་རྩ་བ་ཉིད། །མི་ཤིགས་སྙིང་གའི་ ཕོ་བྲང་ཉིད། །ཡེ་ཤེས་རྫོགས་པའི་གཞལ་ཡས་ཁང་། །ནམ་མཁའ་ལྟ་བུའི་མཚན་ཉིད་དེ། །རྒྱལ་བ་ཀུན་གྱི་བཞུགས་གནས་སོ། །ཉོན་མོངས་གདུག་པའི་གདན་ཁྲི་ཉིད། །གདུལ་བྱ་ཐུབ་པ་ཉིད་དུ་བསྟན། །ཕུང་པོ་ཉོན་མོངས་ལྔ་དག་པ། །རྒྱལ་པོ་ལྔ་ཡི་རང་བཞིན་ཏེ། ། རང་སྙིང་དངས་མར་བཅས་པ་ཉིད། །དབང་ཕྱུག་ལྔ་རུ་བརྗོད་པ་ཉིད། །རྣམ་ཤེས་ཡུལ་དུ་བཅས་པ་ཉིད། །རྟེན་དང་བརྟེན་པར་བཅས་པ་ཡི། །བདེ་བ་ཕྲ་མེན་བཅུ་དྲུག་ཉིད། །ཕྱི་ལྟ་ནང་ལྟ་དཀྱིལ་འཁོར་ཉིད། །དགུག་དང་འཛིན་དང་ཐིག་ལེས་བསྡམས། །ཐིག་ལེའི་རང་ བཞིན་གཉིས་སུ་མེད། །དབུ་མའི་ཐིག་ལེ་བཅས་པའི་ལམ། །དབང་ཕྱུག་ནམ་མཁའི་དབང་མོ་ཚོགས། །དབབ་པ་ཉེ་བའི་ཚུལ་བཟུང་ནས། །ཐིག་ལེ་དབབ་པའི་ཐབས་བཞི་ཡིས། །ཕབ་པས་རང་རྒྱུད་དངོས་པོ་བསྲེག །དྲན་འབྱུང་རིག་པའི་འཕྲོ་འདུ་ཚོགས། །བདེ་ བ་ཆེན་པོའི་དོན་ལ་འཇུག །གཉིས་མེད་ཐིམ་པས་དཀྱིལ་འཁོར་འབར། །སྐུ་གསུང་ཐུགས་སུ་ཀུན་གསལ་བས། །གཉིས་མེད་ཐིམ་པས་མཉེས་པར་མཛད། །རང་བཞིན་བདེ་བའི་དཀྱིལ་འཁོར་ཀུན། །རིག་པ་ཉམས་མྱོང་དབྱིངས་ལ་ཐིམ། །དྲན་རྟོགས་འབྱུང་བ་ཉོན་ མོངས་ཀུན། །ཚིག་པ་གསུམ་དུ་ཤེས་པར་བྱ། །ཡེ་ཤེས་བདེ་བ་ཆེན་པོ་ཉིད། །འབར་བ་གསུམ་དུ་ཤེས་པར་བྱ། །བྱང་ཆུབ་སེམས་ཀྱི་བདེ་བ་ཡིས། །མ་ལུས་གང་ཞིང་ཁྱབ་པར་གྱུར། །ཐིག་ལེ་གོང་འོག་སྟེང་འོག་ཉིད། །ཐིག་ལེ་གོང་མ་ཉིད་འོག་ཏུ། །འོག་མ་ཉིད་ནི་ སྟེང་དུ་འབར། །གཅིག་གཉིས་ལུས་ཀུན་ཁྱབ་པར་འཐོར། །ལུས་དང་རྩར་བཅས་འགུལ་བ་དང་། །ལྡེག་ཅིང་འབར་བའི་བདེ་བས་གང་། །བདེ་བས་དབང་སྒྱུར་ཚིམ་པའི་སྒྲ། །མ་ལུས་ཁྱབ་པར་སྒྲོགས་པར་བྱེད། །སྐུ་གསུང་ཐུགས་ཀྱི་བྷ་ག་ཉིད། །བདེ་བ་ཆེན་པོ་ནམ་མཁའི་དབྱིངས། ། འབྱུང་བཞི་རྡོ་རྗེ་པདྨ་ཉིད། །རེག་པ་འདུས་པའི་བདེ་བ་ཉིད། །རེ་དོགས་རྒྱུ་བ་ཆད་པ་ཉིད། །དེ་བཞིན་ཉིད་དུ་བལྟ་བར་བྱ། །ཐིག་ལེ་འདྲེས་པའི་བདེ་བ་ཡིས། །ས་ཡང་བཅུ་གསུམ་ཁྱབ་པའི་ཡིད། །མ་ལུས་མཁའ་ལྟར་དྲི་མེད་པའི། །རང་འབྱུང་ཕྱོགས་མེད་ཀུན་དུ་སྣང་། །ཐབས་ དང་ཤེས་རབ་བདེ་བ་ཡིས། །འབྱུང་བའི་རིམ་པའི་དངས་མ་སྟེ། །ས་བོན་བདེ་བའི་རྒྱུ་ཞེས་གྲགས། །བྷ་ག་པདྨའི་སྙིང་པོ་ཉིད། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །བཞུགས་གནས་བདེ་བ་ཆེན་པོའི་རྟེན། །སངས་རྒྱས་རིན་པོ་ཆེ་ཡི་སྣོད། །ཕུང་པོ་ལྔ་དང་ཉོན་མོངས་ལྔ། ། ཡེ་ཤེས་ལྔ་ཡིས་ཟིལ་གྱིས་མནན། །ཉི་ཟླ་པདྨའི་གདན་ལ་བཞུགས། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །བདེ་བ་ཆེན་པོའི་རང་བཞིན་ཉིད། །ཐིག་ལེ་ཕྲད་པའི་དུས་ཉིད་ན། །ཡེ་ཤེས་ལྔ་ཡི་རོ་དང་ལྡན། །གདུལ་བྱ་འཇོམས་པའི་ཁྲོ་བོ་ལྔ། །འབྱུང་ལྔ་དབང་ཕྱུག་རྣམ་པར་བསྟན། །མྱོང་ དང་ཡུལ་བཅས་རྣམ་ཤེས་ཡུལ། །ཕྲ་མེན་ཉིད་དུ་ཤེས་པར་བྱ། །ཕྱག་རྒྱར་བཅས་པའི་སྦྱོར་བ་བཞི། །སྒོར་བཅས་ཉིད་དུ་ཤེས་པར་བྱ། །སྒལ་ཚིགས་འཛུག་པའི་ཐིག་ལེ་ཉིད། །དབང་ཕྱུག་བདེ་བར་ཤེས་པར་བྱ། །གཉིས་ཀ་ཕྱོགས་པའི་རང་བཞིན་ཉིད། །བདེ་བ་ཆེན་པོ་ སྤྱན་དྲངས་པས། །རྟོག་པ་བདེ་བའི་དཀྱིལ་འཁོར་འཇུག །རིམ་པ་གཉིས་མེད་བརྡ་མཇལ་མཆོག །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཉིད། །གཉིས་སུ་མེད་པར་ཐིམ་པར་མཛད། །རྣལ་འབྱོར་དབང་ཕྱུག་ཕོ་མོ་ཀུན། །བདེ་བ་ཆེན་པོ་མཉེས་པར་གྱུར། །སངས་རྒྱས་གབ་ ཙེ་སྙིང་པོ་ལ། །མ་ལུས་བདེ་བའི་རང་བཞིན་ལྡན། །ཐིག་ལེ་གཉིས་མེད་བདེ་བའི་རོ། །ཡེ་ཤེས་ལྔ་ལྡན་ཟག་པ་མེད། །ཕྱི་ནང་གང་བའི་དཀྱིལ་འཁོར་ཉིད། །མ་ལུས་འདུས་པའི་རང་བཞིན་ཏེ། །ཉི་ཟླ་འདྲེས་པའི་གར་ཐབས་ལས། །ལྷན་ཅིག་སྐྱེས་པ་གསལ་ བར་འགྱུར། །ས་ཡ་བཅུ་གསུམ་གཉིས་འདུས་པའི། །ཐིག་ལེ་རྡོ་རྗེའི་རང་བཞིན་ཉིད། །གཉིས་མེད་འཁྲིལ་བ་ཞེས་བྱ་སྟེ། །རང་རིག་བདེ་བ་ཆེན་པོར་ཐིམ། །སངས་རྒྱས་རིན་ཆེན་དེ་ཡི་དབྱིག །ཁ་སྦྱོར་སྙིང་པོ་ཟ་མ་ཏོག །སྐུ་གསུང་ཐུགས་ཀྱི་ཕོ་བྲང་ལས། །མ་ལུས་ ཐིག་ལེ་གནས་པར་མཛད། །སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནི། །བདེ་བ་ཆེན་པོའི་གནས་ཉིད་དེ། །རྡོ་རྗེ་སྙིང་པོ་རྩ་དང་འབྲེལ། །གཉིས་མེད་བདེ་བའི་ཐིག་ལེར་གནས། །གསང་བའི་ཐིག་ལེ་ཆེན་པོ་ནི། །མ་ལུས་འདུས་པའི་བཅུད་ཉིད་དེ། །གསང་བ་ཡོན་ཏན་ རྫོགས་པའི་མཛོད། །སྙིང་པོའི་ལམ་ལ་གནས་པར་བྱ། །རྡོ་རྗེ་ཉི་མའི་སྙིང་པོ་ལ། །རྡོ་རྗེ་ཟླ་བའི་འོད་ཀྱིས་བརྒྱན། །གཉིས་མེད་ཐིག་ལེས་གང་བ་ཡི། །བདེ་བ་ཆེན་པོའི་རང་བཞིན་འཆར། །བརྟེན་ལས་བྱུང་བའི་རྟེན་ཅན་ཉིད། །གང་ལ་གང་གིས་མཉམ་སྦྱོར་བས། ། ཐབས་ཆེན་ཐབས་ལས་བྱུང་བ་ཡི། །བདེ་བ་ཆེན་པོ་འབར་བར་འགྱུར། །དེ་ནས་རྡོ་རྗེ་ཁྲག་འཐུང་ཉིད། །རང་རང་ཐུགས་ཀྱི་དཀྱིལ་འཁོར་ཉིད། །གདུལ་བྱའི་ངོ་ལ་དགོངས་མཛད་དེ། །ཐུགས་ཀྱི་དཀྱིལ་འཁོར་སྣང་བར་མཛད། །རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། །འཇིག་རྟེན་ འཁོར་ཡུག་བཅས་པ་འདེགས། །དེ་བཞིན་ཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟ་དང་། །ཁ་ཊྭཱྃ་རབ་ཏུ་འཁྲོལ་བའོ། །ནོར་བུ་རིན་ཆེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟ་རབ་ཏུ་རྡེབས། །ཆགས་མཆོག་པདྨ་ཆེན་པོ་དང་། །དྲིལ་བུ་རྔ་ཡི་སྒྲ་ སྒྲོགས་པའོ། །ལས་ནི་རལ་གྲི་གཤོལ་ཆེན་དང་། །འཇིག་རྟེན་རྒྱང་མར་འཕེན་པ་སྟེ། །བར་མ་རྡོ་རྗེ་དུང་དམར་འཁྲུག །སྟི་ར་ཆེན་པོར་བརྡེབས་པའོ། །བཙུན་མོ་ཁྲག་འཐུང་ཆེན་མོ་ཡང་། །འཁྲིལ་བས་པདྨ་རཀྟ་སྟོབས། །གནས་དང་ཡུལ་གྱི་ ཕྱག་རྒྱ་ནི། །བྱིས་དབྱུག་མདའ་གཞུ་རྒྱལ་མཚན་དང་། །བྱིས་སྙིང་རྡོ་རྗེ་ཟ་རྡེག་ཚུལ། །བྱིས་སྙིང་དུང་དམར་བྱིས་རྒྱུ་དང་། །མགོ་ལུས་འབྲེལ་བའི་ཚུལ་དུ་གནས། །སྟེང་འོག་ཕྱི་ནང་བསྣོལ་བ་དང་། །བྱིས་ལྡག་ཁོག་པ་དྲལ་ཞིང་ལྟ། །རྒྱུ་མགོ་ཞིང་ཁུར་རྒྱུ་གྲི་ དང་། །རྡོ་རྗེ་ལྕགས་ཀྱུ་འཛིན་པའོ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་འཁྲོལ་བས་སློང་བར་བྱེད། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཀུན་ཀྱང་མཛེས་ པའི་རྒྱན་དང་བཅས། །ཞལ་འཛུམ་སྟེག་མིག་འཁྲིལ་ཚུལ་ཅན། །དབུ་སྐྲ་རལ་པ་ལྕང་ལོ་བཅིངས། །ཤ་ད་པ་ཡི་གླུ་ལེན་ཅིང་། །དམར་ལ་རྡུལ་ལྡེམ་ཆགས་པའི་ཚུལ། །སྣམ་ཞིང་ཆེ་ལ་རྐེད་པ་ཕྲ། །ནུ་འབུར་སྟོད་སྨད་བྱེ་ཞིང་འགྱིང་། །དམར་ལ་ཀླན་ཞིང་འདུད་ཚུལ་ཅན། ། གུས་དང་སྟེག་པའི་ངང་ཚུལ་འཆང་། །སོ་སོའི་གདན་ལ་འཁོད་པ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏི་ཤཱུ་ལ། །གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་ དཀར་མོ་ཨིནྡྲ་གདེངས། །རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་བུཎྜ་རཱི། །བེ་ཅོན་ལྗང་གནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཆང་། །སྟོབས་ ཆེན་དཀར་མོ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མོ་རལ་གྲི་སོ། །མེ་མོ་དམར་མོ་གསལ་ཤིང་འཆང་། །ཕག་མོ་ནག་མོ་མཆེ་ ཞགས་ཅན། །རྒན་བྱད་དམར་མོ་ཞིང་ཆུང་ཟ། །སྣ་ཚོགས་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་དམར་སེར་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །རྡོ་རྗེ་ལྗང་གནག་དྲིལ་འཁྲོལ་ འགྱིང་། །སོ་སོ་བརྗིད་པའི་སྟབས་ལྡན་པའོ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །རྣམ་པར་སྤྲོ་བའི་རྒྱས་པའི་ཕྱིར། །སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་ཁྲོ་བོའི་ཕྱིར། །ལྔ་བཅུ་བརྒྱད་ལྡན་བྱེ་བྲག་ལྔ། །སྔགས་དང་ཕྱག་རྒྱའི་ཏིང་འཛིན་དང་། །སྐུ་ མདོག་བཞུགས་ཚུལ་རིམ་པ་དག །རིགས་རྣམས་ཇི་ལྟར་འགྱུར་བ་བརྟག །དེ་ལྟར་བསམས་དང་བྲིས་པ་དང་། །བརྗོད་དང་མོས་པའི་སྦྱོར་བ་ཡིས། །ཇི་ལྟར་འཚམ་པར་བསྒོམ་པར་བྱ། །དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །རྔམ་པའི་ཞལ་གདངས་སྤྱན་ཟློག་ཅིང་། ། མཆེ་གཙིགས་ཕྱོགས་བཅུར་གོམ་པ་ཡིས། །འཇིགས་པའི་སྟང་སྟབས་གར་མཛད་པས། །འཇིགས་བྱེད་བཅུ་ནི་རྣམ་པར་འཕྲུལ། །ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ་ཨོྃ། བ་བ་བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲ་ཀྲོ། དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ། ཧཱུྃ་ཀཱ་ར་བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱཏྣ་ཀ། ཨཱརྱ་ཨ་ཙ་ལ། ཧ་ཡ་གྲཱ་བ། ཨ་པ་རཱ་ཛི་ཏ། ཨ་མྲྀ་ཏ་ཀུཎྜ་ལི། ཏྲཻ་ལོཀྱ་བི་ཛ་ཡ། མ་ཧཱ་བ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། འདི་དག་མངོན་དུ་ཕྱུང་བ་ཡིས། །རི་བོས་གཞི་འགུལ་བྱེད་ཅིང་། ། རྒྱ་མཚོ་མ་ལུས་འཁྲུག་པ་དང་། །སྔགས་ཀྱི་སྒྲ་ཆེན་གྲག་པར་འགྱུར། །ཧཱུྃ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན། །གཤེད་པོ་མི་གཡོ་རྟ་མགྲིན་དང་། །གཞན་འཇོམས་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་ཆེན་ཁྲོ་བོ་འདི་དག་གིས། །རང་རང་བགེགས་ཀུན་རྣམ་པར་ གཟིར། །མ་ལུས་འཇིགས་ཤིང་འཇོམས་པར་མཛད། །གརྫ་གརྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཚིནྡ་ཚིནྡ། བྷིནྡ་བྷིནྡ། སྥོ་ཊ་སྥོ་ཊ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། །ཁྲོ་བོའི་རྒྱལ་ པོ་འདི་དག་ཀྱང་། །བློ་དང་ལྡན་པའི་རྣལ་འབྱོར་གྱིས། །བསྐལ་པའི་མེ་རི་ནང་རོལ་དུ། །བྲིའམ་བསམ་མམ་དམིགས་བྱ་བ། །མཐིང་ག་དཀར་པོ་མཐིང་ནག་དང་། །ལྗང་སྔོན་དམར་གནག་དུད་ཀ་ལྗང་། །དཀར་ལྗང་དུང་དམར་མདོག་ཏུ་སྣང་། །ཁྲོ་མོ་ལུས་དང་གྲིབ་ མར་གནས། །འཁོར་ལོ་ནྲྀ་མགོ་རྡོ་རྗེ་སྟིར། །དྲང་སྲོང་འབར་བར་བཅས་པ་དང་། །གཤིན་རྗེའི་རྐང་བཟུང་ཞིང་དབྱུག་འཕྱར། །རལ་གྲི་བདེན་བྲལ་སྟིར་དབྱུག་གཤོག །བ་དན་བརྒྱད་ཐོགས་བེ་རྃ་ཉིད། །རིན་ཆེན་ནྲྀ་མགོ་གསུམ་གྱི་དབྱུག །རྡོ་རྗེ་རྩེ་གསུམ་ནྲྀ་ མགོ་དང་། །ཐོང་གཤོལ་གཏུན་ཤིང་གཡས་གཡོན་ཐོགས། །ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ། །བློ་ལྡན་རྣམ་པར་བསམས་ནས་ནི། །བགེགས་དང་གདུག་པ་རྣམ་པར་འཇིག །ཕོ་བྲང་འཁོར་དང་རྣམ་པར་བསྒོམ། །དེ་ནས་གཞན་ཡང་བཤད་བྱ་བ། །རང་ལུས་རྟེན་དང་བརྟེན་པ་ ཡི། །དཀྱིལ་འཁོར་ཉིད་དུ་གསལ་བར་བརྟག །ལྟེ་བ་སྙིང་སྟེ་སྐུ་གསུང་ཐུགས། །ཐིག་གིས་ཆ་ཆེན་ཆ་ཆུང་བཅས། །གནས་བཞི་དངས་མ་འབྱུང་བ་སྟེ། །ཁོག་པ་དུར་ཁྲོད་གཞལ་ཡས་ཁང་། །ཀ་བ་གདུང་དང་རྟ་བབས་དང་། །བླ་བྲེ་རྡོ་རྗེ་ར་བ་དང་། །འཁོར་ལོ་དྲ་བ་དྲ་ཕྱེད་དང་། །ཉི་ ཟླ་སྐར་ཁུང་རྫིང་བུ་དང་། །བསྐྱེད་ཤིང་གཡས་གཡོན་འཁོར་ལོ་བརྩེགས། །ཅོད་པན་ཉི་ཟླ་པདྨ་ར་བཅས། །རྒྱལ་བ་བཞུགས་པའི་གཞལ་ཡས་ཁང་། །རང་འབྱུང་ཙིཏྟའི་འཁོར་ལོ་ན། །ཐིག་ལེ་ཡེ་ཤེས་ལྔ་བདག་ཉིད། །མ་ལུས་ཐིག་ལེ་འདུས་པའི་རོས། །ཆོ་འཕྲུལ་བསྟན་ དང་གདུག་པ་འདུལ། །སོ་སོར་འཁོར་ལོ་དགོད་པ་ཡི། །ཏིང་འཛིན་རྫོགས་པའི་ཚུལ་དུ་བསྒོམ། །འབྱུང་བཞི་དངས་མ་ཡུམ་ཉིད་དེ། །བདེ་བའི་དངས་མ་ནམ་མཁའི་ཁམས། །ཐབས་དང་ཤེས་རབ་གཉིས་མེད་པའི། །རང་བཞིན་ཁམས་ལྔའི་རང་བཞིན་བཅུད། །ཟླ་བ་ཉི་མ་གནས་ པ་ཡི། །ཤྲཱི་ར་ཙིཏྟའི་ཐིག་ལེ་ལ། །ནང་གི་གདུག་པ་འཇོམས་པ་དང་། །སྤྱོད་ཡུལ་བདེ་བར་སྒྱུར་བ་དང་། །ཐིག་ལེ་སོ་སོར་དགོད་པར་ནུས། །ཕྱེ་བས་རིམ་པའི་འཁོར་ལོ་སྟེ། །བསྡུས་པས་ཐིག་ལེ་ཆེན་པོ་ཉིད། །ཐིག་ལེ་ཡེ་ཤེས་ལྔར་ལྡན་པ། །ཐབས་ཉིད་དངས་མ་ཡུམ་དུ་བཤད། ། རྣམ་ཤེས་ཐིག་ལེ་ཉམས་མྱོང་ཉིད། །ཐ་མལ་འཇོམས་པས་ཁྲོ་མོར་སྣང་། །གནས་ཀྱི་ཐིག་ལེ་རྩར་བཅས་པ། །ཕྲ་མེན་ཉིད་དུ་ཤེས་པར་བྱ། །གནས་བཞི་འཇུག་པའི་སྒོ་ཉིད་དེ། །སྒལ་ཚིགས་ལ་རྟེན་བདེ་བའི་བཅུད། །འཕྲོ་ཞིང་སྡུད་པ་དབང་ཕྱུག་མ། །གནས་རྟེན་བཅུ་ཡི་ཐིག་ ལེ་ལ། །འཇོམས་པའི་རང་བཞིན་གསལ་བར་བྱེད། །ཉམས་མྱོང་སྐྱེ་དང་རྣམ་པ་མེད། །སྤྱོད་ཡུལ་དག་པས་ནང་དུ་བཤད། །ཟླ་བ་ཉི་མ་ལ་བརྟེན་ཏེ། །སྐུ་གསུང་ཐུགས་ཀྱི་ལམ་རྒྱུད་དེ། །ཐིག་ལེ་གཡོ་དང་འབར་བ་དང་། །རེ་དོགས་མེད་དང་རྣམ་པར་དྲན། །བདེ་བའི་ཡན་ལག་ བཞི་རུ་འགྱུར། །འཁྱུད་པ་གར་གྱི་ཕྱག་རྒྱ་བཞིས། །རྡོ་རྗེ་སྙིང་པོའི་པདྨར་འབྲེལ། །བསྐྱོད་པ་རླུང་དང་མཉམ་སྦྱོར་བས། །ཉི་མ་ཟླ་བ་དུས་གཅིག་འཆར། །དེ་ཉིད་ཀུན་དུ་ཁྱབ་པ་ལས། །མ་ལུས་ལྷན་ཅིག་སྐྱེས་པར་འགྱུར། །བདེ་བ་ཆེན་པོ་གཉིས་མེད་པ། །ཁ་སྦྱར་བསྲུབ་པའི་ ཐབས་ལས་སྐྱེས། །ཐབས་ལས་བྱུང་བའི་གསང་ཐིག་ལེ། །མ་ལུས་འདུས་པ་བཅུད་ཀྱི་རོ། །རྟེན་ལ་བརྟེན་ཅན་ཉམས་མྱོང་བ། །ལྷག་པའི་ཡེ་ཤེས་ཐབས་ལས་སྐྱེས། །ཆོས་དབྱིངས་ལ་སོགས་ཡེ་ཤེས་ལྔ། །ཐུགས་ཉིད་མཚོན་ཕྱིར་མཚན་མ་སྟེ། །གང་ལ་རྟེན་དང་འབར་དང་ འཛག །བདེ་བའི་རླུང་དང་ནམ་མཁའི་ཁམས། །དེ་བཞིན་བཙུན་མོ་དགྱེས་སྐྱེད་པ། །མི་ཕྱེད་གཉིས་མེད་ལྷན་ཅིག་པ། །གང་དེ་ཐབས་ལས་བྱུང་བ་ཡི། །དངོས་གཉིས་ཡུལ་དང་དབང་པོའི་ཚོགས། །ལྷན་ཅིག་སྐྱེས་པའི་ཐིག་ལེ་ཉིད། །མ་ལུས་བདེ་བར་རང་སྣང་བ། ། གཉིས་མེད་འདུས་པའི་སྟོབས་ལས་བྱུང་། །གནས་ཡུལ་ཕྱག་རྒྱའི་ཐིག་ལེར་བསྟན། །དགུག་དང་འཁྱུད་དང་བསྡམ་དང་འབེབས། །ཡེ་ཤེས་འཇུག་པའི་སྒོ་ཡིན་ཏེ། །སྒལ་ཚིགས་བརྒྱུད་པ་ཐིག་ལེའི་རྒྱུན། །དབང་ཕྱུག་མར་ནི་ཤེས་པར་བྱ། །བ་སྤུ་ཐིག་ལེ་འབྲེལ་ པ་ཉིད། །ཕྲ་མོ་བསམ་མི་ཁྱབ་སྣང་བ། །གྲངས་ལས་འདས་པའི་ཕྱག་རྒྱ་སྟེ། །བསམ་བྱས་ནམ་མཁའི་ཞིང་དུ་སྦྱར། །སྐུ་བཞི་ལས་བྱུང་གསང་ཐིག་ལེ། །ཁམས་གསུམ་བཅུད་འདུས་བདེ་ཆེན་པོ། །ཡུངས་ཀར་ལྷུང་མེད་བརྟན་པ་ལས། །མ་ལུས་ཁྱབ་པའི་ ཚུལ་གྱིས་སྣང་། །ཐིག་ལེ་བདེ་ཆེན་ཐབས་སྦྱོར་བ། །ཐོབ་དང་གོམ་པའི་རང་བཞིན་ལས། །ཞེན་པའི་འདུ་ཤེས་བྲལ་འགྱུར་བས། །རང་དབང་མེད་པའི་རྟགས་འབྱུང་སྟེ། །སྦར་ཞིང་མནན་པའི་ཆོ་ག་བྱ། །སྣང་དང་རིག་པ་སྣ་ཚོགས་ཆོས། །བདེ་བ་ཆེན་པོའི་ ཐིག་ལེར་བརྟེན། །ཉི་མའི་སྙིང་པོ་ལྟ་བ་ལྟར། །བལྟས་པས་མཐོང་བ་མེད་པའི་དོན། །མ་ལུས་བདེ་ཆེན་རྒྱན་དུ་སྣང་། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་བཤད། །འཁོར་དང་མྱ་ངན་འདས་པ་ཡི། །ཇི་སྙེད་མ་ལུས་ཆོས་བསྟན་པ། །རང་འབྱུང་ཡེ་ཤེས་ཆེན་ པོ་སྟེ། །དེ་ཉིད་དངོས་པོ་སྣ་ཚོགས་མཆོག །ཇི་སྙེད་བརྟན་གཡོ་སྣང་བའི་ཆོས། །ཆེན་པོ་རགས་པ་གནས་པའི་ཆོས། །མ་ལུས་ཀུན་ལ་མཐུན་སྣང་བ། །རང་འབྱུང་ཐབས་ཀྱི་ངོ་བོ་ཉིད། །དེ་དག་གདོད་ནས་མ་སྐྱེས་པའི། །རྡོ་རྗེ་ཤེས་རབ་སྟོང་ཉིད་དེ། །གང་ཡང་དངོས་མིན་ངོ་བོ་ ཉིད། །ཤེས་རབ་ཡུམ་གྱི་རང་བཞིན་ནོ། །ཇི་སྙེད་ནམ་མཁའི་མཐར་ཐུག་པ། །རང་འབྱུང་བྱང་ཆུབ་སེམས་ཀྱི་གཟུགས། །མ་ལུས་ཀུན་གྱི་རང་བཞིན་ཉིད། །དཔག་མེད་མཐུན་པར་སྣང་བ་སྟེ། །མེ་ལོང་དང་བའི་རང་བཞིན་ཉིད། །སྣ་ཚོགས་གཟུགས་དང་འབྲེལ་པ་བཞིན། །མ་ལུས་ རིག་པའི་ཐིག་ལེ་ལས། །མ་ལུས་སྐུ་ཡི་དཀྱིལ་འཁོར་སྣང་། །ཇི་སྙེད་རབ་འབྱམ་མ་ལུས་པའི། །འཁོར་དང་མྱ་ངན་འདས་པ་དང་། །ཟིན་དང་མ་ཟིན་གཉིས་ཀའི་སྒྲ། །ངེས་པ་དང་ནི་མ་ངེས་པའི། །འཁྲུལ་དང་མ་འཁྲུལ་སྣ་ཚོགས་པ། །བརྗོད་དང་བསམ་དང་འཕྲུལ་པ་དང་། །བྱིན་ བརླབས་མཐའ་ཡས་རང་སྣང་བ། །བྱང་ཆུབ་སེམས་ཀྱི་གསུང་མཆོག་སྟེ། །ནམ་མཁའི་སྒྲ་དང་བྲག་ཅ་ལྟར། །རང་རྒྱུད་མེད་པའི་རིག་པ་ཉིད། །བསམ་པ་མཐའ་ཡས་ཇི་སྙེད་པར། །མ་ལུས་གསུང་གི་དཀྱིལ་འཁོར་ཉིད། །རང་རྒྱུད་བརྟན་པོ་མིན་པར་གནས། །གང་དུ་ནམ་མཁའ་ མཐའ་ཀླས་བར། །བསྐལ་པ་མཐའ་ཐུག་མེད་པའི་བར། །ནམ་མཁའི་ཆར་དང་ཆུ་བུར་དང་། །སྤྲིན་དང་ཆུ་རླབས་ཕུང་པོ་ལྟར། །ཡེ་ཤེས་བདེ་དང་སྡུག་བསྔལ་དང་། །ངེས་དང་མ་ངེས་དམ་པ་དང་། །དམན་དང་ཆགས་དང་ཆགས་བྲལ་དང་། །ཟིན་དང་ཞེན་དང་མ་ཞེན་དང་། །རྣམ་པར་མ་ མེད་བརྟགས་པའི་ཆོས། །དྲན་རྟོག་རིག་པ་གང་ཡང་རུང་། །མ་ལུས་རིག་པ་རང་སྣང་བ། །སྔ་མ་དྲན་པའི་རྣམ་པའམ། །རྨི་ལམ་སྒྱུ་མའི་ཉམས་མྱོང་ལྟར། །སྣ་ཚོགས་སྣང་ཡང་རང་རྒྱུད་མིན། །གང་ཡང་རང་རྒྱུད་ཀུན་བྲལ་བའི། །མ་ལུས་དཀྱིལ་འཁོར་བཤད་པ་རྣམས། ། རང་རྒྱུད་མེད་པས་གཟུགས་བརྙན་ཏེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གཟུགས་བརྙན་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་འབྱུང་ཡེ་ཤེས་སྐྱེ་འགག་མེད། །མ་ལུས་མི་ཕྱེད་རྡོ་རྗེའི་གཟུགས། །རྣམ་པ་མཐར་ཐུག་མེད་པ་ཉིད། །ཡོན་ཏན་ལྷུན་གྲུབ་རང་སྣང་བས། ། དེ་ཡི་བརྙན་མ་རང་བཞིན་འཆར། །མཐའ་བྲལ་རང་འབྱུང་དཀྱིལ་འཁོར་ནི། །ཅིར་ཡང་སྣང་ལ་མི་དམིགས་ཕྱིར། །ཡང་དག་བརྟན་པར་མི་གནས་པས། །མ་ལུས་གཟུགས་བརྙན་དཀྱིལ་འཁོར་ཤར། །བདེ་ཆེན་རང་འབྱུང་ལྷུན་གྲུབ་ཉིད། །ཡོན་ཏན་རྫོགས་པའི་ནོར་བུ་ལྟར། ། དཔག་མེད་ཆོས་སུ་སྣང་བའི་ཕྱིར། །བདེ་བ་ཆེན་པོའི་གཟུགས་བརྙན་ཏེ། །སྐྱེ་བོ་དག་དང་མ་དག་པའི། །གདུལ་བྱ་མཐོ་དམན་རིམ་པ་ལ། །རིག་སྤྱད་སྤྲོ་བ་བསྐྱེད་པའི་ཕྱིར། །དང་པོ་ནས་བཟུང་མཐར་ཐུག་པར། །རང་རང་བསམ་པ་དེ་བཞིན་དུ། །དེ་དག་ངོ་ལ་དེ་ལྟར་ སྣང་། །གཟུགས་བརྙན་ཕྱི་ཡི་རིམ་པ་སྟེ། །ཐུན་མོང་ཡུལ་དུ་གྱུར་ཕྱིར་རོ། །མ་ལུས་ཐ་དད་མེད་པ་ཡི། །ཕྱི་ནང་སྣོད་བཅུད་རྫོགས་པའི་ལུས། །བཅུད་ལྡན་བདེ་བ་མཛད་པའི་གནས། །མི་ཤིགས་ཐིག་ལེ་ཀུན་གྱི་དངོས། །རང་འབྱུང་བདེ་བ་ཆེན་པོའི་གཟུགས། །དངས་ སྙིགས་འབྲེལ་པའི་ནུས་མཐུ་ལས། །ཟག་པ་ཡོད་དང་མེད་པ་ཡི། །དངོས་པོ་གཉིས་ཀྱི་ཆོས་སུ་སྣང་། །རྒྱུ་ཡི་ཐིག་ལེའི་རང་བཞིན་ལ། །ནུས་པའི་ཁྱད་པར་སོ་སོ་ཡིས། །འབྱུང་བ་དང་ནི་ཡུམ་ཉིད་དང་། །བདེ་བ་ཆེན་པོ་ལ་སོགས་པ། །ཐིག་ལེ་ནུས་པའི་སྟོབས་ལས་ སྣང་། །མ་ལུས་འཁོར་ལོའི་སྙིང་པོ་ཉིད། །ཐིག་ལེ་འབར་བ་བདེ་བའི་གཟུགས། །རྩ་ཡིག་བྱེ་བྲག་བཅས་པ་ནི། །བཅུད་འདུས་ཐིག་ལེ་རོས་གང་བ། །མ་ལུས་རྟེན་ཅན་དཀྱིལ་འཁོར་ཉིད། །མ་ལུས་སྣོད་བཅུད་ཀུན་དུ་སྣང་། །ཐབས་ཆེན་གསང་བའི་རིམ་ པ་ཉིད། །ཁམས་བཞི་ལས་བརྟེན་ཐིག་ལེ་ཉིད། །གཡོ་དང་འཛག་ཅིང་གནས་དང་ཐིམ། །བྱེ་བྲག་གསུམ་ལས་རྒྱུད་པ་ཡིས། །གྲུ་དང་སྒྱུ་མའི་འཁྲུལ་ཆུ་ལ། །ཞུགས་དང་འཐུངས་པའི་སྤྱོད་ཡུལ་ལམ། །མེ་ལོང་དང་བའི་རི་བོ་ཡི། །རྩེར་ཕྱིན་མ་ལུས་བལྟས་ པ་ལྟར། །བདེ་ཆེན་གཟུགས་བརྙན་ཉིད་དུ་སྣང་། །རིམ་པ་བཞི་ཡི་ཐིག་ལེ་ཉིད། །བདེ་བའི་འདུ་བྱེད་གང་བསྐུལ་བ། །གནས་བཞིའི་ཐིག་ལེའི་བྱེ་བྲག་གསལ། །མུ་ཏིག་ཕྲེང་བ་བརྒྱུས་པ་ལྟར། །འཛག་དང་འབར་བའི་ཐིག་ལེ་ཉིད། །ཏིལ་འབྲུ་འབྲས་ བུ་སྨིན་པ་ལྟར། །མ་ལུས་ཏིལ་གྱི་ཕུང་པོ་ལྟར། །ཐིག་ལེའི་ལུས་སུ་གནས་པ་ཡིན། །ཉམས་མྱོང་གསལ་བར་འབར་བའི་ཚེ། །འདར་དང་རྡུལ་དང་བ་སྤུ་ལྡང་། །འཕར་དང་སྒྲ་འབྱིན་དཔའ་བོའི་གར། །རྣམ་པར་རོལ་པའི་ཚོགས་སུ་སྣང་། །སྣང་སྲིད་བདེ་བ་ཆེན་པོ་ ཉིད། །ཐ་མལ་ནུབ་ཅིང་བརྟན་གྱུར་ན། །ཐིག་ལེ་ནམ་མཁའི་སྟོབས་ཀྱིས་སྦྱང་། །རྩེ་གཅིག་ནམ་མཁའི་མཐོང་སྟོབས་ཀྱིས། །ཐིག་ལེ་སྟོང་པར་ཐིམ་པ་ན། །ཡེ་ཤེས་ནམ་མཁའི་གཟུགས་སུ་ངེས། །སྣང་སྲིད་སྣོད་བཅུད་མ་ལུས་ཀུན། །བདེ་ཆེན་རིག་པའི་གཟུགས་ བརྙན་དུ། །རྒྱ་མཚོ་མཇིངས་ནས་བལྟས་པ་ལྟར། །མ་ལུས་དེ་ལྟར་སྣང་བ་ཡིན། །རིག་པས་ཉམས་སུ་མྱོང་བ་དང་། །སྤྱོད་ཡུལ་དག་པས་ནང་དུ་བཤད། །རང་འབྱུང་བདེ་བ་ཆེན་པོ་ཉིད། །གསང་བའི་གང་ཟག་གདུལ་བ་དང་། །གསང་བའི་ཉམས་མྱོང་མངོན་བསྟན་ ཕྱིར། །ཐབས་དང་ཤེས་རབ་འདུས་པ་ཡི། །ཆོ་གའི་བྱ་བ་ཀུན་ལྡན་ཅིང་། །དབང་བསྐུར་བྱིན་བརླབས་སྦྱང་བ་དང་། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་དང་། །དྲུག་ཅུ་རྩ་བཞི་རྫོགས་པ་ཡིས། །ཆུ་སྐྱེས་སྙིང་པོ་རྡོ་རྗེ་ཅན། །ཉི་མ་མེ་ཤེལ་འོད་འབྱུང་བ། །རང་འབྱུང་རླུང་གི་ ཕྱག་རྒྱས་བསྐྱོད། །ནོར་བུ་ཆུ་འཛག་རང་དབང་མེད། །མ་ལུས་རིག་པའི་ཐིག་ལེར་བསྡུས། །རྒྱུ་བའི་རླུང་ནི་ཆད་པ་ན། །རིག་པ་སྟོང་བའི་ཐིག་ལེར་ཐིམ། །ཨ་ཏ་ལ་རྟེན་ཐིག་ལེའི་རིམ། །རྒྱུ་དང་མི་རྒྱུའི་རང་བཞིན་ལས། །འཁོར་དང་མྱ་ངན་འདས་པར་སྣང་། །གསང་ བའི་ཐིག་ལེ་ལ་རྟེན་པས། །མ་ལུས་བདེ་ཆེན་འཁོར་ལོ་སྒྱུར། །ལུས་ཀྱི་ཐིག་ལེ་དང་པོར་ཏེ། །དེ་ནས་རིག་པའི་ཐིག་ལེ་ཡིན། །དེ་ནས་ཡེ་ཤེས་ཐིག་ལེ་ཉིད། །ཐ་མ་ཆོས་ཉིད་ཐིག་ལེར་ཐིམ། །དེ་ནས་དུས་གསུམ་འདུ་འབྲལ་མེད། །བདེ་ཆེན་ནམ་མཁའི་ ཁམས་ཉིད་དེ། །ཟབ་ཅིང་རྒྱུ་བ་མེད་པ་ཡི། །རང་རྒྱུད་ཞེན་ཆགས་ཀུན་བྲལ་བའི། །བདེ་བ་ཆེན་པོའི་གཟུགས་བརྙན་ཤར། །མ་རྟོགས་ཁྱབ་པའི་གཟུགས་བརྙན་ཏེ། །རྟོགས་པས་ཉམས་མྱོང་གཟུགས་བརྙན་ཉིད། །མཐར་ཕྱིན་ཡེ་ཤེས་གཟུགས་བརྙན་འདི། །དམན་དང་ ཡན་ལག་མ་ཚང་དང་། །དབང་དང་མན་ངག་མེད་པ་དང་། །དཀའ་ཐུབ་ཅན་དང་མ་སྨིན་དང་། །སྐལ་མེད་ཡལ་བའི་ཡུལ་མིན་པས། །གསང་བའི་གསང་ཆེན་དམ་པ་ཉིད། །དེ་ནས་གཞན་ཡང་བཤད་བྱ་བ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཉིད། །ཐ་མལ་བྲོད་པ་ བསྐྱེད་པའི་ཕྱིར། །ཆོ་ག་རྒྱས་པར་བཤད་པར་བྱ། །དཀྱིལ་འཁོར་ཆེན་པོ་རྟོགས་འོད་ཀྱང་། །ཇི་བཞིན་མངོན་དུ་མ་གྱུར་ལ། །ལྷག་པར་འདི་ཡིས་རྟོགས་འགྱུར་བས། །ལྷག་པ་ཞེས་ནི་བསྟན་པ་ཡིན། །གང་གིས་གང་ལ་གང་མཚོན་པས། །ལྷག་པར་མཚོན་པར་ཉེ་བ་ དང་། །གང་ལ་བརྟེན་ཏེ་གང་བསྒྲུབས་པ། །ལྷག་པར་མྱུར་དུ་འགྲུབ་པའི་ཕྱིར། །འདིས་ནི་ལྷག་པ་ཉིད་དུ་བརྗོད། །གང་ལས་གང་དེ་ཐབས་འདི་ཡིས། །མངོན་པར་ལྷག་པས་ལྷག་པའོ། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དེ་གང་གིས་མངོན་སྟོན་ཅིང་། །དངོས་ གཞི་ཉིད་མ་ཡིན་པའི་ཕྱིར། །གཟུགས་བརྙན་ཉིད་དུ་བསྟན་པ་ཡིན། །གང་ལ་བརྟེན་པའི་ཐབས་ཉིད་ཀྱིས། །དེ་ཉིད་འདྲ་བར་སྣང་བ་ལྟར། །མ་མཐོང་མོས་པའི་གདུལ་བྱ་ལ། །དེ་དང་འདྲ་བའི་ཐབས་ཉིད་དེ། །དངོས་མིན་འདྲ་ཕྱིར་གཟུགས་བརྙན་ནོ། །རྒྱལ་བ་ཀུན་གྱི་རང་བཞིན་ ནོ། །དཔག་མེད་ཡེ་ཤེས་ལྷུན་རྫོགས་པའི། །ཡེ་ཤེས་རང་འབྱུང་ལྔ་ཡི་གཟུགས། །ཟག་མེད་གདུལ་བྱའི་ངོ་ལ་སྣང་། །དེ་ཡི་ཡོན་ཏན་གཟུགས་བརྙན་གྱིས། །ཟག་བཅས་མོས་པའི་གང་ཟག་ལ། །སྐུ་གསུང་ཐུགས་ཀྱི་རྣམ་པ་ཉིད། །འདྲ་བར་མཚོན་ཕྱིར་གཟུགས་བརྙན་ནོ། ། གང་ཕྱིར་ཆོས་དབྱིངས་ངོ་བོ་ལ། །ཐ་དད་དབྱེ་བ་མི་གནས་ཀྱང་། །མོས་དང་དྲག་པོའི་དབང་གྱུར་ཏེ། །གང་གིས་གང་དེ་མི་འདུལ་བས། །ཐུགས་རྗེས་ཀུན་ལ་ཁྱབ་པའི་ཕྱིར། །ལོངས་སྤྱོད་སྤྲུལ་པའི་དཀྱིལ་འཁོར་བསྟན། །ཞེན་པ་ཅན་དང་ང་རྒྱལ་ཅན། །ཐབས་དང་དྲག་པོས་ཚར་ བཅད་ཕྱིར། །དེ་ལྟར་སོ་སོར་འཚམ་པ་སྟེ། །ལྷག་པ་གཟུགས་བརྙན་གཉིས་སུ་བཤད། །གང་དུ་བཀྲ་ཤིས་ཡིད་འོང་བའི། །སྟེང་འོག་ཕྱོགས་བཞི་བར་མཚམས་དག །ལེགས་པས་ཡིད་འོང་བར་ཆད་མེད། །ཕྱི་ནང་རི་བོ་དགོན་པའི་མཆོག །རང་གི་ས་གཞི་ ལེགས་བརྟགས་ལ། །པྲ་དང་ཉམས་ཀྱིས་ལྟས་བརྟགས་ལ། །མ་དག་མཚན་ངན་སྤང་བྱས་ལ། །དག་ཅིང་ཉམས་དགའ་བླང་བར་བྱ། །ས་གཞི་བྱིན་བརླབས་བཀྲ་ཤིས་པ། །གལ་ཏེ་རྩོད་པ་ཞི་བྱའི་ཕྱིར། །སྣང་དང་མི་སྣང་བདག་པོ་ལ། །མགུ་བས་བར་ཆད་མེད་པར་བསླང་། ། གང་དེ་དབང་དུ་བྱ་བའི་ཕྱིར། །ཆོ་གའི་ཡན་ལག་ཀུན་བརྩམས་ཏེ། །མཆོད་དང་མཉེས་པས་ཚིམ་བྱས་ལ། །ས་གཞི་བདག་གིས་དབང་དུ་བྱ། །ཐུན་མོང་སྐྱོན་བསལ་དག་བྱས་ནས། །མི་དམིགས་ཆོས་ལ་བློ་སྦྱངས་ཤིང་། །དངོས་གྲུབ་མྱུར་ཞིང་ཉམས་དགའ་བའི། །ཕྱི་ནང་དག་པ་ ཆེན་པོར་སྦྱང་། །རང་བཞིན་བྱིན་བརླབས་ཀུན་གྱི་དངོས། །གདོད་ནས་མ་བཅོས་གནས་པ་ལ། །ལྷག་པའི་བདེན་པ་དབྱེར་མེད་པས། །ལྷ་དང་གཞལ་ཡས་ངོ་བོར་བརླབ། །གང་དེའི་བར་ཆད་བསྲུང་བའི་ཕྱིར། །སྤྲུལ་པའི་དཀྱིལ་འཁོར་གསལ་བཏབ་ལ། །རྡོ་རྗེ་ཁྲོ་བོའི་འཁོར་ ལོ་སྤྲོ། །ཧཱུྃ་བཞི་སྔགས་དང་བཅས་པས་བསྲུང་། །དེ་དག་ལེགས་པར་གཟུང་བའི་ཕྱིར། །མ་དག་པ་ནི་མཚམས་བཅད་དེ། །ལས་ཀྱི་བྱ་བ་ཀུན་རྫོགས་ནས། །རྒྱལ་བ་ཀུན་ལ་གསོལ་བཏབ་ལ། །འདོད་པའི་དོན་རྣམས་གྲུབ་པའི་བར། །དངོས་གྲུབ་གཏེར་དུ་མིང་གིས་གཟུང་། ། གང་ཕྱིར་བཤད་པའི་ཆོ་ག་ཡིས། །མ་དག་པ་དང་ངན་པ་དག །རྟོགས་དང་ཏིང་འཛིན་ཆོ་ག་ཡིས། །མཉམ་པས་རེ་དོགས་མེད་པར་གནས། །དཀྱིལ་འཁོར་ཕྱི་ནང་བཤད་པ་བཞིན། །ཚད་ནི་རྗེས་སུ་མཐུན་པ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཡང་ན་སོར་བཞི་ ཚད་དུ་སྟེ། །ཡང་ན་མཛུབ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་བཞི་ཉིད། །ཡང་ན་བཅྭ་བརྒྱད་ཉིད་དུའམ། །ཉི་ཤུ་ལྔ་ཡི་ཚད་དུ་བྱ། །ཡང་ན་རྒྱང་གྲགས་དཔག་ཚད་དེ། །རང་གི་རིག་པ་རྗེས་མཐུན་པར། །ནམ་མཁའི་དབྱིངས་དང་མཉམ་པའི་ཚད། ། ཚད་དང་ལྡན་པའི་དཀྱིལ་འཁོར་ཏེ། །ཡིད་འོང་བྱུག་བདུག་ཉི་ཤུ་ལྔས། །མཛེས་ཤིང་ལེགས་པར་བྱས་ནས་ནི། །གང་དང་འབྲེལ་པའི་ཆོ་ག་བརྩམ། །གཞན་དུ་ལོངས་སྤྱོད་མ་བྱས་པའི། །རས་བལ་དུར་ཁྲོད་རྒྱུ་ལས་བྱས། །གསར་ཞིང་གྲིམས་ལ་འཇུར་མདུད་མེད། ། བྱིན་བརླབས་ལྔ་དང་སྐུ་གསུང་ཐུགས། །ཐིམ་པས་ཡེ་ཤེས་ཐིག་སྐུད་དེ། །རིག་པས་ཐིག་ནི་གདབ་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བའི་འཕྲོ་འདུ་དེ་བཞིན་ནོ། །དཀྱིལ་འཁོར་ཡིད་འོང་ཕོ་བྲང་ས། །མ་ནོར་གསལ་བས་ཐིག་ཏུ་བཤད། ། གང་གིས་གང་མཚོན་དེ་བཞིན་ཏེ། །ཁ་དོག་ལྔ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་རྣམ་ཤེས་སོགས། །ཡེ་ཤེས་དཀྱིལ་འཁོར་མཚོན་ཕྱིར་རོ། །རྟོགས་པས་འཁོར་བའི་རྒྱ་དྲལ་ཕྱིར། །ཚོན་ཞེས་ཀྱང་ནི་བརྗོད་པ་ཉིད། །མ་མཐོང་རྨོངས་ལ་སྟོན་ཕྱིར་ཚོན། །ཁ་ དོག་ཉི་ཤུ་རྩ་ལྔའམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །གསེར་དང་དངུལ་དང་བཻ་ཌཱུརྱ། །པདྨ་ཨིནྡྲ་ནཱི་ལ་ཉིད། །རིན་ཆེན་ལྔ་དང་ལྡན་པ་ཡིས། །མཁས་པས་འབྱོར་ལྡན་ཅི་བདེར་བྲི། །ཡང་ན་འབྲས་དང་སཱ་ལུ་ལ། །ཁ་དོག་བསྒྱུར་བས་དེ་བཞིན་ནོ། །དམན་དང་འབྱོར་པ་ཆུང་ བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་བཅུ་ཉིད་ཐིམ་པ་ཡིས། །ཡེ་ཤེས་རིན་ཆེན་ཕྱི་ནང་མེད། །དག་པའི་ངོ་བོར་བལྟ་བར་བྱ། །ཨོྃ་ཨྃ་ཧཱུྃ་སྭཱ་ཧཱ། །སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུྃ། །འབྲུ་བཅུ་སྤུང་ཞིང་འབུན་པ་ཡི། ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །ཞི་བའི་དཀྱིལ་འཁོར་མ་ལུས་ལ། །ཡེ་ཤེས་རིན་ཆེན་རྩིག་པ་སྟེ། །དྲ་བ་དྲ་ཕྱེད་རྟ་བབས་དང་། །རྡོ་རྗེ་ཟླ་ཕྱེད་འདོད་ཡོན་དང་། །རིན་ཆེན་ས་གཞི་སྐྱེད་ཤིང་དང་། །རྫིང་བུ་དྲིལ་བུ་གཡེར་ཁས་སྤྲས། །རྟག་ཏུ་བྲི་ཞིང་བསྒོམ་པར་ བྱ། །གདུག་པ་འདུལ་བའི་དཀྱིལ་འཁོར་ལ། །ཐོད་པ་སྣ་ལྔ་སྣ་གསུམ་དང་། །ཐོད་སྐམ་རྩིག་པའི་རིམ་པ་བཞིན། །ཚངས་དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ནི་ཡིན་པར་འདོད། །ལྷག་མ་རྣམས་ཀྱིས་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། ། སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲ་བ་དྲ་ཕྱེད་རྣམ་པར་སྤྲས། །ཕྱི་ནང་རྒྱུ་འབྲས་གདུག་པ་དག །གདུལ་ཕྱིར་རྟ་བབས་བཞིར་བཤད་དེ། །སོར་ཕྲེང་ཐོད་པའི་ཕྲེང་བ་དང་། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཁྲོ་མོ་ཤ་ལྔ་བདུད་རྩི་དང་། །དུར་ཁྲོད་འདོད་ ཡོན་ལྡན་པའོ། །དུར་ཁྲོད་ས་གཞི་ཁྲག་དང་བཅས། །སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད། །རཀྟའི་མཚོ་བརྒྱད་རྦ་རླབས་འཁྱིལ། །ཐོད་ཚལ་བརྒྱུས་པ་དུར་ཁྲོད་རླུང་། །འཇིགས་པའི་སྒྲ་དང་མེ་འོད་ལྡན། །ཞིང་འཕན་ཕྱོགས་མཚམས་བརྒྱད་དང་བཅས། ། ལྷ་ཆེན་ཐོད་པ་སྦུབ་སྟེངས་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་ཉིད། །མ་ལུས་བྲི་ཞིང་བསྒོམ་པར་བྱ། །མ་ལུས་འགྲོ་བའི་རེ་སྐོང་བས། །རིན་ཆེན་ཕྲེང་དང་རྒྱན་དུ་ལྡན། །མི་འཇིགས་སྟོབས་སོགས་ཀུན་ལྡན་པས། །སྟོབས་ལྡན་ཐེག་པར་གནས་པ་ ཡིན། །སྤྱོད་ལ་སྐྱོན་གྱིས་མ་གོས་པས། །པདྨ་འབར་བས་མཛེས་པར་སྣང་། །ཐབས་དང་ཤེས་རབ་གཉིས་མེད་པས། །ཉི་ཟླ་མཛེས་པའི་གདན་ལ་བཞུགས། །བདེ་ཆེན་དོན་ལས་མི་འདའ་བས། །འཁྲིལ་སྦྱོར་དགྱེས་པའི་ཚུལ་དུ་བཞུགས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ ཐུགས། །ཡོངས་རྫོགས་སྐུ་ཡི་རྒྱན་དུ་གནས། །ལམ་དང་བྱང་ཆུབ་ཡན་ལག་རྣམས། །རྫོགས་ཕྱིར་ཕྲེང་བ་ལ་སོགས་ཚུལ། །ཐུགས་རྗེ་འཁོར་བ་མི་གཏོང་བས། །ཆུ་སྲིན་ཀླུ་ཕྲུག་བཟུང་བ་བཞིན། །ཐུགས་རྗེ་བར་ཆད་མི་མངའ་བས། །འབྲེལ་བ་བར་ཆད་མེད་པར་གནས། ། བརྩོན་འགྲུས་འཁོར་བ་སྤོང་བའི་ཕྱིར། །རི་དགས་དག་ནི་མཉམ་པར་གནས། །ཟག་མེད་སྤྱན་གྱིས་ཀུན་གཟིགས་པས། །དགེ་སྡིག་སྤྱན་གྱིས་གཟིགས་པར་བསྟན། །མ་ལུས་ཟིལ་གནོན་སྟོབས་རྫོགས་ཕྱིར། །བྱ་ཁྱུང་དག་ནི་གནས་པར་བསྟན། །ཆོས་ཀྱི་འཁོར་ལོ་ བསྐོར་བྱས་ཤིང་། །ཉོན་མོངས་ཚད་པའི་གདུང་སེལ་བས། །ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན། །མ་ལུས་གཅིག་ཏུ་འདུས་པས་ན། །ཏོག་སྟོང་འོད་ཟེར་འབར་བ་སྟེ། །གདུལ་བྱའི་བསམ་པའི་དོན་ཕྱིར་བསྟན། །ལྷ་རྣམས་སོ་སོའི་རྣམ་པ་ནི། །སྐུ་མདོག་སྣ་ཚོགས་ བཞུགས་ཚུལ་དང་། །གདན་དང་ཕྱག་མཚན་རྒྱན་དུ་བཅས། །ཕོ་མོའི་ཚུལ་དང་བཅས་པ་རྣམས། །དེ་བཞིན་ཉིད་ལ་དམིགས་པ་དང་། །གདུལ་བྱ་གཟིགས་པའི་ཚུལ་ཉིད་ཀྱིས། །གཙོ་འཁོར་ཕྱི་ནང་ལྟ་ཚུལ་གྱིས། །བཞུགས་ཐབས་རིམ་པ་སོ་སོར་བསྟན། །རང་རང་སྙིང་ པོ་གང་ཡིན་པ། །ཁ་དོག་སོ་སོར་ཕྱེ་ནས་ནི། །གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར། །རིམ་པ་བཞིན་དུ་གསལ་བར་བྱ། །རང་རང་ཐུགས་མཚན་གང་ཡིན་པ། །ཁ་དོག་དབྱིབས་དང་བཅས་པ་ཉིད། །ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། །རིམ་པ་ཇི་བཞིན་དགོད་ པར་བྱ། །གདུག་པ་འདུལ་བའི་དཀྱིལ་འཁོར་ཡང་། །དུང་ཆེན་རས་ཆེན་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཉིད། །རིམ་པ་བཞིན་དུ་གསལ་བར་དགོད། །དེ་བཞིན་ཉིད་ལ་དམིགས་མེད་དེ། །སྟོང་ཞིང་མི་དམིགས་རིག་པ་ཉིད། །གང་ལ་རྟོག་དཔྱོད་མི་གནས་ པ། །ཆོས་དབྱིངས་དེ་བཞིན་ཉིད་དུ་བསྒོམ། །བདེན་གཉིས་དབྱེར་མེད་མཉམ་པ་ཉིད། །ཡེ་ནས་ཁྱབ་ཀྱང་མ་རྟོགས་པས། །ཕྱོགས་མེད་སྙིང་རྗེ་ནམ་མཁའ་ལྟར། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །རང་འབྱུང་ཡེ་ཤེས་རྣམ་པས་ནི། །ཡིག་འབྲུ་རྣམ་པ་གསལ་བ་ལས། ། ཞེན་འཛིན་སྦྱངས་ནས་ཡིག་འབྲུ་ཡི། །འཕྲོ་འདུས་འབྱུང་ལྔ་རིམ་གྱིས་བསྐྱེད། །བྲུྃ་གྱིས་གཉིས་མེད་འོད་སྦྱངས་ནས། །གཞལ་ཡས་ཁང་ལྟར་ཡིན་པར་བསྒོམ། །རྣམ་པའི་གང་ཡིན་དེ་དག་དང་། །རང་རིག་ས་བོན་གཉིས་མེད་ལས། །འདྲེས་པས་གང་ཡིན་གཙོ་བོ་ཉིད། ། བསྐྱེད་ཅིང་དབང་བསྐུར་བྱིན་བརླབས་ནས། །འཁོར་ཡང་མི་ཕྱེད་འདྲེས་པར་བསྒོམ། །ཡོངས་རྫོགས་སྨིན་ཅིང་རྟས་པ་ལ། །ཛཿཧཱུྃ་བྃ་ཧོས་གཉིས་མེད་དེ། །འདོད་པ་མཐར་ཐུག་བར་དུ་བསམ། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐུན་མོང་མཆོད་པ་སྣ་ཚོགས་དང་། །ཀུན་བཟང་ མཆོད་པ་ལ་སོགས་པ། །ལྷ་མོ་བརྒྱད་དང་བཅུ་དྲུག་གིས། །མཆོད་པའི་རིམ་པ་བརྩམ་པར་བྱ། །རིན་ཆེན་སྣ་ལྔ་རྟ་གླང་དང་། །འབྲུ་དང་བང་མཛོད་ཁང་ཁྱིམ་དང་། །བུ་དང་ཆུང་མ་བྲན་ཁོལ་དང་། །གནས་དང་ཞིང་དང་ན་བཟའ་དང་། །རྒྱན་ཕྲེང་བཟའ་བཏུང་ལོངས་སྤྱོད་ དང་། །རྫིང་དང་ཆུ་མིག་འབབ་ཆུ་དང་། །མཚེའུ་དང་ཁྲོན་པ་ལུ་མ་དང་། །རི་དང་དེའུ་དང་སྐྱེད་མོས་ཚལ། །ཁོ་ར་ཡུག་དང་ལྷུན་པོ་དང་། །སྐྱེ་བོ་མང་པོ་བྲོ་གླུ་དང་། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །མཆོད་པ་སྣ་ཚོགས་རྒྱས་པར་མཆོད། །དཔའ་བོ་ཤ་ལྔ་ བདུད་རྩི་ལྔ། །བཅུད་དང་རོལ་མོ་སྣང་བ་དང་། །སྣ་ཚོགས་དྲི་དང་བྱུག་པ་མཆོག །དག་ཅིང་ལེགས་པར་དབུལ་བར་བྱ། །ཐར་བ་ལ་སོགས་ཞིང་གི་མཆོག །དངོས་དང་ལྟ་སྤྱོད་ཏིང་འཛིན་གྱིས། །བསྒྲུབ་བྱ་མ་ལུས་ཀུན་བསྒྲལ་ཏེ། །རྡོ་རྗེ་ཞིང་དུ་བསྐྱེད་པར་བྱ། །ལྷ་མོ་མི་མོ་རིག་ པ་མོ། །ཆོ་གའི་སྦྱོར་བ་རང་རྟོག་བཞིན། །དངོས་དང་ཏིང་འཛིན་སྦྱོར་བ་ཡིས། །བདེ་བ་ཆེན་པོ་རོལ་མོ་ཡིས། །ཕྱི་ནང་ནམ་མཁའི་ཁམས་བཀང་སྟེ། །རིན་ཆེན་ལྷ་མོ་ཡོ་བྱད་དང་། །རེག་པ་ཉམས་མྱོང་བདེ་བ་ཡིས། །རྒྱལ་སྲས་ཞིང་གི་རྡུལ་སྙེད་ལ། །གཉིས་མེད་དག་པའི་ ཚུལ་གྱིས་མཆོད། །རོལ་མོ་གླུ་དབྱངས་བཅས་པ་ཡིས། །དཀྱིལ་འཁོར་རིམ་པ་བསྟོད་པར་བྱ། །རྡོ་རྗེ་གསུམ་གྱི་བཟླས་པ་ཡིས། །མཚན་མ་ལེགས་པར་སྣང་བ་ན། །སྦྱང་དང་བྱིན་བརླབས་དབང་བསྐུར་དང་། །མཆོད་དང་བརྟན་པའི་ཆོ་ག་དང་། །རྟོག་པའི་ཆོ་ག་རྒྱས་པར་ བྱ། །དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ། །རྣམ་བཞི་ལས་ཀྱི་མེ་ཐབ་ལ། །དུས་བཞིར་རང་རང་རྫས་དག་གིས། །ལྷ་བཞི་ཚུལ་གྱིས་མཆོད་པར་བྱ། །དེ་ནས་གནང་ཐོབ་དབང་ཕྱུག་ཉིད། །དཀྱིལ་འཁོར་ཞུགས་ཤིང་ནུས་ལྡན་ནས། །ཐུགས་རྗེས་འཁོར་བ་བསྒྲལ་ བའི་ཕྱིར། །སྐལ་ལྡན་སློབ་མ་གཞུག་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །མངོན་དུ་མཐོང་ཞུགས་བསོད་ནམས་གང་། །འདིར་ཞུགས་པ་ཉིད་དེ་བཞིན་ནོ། །གང་དུ་སྐུ་གསུང་ཐུགས་ལྡན་པ། །གང་དུ་མོས་པས་ སྤྲོ་བསྐྱེད་ཕྱིར། །རྒྱལ་བ་ཀུན་ཀྱང་འཕྲུལ་མཛད་དེ། །སྒོ་གསུམ་བྱིན་གྱིས་རློབ་པར་མཛད། །རྣལ་འབྱོར་ཆོ་ག་རྫོགས་པས་ཀྱང་། །གདུལ་བྱ་ཞི་དང་ཁྲོ་བ་ལ། །སོ་སོའི་མཚན་མ་ཉིད་བསྟན་ཕྱིར། །སྐུ་གསུང་ཐུགས་ཀྱི་རྣམ་པ་དག །བྲིས་དང་བརྡུངས་དང་བླུགས་ བ་དག །སོ་སོའི་གནས་སུ་ལེགས་པར་དགྲམ། །མ་ལུས་སྐུ་གསུང་ཐུགས་དཀྱིལ་འཁོར། །འདི་ལས་མ་གཏོགས་ལྷ་གཞན་མེད། །གང་དུ་དབང་དང་འབྲེལ་བ་ནི། །བཅོ་ལྔའི་རིམ་པས་བྱིན་བརླབ་ཕྱིར། །བཞི་དང་བརྒྱད་ཀྱི་དཀྱིལ་འཁོར་ལ། །ཡབ་ཡུམ་བཅྭ་ བརྒྱད་གནས་པར་བྱ། །བཅུ་གཉིས་བཅུ་དྲུག་དཀྱིལ་འཁོར་ལ། །བཞི་བཅུ་གཉིས་དང་ལྡན་པར་བྱ། །ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ། །རྒྱས་པའི་ཆོ་ག་རིམ་པར་དགོད། །འདི་དག་ལུགས་དང་འབུར་དང་བཟོ། །བྲི་དང་བསྒོམ་པ་དག་ཀྱང་རུང་། །འདི་ནི་ཕྱི་ཡི་དཀྱིལ་ འཁོར་རོ། །ཟབ་མོའི་དབང་གི་དཀྱིལ་འཁོར་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །སོར་བཞི་མཛུབ་གང་ལ་བརྟེན་ཏེ། །ཕྱི་རོལ་རྣམ་པའི་རྗེས་འབྲང་མིན། །མཐོང་དང་བརྟན་དག་གོམས་པ་ནི། །རིམ་པ་བཞིན་དུ་གསལ་བས་འབྱུང་། །བརྒྱུད་པ་ལམ་གྱི་རིམ་པ་ཡིས། ། མཐར་ཕྱིན་ཉམས་སུ་མྱོང་བར་འགྱུར། །དབང་བསྐུར་ཐབས་ཀྱི་རིམ་པ་ཡིས། །བྱིན་བརླབས་མན་ངག་ཡིད་ཆེས་བྱ། །འདི་ནི་དབང་གི་དཀྱིལ་འཁོར་ཏེ། །དེ་བཞིན་གནས་སྐབས་གཞན་དུ་ཡང་། །ཐུན་མོང་ཚོགས་ལ་སྦྱར་བའི་ཕྱིར། །འབྱུང་ལྔ་རྒྱུ་དང་བདག་ཉིད་དང་། །མཁའ་ དག་བྱིན་བརླབས་སོ་སོར་གདོན། །རང་གི་ཆོ་གའི་སྦྱོར་བ་ཡིས། །ཇི་ལྟར་བརྩམས་པ་འགྲུབ་པར་འགྱུར། །བསོད་ནམས་ཚོགས་ཞེས་བྱ་བར་བཤད། །གཞན་ཡང་སྟོབས་ལྡན་རྣལ་འབྱོར་པས། །གང་འདོད་མངོན་དུ་བསྒྲུབ་པའི་ཕྱིར། །འཆི་མེད་ཚེ་ཡི་དཀྱིལ་འཁོར་དང་། ། མཚན་མ་པྲ་ཡི་དཀྱིལ་འཁོར་དང་། །དུག་འཇོམས་བདུད་རྩིའི་དཀྱིལ་འཁོར་དང་། །ཆོ་འཕྲུལ་རོ་ལངས་ལ་སོགས་པ། །གང་བསྒྲུབ་དོན་ཕྱིར་གང་བཤད་པ། །དེ་ཉིད་བསྒྲུབ་པའི་དཀྱིལ་འཁོར་རོ། །ལས་བཞི་ལྷ་ཡི་རྣལ་འབྱོར་གྱིས། །རིགས་དང་མཐུན་པའི་ས་གཞི་ ལ། །ཐབ་ཁུང་སོ་སོའི་མཚན་མ་ཅན། །ཕྲིན་ལས་དཀྱིལ་འཁོར་ཉིད་དུ་བཤད། །སློབ་དཔོན་ནུས་པ་སྟོབས་ལྡན་པས། །རྡོ་རྗེ་ལུས་སུ་བརྟན་བྱའི་ཕྱིར། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །སྐུ་གསུང་ཐུགས་སུ་མངོན་གསལ་བ། །རྣལ་འབྱོར་སྐལ་ལྡན་སྤྱོད་ཡུལ་ ཏེ། །ཚོགས་ཀྱི་དཀྱིལ་འཁོར་ཉིད་དུ་བཤད། །དེ་ནས་གཞན་ཡང་བཤད་བྱ་བ། །མཚན་མ་རྟོག་པའི་རང་བཞིན་གྱིས། །མཐོང་བྱ་དོན་ལ་སྒྲིབ་པས་ན། །དེ་དག་སྦྱང་བའི་ཆོ་ག་བཤད། །ཐ་མལ་ཞེན་པས་བརྟགས་པའི་དོན། །ལྷག་པའི་བདེན་གཉིས་ རྟོགས་བསྒོམས་པས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྐུ་གསུང་ཐུགས་ཀྱི་ངང་དུ་བསྲེག །དཀྱིལ་འཁོར་ལྷ་ཡི་མཚན་མ་དག །རྣམ་པ་ཇི་སྙེད་གནས་པ་དག །རང་རིག་རྣམ་པར་འཕྲུལ་པ་ཉིད། །མཚན་མ་ཐིག་ལེའི་ངང་དུ་སྦྱངས། །ཐིག་ལེ་རིམ་པའི་སྣང་ཚུལ་ཏེ། །ཕྱི་ ནང་མེད་པའི་བྱང་ཆུབ་སེམས། །དངོས་དང་དངོས་མེད་ཀུན་སྦྱངས་ཏེ། །རང་རིག་བྱང་ཆུབ་སེམས་ཀྱི་མེ། །ཕྱོགས་བཅུར་འབར་ཞིང་དབྱིངས་ལ་སྡུད། །རྣལ་འབྱོར་ལས་རུང་གོམས་པ་ཡིས། །གཞན་དོན་རྩོམ་པའི་དོན་བྱེད་ན། །དང་པོར་ཉེས་བྱས་གསུམ་སྦྱང་ཕྱིར། །རྣམ་ གསུམ་ཁྲུས་ཀྱི་རིམ་པ་བརྩམ། །གདུག་པ་འདུལ་བའི་དཀྱིལ་འཁོར་གྱིས། །བར་ཆད་བགེགས་དང་དབྲལ་བྱས་ལ། །བཀུག་བཅིངས་བསྟིམས་ལ་རྣལ་དུ་གཞག །བསྲུང་དང་བྱུག་བདུག་རྒྱན་གྱིས་བརྒྱན། །འཁོར་བའི་ས་བོན་ཀུན་བཀོད་དེ། །ལས་ཀྱི་ཆོ་ག་ ཐིམ་པ་དང་། །དཀྱིལ་འཁོར་འཕྲོ་འདུ་རིམ་པ་ཡིས། །འཁོར་བའི་ས་བོན་སྦྱང་བར་བྱ། །དེ་ཚེ་སྡོང་བུ་གནས་བཀོད་དེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱིས། །སྙིང་པོ་ཚང་བར་གདགས་པ་དང་། །གསོལ་གདབ་གནང་བྱིན་སྲས་སུ་བསྐྱེད། །འཇུག་དང་དབང་བསྐུར་ལས་རྫོགས་ ནས། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ལས་བཞི་མེ་ཡི་ལས་བྱས་ནས། །རྟོག་ཚོགས་ལྷ་གསུམ་དབྱེར་མེད་པའི། །རང་རང་གནས་སུ་དག་པ་ལ། །སྦྱིན་སྲེག་གླུ་བྲོ་གར་གྱིས་མཆོད། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐིག་ལེ་ཆེན་པོ་ངང་ལ་བསྡུ། །དེ་ནས་ གཞན་ཡང་བཤད་བྱ་བ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །མ་ལུས་བྱང་ཆུབ་སེམས་ཉིད་དེ། །དེ་རྟོགས་བྱ་ཕྱིར་བཤད་པར་བྱ། །ཆོས་རྣམས་མ་ལུས་ཐམས་ཅད་དང་། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །ཐ་དད་དབྱེ་བ་མི་གནས་ཏེ། །བྱང་ཆུབ་སེམས་ཀྱི་ དཀྱིལ་འཁོར་ཉིད། །རང་འབྱུང་མཐོ་དམན་མེད་པ་ཡི། །སྐུ་གསུང་ཐུགས་དང་ལུས་ངག་ཡིད། །མ་ལུས་གཞི་རྩ་སྙིང་པོ་སྟེ། །རང་འབྱུང་བྱང་ཆུབ་སེམས་ལ་འདུས། །དེ་ཉིད་རང་རིག་འོད་གསལ་བ། །དངོས་པོ་མ་ཡིན་དངོས་མེད་མིན། །གཉིས་ཀ་མ་ཡིན་གཉིས་མེད་མིན། ། མཐའ་དབུས་ཆ་ཤས་ཀུན་བྲལ་བའི། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །རྟོག་གེ་རྣམས་ཀྱི་ཡུལ་མིན་པས། །གསང་བའི་གསང་བ་བྱང་ཆུབ་སེམས། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་ མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ལས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་ རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ལ་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །མ་སྐྱེས་རིག་པའི་བྱང་ཆུབ་སེམས། །དངོས་མེད་དངོས་པོའི་རང་བཞིན་དུ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །གཡོ་དང་མི་གཡོར་བཅས་ པ་ཡི། །ཕྱི་ནང་སྣོད་བཅུད་མ་ལུས་ལ། །རང་འབྱུང་སེམས་ཀྱི་དཀྱིལ་འཁོར་ཉིད། །རང་བཞིན་གནས་དང་རྟོགས་པ་དང་། །བསམས་དང་དམིགས་དང་གོམས་པ་ཡི། །སྐུ་གསུང་ཐུགས་ཀྱི་མཚན་མ་དང་། །ལྷ་དང་ལྷ་མིན་གསང་བ་དང་། །ཤ་ཟ་འབྱུང་པོ་མིའམ་ ཅི། །གྲུལ་བུམ་ཡི་དགས་ཀླུ་རྣམས་དང་། །རྒྱུ་བའི་སྲོགས་ཆགས་མ་ལུས་དང་། །རྩ་ཤིང་གེལ་པ་འབྲས་བུ་དང་། །ཕུན་སུམ་ཚོགས་པ་མ་ལུས་པ། །མ་བཅོས་དོན་གྱི་ལྷ་ཉིད་དེ། །བྱང་ཆུབ་སེམས་སུ་ཁྱད་པར་མེད། །ལྷ་ཞེས་གཞན་དུ་བསྟན་པ་ཡང་། །ཚིག་གི་ ཐ་སྙད་ཙམ་དུ་ཟད། །བྱང་ཆུབ་སེམས་ལ་གཉིས་མེད་པར། །རྟོགས་པའི་དོན་ལ་གཅིག་ཏུ་བསྟན། །སྙིང་རྗེ་ཆེན་པོའི་རང་བཞིན་གང་། །གནས་པའི་དོན་དང་མ་ཕྲད་པས། །མ་ལུས་སྙིང་རྗེའི་གནས་གྱུར་པ། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །མི་ འགལ་དོན་དུ་རབ་སྦྱོར་བ། །ཀུན་རྫོབ་བྱང་ཆུབ་སེམས་སུ་བརྗོད། །ཇི་སྙེད་རྣམ་པར་བཅས་པའི་ཆོས། །མ་ལུས་མཐའ་ཡས་བསྟན་པ་ཀུན། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཏེ། །ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ། །སྣ་ཚོགས་སྣང་བཞིན་དངོས་པོ་མེད། །དེ་དག་ ཇི་ལྟར་གནས་ཀྱང་རུང་། །བྱང་ཆུབ་སེམས་ལས་གཞན་མིན་ཡང་། །ཐུན་མོང་ཡུལ་ཕྱིར་ཕྱི་རུ་བཤད། །རང་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ། །རང་འབྱུང་འཁོར་ལོ་དྲུག་གནས་པ། །གཡོ་བ་ཡྃ་གིས་སྐྱོད་བྱེད་པ། །འགྲོ་བ་ཀུན་གྱི་ལུས་ལ་གནས། །འཕེན་དང་ སྡུད་པའི་རང་བཞིན་ཅན། །སྙིགས་མའི་དུས་སུའང་བདེ་བ་འཆར། །སྨིན་པ་གྲུ་གསུམ་སྨད་ན་གནས། །རྣམ་ཐར་སྐུ་གསུམ་རྩ་མདུད་ཅན། །འབར་ཞིང་ཐིག་ལེ་འབེབས་དང་གནས། །རང་ལུས་བདེ་ཆེན་སྨིན་བྱེད་པ། །དེ་ལ་གང་རྟེན་བདེ་བའི་གནས། །སངས་ རྒྱས་རིན་ཆེན་གབ་ཙེ་ལ། །ཐུང་ངུ་ཨ་སྙིང་ལྟེ་བར་གནས། །འཁྲུལ་ཞིང་འཛག་དང་གནས་པའི་རྩ། །རྡོ་རྗེ་དབུ་མའི་ལམ་དང་འབྲེལ། །ཁྱབ་ཅིང་རྒྱས་པའི་སྙིང་པོ་ཅན། །སུམ་ཅུ་གཉིས་གཉིས་རྩ་ཡིག་ལྡན། །དྷརྨ་ཙཀྲ་སྙིང་པོའི་གནས། །རྩ་བཞི་ཡན་ལག་ བརྒྱད་ཀྱི་དངོས། །དངས་སྙིགས་ཤེས་པ་བརྒྱད་ཀྱི་རྟེན། །རྒྱུ་བ་བཞི་ཡིས་ཤེས་པར་བྱ། །དངས་མ་འདུས་པའི་ཐིག་ལེ་ཉིད། །ཨ་ལ་བརྟེན་པའི་ཧཱུྃ་གིས་སྡུད། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །བདེ་བ་མངོན་ཤེས་ཆོས་ཉིད་ལ། །རིམ་པས་མཐར་ཕྱིན་འབྱུང་བར་ འགྱུར། །བཅུ་དྲུག་སྒྲ་སྦྱོར་ཐིག་ལེ་ཅན། །འདབ་མ་ཨཱ་ལི་ལྡན་པ་ཡིས། །མ་ལུས་སྒྲ་སྐད་བདག་ཉིད་ཅན། །ཁྱབ་པ་གསུང་གི་བདག་ཉིད་ཅན། །སྡེ་ཚན་བཅུ་དང་ལྡན་པ་ཉིད། །འབྱུང་འཇུག་གནས་པའི་ལམ་ཡིན་ཏེ། །ཐབས་དང་ཤེས་རབ་བསྐུལ་བ་ཡིས། །བདེ་བ་ འབྱུང་འགྱུར་ཐེ་ཚོམ་མེད། །སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ན། །ཐིག་ལེ་དེ་ཡི་མཉམ་པའི་དབྱིངས། །མ་ལུས་འབྱུང་བའི་རྒྱུར་གྱུར་ཅིང་། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །མ་ལུས་ཀུན་འདུས་གཉིས་སུ་མེད། །སྤྱི་གཙུག་ འདུས་པའི་སྙིང་པོ་ནས། །རྐང་མཐིལ་གསང་བའི་གནས་ཡན་ཆད། །སྐུ་གསུང་ཐུགས་ཀྱི་ཀ་བས་བཟུང་། །སྣོད་བཅུད་རྒྱུད་རྣམས་རང་བཞིན་བཅུད། །དངས་སྙིགས་འདྲེས་པ་ཐབས་ཀྱིས་འབྱེད། །གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན། །སྐད་ཅིག་རིམ་པ་སྐྱེ་འགྱུར་ བ། །ཁམས་ལྔ་འདུས་པའི་རོ་ཡི་སྟོབས། །སེམས་ལྔ་རིམ་པས་ཤེས་པར་འགྱུར། །འདི་ཉིད་གསུམ་དུ་བཤད་པ་སྟེ། །སྐབས་ཀྱི་རིམ་པས་སྦྱར་བ་ཉིད། །རྩ་དང་ཐིག་ལེ་བདེ་བ་ཡིས། །ཕྱི་ནང་གསང་བའི་ཚུལ་དུ་བཤད། །དེ་ནས་རྒྱལ་རིགས་རྗེ་རིགས་དང་། །བྲམ་ཟེ་ གདོལ་པ་གར་མཁན་མ། །ཡིད་འོང་ན་ཚོད་དར་ལ་བབ། །ནུས་དང་ཆགས་པ་ཆེ་བ་དང་། །བཀའ་བློ་བདེ་ཞིང་ཡིད་མི་འཁྲུག །ལུས་རན་ཤ་མདངས་དཀར་དམར་ཕྱེད། །སྐད་སྙན་དྲན་པས་ཡིད་འཕྲོག་མ། །བཅྭ་བརྒྱད་བཅུ་དྲུག་བཅུ་བཞི་དང་། །བཅུ་གཉིས་ལྡན་པའི་བུ་ མོ་ལ། །སྦྱོར་བ་ཚང་ཞིང་རྟགས་བྱུང་ནས། །ཐ་མལ་སྤངས་པའི་སྦྱོར་བ་ཡིས། །ས་ཡ་བཅུ་གསུམ་གཉིས་ལྡན་པའི། །གསང་དབང་འདུས་པའི་ཁམས་ལྔ་ལས། །གསེར་འགྱུར་སྨན་དང་མུན་སེལ་ལྟར། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་མ་ཟླ་བ་རྩེ་ ཕྲད་པའི། །མ་ལུས་འདུས་པའི་རྩེ་འཁོར་ལོ། །འབྱུང་འཇུག་གནས་པ་རླུང་དང་འགྲོགས། །ལྡང་བས་ཐ་མལ་ཤེས་པ་འགག །གཡོ་བས་ཉམས་ཉིད་རྩེ་གཅིག་པ། །སྨོན་པས་ཡིད་གཅིག་འདྲེས་པ་སྟེ། །འཇུག་པ་ཛཿཧཱུྃ་བྃ་ཧོཿསྟེ། །ཤེས་པ་བདེ་བར་ འཇུག་པ་ཉིད། །གནས་པས་ཡུན་རིང་གནས་པ་སྟེ། །མཐར་ཕྱིན་འདྲེས་པའི་གར་ཐབས་ཀྱིས། །བརྗོད་བྲལ་ཐིག་ལེའི་བསྟན་པ་མཚར། །ཐ་མལ་ཞེན་པ་ནུབ་གྱུར་ནས། །ཞེན་པ་ལྡོག་ཅིང་རིག་པ་ཐིམ། །རྣམ་ཤེས་བརྒྱལ་བ་ལ་སོགས་འབྱུང་། །ཡིད་འོང་ གཟི་ལྡན་ཕྱག་རྒྱ་མ། །མཐོང་བས་ལུས་སེམས་བདེ་བ་དང་། །ཕྲད་པས་སྡུག་བསྔལ་ཉམས་པར་འགྱུར། །འདྲིས་པས་བདེ་བ་བརྟན་པོ་འབྱུང་། །ཐབས་དང་ལྡན་པས་སྤྱད་གྱུར་ན། །བསྐལ་པར་སྦྱངས་པས་མི་འབྱོངས་པའི། །རྣམ་རྟོག་ཞེན་པ་ལོག་གྱུར་ནས། ། ད་ལྟ་བདེ་བ་ཆེན་པོར་སྨིན། །ཐོབ་པ་བརྟན་འདོད་རྣལ་འབྱོར་པས། །མཐོང་དང་ཐོས་དང་ལྷན་ཅིག་གནས། །འཁྱུད་དང་ཕྲད་དང་སྤྱད་པ་ཡིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དབང་དང་མི་ལྡན་སྐལ་ངན་དང་། །དམན་པས་མི་རྟོགས་ཡུལ་མིན་པས། །གསང་བ་ཞེས་ནི་ བཤད་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །རིམ་པའི་ཏིང་འཛིན་མཐར་ཕྱིན་ནས། །སྐུ་དང་གསུང་དང་ཐུགས་ལྡན་པའི། །ཚོམ་བུ་གསུམ་པར་ལྡན་པ་ཡི། །སུམ་ཅུའི་དཀྱིལ་འཁོར་བསྒོམ་པར་བྱ། །གང་དུ་རྒྱས་པའི་དབང་གྱུར་ལ། །རིགས་ལྔ་ཡེ་ཤེས་ལྔར་ ལྡན་ཅིང་། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །བདུན་ཅུའི་རིམ་པ་བསྒོམ་པར་བྱ། །མོས་ཆུང་གསང་བར་སྤྱོད་འདོད་པས། །ཚོམ་བུ་གཅིག་པའི་དཀྱིལ་འཁོར་ཏེ། །བཅུའམ་ཡང་ན་བཅྭ་བརྒྱད་པའི། །ཚོམ་བུ་ཐ་མ་བསྒོམ་པར་བྱ། །འདིར་ནི་དཀྱིལ་འཁོར་ ཀུན་འདུས་པའི། །ཚོགས་ཀྱི་འཁོར་ལོ་བསྒོམ་པར་བྱ། །གང་དུ་གདུག་པ་འདུལ་བ་ཡི། །དཀྱིལ་འཁོར་རིམ་པ་དེ་བཞིན་ཏེ། །རིམ་པ་བསྒྱུར་བའི་ཁྲོ་བོ་ནི། །རིམ་པ་མ་འདྲེས་ཙམ་དུ་བསྒོམ། །རྣལ་འབྱོར་ཡོ་བྱད་ཚོགས་པ་ཡིས། །དཀྱིལ་འཁོར་ཏིང་འཛིན་སྤྱོད་ཚོགས་ པ། །མ་ལུས་ཚོགས་པས་ཚོགས་ཞེས་བྱ། །དང་པོར་དད་དང་བརྩོན་འགྲུས་དང་། །དམ་ཚིག་ལྟ་སོགས་སྔོན་སོང་ཞིང་། །རིམ་བཞིན་ཏིང་འཛིན་མཐར་ཕྱིན་པས། །ནུས་པ་ཡོད་པའི་རྣལ་འབྱོར་པ། །སྐལ་ལྡན་དྲོད་ཚད་མཉམ་པའམ། །མི་ལྡན་འཕྲོ་འདུས་སྦྱངས་ བས་འགྲུབ། །རབ་ཏུ་དབེན་ཞིང་ཡིད་འོང་བ། །རི་རྩེ་གསང་འདབ་ཆུ་གླིང་ངམ། །དུར་ཁྲོད་རི་འོར་ནགས་འདབ་སྟེ། །སྐྱེ་བོ་འདུས་དང་རྣམ་བྲལ་ཞིང་། །བར་ཆད་བྲལ་བའི་ས་ཕྱོགས་དེར། །རྣལ་འབྱོར་རྒྱལ་པོ་ལྟ་བུའི་ཕྱིར། །རིན་ཆེན་ཡིད་འོང་མཛེས་བརྒྱན་པའི། ། འཁོར་ཁང་ཕྱི་ནང་བར་ལྡན་པ། །འཆག་སར་བཅས་པར་བརྩམ་པར་བྱ། །རྣལ་འབྱོར་ཕོ་མོ་གྲངས་མཉམ་པ། །ལྟ་སྤྱོད་ཏིང་འཛིན་དམ་ཚིག་ཚང་། །བྲོ་གར་འདུ་འཕྲོ་ཡོ་བྱད་དང་། །གླུ་ཚིག་སྒྲ་ཡི་ཡོ་བྱད་དང་། །བཟའ་དང་བཏུང་བའི་ཡོ་བྱད་དང་། །རྒྱན་དང་བགོ་བའི་ ཡོ་བྱད་དང་། །ཨཱ་ལི་ཀཱ་ལི་མཉམ་སྦྱར་ཞིང་། །ཉི་ཟླ་བརྩེགས་པའི་ངོ་བོར་བཞུགས། །ལྷ་དང་མི་དང་ཡོ་བྱད་དང་། །གནས་དང་སྤྱོད་པ་ཀུན་ཚོགས་པས། །དེ་དག་ཚོགས་སུ་བཤད་པ་ཡིན། །ཐབས་དང་ཤེས་རབ་འབྲེལ་གྱུར་ནས། །ཡབ་ཡུམ་གསལ་བའི་ཏིང་འཛིན་ལ། ། མཐའ་ཐུག་མེད་པའི་རྒྱལ་བ་རྣམས། །ནམ་མཁའི་ཆར་བཞིན་ཀུན་བཀུག་ལ། །ཡབ་ཡུམ་གཉིས་མེད་འདྲེས་པ་ལ། །དབང་བསྐུར་བྱིན་བརླབས་རྒྱན་བཏགས་ཏེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །བཟའ་བཏུང་ལྷ་ལ་ལྷ་རོལ་ཞིང་། །འོད་ཀྱིས་མ་ལུས་ཚིམ་པ་དང་། །འགྲོ་ མང་བདེ་བ་ཐོབ་པར་བྱ། །བྲོ་ལྔ་གར་ལྔ་སྟབས་ཚིག་ལྔ། །བྲོ་གར་རྩེ་འཇོ་བརྗོད་པ་ཡིས། །རིགས་ཀྱི་འོད་ཟེར་འཕྲོ་འདུར་གསལ། །འགྲོ་བའི་ཕྱི་ནང་མུན་བསལ་ཏེ། །རིག་འཛིན་ས་ནས་ས་རུ་སྦྱང་། །གླུ་ལྔ་ཚིག་ལྔ་རིགས་ལྔ་ཡིས། །ཕྱོགས་ཕྱོགས་བལྟས་ཏེ་བརྗོད་པ་ནི། ། འགྲོ་བ་ཀུན་གྱིས་བདེ་ཐོབ་ཅིང་། །ཆོས་ཀྱི་དུང་ཆེན་སྒྲ་ཡང་སྒྲོགས། །ཕྱི་ནང་རྒྱན་གྱི་ཡོ་བྱད་ནི། །རིན་ཆེན་ཟེའུ་ཕྲོག་རྣ་ཆ་དང་། །ལག་གདུབ་རྐང་གདུབ་མགུལ་དོ་དང་། །ན་བཟའ་རྒྱན་གྱིས་གང་བརྒྱན་པས། །ཡིད་འོང་ཏིང་འཛིན་གསལ་བ་དང་། །འགྲོ་བས་བལྟ་བའི་འོས་སུ་ འགྱུར། །རླུང་དང་ནུས་པའི་སྟོབས་ལྡན་ཞིང་། །སྒོ་གསུམ་བག་ཆགས་ཟད་འགྱུར་ཏེ། །བྱིན་བརླབས་རླུང་ལ་དབང་ཐོབ་པས། །ཨཱ་ལི་ཀཱ་ལི་མཉམ་སྦྱར་བ། །བཅུ་དྲུག་རྫོགས་པའི་དུས་སྦྱར་བས། །བདག་པོ་གདུང་ཅན་ཕྲད་པའི་ཚེ། །ཉི་ཟླ་དུས་གཅིག་ཤར་བའི་ཚེ། །ཐུན་མོང་ཐུན་ མོང་མ་ཡིན་པའི། །སྤྱོད་ཡུལ་ནུས་པ་ཀུན་བཟློག་ནས། །མཐོང་ལམ་རང་གི་མཚན་ཉིད་སྐྱེ། །ཟླ་བའམ་ཟླ་ཕྱེད་དུས་མཚམས་སོགས། །བདེ་ཆེན་ཉམས་མྱོང་རྒྱུན་མི་འཆད། །མཐོང་བའི་དོན་ལ་མཉམ་བཞག་པས། །བརྟན་ཞིང་ངེས་པས་གདེང་དུ་གྱུར། །སྐུ་ནི་ཕྱག་རྒྱ་ ཆེན་པོ་སྟེ། །བདེ་ཆེན་ཟག་མེད་ཏིང་ངེ་འཛིན། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་། །བདེ་བ་ཆེན་པོ་རྒྱུན་མི་འཆད། །སྤྲུལ་པའི་ལོངས་སྤྱོད་མཛད་པ་ཡིས། །འཇིག་རྟེན་ཁམས་མང་འགྲོ་བ་དག །དེ་ཚེ་འགྲོ་བའི་དབྱིངས་སུ་སྦྱོར། །རྡོ་རྗེ་ལུས་ཐོབ་དེ་ཕྱིན་ཅད། །སྐྱེ་ཤི་ མེད་པའི་གཡུང་དྲུང་ཡིན། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །གང་ཟག་རིམ་པར་འཇུག་པ་རྣམས། ། དང་པོར་དངོས་དོན་མཐོང་བ་ཡིས། །ཚེ་འདིས་ས་ལ་བགྲོད་བྱ་ཞིང་། །བསམ་བྱས་ལྷུན་གྲུབ་ཉིད་ཐོབ་ཕྱིར། །ལྟ་སྤྱོད་ཏིང་འཛིན་རིམ་འབྲེལ་བས། །བར་ཆད་མེད་པའི་ལམ་ལ་འབད། །གནས་སྐབས་རིམ་པ་ཇི་སྙེད་ཀྱང་། །ཐ་མལ་པ་དང་ལོག་སྤྱོད་དང་། །མོས་པ་ལ་སོགས་ ཡུལ་མིན་ཏེ། །ནུས་དང་གྲུབ་པ་ཐོབ་པ་ཡིས། །གསང་བ་ལམ་དང་འབྲེལ་པར་བྱ། །རྣལ་འབྱོར་ཆེན་པོ་ལྔ་ལ་གནས། །རིམ་ནས་རིམ་པར་བརྟན་གྱུར་ཏེ། །གསལ་ལྡན་མི་གཡོ་ཐོབ་པ་ལ། །ཉམ་ང་མེད་པའི་སྟོབས་ལྡན་པས། །པདྨ་ལ་ནི་འདམ་བཞིན་ཏེ། །སྤྱོད་པ་སོ་སོ་ གནས་པ་ཡིས། །རྩ་བ་སྤྲོས་བཅས་རྣལ་འབྱོར་ཏེ། །བསྒྲུབ་པ་དུས་ཀྱི་ཚོགས་ལ་གནས། །ཡན་ལག་ཚོགས་ཀྱི་སྤྱོད་པར་གསུངས། །གང་ཕྱིར་དཀྱིལ་འཁོར་ངེས་བསྟན་པ། །རང་རིག་མཐའ་དབུས་མེད་པ་དཀྱིལ། །ཡེ་ཤེས་བཞི་འཕྲོས་འཁོར་ལོའི་ཚུལ། །འཇིག་རྟེན་ འདས་པ་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་བཤད། །རིག་པའི་དོན་ཉིད་དཀྱིལ་ཉིད་དེ། །ཆོ་འཕྲུལ་རང་འབྱུང་འཁོར་དུ་གསུངས། །རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་དང་། །ཁྲོ་བོ་ཁྲོ་མོ་འཁོར་དུ་བཤད། །ལྷ་ཡ་ཏིང་འཛིན་དཀྱིལ་ ཉིད་དེ། །སྤྱོད་པ་ཡོ་བྱད་འཁོར་དུ་བཤད། །གང་ལ་གང་གིས་རྒྱས་བཏབ་པ། །གོམས་དང་རྟས་པའི་དབང་གིས་ན། །ཇི་ལྟར་སྣང་གྲགས་ཆོས་ཐམས་ཅད། །དེ་དང་དེ་ཡི་ངོ་བོར་འགྱུར། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་དཀྱིལ་འཁོར་མ་ལུས་ པར་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དབང་བསྐུར་ཆོ་ག་ཕུན་སུམ་ཚོགས། །ཐབས་ཀྱི་ས་ལ་སྦྱོར་བྱེད་པའི། །རྟོག་པའི་ཆོ་ག་བཤད་པར་བྱ། །རྒྱལ་བ་ཀུན་གྱི་གསང་ཆེན་པོ། །མ་ལུས་པ་ཡི་རྒྱ་མཚོ་ཉིད། །རྒྱལ་བ་ ཀུན་གྱི་སྤྱི་གཟུགས་ཏེ། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་འགྱུར། །ཡེ་ཤེས་རྒྱ་མཚོ་དབང་ཕྱུག་གིས། །དང་པོ་ནས་ བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང