Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
གས་སྐྱོན་རྣམས་སྤང་། །དུག་གསུམ་སྟོངས་མཛད་རྒྱལ་བའི་བཀའ། །སྐུ་གསུམ་སྨིན་པའི་གཡུང་དྲུང་རྟགས། །སྦ་ཐབས་གསང་བའི་ མན་ངག་འདི། །སྐལ་ལྡན་རྣལ་འབྱོར་རྣམས་ཀྱི་སྟེ། །སྐལ་མེད་ཀུན་གྱི་རྟོག་པའི་བདུད། །མིང་ཙམ་འཛིན་ལ་ག་ལ་བརྟེན། །མཁས་པས་བརྟག་ཅིང་བཟང་པོ་བརྟེན། །དངོས་གྲུབ་འབྱུང་བའི་དུས་ཆེན་ཡང་། །གཅིག་དང་གསུམ་ནི་རབ་ཏུ་བཤད། །དེ་ བཞིན་ལྔ་བདུན་འབྲིང་དུ་གྲགས། །དགུ་ནི་དངོས་གྲུབ་ཐ་མ་སྟེ། །བཅུ་གཅིག་ཕན་ཆད་ཡལ་བར་བཤད། །དེ་བས་རྣལ་འབྱོར་རྩལ་ཅན་གྱིས། །ངེས་པར་བརྩོན་ཏེ་བརྟག་པར་རིགས། །འདོད་ཆགས་བདག་པོས་དེ་སྐད་བཤད། །མཚན་མ་ཡིན་ཕྱིར་དེར་ངེས་ པ། །མཚན་མ་ཅན་དང་མཐུན་བྱའི་ཕྱིར། །ཐབས་ཀྱིས་དེ་དང་མཐུན་སྤྱོད་ལ། །ཡང་དག་དོན་ལ་ཁ་ལོ་སྒྱུར། །དེ་དག་རྣམ་པར་སྦྱང་བ་དང་། །འགྲོ་དྲུག་ཤིན་ཏུ་གཡེང་བ་ཅན། །ཡིད་རྣམས་དྲངས་ཏེ་བརྟེན་བྱས་ནས། །ཐབས་ཀྱི་དོན་ལ་སྦྱར་བའི་ཚིག །རྒྱུ་ དྲུག་འདུས་པའི་ས་གཞི་ལ། །གླུ་བྲོ་གར་གྱི་རོལ་པ་ཡིས། །སྲིད་གསུམ་ཟིལ་གནོན་དབང་སྡུད་པ། །འཇིག་རྟེན་མཐུན་འཇུག་སྤྱད་པར་བྱ། །དཔེར་ན་འཇིག་རྟེན་ཁམས་དག་ན། །འགྲོ་བས་འགྲོ་བ་འདུལ་བྱེད་པ། །དེ་དགའི་ལས་ལ་དེ་ཞུགས་ཏེ། །དེ་དང་བསམ་ པ་མཐུན་སྦྱད་པས། །དེ་དང་འདྲིས་ནས་དེ་དགའ་བྱས། །དེ་ནས་དེ་ཡི་དྲོད་ལོན་ནས། །དེ་ཡི་འདུ་ཤེས་སྒྱུར་བའི་ཚིག །དེ་སྔ་བདག་གི་གྲོགས་ཁྱོད་ཀྱི། །ལས་ལ་ཞུགས་པ་ཤིན་ཏུ་ནོར། །འདིར་ཉེས་ལས་ཀྱི་བསགས་པ་བགྲང་། །ཉེས་ཀྱང་བདག་གིས་ཁྱོད་དགར་ བྱས། །ད་ནི་བདག་དགའི་ལས་འདི་ལ། །གྲོགས་ཁྱོད་ཤིན་ཏུ་འཇུག་དགོས་སོ། །བྱས་པས་དེ་ཡི་སྔ་སེམས་དེ། །ཟིན་པས་གཅིག་གི་ཕྱི་སེམས་ཀྱང་། །འཛིན་ཅིང་དེ་དགའི་ལས་ལ་འཇུག །སྤྱོད་པའི་ལས་ཀྱང་འདི་ལྟ་སྟེ། །རྒྱུ་དྲུག་འདུས་པའི་ཕུང་པོ་ལ། ། ངན་སོང་གནས་འཇོམས་རྡོ་རྗེའི་རྟགས། །ཡེ་ཤེས་ཐབས་ཀྱིས་སྙན་པའི་གླུ། །རྨད་འབྱུང་གསང་ཆེན་སྒྲོགས་པའི་ཚིག །ཉོན་མོངས་ལྔ་ཡི་ས་གཞི་ལ། །ཡི་གེ་ཡེ་ཤེས་ལྔ་གསལ་བས། །འབར་བ་ཁྲག་འཐུང་སྤྲིན་ཕུང་བཞིན། །ཁྱུ་མཆོག་ལྔ་ཡི་སྟབས་ ཀྱིས་རོལ། །སེང་གེ་ང་རོ་རྔམ་པའི་གླུ། །རྡོ་རྗེ་དོན་རབ་སྒྲོགས་པའི་ཚིག །རྨད་བྱུང་རོལ་པའི་དོན་བྱུང་བ། །ཨེ་མ་ངོ་མཚར་ཡ་མཚན་ཆེ། །དགྱེས་པས་རོལ་བའི་བྱིན་བརླབས་ལས། །རྒྱུད་དྲུག་རྩད་གཅོད་ངོ་མཚར་ཆེ། །མཉམ་པ་ཆེན་པོའི་ནམ་མཁའ་ལས། ། ཡེ་ཤེས་འབར་བའི་མེ་བྱུང་བས། །འཁོར་བ་ཁྲག་གི་རྒྱ་མཚོ་སྐམས། །སྡུག་བསྔལ་དབྱིངས་སུ་ཟད་མཛད་དོ། །མི་གནས་ཀློང་ནས་ཆོ་འཕྲུལ་བ། །གཏུམ་རྔམ་འཁྲུག་པའི་ངོ་བོར་འབར། །ཁྲག་འཐུང་འབར་བའི་སྤྲིན་འཕྲོས་པས། །སྲིད་གསུམ་ཁྲག་མཚོ་ རྔོ་ནས་སྐམས། །དཔའ་བོ་ཚམ་ངམ་གྱད་ཀྱི་སྟབས། །སྲིན་པོ་མ་ཏྲཾ་ཁྲོས་པའི་གླུ། །ཐེག་ཆེན་རྨད་བྱུང་གསང་བའི་ཚིག །ཆགས་པའི་རྟོད་ཕུར་གཏིང་ནས་ཕྱུང་། །མཁའ་བཞི་དབྱིངས་ཀྱི་བདེ་ཀློང་ནས། །ཚོམ་བུ་འབུམ་གྱི་ཆོ་འཕྲུལ་འཕྲོས། །དགྱེས་མཆོག་ རོལ་པའི་ཕྲིན་ལས་ལས། །ལ་ལ་ཤེས་རབ་ཐབས་ལ་རོལ། །ལ་ལ་ཐུགས་རྗེ་ལས་ལ་རོལ། །ལ་ལ་གདུལ་བྱའི་ཡུལ་ལ་རོལ། །ལ་ལ་ཡེ་ཤེས་དབྱིངས་ལ་རོལ། །ཐབས་ཀྱི་རྒྱལ་པོ་རྟོགས་པའི་དབང་། །ཆེ་བ་ལུང་གི་ཁྱད་པར་ལས། །རྒྱལ་བ་ ཀུན་དང་མཉམ་པར་སྦྱོར། །རྡོ་རྗེ་པདྨ་རོལ་པའི་སྟབས། །ཆགས་མེད་མཁའ་ལ་གསལ་བའི་ཚིག །དུག་གསུམ་ཟིལ་གྱིས་གནོན་པའི་གླུ། །འཇིག་རྟེན་རིམ་གྱིས་སྦྱང་བའི་ཕྱིར། །འཇིག་རྟེན་ཁམས་སུ་རོལ་པ་བྱུང་། །འཇིག་རྟེན་དྲུག་གི་སྙིང་ལ་རོལ། །བདག་པོ་ གཙོ་བོ་ཟིལ་མནན་ནས། །འཁོར་ནི་སྙན་པའི་ཚིག་གིས་བསྟེན། །འཁོར་བའི་ལམ་ལྔ་རྒྱུད་བཅད་ནས། །རྣམ་ཐར་ནམ་མཁའི་ངང་དུ་བསླན། །གར་མཆོག་གློག་ལྟར་འགྱུ་བ་ཡིན། །རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །ཡི་གེ་འབར་བའི་ཆོ་འཕྲུལ་འཕྲོས། ། འཕྲོ་འདུ་སྐར་ལྟར་འཁྲུག་པ་ལས། །ཁམས་གསུམ་བུད་ཤིང་ཐལ་བར་རླགས། །རྡོ་རྗེ་བུ་ཡུག་སྐར་མདའི་སྟབས། །རྡོ་རྗེ་འབྲུག་ཆེན་ལྡིར་བའི་གླུ། །དོན་གྲུབ་རྡོ་རྗེ་གསང་བའི་ཚིག །གདུག་པའི་དབུང་རྣམས་རྣམ་པར་འཇོམས། །རྡོ་རྗེ་སྤྲུལ་པའི་དཀྱིལ་འཁོར་ བས། །ཐབས་ཀྱི་བྱང་ཆུབ་སེམས་སྤྲིན་སྤྲོས། །དབང་སྡུད་ཆགས་པའི་ཁྱད་པར་ལས། །འཇིག་རྟེན་བུ་མོ་དྲུག་དང་རོལ། །སེང་གེ་རྣམ་པར་རོལ་པའི་སྟབས། །རྡོ་རྗེ་ཁྱུད་སྐད་འགྱུར་བའི་གླུ། །ཆགས་པ་རྩད་ནས་གཅོད་པའི་ཚིག །རྡོ་རྗེ་རོལ་པའི་དོན་ཆེན་པོ། །འཁོར་ ལོ་འབར་བའི་དཀྱིལ་འཁོར་ནས། །མཚོན་ཆ་འབར་བའི་ཡིག་འབྲུ་འཕྲོས། །རྒྱུ་དྲུག་ངོ་བོ་རྩད་ནས་གཅོད། །དུག་ལྔའི་ཕུང་པོ་རྣམ་པར་སྤྲོས། །ཡེ་ཤེས་རྣོ་དབལ་མཚོན་ཆེན་པོ། །ཆོས་ཉིད་བདལ་བའི་ཀློང་ནས་འཕྲོ། །ཐབས་མཆོག་དབྱིག་གི་རྩལ་ཤུགས་ ལས། །འབར་བའི་མཚོན་ཆ་ཆར་ལྟར་འབབ། །ཡི་གེ་ཡེ་ཤེས་མཚོན་ཆའི་ཆར། །རྡོ་རྗེ་ལྕེ་ཡི་ཤུགས་ཀྱིས་དབབ། །རིན་ཆེན་གཏེར་གྱི་ལོངས་སྤྱོད་རྣམས། །རྟོག་པའི་རི་བོ་གཞོམ་པ་དང་། །དུག་གསུམ་ཕུང་པོ་གཞིག་པའི་ཕྱིར། །འཁོར་ལོ་ལྕགས་ཀྱུ་ ལ་སོགས་པ། །རྟེན་དང་གསང་ཆེན་ཏིལ་མཆོག་དང་། །དངས་མ་ལ་སོགས་སྒོ་ཀུན་རྣམས། །སོ་སོའི་ཆ་རུ་ཕྱེ་ནས་ནི། །ཐུགས་རྗེས་ཉོན་མོངས་སྦྱོང་བ་ཡི། །སོ་སོ་གཉེར་གྱི་རང་སྐལ་དུ། །ཕྱག་རྒྱ་སོ་སོའི་སྐབས་སུ་གདང་། །དེ་ལྟར་རྫོགས་པར་གྱུར་པ་དང་། །མཎྜལ་ ཀུན་གྱི་ཚད་འདྲ་ལ། །དབུས་སུ་ཐིག་བཞི་ལེ་ཚེ་དགུ། །མཐའ་སྐོར་འཁོར་ལོའི་རྩིབས་བརྒྱད་བྱ། །དེ་ལ་སྒོ་བཞི་སྒོ་ཁྱུད་བཅས། །མཐའ་ཟད་བསྐལ་པའི་མེ་རི་བྲི། །དབུས་སུ་དཀར་དམར་ཁ་སྤྲོད་བྲི། །ཕྱོགས་མཚམས་བརྒྱད་དུ་ཁྃ་བརྒྱད་བྲི། །འཁོར་ལོའི་ བར་མཚམས་མུ་ཁྱུད་ལ། །ནང་དུ་བལྟས་པའི་ཁྃ་བརྒྱད་གསལ། །རྩི་བསལ་ནང་དུ་ལྟ་བ་བརྒྱད། །མུ་ཁྱུད་བརྒྱད་ལ་ཕྱིར་ལྟ་བརྒྱད། །གྲུ་ཆད་བཞི་ལ་ནང་དུ་ལྟ། །ཐིག་ལེ་རྣམ་བཞི་བྲི་བར་བྱ། །ཕྱི་རིམ་བར་ཁྱམས་དེ་དག་ལ། །ཐིག་ལེ་ཉི་ཤུ་རྩ་བརྒྱད་ནི། །ཕྱི་རུ་ ལྟ་བ་བྲི་པར་བྱ། །བསྐལ་བ་ཆེན་པོའི་མེ་ཁྱམས་ལ། །ཐིག་ལེ་ཕྱིར་ལྟ་བཅུ་གསལ་བྲི། །དེ་ལ་ཕྱག་རྒྱ་རིམ་པར་དགོད། །མཎྜལ་སྒོ་རུ་བམ་ཆེན་གཅིག །གླུ་བྲོ་གར་གྱིས་རྣམ་སྦྱངས་ཏེ། །དབུས་སུ་བཞག་སྟེ་ཤར་དུ་བསྟན། །དེ་ཡི་ཕུང་པོ་གཞལ་ཡས་ཁང་། །བྷུྃ་ ལས་བསྐྱེད་དེ་གསལ་བར་བྱ། །དེ་རུ་ཕྱག་རྒྱའི་ཚོགས་ཆེན་བསྒོམ། །རྫས་ཀྱི་གནས་རྣམས་སོ་སོ་ལ། །རིགས་ཀྱི་ལྷ་རྣམས་རིམ་པར་དགོད། །དེ་ནས་རྡོ་རྗེ་བསྙེན་པ་བྱ། །བྱིན་ཕེབས་རྟགས་ལུང་མགུ་པ་ན། །བམ་དེ་བྱང་ཤར་མཚམས་སུ་བསྒྲལ། །རྫས་རྣམས་ སོ་སོར་བསྔོས་ནས་ཀྱང་། །ཕྱག་རྒྱ་བཞུགས་པའི་གནས་རྣམས་སུ། །མ་ནོར་བར་ཡང་དགོད་དེ་སྦྱར། །དཔལ་དང་ལྡན་པའི་སྣོད་དགུ་ལ། །རྨད་དུ་བྱུང་བ་དགུ་བཀོད་དེ། །འབར་བ་ཆེན་པོའི་གནས་གནས་སུ། །བརྗིད་པའི་ཚུལ་དུ་གསལ་བར་བསྒོམ། །ཕྱག་རྒྱ་ གཞན་ཡང་རྫོགས་པར་དགོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་དུ། །དབང་ཆེན་ཟླ་གམ་སྐར་ཚོགས་བཀྲམ། །རྡོ་རྗེ་མི་ཕྱེད་དགུར་འབར་བ། །ཆེ་བ་དགུ་ཡི་ཁྱད་པར་ལས། །དཔལ་ཆེན་དགུ་ནི་སྐུ་ལ་རྫོགས། །ཡུམ་ཆེན་དགུ་ནི་དབྱིངས་ལ་རོལ། །དཔལ་ བེའུ་དགུ་ནི་ཐུགས་ལ་འབར། །འབྱུང་ཆེན་དགུ་ནི་ཀློང་དུ་འཁྱིལ། །ཁུ་བྱུག་དགུ་ནི་རང་སྐད་རྫོགས། །བྷན་དྷ་དགུ་ནི་དཔལ་དང་ལྡན། །ཟླ་གམ་དགུ་ནི་ཡུམ་གྱི་དབྱིངས། །ཐིག་ལེ་དགུ་ནི་བྱང་ཆུབ་སེམས། །ཉི་ཟླ་དགུ་ནི་འོད་འཕྲོ་འབར། །དེ་ལྟར་དགུ་ དགུར་གསལ་བ་ཡི། །དགུ་ཀློང་བྷ་ག་གཅིག་གི་དང་། །དགུ་བཀག་གཅིག་ཕྱེ་ཐིག་ལེའི་དོན། །ཐམས་ཅད་འབྱོར་པ་རྒྱས་བྱས་ལ། །བམ་དགུ་ཕན་ཅད་སྨན་དུ་སྦྱར། །རྫས་ཀྱི་དངོས་གྲུབ་བླངས་ཏེ་སྤྱད། །ཅེས་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེས་གསུངས་ སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྨད་བྱུང་རྫས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་མངོན་སུམ་དུ་ཤེས་ཤིང་ རིག་པར་བྱའོ། །མངོན་སུམ་གང་ཞེ་ན། དྲན་པ་མངོན་དུ་བཞག་པས་ཡུལ་ལ་མི་གནས་པའི་ཆོས་ཐམས་ཅད་དང་། ཕྱིས་འབྱུང་བའི་ཆོས་ཐམས་ཅད་དང་། །སྔོན་དུ་བྱུང་བའི་ཆོས་ཐམས་ཅད་མངོན་སུམ་མར་རིག་པའོ། །དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་མར་ཤེས་ པ་ནི་ཡེ་ཤེས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་ཞེ་ན། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་དྲན་པ་མངོན་དུ་བཞག་ན་མངོན་དུ་གྱུར་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ནོ། །ཆོས་ཉིད་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་ན་མི་གནས་པའི་ཡེ་ ཤེས་ཆེན་པོ་ཉིད་དེ་ཡིན་ནོ། །དེ་བས་ན་མངོན་པར་ཤེས་པ་རྣམས་དྲན་པ་མངོན་སུམ་མར་ཡིད་ལ་བྱོས་ཤིག་དེ་སྐད་ཅེས་གསུངས་པ་དང་། མངོན་ཤེས་རིག་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་ནི་ བདག་ཅག་རྣམས་ཀྱི་དམ་ཚིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ཀྱི་དམ་ཚིག་བཤད་དུ་གསོལ་ཞེས་ཞུས་པ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་འཛིན་ཆེན་པོ་རྣམས་ཡེ་ཤེས་ཆེན་པོའི་རྒྱུ་མངོན་པར་ཤེས་པ་ནི་རྣམ་པ་ ལྔར་རིག་པར་བྱའོ། །མིག་གི་དབང་པོ་ཐམས་ཅད་ལས། །ཞིབ་ཏུ་བཏགས་པའི་ཕྱེ་མར་བྱ། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ནས། །མཐོང་བའི་སྙིང་པོ་འབུམ་བཟླས་ན། །ཐམས་ཅད་མ་ལུས་མཐོང་བར་འགྱུར། །འདི་ནི་མིག་གི་མངོན་ཤེས་སོ། །རྡོ་རྗེ་ལྕེ་ཡིས་ བརྗོད་པའི་ཚིག །དུས་སམ་རྒྱུན་དུ་བརྗོད་པར་བྱའོ། །བཛྲ་ཙཀྵུ་གརྦྷ་བིདྱཱ་ཧཱུྃ། །རྣ་བའི་དབང་པོ་ཐམས་ཅད་ཀྱང་། །བཏགས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །ཐོས་པའི་སྙིང་པོ་འབུམ་བཟླས་ན། །སྒྲ་ཡི་བྱེ་བྲག་ཐམས་ཅད་ཐོས། །འདི་ནི་ རྣ་བའི་མངོན་ཤེས་སོ། །རྡོ་རྗེ་ཚིག་ཏུ་བརྟག་པ་ནི། །བཛྲ་གརྦྷ་སྟམ་སི་ཧོ། །སྣ་ཡི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །དྲི་སྣ་ཚོགས་དང་བསྲེས་པ་ལས། །ཚོར་བའི་སྙིང་པོ་འབུམ་བཟླས་ན། །སྣ་ཡི་ མངོན་ཤེས་ཐོབ་པར་འགྱུར། །རྡོ་རྗེ་ཚིག་ཏུ་གཟུང་བ་ནི། །བཛྲ་ན་མ་སི་ཏྃ་ཧཱུྃ། །ལྕེ་ཡི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །རོ་ཡི་མཆོག་ལ་སོགས་པ་ལས། །རོ་ཡི་སྙིང་པོ་འབུམ་བཟླས་ཏེ། །སྨྲ་བྱེད་ ལྕེ་ཡི་དཀྱིལ་འཁོར་ནི། །སྟེགས་བུ་ཁྲུ་གང་གྲུ་བཞི་ལ། །དབུས་སུ་གསང་བའི་རྡོ་རྗེ་བྲི། །མཐའ་མ་ལྕེ་ཡི་པདྨས་བསྐོར། །ལྕེ་ལ་ཚིག་གི་འོད་ཟེར་འཕྲོ། །སྨྲ་བའི་བསྒྲུབ་པས་འདི་རྫོགས་ན། །སྨྲ་བའི་དབང་པོ་ཁ་དབྱེ་ཞིང་། །རོ་རྣམས་ཐམས་ཅད་ཤེས་པར་འགྱུར། ། འདི་ནི་ལྕེ་ཡི་མངོན་ཤེས་ཡིན། །རྡོ་རྗེ་ཚིག་ཏུ་བརྟག་པ་ནི། །བཛྲ་པཱ་ཤ་སིཏྱཱ་ཧཱུྃ། །སྙིང་གི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ཀྱང་། །སྙིང་པོ་མཆོག་དང་སྦྱར་བྱས་ཞིང་། །དྲན་པའི་སྙིང་པོ་འབུམ་བཟླས་ཤིང་། །དཔལ་བེའུ་ཙིཏྟའི་དཀྱིལ་ འཁོར་ནས། །དྲན་པའི་རྟེན་གྱིས་ཡོངས་བསྐོར་ཏེ། །སྙིང་གི་དཀྱིལ་འཁོར་རྫོགས་པ་དང་། །དབང་པོ་ཐམས་ཅད་གསལ་བ་དང་། །ཐམས་ཅད་མ་ལུས་ཤེས་པར་འགྱུར། །གཞན་གྱི་སེམས་ནི་ཤེས་པའི་མཆོག །བཛྲ་ཙིཏྟ་སི་དྱཱ་ཧཱུྃ། །ལུས་ཀྱི་དབང་པོ་ ཐམས་ཅད་ཀུན། །བཏགས་སམ་ཕྱེ་མར་བྱས་ནས་ནི། །སྲ་མཁྲེགས་བཅུ་དང་སྦྱར་བྱས་ཏེ། །རེག་བྱའི་སྙིང་པོ་འབུམ་བཟླས་ན། །ལུས་ཀྱི་མངོན་ཤེས་ཐོབ་པར་འགྱུར། །མངོན་ཤེས་འདི་དག་ཀུན་རྫོགས་ན། །མི་གནས་ཡེ་ཤེས་ཆེན་པོའི་རྒྱུ། །པྲ་མོའང་ ནན་ཏན་མཆོག་ཏུ་བྱའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་མངོན་ཤེས་རིག་པའི་བསྒྲུབ་ལུགས་ཀྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་ པ་ཆེན་པོའི་ཚོགས་མཆོག་ཆེན་པོའི་བསྒྲུབ་ལུགས་ནི་འདི་ལྟར་རིག་པར་བྱའོ། །དོན་ལ་བརྩོན་པའི་རྣལ་འབྱོར་པས། །ལས་ཀྱི་སྟེགས་བུ་ཆག་ཕྱེད་པ། །མེ་རིས་བསྐོར་ཏེ་འབར་བར་བྱ། །དཀྱིལ་འཁོར་དེ་ཡི་མཎྜལ་ནི། །སུམ་བརྩེགས་བྱས་པའི་དབུས་ཟླ་གམ། ། བརྒྱད་ཀྱིས་མཛེས་པར་བྱ་བའོ། །ཕྱི་མཐའ་ཐོད་པའི་ཕྲེང་བས་བསྐོར། །དེ་མཐའ་མེ་དཔུང་འབར་བས་བསྐོར། །དེ་ཡི་ཕྱི་མཐའ་དམར་ཆེན་རྒྱས། །ཟླ་གམ་དབུས་སུ་དཔལ་ཆེན་འབར། །ཟླ་གམ་བརྒྱད་ལ་གནས་བདག་བརྒྱད། །མཐིང་ནག་ཡ་ཐ་མེ་རིར་ འབར། །དེ་འོག་ཐོད་པ་ཚར་གསུམ་དང་། །སྒོ་ཁྱམས་དུར་ཁྲོད་རྫས་ཀྱིས་བསྐོར། །སྒོ་བརྩེགས་སྒོ་ཁྱུད་ཐ་མ་བྲན། །ཐམས་ཅད་གང་ཡིན་དེ་ལྟར་སྦྱར། །ཕུན་སུམ་ཚོགས་པར་གྱུར་པ་ན། །རྣམ་བཞི་ལས་ཀྱི་མཎྜལ་བརྩམ། །འཇིགས་བྱེད་བསྐལ་ པའི་དཀྱིལ་འཁོར་དུ། །ཟ་བྱེད་འབར་བའི་ཕྱག་རྒྱ་ཡིས། །ཐར་པ་ཙ་ར་བསྒྲལ་བའི་ཕྱིར། །དྲོད་ལྡན་མན་ངག་འཆང་བ་དེས། །མཆོག་གི་བྱིན་བརླབས་གཞག་པར་བྱ། །དག་པ་གསུམ་གྱིས་གཞུང་བསྲང་ནས། །གནས་མཆོག་དབེན་པའི་རི་བོ་རྩེ། །རྣ་ ཉན་ཕྲ་གསག་ཅན་དང་བྲལ། །འདུ་འཛི་འགྲོ་འོང་ཆད་པ་དག །གསང་ཆེན་སྤྱོད་པའི་གནས་སུ་ཤིས། །རྣམ་བཞི་ལས་ཀྱི་རྟགས་ཉུང་ནའང་། །གཅིག་གཉིས་ལྡན་ན་འབྲིང་དུ་བཤད། །བསྒྲུབ་པའི་རྒྱལ་པོ་གདེང་ལྡན་པ། །ཤིན་ཏུ་བརྗིད་ཅིང་སྲན་ཚུགས་ པ། །ཁུ་འཕྲིག་རྟོག་བྲལ་བརྟུལ་ཞུགས་ཅན། །ལས་ཀྱི་ཕྲེང་བ་ལྷག་ཆད་མེད། །དྲི་ཞིམ་དག་པའི་སྨན་དག་གིས། །ཕྱི་བཀྲུ་ཤི་ནེ་ད་ཧུ་ལས། །ནང་ཡང་དག་པ་ཆེན་པོར་བྱ། །ཚད་མར་སྦྱར་བའི་བཀའ་དང་ནི། །ལྡན་ནས་དུས་བཏབ་ཤིན་ཏུ་བརྩམ། །དེ་ཡང་ བརྟག་པའི་གལ་ཆེན་ནི། །བཀྲ་ཤིས་མཛེས་དང་ལྡན་འགྱུར་བ། །བོང་ཚོད་ལོ་ནི་དར་ལ་བབ། །རིགས་ལྔའི་མཚན་དང་ལྡན་པ་ལ། །བསྒྲལ་བའི་རྫས་སུ་རུང་བ་དག །ཡིད་འོང་འབྱོར་ལྡན་བཙལ་ནས་ནི། །བསྒྲུབ་པའི་རྫས་སུ་བྱ་བ་དེ། །དེ་འདྲའི་མཚན་རྟགས་ཡོད་པ་ ནི། །ས་སྦྱངས་ས་ལ་སླེབས་པའོ། །བསྒྲུབ་པའི་རྒྱུ་མཆོག་དེ་དག་ནི། །འདའ་ཧུ་མན་འདས་དབང་པོ་བསྒྱུར། །རྡོ་རྗེ་པྲ་མཁན་ཕབ་ནས་ནི། །སྣང་སྲིད་ཐམས་ཅད་དྲི་བའམ། །ལེགས་ཉེས་ཐམས་ཅད་དྲི་བར་བྱ། །དབང་པོ་སྒོ་ལྔའི་དཀྱིལ་འཁོར་དུ། །བདུད་རྩི་རྣམ་ ལྔའི་ཐིག་ལེ་གདབ། །རྣམ་ཤེས་འབྱུང་བའི་སྒོ་ལྔ་རུ། །སོ་སོ་འབྱུང་བའི་རྫས་རྣམས་གདབ། །སོ་སོ་རིགས་ཀྱི་ཕྱག་རྒྱས་གདབ། །ཕྱག་རྒྱ་བཀོད་དེ་ཉོན་མོངས་བསྒྲལ། །བསྒྲལ་སྦྱར་ཐམས་ཅད་སྦྱངས་ནས་ནི། །མཆོད་དང་མཉེས་དང་དམ་སྐོངས་དང་། །དངོས་ གྲུབ་རྣམ་གསུམ་གང་ཐོབ་བླང་། །ཐོབ་ནས་ཐམས་ཅད་ཅི་བདེར་སྤྱད། །ཅེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེས་ཡང་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་བར་དུ་གཅོད་པ་ཐམས་ཅད་བཟློག་པའི་བསྒྲུབ་པ་ཆེན་པོ་ནི་འདི་ལྟར་རིག་པར་ བྱའོ། །གོང་མ་བཞིན་དུ་ལས་བརྩམས་ནས། །ཐར་པའི་རྒྱུ་མཆོག་དེ་དག་ནི། །རུས་པ་རྡོ་རྗེ་ཐལ་བར་བསྒྲུབ། །རུས་པའི་ཚོགས་ནི་ཐམས་ཅད་ཀུན། །བསྲེགས་དང་ལྕེ་པོག་ནག་པོར་སྦྱར། །ཁྱབ་འཇུག་གའུ་ཁ་སྦྱར་དུ། །བཅུག་སྟེ་འཇོམས་པའི་ཕྱག་རྒྱ་དང་། ། དྲག་པོ་སྔགས་ཀྱིས་བསྒྲུབ་བྱས་ནས། །གྲུབ་ན་རྣལ་འབྱོར་དོན་ལྡན་གྱི། །བར་ཆད་ཟློག་པའི་གཉེན་པོར་སྦྱར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་ཐལ་ཆེན་གྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་བྲ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ། །མཎྜལ་གྲུ་བཞི་པ་གཅིག་ལ། །ཟླ་གམ་སྒོ་གཅིག་རྡོ་རྗེས་བསྐོར། །མཐའ་ཁྱུད་སྒོ་བཞི་ལྡན་པར་བྲི། །རྒྱུ་མཆོག་དབང་པོ་ཕྱེད་ ལྡན་ཤིས། །ཕྱི་ཡི་ཁྲུས་རྣམས་བྱས་ནས་ནི། །ཤར་དུ་ཁ་བསྟན་དབུས་སུ་གཞག །ལྕེ་ལ་གཟུངས་ཐག་སྣ་ལྔས་གདགས། །རྣལ་འབྱོར་རྣམས་ཀྱིས་བསྐོར་བར་བྱ། །ཕྱག་རྒྱ་རྫས་དང་བཅས་པར་དགྲམ། །དེ་ཡི་ཁོང་དུ་གཞལ་ཡས་བསྐྱེད། །རིམ་པར་བརྩེགས་ པའི་དཀྱིལ་འཁོར་ནི། །འབར་བའི་འབྱུང་ཆེན་འབར་བ་ལྔ། །དོན་གྱི་ལྷ་མོ་ལྔ་རུ་གསལ། །ཀུན་གཞི་ཀུན་དུ་བཟང་མོར་གསལ། །དེ་ཡི་ཐུགས་ཀྱི་ཁོང་ཐག་ཏུ། །ཐིག་ལེ་ཟླ་བ་ཉ་རྒྱས་ལ། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཐུགས་ཀར་ནོར་བུ་རིན་ཆེན་ འབར། །དབུས་སུ་ཉི་མའི་གའུ་ལ། །དཔལ་བེའུ་ཡུངས་འབྲུའི་བུམ་པ་ལ། །ཧཱུྃ་དམར་ཏིལ་འབྲུར་གནས་པ་ནི། །བདེ་ཆེན་བྱང་ཆུབ་སེམས་ཞེས་བྱ། །རྡོ་རྗེ་གསང་ཐག་རྒྱུན་མི་གཅད། །རྡོ་རྗེ་ཁ་པྲ་གདབ་པར་བྱ། །དེ་ནས་མཚན་མ་བྱུང་གྱུར་ན། །དངོས་གྲུབ་བླངས་ ཏེ་དེ་བསྒྲལ་ལ། །བསྐམས་ཏེ་བདུད་རྩི་རྩ་བར་བྱ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་མཆོག་ཕྲན་ཐབས་ཀྱིས་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །སྒྱུ་མ་ནི་དངོས་པོར་སྣང་ཡང་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་དོན་ནི་ཆོས་ཉིད་རྡོ་རྗེ་ཡིན་ནོ། །དེ་བས་ན་སྒྱུ་མའི་ཆོས་ཐམས་ ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་འཁོར་དེར་འདུས་པར་གྱུར་པའི་ལྷ་མ་ཡིན་གྱི་ཚོགས་བདག་སྒྱུ་མ་མཁན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་དམ་ཚིག་ནི་སྒྱུ་མའི་ཆོ་འཕྲུལ་ལ་གནས་ཤིང་སྒྱུ་མ་ཆེད་དུ་བགྱིད་ལགས་ ཀྱིས་བདག་ཅག་རྣམས་ཀྱི་དོན་ཆེད་དུ་སྒྱུ་མའི་ཆོས་ཐམས་ཅད་བཤད་དུ་གསོལ་ཞེས་གསོལ་བ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོགས་བདག་ཆེན་པོ་སྒྱུ་མའི་ཆོ་འཕྲུལ་ནི་འདི་ལྟར་རིག་པར་བྱའོ། །ཆོས་རྣམས་ཐམས་ཅད་སྒྱུ་མར་སྣང་། །སྒྱུ་ མའི་རང་བཞིན་སྟོང་པ་སྟེ། །སྟོང་པའི་དོན་རྣམས་གང་ཡིན་པ། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སྟོང་པ་ཉིད་ལ་སྒྱུ་མ་ཡི། །ཆོ་འཕྲུལ་བྱེ་བ་མང་པོ་འབྱུང་། །དེ་བཞིན་སྒྱུ་མའི་ཆོ་འཕྲུལ་ཡང་། །གྱིན་ད་ཙམ་གྱི་རྒྱུ་རྐྱེན་ལས། །ཆོ་འཕྲུལ་གཟུགས་ནི་ཐ་དད་ སྣང་། །སྣང་ཡང་དངོས་པོར་མ་གྲུབ་སྟེ། །འགྱུར་འཇིགས་མེད་པས་རྡོ་རྗེའི་དོན། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱང་། །རྡེའུ་དང་ཤིང་བུའི་རྒྱུ་དག་ལས། །སྨན་དང་སྔགས་ཀྱིས་རྐྱེན་སྦྱར་ནས། །འབྲས་བུ་སྒྱུ་མའི་ཆོ་འཕྲུལ་འབྱུང་། །སྒྱུ་མའི་གསང་ཚིག་སྦྱོར་ བ་ནི། །སྒྱུ་མའི་བདག་པོས་འདི་སྐད་བཤད། །རྒྱུ་ལ་འདོད་པའི་གཟུགས་བྱས་ལ། །ཤེའུ་རེའུ་སྨན་གྱིས་བཏབ་ནས་ནི། །གསང་སྔགས་འདི་ཡི་སྦྱོར་བ་བྱ། །ཤེའུ་རེའུ་ཨི་ན་ཡ། །ཨ་མོ་ཁ་ཨ་གུསྶ་གུས། །ཆག་ཤིང་དག་གིས་བརྡབས་བྱས་ན། །ཇི་ལྟར་ འདོད་པ་སྣ་ཚོགས་བྱ། །བསྡུ་བར་འདོད་ན་སླར་བཟློག་བྱ། །དེས་ན་སྒྱུ་མའི་གཡེང་བ་ཅན། །དྲང་བའི་ཐབས་ཀྱིས་བཀྲི་བར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྒྱུ་མ་རྡོ་རྗེའི་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅྭ་བརྒྱད་པའོ།། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ལ་དབང་སྒྱུར་བར་འདོད་ན་འདི་ལྟར་རིག་པར་བྱའོ། །ཕུན་སུམ་ཚོགས་པ་ཀུན་ལྡན་ནས། །སྟེགས་བུ་ཀུན་དུ་གྲུ་བཞི་ལ། །མུ་ཁྱུད་གཅིག་ཏུ་བསྐོར་ ནས་ནི། །ཟླ་བ་ཁམ་པའི་དབྱིབས་སུ་སུ་སྦྱར། །སྒོ་བཞི་གྲུ་ཆད་བཞིར་ལྡན་བྱ། །དབྱིབས་ཀྱིས་ཐིག་ལེ་ཟླུམ་པོ་ལ། །རྡོ་རྗེ་དང་ནི་ཉི་མས་བསྐོར། །དབུས་སུ་བྷན་དྷ་དཔལ་ལྡན་ལ། །དཔལ་ཆེན་ཡབ་ཡུམ་སྦྱར་ལ་གཞག །ཚལ་བུ་བརྒྱད་ལ་གནས་བརྒྱད་ སྦྱར། །ལྟེ་བ་བསྐོར་ཏེ་རིམ་པར་གཞག །ཐིག་ལེ་ཤར་གྱི་སྒོ་གང་དུ། །རྡོ་རྗེ་རྣལ་འབྱོར་གསང་མིང་དང་། །དངོས་གྲུབ་གསོལ་བྱ་བྲིས་ལ་གཞག །མཆོད་པའི་ཁྱམས་སུ་གྱུར་པ་ལ། །བསྒྲུབ་པའི་རྫས་དང་མཆོད་པ་རྣམས། །རིམ་པ་བཞིན་དུ་ མཛེས་པར་དགྲམ། །རྡོ་རྗེ་རྣལ་འབྱོར་དེ་དག་རྣམས། །རྡོ་རྗེ་ལྷགས་པའི་རྟགས་ཀྱིས་མཚན། །ཏིང་འཛིན་དཀྱིལ་འཁོར་རྫོགས་བྱས་ནས། །སྤྱན་དྲངས་མཆོད་པ་ཀུན་བསོགས་ཏེ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་ལས་རྣམས་ཀུན་ རྫོགས་ནས། །རྨད་དུ་བྱུང་བའི་གཏོར་མ་དག །ཆ་གསུམ་དང་པོ་སྦྱིན་སྲེག་བྱ། །བར་མ་མི་ཟད་གཏེར་དུ་སྦ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དང་། །ཆོས་ཉིད་ནམ་མཁའི་དབྱིངས་ཆེན་དང་། །བྷ་ག་ཡུམ་གྱི་ས་གཞི་ལ། །ཤིན་ཏུ་སྦ་བའི་ཚུལ་དུ་སྦྱར། །ཆ་གཅིག་གཞལ་ ཡས་ཤར་སྒོ་ནས། །བཅུ་གསུམ་བཅལ་བར་སྟེགས་བུ་བྱ། །དེར་ནི་གནས་བདུན་གཙོ་རྣམས་ཀྱང་། །དེ་བཞིན་བཅུ་གསུམ་ལན་རེ་ལ། །གནས་ཀྱི་མགྲོན་ནི་མ་སྲིང་རྣམས། །བདུན་ཅུ་བར་དུ་ཀུན་རྫོགས་བྱ། །ཐ་མར་མཎྜལ་ཟླ་གམ་ལ། །ནུས་ན་མཁའ་འགྲོ་ནམ་ མཁའི་ཧོམ། །རྫོགས་བྱ་མ་ལུས་དེ་མགུ་བྱ། །ལྷག་མར་གྱུར་པ་ཀུན་རྫོགས་བྱ། །སྙིགས་མར་གྱུར་པ་ཐམས་ཅད་ཀྱང་། །སྦ་འམ་བསྲེག་གམ་ཆུ་ཀླུང་འདོར། །རྡོ་རྗེ་གནས་ཆེན་དེ་བསྲུངས་ཏེ། །གནས་ནི་སྦ་ཕྱིར་སུ་དག་གསང་། །མི་རིགས་ཕྱིར་ན་མཚན་མ་དག །རང་ རང་གནས་སུ་སླེབས་པར་བྱ། །གང་དག་འདུ་ཚེའང་དེ་བཞིན་ནོ། །འདི་ནི་ཐིག་ལེ་གཅིག་པ་ཡི། །བསྒྲུབ་ལུགས་ཡིན་པར་རྒྱལ་བས་བཤད། །འདི་དག་སྒྲུབ་པའི་སྐྱེས་བུ་ནི། །ཟླ་བའི་འཁོར་ལོ་ལ་གནས་ནས། །ཉི་མའི་འཁོར་ལོ་ཐོགས་ནས་ནི། །ཡང་དག་ཆོས་ ཀྱི་དབྱིངས་ཉིད་ལ། །དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར། །ཞེས་གསུངས་སོ། །ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །འདི་ཡང་རིམ་གྱིས་གོང་མ་ལྟར། །ཐམས་ཅད་ཚུལ་བཞིན་སྦྱར་བྱས་ནས། །ཕྱིར་ཀུན་ དུ་གྲུ་བཞི་ལ། །ཐིག་ལེ་ཟླ་བ་གཅིག་ཏུ་བྱ། །དེ་ལ་སྲད་བུ་བཞི་བསྣོལ་བས། །ལེའུ་ཚེ་དགུ་རུ་གྱུར་པར་བྱ། །ཕྱི་རོལ་མུ་ཁྱུད་ཐོད་པས་བསྐོར། །གྲུ་བཞི་གྲུ་ཆད་རབ་མཛེས་བརྒྱན། །དེ་ཡི་མཐའ་ཟད་ཁྱམས་གཅིག་ལ། །སྒོ་གདོང་སྒྲུབ་པ་པོ་ལ་ལྟ། །དབུས་ སུ་ཐིག་ལེ་དཀར་དམར་ལ། །ཁ་སྦྱོར་བར་དག་རྡོ་རྗེས་འབྲེལ། །དེར་ནི་དཔལ་ཆེན་ཡབ་ཡུམ་བཞུགས། །ཕྱི་མཚམས་ལེའུ་ཚེ་དེ་བརྒྱད་ལ། །ཟླ་གམ་བརྐྱང་བ་བརྒྱད་བྱས་ཏེ། །ཡེ་ཤེས་གནས་ཀྱི་མ་བརྒྱད་དགོད། །ཕྱི་རོལ་སྒོ་གཅིག་ཁྱམས་དེ་ལ། །བསྒྲུབ་པའི་ རྫས་ཀྱིས་མཛེས་པར་དགྲམ། །བསམ་བྱ་བསྒྲུབ་པ་ལ་སོགས་ཀུན། །ཐམས་ཅད་དེ་བཞིན་འདིར་སྦྱར་བྱ། །འདི་ལྟར་གྲུབ་པའི་སྐྱེས་བུ་གང་། །ཆོས་ཀྱི་རྒྱལ་པོར་གྱུར་པ་སྟེ། །ཐམས་ཅད་ཀུན་ལ་དབང་སྒྱུར་བའི། །སྐྱེས་བུ་ཆེན་པོར་དེ་འགྱུར་རོ། །ཞེས་གསུངས་སོ། ། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་ཆོ་འཕྲུལ་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །འདི་ཡང་ཐམས་ཅད་དེ་འདྲར་སྦྱར། །ཀུན་དུ་གྲུ་བཞིར་ལྡན་འགྱུར་བ། །འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ། །གྲུ་ཆད་ བཞི་ཡི་ཕྱི་རོལ་དུ། །སྒོ་བཞི་དག་དང་ལྡན་པར་བྱ། །ཕྱི་ཁྱམས་དམར་ནག་མེ་རི་ཀློང་། །ཤིན་ཏུ་བརྗིད་ཅིང་འཇིགས་པར་བྲི། །ཐིག་ལེ་དབུས་ཀྱི་སྙིང་པོ་ལ། །ཟླ་གམ་འབར་བས་མཚན་པར་བྱ། །རྩིབས་མཆོག་བརྒྱད་ལ་ཟླ་གམ་ནི། །ནང་དུ་ལྟ་བ་དེ་བརྒྱད་ བྲི། །རྩིབས་མཆན་བརྒྱད་ལའང་དེ་བཞིན་ཏེ། །རྡོ་རྗེ་སྒོ་མོ་བཞི་རྣམས་ཏེ། །ཕྱག་རྒྱ་རིམ་པར་བཀྲམ་བྱས་ནས། །བསྒྲུབ་པའི་ལས་རྣམས་ཀུན་རྫོགས་བྱའོ། །དེ་ལྟར་གྲུབ་པའི་རྣལ་འབྱོར་པ། །འཇིག་རྟེན་པ་དང་འཇིག་རྟེན་ལས། །འདས་པའི་ཆོ་འཕྲུལ་ ཐམས་ཅད་ལ། །དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཐིག་ལེ་སྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་ གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་རྣམས་དྲེགས་པ་ཅན་གྱི་ཚོགས་ཐམས་ཅད་ལ་དབང་སྒྱུར་བར་འདོད་ན་འདི་ལྟར་རིག་པར་བྱའོ། །འདི་ནི་བྱས་ལ་སོགས་པའི་ལས། །འདི་ལྟར་འབྱོར་དང་ཕུན་སུམ་ཚོགས། །ཐབས་ལ་མཁས་དང་ ཡོ་བྱད་དང་། །ཇི་ལྟར་རིག་པར་འདིར་བསྡུ་བྱ། །དེ་ནས་མཎྜལ་འདྲ་ཅིག་ལ། །དུར་ཁྲོད་མགོ་མ་ཡང་དུ་བྱ། །ཟུར་བཞི་མཎྜལ་བཞི་བྱས་ལ། །བཞི་ལས་དེ་བཞིས་ཆག་རེས་བསྟོད། །དེ་ཉིད་མ་ཏང་གཟུགས་སུ་བྱ། །སྙིང་ག་མན་ཆད་དབུས་སུ་བསྣོལ། །དཀྱིལ་ འཁོར་ཆེན་པོའི་འོག་ཏུ་གཞུག །འཁོར་ལོ་འབར་བའི་ཐིག་བཏབ་སྟེ། །དཔལ་ཆེན་ལྔ་ཡི་ཕྱག་རྒྱ་བྱ། །ཁྱམས་གཉིས་དག་གིས་མཛེས་པ་ལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དགོད། །སྒོ་བཞིར་རྡོ་རྗེ་སྒོ་བ་བཞི། །ཡན་ལག་སྤྲུལ་པའི་མགོ་བརྙན་གནས། ། ཕྱི་ཁྱམས་རྡོ་རྗེ་མེ་རིར་བྱ། །དེ་ཡི་ཕྱི་རོལ་ཕྲེང་ཆེན་གཏམས། །སྐམ་དང་ར་རི་རློན་པས་བསྐོར། །དེ་ཡི་ཕྱི་རོལ་མེ་བུར་འཚུབ། །བསྐལ་པའི་བུ་ཡུག་བྲི་བར་བྱ། །རྡོ་རྗེ་སྒོ་ཁྱུད་སྒོ་ཁང་དུ། །གུ་གུ་ཐུལ་དང་ཟ་ར་ཚགས། །ཞིང་དང་སྦྲུལ་གྱི་ཆུན་པོ་བྲི། །དེ་ནས་ བནྡ་དཔལ་ལྡན་ལ། །རྡོ་རྗེ་དཔལ་གྱི་ཡི་གེ་དག །བྲིས་ལ་ཁ་སྦྱར་སྦུབ་སྟེ་གཞག །གའུ་ཆུང་ལ་རལ་པ་ཅན། །བརྒྱད་བྲིས་འབྱུང་བའི་གནས་སུ་གཞག །ལས་བྱེད་བརྒྱད་དམ་བཅུ་གཉིས་ལ། །ལས་བྱེད་བཅུ་གཉིས་བྲིས་ལ་འགོད། །ཐར་པ་གནས་ཀྱི་ དཀྱིལ་འཁོར་དུ། །གདོལ་པ་འབྱུང་པོ་ང་རྒྱལ་ཅན། །ཆགས་སྡང་རྣམས་ཀྱིས་བསླད་པའི་རྒྱུ། །དེ་ཡི་དུག་གསུམ་བཤིག་པའི་ཕྱིར། །དོན་གྱི་བསྒྲུབ་པ་ཆེན་པོ་བཤད། །རུ་དྲ་ལྔ་ཡི་ཚོགས་ཆེན་ཏེ། །ཏིང་འཛིན་ཡེ་ཤེས་ལྔས་བཅོམ་ནས། །རྡོ་རྗེ་དྲོད་ཀྱིས་ རྣམ་པར་སྦྱར། །མདོ་ཡི་ས་ལ་སྟབས་གཅིག་ཏུའོ། །བགེགས་ཀྱི་བགེགས་ཏེ་བགེགས་ཆེན་པོ། །དུག་ལྔ་རྟོག་པ་ཉིད་ལས་སྐྱེས། །ཕྱེད་དང་གསུམ་གྱི་དུར་ཁྲོད་ན། །གཞི་རྩ་ངག་དང་ལུས་སེམས་སོ། །བརྗིད་ལྡན་དཔལ་ཆེན་དུར་ཁྲོད་བདག །བདག་ རྟོག་རྟོག་འཇོམས་ཏིང་འཛིན་གྱིས། །སྲིད་གསུམ་རུ་དྲ་དུར་ཁྲོད་དུ། །ཚོགས་བདག་ཆེན་པོ་དེ་བརྒྱད་བྱ། །མ་རིག་མུན་ཁང་སྒོ་ཕྱེད་ནས། །གླང་ཆེན་སྨྱོན་པ་དེ་བཟུང་ནས། །གཟུང་འཛིན་དམ་པོའི་རྟོད་ཐག་བཅད། །དུག་གསུམ་རྣམ་རྟོག་རྟོད་ཕུར་ དབྱུང་། །ངན་སོང་འདམ་ནས་དྲངས་ནས་ནི། །ཉོན་མོངས་དཔུང་རྒོད་དེ་བཏུལ་ནས། །ཡེ་ཤེས་ཐབས་ཀྱིས་རྣམ་སྦྱངས་ཏེ། །ནམ་མཁའི་ཀློང་དུ་དམིགས་མེད་པར། །བདེ་ཆེན་མཆོད་པའི་ཚོགས་ཆེན་དག །རོ་མཆོག་ལྔ་དང་མཉམ་སྦྱར་བས། །ཆོས་ཀྱི་ ལོངས་སྤྱོད་རྒྱས་པར་སྦྱར། །མཉམ་ཉིད་བདེ་བའི་སྙིང་རྗེ་ཡིས། །དྲེགས་པ་ཆེན་པོ་གཞོམ་པ་དང་། །འཁོར་བའི་དྲ་བ་གཅད་པའི་ཕྱིར། །ཁྲོ་ཚོགས་འབར་བའི་སྤྲིན་འཕྲོས་པས། །གཏུམ་ཐུང་རྔམ་པ་མགྱོགས་པའི་ཚོགས། །ཕྱག་བརྙན་ཆར་ཆེན་ཕབ་ནས་ ནི། །འཁོར་བའི་ཐ་བ་སྤངས་ནས་ནི། །བདེ་བ་ཆེན་པོའི་ཞིང་བཟློག་སྟེ། །བྱང་ཆུབ་མྱུ་གུ་བསྐྱེད་ནས་ནི། །བྱང་ཆུབ་སེམས་དཔའི་ལོ་ཏོག་བསྐྱེད། །དུར་ཁྲོད་ཆེན་པོའི་བཞིན་ཕྱོགས་ནི། །མགོ་ནི་ལྷོ་ནུབ་མཚམས་སུ་བཏིང་། །རྐང་པ་བྱང་ཤར་མཚམས་སུ་ བཏིང་། །ང་ནི་དུར་ཁྲོད་དབང་ཕྱུག་ཆེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །ཐུགས་རྗེ་རྣོན་པོའི་དམག་ཚོགས་ལ། །ཡེ་ཤེས་རྣོན་པོའི་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་བཅད་དོ། །གྲུ་བཞི་ཁ་བཞིར་རྡོ་རྗེ་ཡི། །དབྱིབས་འདྲའི་ཐབ་ནི་བརྩིགས་ ནས་ཀྱང་། །སྙིང་གར་འཁོར་ལོའི་ཐབ་ཏུ་བྱ། །རིགས་ཀྱི་ཡམ་ཤིང་ལྔ་བརྩིགས་ཏེ། །ཧོམ་ལྔ་འབྲེལ་པའི་ལས་ཆེན་བརྩིགས། །ཐབས་ཆེན་ལྔ་ཡི་ཧོམ་ཁུང་དུ། །འཁོར་བའི་སྡུག་བསྔལ་ཡམ་ཤིང་ལ། །ཡེ་ཤེས་ཆེན་པོའི་མེ་ཀློང་དུ། །ཉོན་མོངས་ལྔ་ ཡི་བསྲེགས་སྦྱངས་རྫོགས། །བྱ་བར་སྦྱོར་བ་མཐའ་དག་ཀུན། །ཇི་ལྟར་འབྱོར་ཅིང་འཚམ་པར་འོས། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་དྲེགས་པ་ཅན་གནོན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་འཁོར་བའི་རྒྱ་མཚོ་ཟད་པར་བྱེད་པའི་ཞལ་གྱི་དཀྱིལ་འཁོར་ཞེས་བྱ་བ་བསྒྲུབ་པའི་དོན་ནི་འདི་ལྟར་རིག་པར་བྱའོ། །འདི་ཡང་དེ་འདྲར་ཀུན་སྦྱར་ནས། ། འཁོར་ཁང་ཅན་གྱི་གཞལ་ཡས་སུ། །ཁྲུ་གང་གྲུ་བཞིའི་ཚད་དེ་ལ། །བཞི་ནི་འཁོར་ཁང་ཁྱམས་དེ་དག །ཕྱོགས་བཞི་དག་ཏུ་བརྩམ་པར་བྱ། །དྲི་ཞིམ་ཙནྡན་འདེ་གུ་བཏང་། །དྲི་སྤོས་ཚོམ་བུ་རིན་ཆེན་ཕྲོག །སྦྱིན་མཆོད་རྒྱས་པར་དེ་བཤམ་བྱ། །ལྷ་ཡི་ དགེ་བསྙེན་རྣམ་པ་བཞི། །ཕྱོགས་མཚམས་བསྲུང་བའི་ལས་རྣམས་བསྒོ། །ཁྱམས་ཀྱི་ནང་རིམ་ཕྱོགས་མཚམས་སུ། །ཆག་ཕྱེད་པ་ཡི་སྟེགས་བུ་བཅུ། །བསྐལ་པའི་མེ་དཔུང་འབར་བྲིས་ལ། །སྣ་ཚོགས་རྒྱུ་ལས་བྱས་པ་ཡི། །མཐུན་པའི་གཟུགས་བཅུ་ དབང་བསྐུར་ཏེ། །ཁྲོ་བོ་གར་གྱི་ནང་མཚམས་གཅད། །དེ་ནས་མ་ཏྲཾ་གནོན་པར་བྱ། །དྲེགས་པ་རུ་དྲ་སྡིག་ཅན་འདི། །ནམས་ཀྱང་བསྒྲལ་བའི་ཞིང་ཡིན་ཏེ། །ཛཿཧཱུྃ་བྃ་ཧོཿ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་དྲ་ཧ་ཧ་ཕྲ་བེ་ཤ་ཕཊ། ཁ་ཊྭཱཾ་ཕྱག་རྒྱས་བསྒྱེལ་ནས་ནི། ། མ་རིག་མུན་པའི་སྒོ་ཕྱེ་ནས། །རྣམ་ཤེས་ཨ་རུ་བྱིན་བརླབས་ཏེ། །གསང་ཆེན་ཐུགས་ཀྱི་ཀློང་དུ་བསྟིམ། །སྦུབས་ནི་གཞལ་ཡས་འབར་བར་བྱ། །སྟེགས་བུ་མ་ཏྲཾ་གཟུགས་འདྲ་ལ། །འགྱེལ་ཐབས་བཞིན་ཕྱོགས་ཅི་འདྲར་བྱ། །ཁ་དོག་སྔོ་སྐྱ་གན་རྐྱལ་ ཐབས། །ཆེ་ཆུང་ཚད་མེད་གནས་ཀྱིས་སྦྱར། །དེ་ཡི་སྙིང་གར་བང་རིམ་གསུམ། །དང་པོར་དམར་པོ་གྲུ་བཞི་བརྩིགས། །གཉིས་པ་མཐིང་ནག་གྲུ་གསུམ་བྱ། །གསུམ་པ་སྨུག་ནག་ཟླ་གམ་བྱ། །ཡན་ལག་བཞི་དང་མགོ་མཚན་དྲུག །གསང་སྒོ་གཉིས་ཏེ་ བརྒྱད་དག་ལ། །སྟེགས་བུ་ཆག་ཕྱེད་གྲུ་བཞི་བརྒྱད། །དེ་ཡི་མཐའ་རིམ་ཡོངས་ཟད་དུ། །ཟླ་གམ་གསལ་བའི་མཎྜལ་བྱ། །དེ་དག་མེ་ཀློང་འབར་བར་བསྐོར། །ཡ་ཐོག་ཟླ་གམ་སྟེང་དག་ཏུ། །དཔལ་དང་ལྡན་པའི་ལྷ་མཆོག་བཞུགས། །མཐིང་ནག་གྲུ་ གསུམ་མེ་དཔུང་བྲི། །གྲུ་བཞིའི་དམར་པོ་བང་རིམ་ལ། །རིགས་བཞི་ལྷ་མཆོག་དཔལ་ལྡན་གཞག །ཡན་ལག་མགོ་མཚན་གཡས་གཡོན་བརྒྱད། །དབང་ཕྱུག་གནས་ཀྱི་བདག་མོ་བརྒྱད། །བྲི་བྱ་ཡང་ན་མཚན་མ་གཞག །ཚིགས་ཆེན་བརྒྱད་ལ་ཡུལ་བདག་ བརྒྱད། །ཇི་ལྟར་འོས་པ་དེ་ལྟར་བྱའོ། །སྒོ་བཞིར་གསང་བ་སྒོམ་ར་གཞག །མཐའ་ཟད་ཡོངས་ཀྱི་ཟླ་གམ་ལ། །བུད་མེད་ཉི་ཤུ་རྩ་བརྒྱད་གཞག །མིང་ངམ་མཚན་མ་རྟེན་ཏེ་གཞག །དེ་ཡི་ཁ་ལ་ཐབ་ཏུ་བརྩིགས། །པདྨ་དཔལ་བེའུ་དབྱིངས་འདྲ་ཐབ། །མཁས་ པས་ཡམ་ཤིང་བརྩམ་པར་བྱ། །བྱ་བའི་བྱ་བ་ཐམས་ཅད་ཀུན། །གོང་དུ་སྦྱོར་བ་དེ་ལྟར་སྦྱོར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་འཁོར་བ་ཐམས་ཅད་སྒྲོལ་བ་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་དུག་གསུམ་ཐུགས་སུ་དབང་སྒྱུར་བ་ཞེས་བྱ་བའི་མདོ་འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །དུག་གསུམ་དབང་དུ་བསྒྱུར་བ་ཡང་། །འདི་ལྟར་ཁོང་དུ་ཆུད་པར་བྱ། །དུག་གསུམ་རང་བཞིན་གང་ཡིན་པ། །སྐུ་གསུམ་ཉིད་ ཀྱི་ངོ་བོ་སྟེ། །གཞན་ནས་བཙལ་བ་ཅི་ཡང་མེད། །དེ་ལྟར་ཤེས་པར་འགྱུར་བ་དང་། །ཀུན་རྫོབ་ཚུལ་དུ་འདི་ལྟར་བསྒྱུར། །ཐམས་ཅད་གོང་མ་བཞིན་སྦྱར་ལ། །སྟེགས་བུ་འདོམ་གང་པ་ཞིག་ལ། །ཕྱིར་དམར་པོ་རྒྱས་པར་བྱ། །དེ་ནས་མཐིང་ནག་གྲུ་གསུམ་ བརྩིགས། །དེ་ནས་དམར་ནག་ཟླ་གམ་བྱ། །ཟླ་གམ་དབུས་སུ་དཔལ་ཆེན་འབར། །དབང་ཕྱུག་གནས་བརྒྱད་ཟླ་གམ་མཐའ། །བང་རིམ་བར་ལ་དུར་ཁྲོད་འབར། །ཐ་མར་དམར་པོ་གྲུ་བཞི་ལ། །སྒོ་བཞི་སྒོ་སྲུང་བཅས་པར་བྱ། །དེ་ཡི་མཐའ་མ་མེ་རིས་བསྐོར། །ཁྲོ་བཅུ་ འབར་བའི་རྟགས་རྣམས་དགོད། །བསྒྲུབ་དང་འཇུག་དང་དབང་བསྐུར་རྣམས། །གོང་མ་བཞིན་དུ་སྦྱིན་པར་བྱ། །དེས་ནི་ཐམས་ཅད་རྫོགས་པ་ཡིན། །དུག་གསུམ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་ མདོ་ལས་དུག་གསུམ་དབང་བསྒྱུར་བ་ཞེས་བྱ་བའི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་བུད་མེད་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །འདུས་པ་ཆེན་ པོའི་ཚོགས་ཆགས་པ་ཐམས་ཅད་དབང་དུ་འདུ་བར་འདོད་ན་འདི་ལྟར་རིག་པར་བྱའོ། །བུད་མེད་ཆགས་པའི་རང་བཞིན་ཏེ། །ཆགས་པ་ཁྲག་གི་རྒྱ་མཚོ་ཡིན། །ལས་ཀྱིས་འཁོར་བའི་སེམས་ཅན་རྣམས། །ཆགས་པ་ཁྲག་གི་རྒྱ་མཚོར་བྱིང་། །ཆགས་ལས་རྣམ་ གྲོལ་འགོག་པ་སྟེ། །ཆགས་པ་དེ་ཉིད་ཁྲག་ཅེས་བྱ། །ཁྲག་གི་རྒྱ་མཚོ་བསྐམ་པའི་ཕྱིར། །བུད་མེད་ཁྲག་གི་རྒྱ་མཚོ་རྣམས། །འཚོ་བ་བདུད་རྩིའི་རྒྱ་མཚོ་བསྒྱུར། །དེ་ལྟར་ཤེས་པར་གྱུར་པ་དང་། །ཀུན་རྫོབ་ཚུལ་དུ་འདི་ལྟར་སྦྱར། །ལས་ཀྱི་བརྩམས་པ་ཕུན་སུམ་ ཚོགས། །རིམ་པ་བཞིན་དུ་བརྩམས་ནས་ཀྱང་། །མཎྜལ་འདོམ་གང་གྲུ་བཞི་ལ། །འཁོར་ལོ་བཞི་ཡི་ཐིག་ཏུ་གདབ། །མུ་ཁྱུད་ཕྱི་རིམ་གྲུ་ཆད་བཞི། །དེ་ནས་སྒོ་ཁྱམས་དམར་པོར་བྱ། །ཀུན་གྱི་ཕྱི་རིམ་ལག་ཆུ་ཧྭའི། །མེ་རི་འབར་བས་གཏིབ་ཐག་གཅད། །དབུས་ སུ་ཤར་ལྟ་ཟླ་གམ་བྲི། །བྷན་དྷ་དཔལ་ལྡན་ཡབ་ཡུམ་དགོད། །འཁོར་ལོ་བཞི་ལ་རིགས་བཞིར་ལྡན། །བར་ཁྱམས་གཉིས་ལ་གནས་ཡུལ་རྣམས། །ཟླ་གམ་ཐིག་ལེར་ལྡན་པར་བྱ། །སྒོ་ཁྱམས་སྒོ་བཞི་ཟླ་གམ་བཅས། །ཕྱི་ཁྱམས་ལག་ཆུ་ཧྭ་ཡི་མེ། །མེ་ཡི་ཁྲོ་བོ་ ཐིག་ལེར་བཅས། །དུར་ཁྲོད་རྒྱན་གྱིས་ཀུན་བརྒྱན་བྱ། །ཏིང་འཛིན་རྫོགས་དང་དངོས་བསྒྲུབ་དད། །འཇུག་པ་དབང་བསྐུར་དངོས་གྲུབ་རྣམས། །གནས་བསྲུང་ལ་སོགས་རྫོགས་པར་བྱ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་ པའི་མདོ་ལས་འཁོར་ལོ་དབང་སྒྱུར་གྱི་སྒྲུབ་ལུགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་བདུད་རྩི་སྨན་གྱི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་ན་ནི་འཚོ་བ་ཆོས་ཉིད་ཀྱི་རྩི་ཡིན། །མ་རྟོགས་ན་ནི་འཆི་བ་འཁོར་བའི་དུག་ཡིན། །དེ་བས་ན་ཆོས་འདི་དག་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ཤེས་ནས་ཀུན་རྫོབ་ཏུ་འདི་ལྟར་བསྒྲུབ་ པར་བྱའོ། །ཇི་བཞིན་འབྱུང་ལྡན་བདེ་སྦྱར་ནས། །མ་ཏྲཾ་ཁོག་པའི་སྙིང་ག་རུ། །འདོམ་གང་ཚད་དང་མཐུན་པ་ལ། །རྩིབས་བརྒྱད་འབར་བའི་འཁོར་ལོར་གདབ། །མེ་ཡི་འོད་ཀྱིས་བསྐོར་བར་བྱ། །རྡོ་རྗེ་ར་བས་བསྐོར་བ་ཡི། །མཐའ་མ་སྒོ་ཁྱུད་འབར་བར་བྱ། ། དབུས་སུ་རིན་ཆེན་ཟུར་བརྒྱད་བྱ། །དེར་ནི་ཕྱག་རྒྱ་འབར་བ་དགོད། །ལང་ཀ་བསྒྲལ་བའི་གནས་མཆོག་འདིར། །རལ་པ་ཅན་གྱི་ཚོགས་འདུས་ཏེ། །རཀྵ་འཇོམས་པའི་མཐུ་ཆེན་ཀུན། །སྲིད་པ་གསུམ་རིལ་འདིར་སྒྲོལ་བའོ། །དུས་བཞི་མཆོད་པའི་དམ་རྫས་ཀྱིས། །དེ་ དག་ཇི་ལྟར་རིགས་པར་མཆོད། །དུས་བཞི་བཅུད་སྨིན་སྙིང་པོ་ཡིས། །དངོས་གྲུབ་ཆེན་པོའི་རྫས་སུ་བྱ། །ཕྱོགས་བཞི་དབུས་ཀྱི་རྫས་ཆེན་རྣམས། །རྨད་དུ་བྱུང་བའི་རལ་པ་ཅན། །འབྱུང་བ་ལྔ་ལ་དབང་སྒྱུར་མཛད། །འབྱུང་བ་ལྔ་ཡི་ཆོ་འཕྲུལ་སྒྲུབ། །དབྱར་ཆུ་ སྟོན་མེ་དགུན་ས་སྟེ། །དཔྱིད་རླུང་ནམ་མཁའ་གསང་བར་སྦྱར། །ཆོ་འཕྲུལ་དེ་ལ་དབང་ཐོབ་ནས། །དེ་དག་རལ་པ་ཅན་དུ་བསྒྲུབ། །ཏིང་འཛིན་རྣམ་པ་ལྔ་གསལ་བས། །འབྱུང་ལྔ་ལས་བྱུང་ཤ་རིགས་ལྔ། །ཁྱི་ཤ་བ་ལང་རྟ་ཤ་དང་། །བྱ་དང་རི་དགས་སྣ་ཚོགས་ནི། །རྫུ་ འཕྲུལ་ཤུགས་སུ་སྒྲུབ་པའི་རྫས། །སྒྲུབ་པའི་རྫས་ཆེན་འབྱུང་ཆེན་ལྔ། །འཇིག་རྟེན་ཀུན་ལ་དབང་སྒྱུར་བའི། །དེ་ལྟར་རྫས་རྣམས་འབྱོར་པ་དང་། །ཏིང་འཛིན་བསྒོམ་དང་བསྒྲུབ་པ་དང་། །ཐམས་ཅད་གོང་དང་མཐུན་སྦྱར་ནས། །འཇུག་དང་དངོས་གྲུབ་དབང་ཆེན་རྣམས། ། ཅི་རིགས་པར་ནི་བདེ་བར་སྦྱར། །ཞེས་གསུངས་སོ། །བདུད་རྩི་རང་བྱུང་དཀྱིལ་འཁོར་ཞེས་བྱ་བའི་མདོ་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །གཞན་ཡང་བདུད་རྩི་ཆེན་པོ་ནི། །གོང་ མ་བཞིན་དུ་ལེགས་སྦྱར་ནས། །མཎྜ་ལ་ཚད་དང་མཐུན་པ་ལ། །པདྨ་དམར་པོ་འོད་ཀྱི་མཁའ། །ཕྱི་རིམ་ཟླ་གམ་དམར་པོ་བཞི། །རྡོ་རྗེ་འབར་བས་མཛེས་པར་བསྐོར། །མེ་ལྕེ་འབར་བའི་ཕྲེང་བ་ནི། །ཟླ་གམ་མཐའ་ཟད་བྲི་བར་བྱ། །རིན་ཆེན་གེ་ སར་ཕྲེང་བས་ནི། །པདྨའི་ལྕེ་ལ་བསྐོར་བར་བྱ། །སྒོ་བཞི་རིན་ཆེན་འབར་བས་བྱ། །ཕྱག་རྒྱ་འབར་བའི་ལྷ་བཀོད་ན། །དབུས་སུ་གསེར་ཕོར་སུལ་མེད་ལ། །དུང་ཆེན་འཁོར་བ་ཅན་གྱིས་སྦྱར། །ཤར་དུ་ཤེལ་ཕོར་སུལ་འགྲེང་ལ། །རིན་ཆེན་མཛོད་སྤུ་གསལ་བས་ སྦྱར། །ལྷོ་རུ་རིན་ཆེན་སུལ་མང་ལ། །རིན་ཆེན་ལོ་འདབ་རྒྱས་པས་སྦྱར། །ནུབ་ཏུ་རྒྱ་ཕོར་ཟླ་གམ་ལ། །བཞིན་མཚམས་རིན་ཆེན་འབུར་གཉིས་སྦྱར། །བྱང་དུ་བསེ་ཕོར་རྒྱ་གྲམ་ལ། །གཙུག་ཏོར་རིན་ཆེན་འབུར་བཞི་རྒྱས། །རྩ་བ་ལྔ་ནི་ཕྱོགས་ཕྱོགས་སྦྱར། ། སྒོ་ལྔའི་གཙོ་བོ་རིགས་སུ་སྦྱར། །དབུས་ནས་ཤར་ལྷོ་ནུབ་བྱང་དུ། །ཀ་ཀོ་ལ་དང་དུ་རུ་སྐ། །ཛ་ཏི་ཕ་ལ་ཁ་དྲི་ཞིམ། །ལྕེ་བོག་དཀར་ཞེས་རིམ་པར་སྦྱར། །དེ་བཞིན་གོང་གི་རིམ་པ་བཞིན། །ཨ་རུ་ར་དང་ག་པུར་དང་། །གུར་གུམ་པདྨ་ལི་ག་དུར། །དེ་ན་རཱ་ས་ཡཱ་ན་ རྣམས། །ཐམས་ཅད་རིགས་དང་ཁ་དོག་དང་། །ལས་དང་མཐུན་པར་སྦྱར་བར་བྱ། །ས་བོན་ལྔ་ནི་རིམ་པར་སྦྱར། །དཔལ་དང་ལྡན་པའི་སྣོད་ནང་དུ། །ཡབ་ཡུམ་སྙིང་པོ་རིམ་བཞིན་བྱ། །དབུས་དང་པདྨ་ལྕེ་ལ་དགོད། །གནས་ཡུལ་ལ་སོགས་མཛེས་པར་ གཞག །དུར་ཁྲོད་རྫས་དང་བཀྲ་ཤིས་རྫས། །འབྱོར་བའི་ཡོ་བྱད་ཐམས་ཅད་བཤམས། །དེ་ནས་བྱིན་ཕབ་དངོས་གྲུབ་གསོལ། །ཐམས་ཅད་རྣམ་པར་སྦྱར་བར་བྱ། །དམ་པ་དེ་ཉིད་གསང་ཆེན་གྱི། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གིས། །ཐམས་ཅད་སྦྱང་ བའི་མཆོག་ཏུ་བྱ། །དེ་ནས་ཁྲོལ་བུ་སྦྱང་བ་ན། །བསལ་བསྔོ་བསྡུ་དང་དབྱེ་བ་དང་། །ཁྲུས་བྱ་བ་དང་བཤགས་པ་དེང་། །ཡོན་ཏན་བརྗོད་དང་བྱིན་དབབ་བྱ། །དེ་ནས་སྐད་ཅིག་ཐང་ཅིག་གམ། །ཞག་གཅིག་དག་གིས་སྦྱར་བར་བྱ། །རྟགས་དག་བྱུང་ན་དེར་ འབྱོངས་པའོ། །ཕྱེ་མའི་མཆོག་ཏུ་སྦྱར་བ་ནི། །སྣོད་ཀྱི་སྨན་རྣམས་ཤེས་རབ་མས། །བསྡུས་ཏེ་བཏགས་པའི་ཆོ་ག་ཡང་། །ཡུམ་གྱིས་བཟུང་ཞིང་ཡབ་ཀྱིས་བཏགས། །རིག་འཛིན་རྩལ་ཅན་དབབ་ཅིང་དྲང་། །སོ་སོ་ལས་ཀྱི་སྔགས་བརྗོད་ཅིང་། །གཏན་གཏུན་ཐབས་ དང་ཤེས་རབ་སྟེ། །སྨན་ཉིད་བྱང་ཆུབ་སེམས་སུ་སྦྱར། །རྡོ་རྗེ་གླུ་འདི་ལྷ་མོས་བླང་། །ཀུན་དུ་བཟང་མོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ལྡན་པ་ལས། །འཁོར་བ་བདུད་རྩི་སྨན་དུ་སྦྱར། །ཡེ་ཤེས་ལྔ་རུ་གསལ་བ་ལས། །འབྲས་བུ་སྐུ་གསུམ་ཐུགས་སུ་ རྫོགས། །འཆི་མེད་བདུད་རྩིས་གཅོང་རྙིང་སྦྱང་། །མཚན་མ་བརྟག་ཕྱིར་བཅལ་ནས་ནི། །རྡོ་རྗེ་དཔལ་ལྡན་ཁ་སྦྱོར་བླུགས། །ཁ་དོག་རིགས་ལྔའི་རས་ཀྱིས་དཀྲི། །རྡོ་རྗེ་དབང་གི་རྒྱ་ཡིས་གདབ། །རྡོ་རྗེ་སྔགས་ཀྱི་གཟུངས་ཀྱིས་གདགས། །དཔལ་ཆེན་སྐུ་ལྔར་ མངའ་གསོལ་ཏེ། །ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ། །མཎྜལ་དག་ཏུ་དགོད་པར་བྱ། །ཀུན་གྱིས་བསྐོར་ཞིང་དངོས་གྲུབ་དབབ། །རྩི་དང་སྨན་གྱི་བདག་པོ་དང་། །རྟགས་ལྡན་རིག་འཛིན་ཕྲ་མོ་དག །རོལ་མོ་ཆ་བྱད་མང་པོས་བསྟེན། །བསྒྲུབ་པ་འབྲུ་མཆོག་གཏམས་ པས་དགང་། །བཀྲ་ཤིས་གོས་ཀྱིས་རྒྱས་པར་བཀླུབས། །གཟུངས་ཐག་གཉེར་ཅན་རིགས་སུ་དབུལ། །ཏིང་འཛིན་མེ་ཡིས་རྣམ་པར་སྦྱང་། །རྟགས་ཆེན་ལྔ་ནི་གང་བྱུང་ཡང་། །སྨྱུར་ཏེ་དངོས་གྲུབ་བླང་བར་བྱའོ། །བདུད་རྩི་སྒྲ་ལས་དྲངས་ནས་ནི། །དཔལ་ལྡན་པདྨ་ལྡན་ པ་རུ། །ཐམས་ཅད་བདུད་རྩིར་ས་མ་ཡ། །མཁའ་ཀློང་ཡངས་པར་བདེ་ཆེན་རྫོགས། །རང་ཉིད་བདུད་རྩིའི་དཀྱིལ་འཁོར་རྫོགས། །གཞན་ནས་བསྒྲུབ་བ་ཅི་ཡང་མེད། །འཇུག་པ་ལ་སོགས་ཐམས་ཅད་ཀྱང་། །ཚུལ་བཞིན་དུ་ནི་རྒྱས་པར་བྱ། །ཞེས་གསུངས་སོ། ། བདུད་རྩི་ཕྱེ་མའི་བསྒྲུབ་པ་རྣམ་པར་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཐམས་ཅད་དེ་འདྲར་སྦྱར་ནས་ཀྱང་། །མཎྜལ་འཁོར་ལོ་རྩིབས་བརྒྱད་པ། །ཕྱག་རྒྱའི་ལྷ་རྣམས་རྫོགས་བྱས་ནས། ། སྨན་སྦྱང་བཏགས་བཙགས་བཅལ་ནས་ཀྱང་། །སྦྲང་ཆང་འོ་མས་གོང་བུར་བྱ། །བསེ་ཕོར་མཚན་ལྡན་ནང་དུ་གཞག །ལེགས་པར་ཁ་སྦྱར་རས་ཀྱིས་དཀྲི། །གོང་མ་བཞིན་དུ་ཀུན་སྦྱར་ནས། །དངོས་གྲུབ་མཆོག་རྣམས་བདག་གིས་བྱ། །ཞེས་གསུངས་སོ། །བདུད་རྩི་ རི་ལུའི་ཆོ་ག་རྣམ་པར་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྐྱོ་མའི་ཆོ་ག་འདི་ལྟ་སྟེ། །ཐམས་ཅད་གོང་མ་བཞིན་སྦྱར་ནས། །མཚན་མ་གསལ་པོ་འབྱུང་བ་དང་། །ཕྱེ་མ་ཆུ་ཚགས་ནང་ནས་དབྱུང་། །ཕྱེ་མའི་མཆོག་ ཏུ་གྱུར་པ་དང་། །ཕྱེ་མའི་རྒྱལ་མོ་དེ་དག་ནི། །བསེ་ཕོར་ཁ་སྦྱར་ནང་དུ་བླུགས། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །བཟླས་བརྗོད་འཕྲོ་འདུ་རྒྱུན་མི་ཆད། །སྦྲང་ཆང་རྒྱ་ཆང་བུ་རམ་ཆང་། །རྒུན་ཆང་འོ་མ་ལ་སོགས་པ། །བཅུད་ཀྱི་ཁུ་བ་ཐམས་ཅད་སྦྱར། །རིན་ ཆེན་གའུ་མཚན་ལྡན་དུ། །བླུགས་ཏེ་ཁ་སྦྱར་རྒྱས་བཏབ་ནས། །འཕྲོ་འདུ་བཟླས་བརྗོད་གོང་མ་བཞིན། །བྱས་ཏེ་མཚན་མ་བྱུང་བ་དང་། །དངོས་གྲུབ་ཆེན་པོ་བླང་བར་བྱ། །ཕྱེ་མའི་བསྒྲུབ་རྫས་དེ་དག་ནི། །ཆ་ལྔ་དག་ཏུ་བགོས་ནས་ཀྱང་། །རྣལ་འབྱོར་སོ་སོའི་ཆ་རྣམས་ ལས། །ཅི་རན་ཙམ་གྱིས་ཆ་གཅིག་དང་། །སྦྱར་ཆང་ཆ་ལྔར་བགོས་པ་ལས། །རྣལ་འབྱོར་སོ་སོའི་ཆ་རྣམས་ལས། །སྦྱར་ཏེ་དངོས་གྲུབ་རྟེན་དུ་བྱ། །ཟླ་བ་གཅིག་ཏུ་ཟོས་པས་ནི། །བ་སྤུ་རངས་ཤིང་གཉེར་མ་རངས། །ཟླ་བ་གཉིས་སུ་ཟོས་བྱས་ན། །གཟི་མདངས་ཐམས་ ཅད་འབར་བར་འགྱུར། །ཟླ་བ་གསུམ་གྱི་ཕན་ཡོན་གྱིས། །ནད་ཀྱི་བསྐལ་པ་དག་ལས་ཐར། །ཟླ་བཞི་ཕན་ཆད་གང་ཟག་གིས། །ཟས་དང་མ་འདྲེས་བརྩོན་བསྒྲུབས་ན། །གཞན་གྱི་ནད་རྣམས་འཇོམས་པར་ནུས། །དྲུག་དང་བདུན་དང་བརྒྱད་རྣམས་ལ། །བདུད་རྩི་བཅུད་ ཀྱིས་འཚོ་བར་འགྱུར། །དགུ་དང་བཅུ་ལ་ཟག་པ་ཟད། །བཅུ་གཅིག་རིག་འཛིན་ནམ་མཁར་འཕུར། །ཞེས་གསུངས་སོ། །བདུད་རྩི་སྐྱོ་མའི་བསྒྲུབ་པ་རྣམ་པར་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ རྣལ་འབྱོར་པ། །རྡོ་རྗེ་རིག་འཛིན་རྩལ་ལྔའི་ཟས། །ལྡེ་གུའི་ཆོ་ག་ཆེན་པོ་ནི། །འདི་ལྟར་ཁོང་དུ་ཆུད་པར་བྱ། །སྦྲང་རྩི་བུ་རམ་རྒུན་འབྲུམ་རྣམས། །ལོ་ཡི་འཚོ་བར་སྦྱར་ནས་ཀྱང་། །ཁ་དོག་མཚན་ལྡན་དམར་པོའི་བ། །ལོ་ཡི་འཚོ་བར་གཟུང་ཞིང་བསྲེལ། །སྨན་ གྱི་རྒྱལ་པོ་རམ་ཉེ་བས། །རྒྱུན་དུ་གསོས་པའི་འོ་མ་དེ། །རིག་འཛིན་ཟས་ཀྱི་མཆོག་ཏུ་འགྱུར། །བདུད་རྩི་རྒྱལ་མོ་རམ་ཉེ་བ། །ཕྱེ་མའི་མཆོག་ཏུ་བྱས་ནས་ཀྱང་། །ལོ་ཡི་འཚོ་བའི་སྦྱར་བྱས་ཏེ། །སུས་མི་མཐོང་བའི་ས་ཕྱོགས་སུ། །བསྒྲུབ་རྫས་དེ་དག་བཀྲམ་ ནས་ཀྱང་། །བདུད་རྩི་བསྒྲུབ་པ་དེ་བཞིན་བྱ། །དུས་བབ་པ་ཡི་ཚོད་རྣམས་ལ། །བསྒྲུབ་རྫས་དེ་དག་ཐམས་ཅད་ཀྱང་། །བ་ཡི་འོ་མས་ལྡེ་གུར་བྱ། །ཆ་རེས་བསྐྱེད་ཅིང་བཟའ་བར་བྱ། །ཟོས་པའི་ཡོན་ཏན་བསམ་མི་ཁྱབ། །ཟག་པ་ཟད་ནས་ནམ་མཁར་འགྲོ། ། ཞེས་གསུངས་སོ། །བདུད་རྩི་ལྡེ་གུའི་བསྒྲུབ་པ་རྣམ་པར་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །འདི་ཡང་གོང་མ་ལྟར་བྱས་ཏེ། །དེ་དང་མི་མཐུན་བསྒྲུབ་རྫས་རྣམས། །བདུད་རྩིར་ འགྱུར་བའི་སྨན་རྣམས་ཀུན། །ཐམས་ཅད་ཐམས་ཅད་བསྡུ་བར་བྱ། །ཏིལ་ཆེན་ལ་སོགས་ཞུན་གྱི་མཆོག །ཐམས་ཅད་བསྡུས་ཤིང་སྦྱར་བྱས་ནས། །གནས་ཀྱང་གོང་མ་བཞིན་བཙལ་ཏེ། །བདུད་རྩི་བཀྲམ་ནས་བསྒྲུབ་པར་བྱ། །འཕྲོ་འདུ་བཟླས་བརྗོད་ རྒྱུན་མི་གཅད། །གྲུབ་པའི་རྫས་སུ་གྱུར་པ་དང་། །སྨན་རྣམས་ཕྱེ་མར་བཏག་པར་བྱ། །དེ་དག་ཕྱེ་མར་གྱུར་པ་དང་། །ཞུན་ཆེན་དག་དང་སྦྱར་བར་བྱ། །སྦྱོར་བའི་ཆོ་ག་རྫོགས་པ་དང་། །དངོས་གྲུབ་མཆོག་ནི་བླང་བར་བྱ། །གཞན་ནམ་གཞན་གྱི་སྡེ་པ་དང་། །ལོ་ ཡིས་བཤུགས་ཏེ་འཕྲད་མི་བྱ། །འཚོ་བ་བདུད་རྩི་ཞུན་གྱིས་སྦྱར། །བདུད་རྩི་གྲུབ་པའི་རྟགས་ཆེན་ནི། །བ་སྤུ་ལངས་དང་གཟི་མདངས་འབར། །ཁམ་གྱི་ཟས་བྲལ་བདེ་བར་འཚོ། །ཤེས་རབ་གསལ་ཞིང་ཐོགས་པ་མེད། །ཟག་པ་ཟད་ནས་ནམ་མཁར་འགྲོ། ། ཞེས་གསུངས་སོ། །བདུད་རྩི་ཞུན་ཆེན་གྱི་བསྒྲུབ་པ་བཤད་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །རློན་པའི་རྫས་ལ་སྨན་བསྒྲུབ་ན། །ཐམས་ཅད་གོང་མ་བཞིན་སྦྱར་ནས། ། མཎྜལ་ཐིག་ལ་ལྔ་པ་ལ། །བཀྲ་ཤིས་དཔལ་ལྡན་ལྔ་བཞག་ནས། །གཙོ་བོ་ལྔ་དང་འབྲས་བུ་ལྔ། །རློན་པར་བཀོད་ནས་ཡི་གེས་སྦྱང་། །ཏིང་འཛིན་བཟླས་པའི་མེ་སྦར་བས། །དང་པོ་རོ་འབྱུང་སྐམས་པ་དང་། །དེ་ནས་བཏག་བཙག་གོང་མ་བཞིན། །སྦྱར་ ནས་རིགས་ཀྱི་བསྙེན་པས་སྦྱང་། །དེས་ནི་མཚན་མ་བྱུང་བ་དང་། །དེ་བཞིན་གོང་ལྟར་ཅི་བདེར་སྤྱད། །ཅེས་གསུངས་སོ། །བདུད་རྩི་རློན་སྦྱོར་གྱི་བསྒྲུབ་པ་བཤད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས། བདུད་རྩི་ སྨན་གྱི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་ཆེན་པོ་དེས། སྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ་གསང་ཆེན་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ་འདི་བཤད་དོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ་ཐམས་ཅད་ནི་དབྱིངས་སུ་ཤེས་པར་ བྱ་སྟེ། འཁོར་བའི་ཆོས་ཐམས་ཅད་ནི་དབྱིངས་སུ་འདུས་ལ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེས་སུ་འདུས་སོ། །དེ་གཉིས་སུ་མེད་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོར་འདུས་པར་ཤེས་པར་གྱིས་ཤིག །དེ་བས་ན་ཆོས་ཐམས་ཅད་ ནི་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་འདུས་ཏེ་གཉིས་སུ་མེད་དོ། །དེ་ལྟར་ན་ཀུན་རྫོབ་ཏུ་འདི་ལྟར་རིག་པར་བྱ་སྟེ་གཉིས་སུ་མེད་པའི་དོན་ལ་འཇུག་པར་བྱའོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །དམ་པའི་དོན་གྱི་ཆོས་རྣམས་ཀུན། །ཐམས་ཅད་རང་གི་སེམས་ལ་ རྫོགས། །ཀུན་རྫོབ་ཆོས་རྣམས་གང་ཡིན་པ། །ལུས་དང་ངག་ལ་རྫོགས་པར་བཤད། །དེས་ན་ཆོས་འདི་ཐམས་ཅད་ཀྱང་། །རྩ་བ་རང་ལ་རྫོགས་པ་སྟེ། །འདི་དག་བསྒྲུབ་པའི་ཐབས་མཆོག་ཀྱང་། །རྣམ་པར་རྟོག་པའི་རྡུལ་བསལ་ནས། །བསྒྲུབ་པའི་རྒྱལ་ པོ་ཡབ་ཡུམ་གཉིས། །དོན་ལ་མཁས་པར་བྱས་ནས་ནི། །སོ་སོའི་ཐུགས་ལ་ཐིག་ལེ་དག །ཟླ་གམ་དཀར་དམར་གདབ་པར་བྱ། །དེ་ཡི་རྫས་མཆོག་ཆེན་པོ་ཡང་། །ཐབས་ཀྱི་ག་པུར་ཆེན་པོ་དང་། །ཤེས་རབ་གསང་བའི་ཙནྡན་གཉིས། །དཀར་དམར་ཟླ་གམ་ ཆེན་པོར་བྱ། །ཡབ་ཀྱི་ཐུགས་ཀར་དཀར་པོ་ལ། །ཐིག་ལེ་ཁ་ནི་མར་ལྟ་བའོ། །ཡུམ་གྱི་ཐུགས་ཀར་དམར་པོ་ལ། །ཐིག་ལེ་ཁ་ནི་ཡར་ལྟ་བའོ། །ཡབ་ཀྱི་ཐིག་ལེའི་དབུས་སུ་ནི། །དཔལ་བེའུ་དབུས་སུ་ཉི་མ་བྲི། །དབུས་སུ་ཨོཾ་གསལ་ནང་དུ་ཧཱུྃ། །ཡུམ་གྱི་ཐིག་ ལེའི་དབུས་སུ་ནི། །པདྨ་དབུས་སུ་ཟླ་བ་བྲི། །དབུས་སུ་ཨ་གསལ་ནང་དུ་ཧཱུྃ། །དེ་ལྟར་གསལ་བར་གྱུར་པ་ན། །ཀུན་དུ་བཟང་པོ་ཡབ་ཡུམ་དུ། །གཉིས་སུ་མེད་པར་བསྒྱུར་བར་བྱ། །ཏིང་འཛིན་གསལ་བར་གྱུར་པ་དང་། །རང་ལས་བྱུང་བའི་བདུད་རྩི་ཡིས། །གསང་ བ་གཉིས་ཀྱི་མཆོད་པ་བྱ། །རང་ལས་བྱུང་བའི་དངོས་གྲུབ་དག །རང་ཉིད་ས་ནི་བསྟིམ་པར་བྱ། །འདི་ལྟར་སྒྲུབ་པ་གཙོར་བྱེད་ན། །བདུད་རྩིའི་ཡོ་བྱད་ཐམས་ཅད་དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་རྣམས། །ལོ་ཡི་འཚོ་བར་སྦྱར་ནས་ཀྱང་། །བསྙེན་སྒྲུབ་ཡན་ ལག་རྣམ་བཞི་ལས། །བསྙེན་པ་དག་གི་དུས་སུ་ནི། །གང་ཟག་མི་ཡི་ཟས་ལ་བརྟེན། །དེ་ཡང་ལོ་ཡི་སྐད་ཅིག་གམ། །གཉིས་དང་གསུམ་གྱི་བར་དུ་སྦྱར། །ལོ་ཡི་སྐད་ཅིག་བར་དུ་ནི། །བདུད་རྩི་ཡོ་བྱད་རྣམས་ལ་བརྟེན། །དེ་ནས་ལོ་ཡི་སྐད་ཅིག་ནི། །གཅིག་ གམ་གཉིས་ཀྱི་བར་དག་ཏུ། །རང་ལས་བྱུང་བའི་རྫས་རྣམ་ལྔས། །འཕགས་པ་མཆོད་ཅིང་རང་གིས་བཟའ། །དེས་ནི་དྲོད་ལ་གནས་པར་འགྱུར། །དྲོད་ཐོབ་གྱུར་པ་ཕན་ཆད་ནི། །ལོ་ཡི་སྐད་ཅིག་ཐང་ཅིག་གིས། །ཏིང་འཛིན་ཟས་ཀྱི་རོ་རྙེད་ནས། །ཁམ་གྱི་ཟས་དང་ བྲལ་བར་འགྱུར། །དྲོད་ཆེན་རྣམ་གསུམ་རྫོགས་ནས་ནི། །རྟགས་ཆེན་དག་ནི་ཐོབ་པར་འགྱུར། །རྟགས་ཀྱི་ཆོ་འཕྲུལ་འབྱུང་བ་ནི། །རིན་ཆེན་ཕུང་པོ་འདོད་པ་ན། །ས་རྡོ་ལ་སོགས་བྱས་ན་འགྲུབ། །ཆུ་དང་མཁའ་ལ་འགྲོ་འདོད་ན། །བརྩམས་པས་མི་འབྱིང་ཐོགས་མེད་ འགྲོ། །མེ་ཡི་ཕུང་པོ་འཇིལ་འདོད་ན། །སྡིགས་པའི་མཛུབ་མོ་ཕྱར་ནས་ཀྱང་། །བདེན་པའི་བསྒོ་བ་བྱས་པས་འགྲུབ། །དེ་ལ་སོགས་པ་ཐམས་ཅད་ནུས། །རྟགས་ཐོབ་ཕན་ཆད་སངས་རྒྱས་ཡིན། །ཞེས་གསུངས་སོ། །གསང་ཆེན་ཐུགས་ཀྱི་སྒྲུབ་པ་ བཤད་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་རྒྱུད་ལས་བཀའ་གསང་འཁོར་ལོའི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་དེ་རྡོ་རྗེ་མེ་ཀློང་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ སོ། །དེ་ནས་འདུས་པའི་ཚོགས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མེའི་རང་བཞིན་དུ་སྣང་བར་མཐོང་ངོ་། །དེ་ནས་འཁོར་རྣམས་ཀྱིས་ཤིན་ཏུ་བསྟོད་པ། །ཨེ་མའོ་སེམས་དཔའ་ཆེ་བ་ཆེ། །ཏིང་འཛིན་ཆེན་པོ་སྣང་བ་ཆེ། །ཆོ་འཕྲུལ་ཆེན་པོ་སྣ་ཚོགས་ཆེ། །ཐབས་མཆོག་ཁྱོད་ ལ་ཕྱག་འཚལ་ལོ། །ཆོས་ཀུན་མེ་ཀློང་བཞིན་དུ་སྣང་། །མེ་ཉིད་ཡེ་ཤེས་གསལ་བའི་ཀློང་། །འབར་འཕྲོ་གསལ་བར་གྱུར་པས་ནི། །མུན་བསལ་དངོས་པོ་ཐམས་ཅད་བསྲེགས། །བདེ་ཆེན་དབྱིངས་སུ་ཀུན་རྫོགས་པར། །དཔའ་བོ་ཁྱོད་ཀྱིས་མཛད་པ་ལགས། ། ཐུགས་རྗེ་ཆེན་པོ་ཨ་ལ་ལ། །དོན་གྲུབ་ཆེན་པོ་ཨ་ལ་ལ། །སྒེག་པ་ཆེན་པོ་ཨ་ལ་ལ། །འཇིགས་བྱེད་ཆེན་པོ་ཨ་ལ་ལ། །དགྱེས་པ་ཆེན་པོ་ཨ་ལ་ལ། །དྲེགས་པ་ཆེན་པོ་ཨ་ལ་ལ། །དཔའ་བོ་ཁྱོད་ཀྱི་བྱིན་བརླབས་ཀྱིས། །བདག་ཅག་རྣམས་ལ་བཤད་ པ་ཤོད། །མེ་ཡི་རང་བཞིན་ཆེན་པོ་དག །བདག་ཅག་རྣམས་ལ་བཤད་པར་གསོལ། །ཞེས་གསོལ་བ་བཏབ་པ་ལས། །སེམས་དཔའི་རྡོ་རྗེས་དགྱེས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །རྡོ་རྗེ་མེ་ཡི་རང་བཞིན་དག །བཤད་ཀྱིས་ ཁྱེད་རྣམས་གུས་པར་ཉོན། །རྡོ་རྗེ་མེ་ཡི་ལས་མཆོག་འདིས། །རྣལ་འབྱོར་ཐབས་སུ་བདེ་སྦྱར་བས། །རྒྱལ་བ་ཀུན་མཉེས་ཀུན་བསྲེག་སྐོངས། །དོན་གྲུབ་ལས་ཀྱི་མཆོག་ཏུ་བཤད། །སྐྱེ་མེད་རྣམ་དག་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བའི་ཡམ་ཤིང་ལ། །སྤྲོས་མེད་བྱང་ ཆུབ་ཡེ་ཤེས་མེས། །མཚན་མའི་བག་ཆགས་བསྲེགས་སྦྱངས་ཐིམ། །རྣམ་དག་བྷ་གའི་ཧོམ་ཁུང་དུ། །ཆགས་པའི་ཡམ་ཤིང་སྤུངས་པ་ལ། །བདེ་ཆེན་བྱང་ཆུབ་མེ་སྦར་ཏེ། །འཁོར་བའི་དངོས་པོ་བསྲེགས་སྦྱངས་ཐིམ། །དཔལ་ཆེན་ཞལ་གྱི་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་ཏེ། །གཟུང་འཛིན་རྫས་རྣམས་བསྲེགས་སྦྱངས་ཐིམ། །སྣང་སྲིད་ནམ་མཁའི་ཧོམ་ཁུང་དུ། །འབྱུང་བ་བཞི་ཡི་ཡམ་ཤིང་ལ། །ཕྱག་རྒྱའི་ཚོགས་ཀྱི་མེ་སྦར་ཏེ། །སྣང་སྲིད་དངོས་པོ་བསྲེགས་སྦྱངས་ཐིམ། །ལས་བཞི་སོ་སོའི་ ཁྱད་པར་གྱིས། །ཕྱོགས་དང་ཁ་དོག་དབྱིབས་དང་རྫས། །ཇི་ལྟར་ཡིན་པ་དེ་ལྟར་སྦྱར། །ཤར་ལྷོ་ནུབ་བྱང་དཀར་སེར་དམར། །མཐིང་ག་ནག་པོ་ཐལ་མདོག་སྦྱར། །ཟླུམ་པོ་པདྨ་ལེའུ་ཙེ་ཞི། །འཁོར་ལོ་གྲུ་བཞི་ཟུར་བརྒྱད་རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་། ། གྲུ་གསུམ་བྷ་ག་ཁ་མངོན་སྦྱོར། །སུམ་བརྩེགས་མདངས་དང་རི་མོར་མཛེས། །ལས་ཀྱི་ཡམ་ཤིང་རྫས་ཀྱིས་རྒྱས། །ཡེ་ཤེས་རྡོ་རྗེའི་ལས་རྒྱུད་ལྡན། །བླ་མ་གསུམ་གྱིས་ཐབས་མཆོག་སྦྱར། །དག་པའི་མཐའ་འཛིན་ཉེས་མཆོག་འཛིན། །རྡོ་རྗེ་གསང་བའི་གླུ་བྲོ་ གར། །མཆོད་པ་གསང་བ་དུས་ཚིགས་སྦྱོར། །རྡོ་རྗེ་ལམ་གྱི་སྨོན་ལམ་སྦྱར། །གསང་བ་ལས་ཀྱི་རྒྱུད་ལྡན་པས། །བཤར་གདབ་ཞི་བའི་ལྷ་རྒྱུད་དང་། །རྒྱས་དང་དབང་བཤར་རྒྱུད་བཤར་བས། །ལྷ་དང་སྔགས་དང་ཕྱག་རྒྱ་དང་། །དེ་བཞིན་རྒྱུད་དང་འབྱོར་པར་བྱ། ། རིགས་ཀྱི་ལྷ་རྒྱུད་ལྔ་རྣམས་ནི། །སོ་སོའི་རིགས་སུ་བཤར་བཏབ་སྟེ། །ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བ་ཡིས། །སྦྱང་དང་ཐོབ་ཕྱིར་བསྲེག་བྱར་འོས། །བསྲེག་རྫས་སྐྱེ་བའི་ཆོས་ཡིན་ཏེ། །སྐྱེ་བར་སྣང་བའི་ཆོས་ཐམས་ཅད། ། འདིར་ནི་དངོས་པོ་བཞིན་སྣང་སྟེ། །ཆོས་ཅན་རྐྱེན་དང་འབྱུང་ནས་དང་། །རང་བཞིན་ཉིད་ལས་ཆོ་འཕྲུལ་ནི། །སྐྱེ་བ་ཉིད་དུ་འདོད་པ་ཡིན། །འདི་ནི་སྐྱེ་བའི་ཆོས་ཅན་ཏེ། །རང་བྱུང་སྲེག་རྫས་རང་ཞིར་ཐིམ། །ཉོན་མོངས་ལྔ་ཡི་དམ་རྫས་དག །ཡེ་ཤེས་ལྔ་ཡི་ཀློང་དུ་ དབུལ། །ལུང་བོ་ལྔ་ཡི་དམ་རྫས་རྣམས། །ཐབས་མཆོག་ཡབ་ལྔའི་སྐུ་ལ་བསྟིམ། །འབྱུང་ལྔས་བསྡུས་པའི་བསྲེག་རྫས་རྣམས། །ཤེས་རབ་ཡུམ་ལྔའི་ཀློང་དུ་བསྟབས། །རྣམ་ཤེས་བརྒྱད་ཀྱི་བསྲེག་རྫས་རྣམས། །ཡེ་ཤེས་གནས་ཀྱི་མ་བརྒྱད་དོ། ། ཡུལ་གྱི་གཡེང་བ་རྣམ་པ་བརྒྱད། །དམིགས་མེད་དབྱིངས་ཀྱི་བྱེ་བྲག་བརྒྱད། །སྐྱེ་བཞི་ལས་ཀྱི་བསྲེག་རྫས་རྣམས། །རྣམ་ཐར་སྒོ་བཞིའི་ཀློང་དུ་ཐིམ། །ཐབས་མཆོག་ལ་སོགས་རྒྱ་མཚོའི་ཚོགས། །སོ་སོའི་ཡོན་ཏན་ཐམས་ཅད་དག །རྡོ་རྗེ་གླུ་ཡིས་བརྗོད་ནས་ཀྱང་། །དེ་ དག་མཉེས་པའི་མཆོད་པ་བརྩམ། །མཆོད་པ་ཐམས་ཅད་རྫོགས་པ་དང་། །སྒྲིབ་བྱང་མ་བྱང་དོན་ཆེན་རྣམས། །གྲུབ་དང་མ་གྲུབ་དོན་རྣམས་ནི། །མེ་ལ་མཁས་པས་བརྟག་པར་བྱ། །མེ་སྒྲ་གཉིས་དང་ཁ་དོག་གཉིས། །འབར་ཚུལ་གཉིས་དང་དབྱིབས་རྣམ་དྲུག །དེ་དག་ཡོངས་ སུ་ཤེས་པར་བྱ། །གལ་ཏེ་མཚན་མ་མི་སྡུག་ན། །བཀྲ་མི་ཤིས་པའི་རྟགས་ཡིན་པས། །བསྲེག་སྦྱང་ཆེན་པོ་རྒྱས་པར་བྱ། །དེ་ནས་འདོད་པའི་རྟགས་བྱུང་ན། །མེ་ལ་འདོད་པའི་དངོས་གྲུབ་རྣམས། །རྣམ་གསུམ་གང་ལྟར་གྲུབ་པ་བླང་། །རོ་ཡི་རྫས་རྣམས་བསྲེག་སྦྱངས་ནས། །རོ་ ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །བདུད་རྩི་ཞུན་ཆེན་ཁུ་བ་ཡིས། །རས་ལ་བྱུགས་པས་རོ་དཀྲིས་ཏེ། །རོ་ཡི་གནས་རྣམས་གང་ཡིན་པར། །སྔགས་ཀྱི་སྦྱོར་བ་ཀུན་བཀོད་ནས། །ཕྱག་རྒྱའི་མཚན་མས་གདབ་ པར་བྱ། །རྒྱལ་བའི་དཀྱིལ་འཁོར་གང་དག་ནི། །གཞུང་ཡིན་པ་ཡི་ཕྱག་རྒྱ་རྣམས། །དུ་འབྱུང་བ་དང་མཉམ་པ་ཡི། །སྡོང་བུའི་གྲངས་ཀྱང་དེ་ལྟར་བྱ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱི། །མ་ནོར་རྩ་བའི་སྙིང་པོ་དག །རས་ཆེན་དག་ལ་བྲིས་ཏེ་གདགས། །རོ་ཡི་སྦྱོར་བ་ རྫོགས་པ་དང་། །རོ་ཡི་ཕྱི་ཤུན་ཐམས་ཅད་ལ། །འཁོར་བའི་བག་ཆགས་ཀུན་བཀོད་དེ། །རས་སམ་ཤིང་ཤུན་ཤོག་ཤོག་ལ། །འཁོར་བའི་ས་བོན་ཐམས་ཅད་དགོད། །ཉོན་མོངས་ལྔ་དང་དུག་གསུམ་བཅས། །སྐྱེ་བའི་ལམ་ལ་རྒྱུད་དྲུག་རྣམས། །མིང་ངམ་ གཟུགས་སུ་བྱས་ནས་ནི། །གནས་གནས་དག་ཏུ་དགོད་པར་བྱ། །ཁམས་དང་སྐྱེ་མཆེད་ཕུང་པོ་ལྔ། །གཟུང་འཛིན་མིང་དུ་བཅས་པ་རྣམས། །བརྡ་ཡི་ཚུལ་དུ་བྲིས་ནས་ནི། །རོ་རྣམས་ཁྱད་པར་དགོད་པར་བྱ། །དེ་ནས་རོ་ཡི་ཕུང་པོ་དེ། །རྟེན་ནམ་གླེགས་སམ་སྟེགས་བུ་ཡི། ། སྟེང་དུ་མཁས་པས་གཞག་པར་བྱ། །ཐབ་ཀྱི་ཆོ་ག་བརྩམ་པ་ནི། །མཎྜལ་འཁོར་ཁྱུད་ཙམ་ཞིག་ལ། །དཀྱིལ་འཁོར་གང་དང་གང་ཡིན་པའི། །ཕྱག་རྒྱ་བཞུགས་པའི་ཕོ་བྲང་དག །ཐིག་གིས་ཡུལ་གཅད་སོ་སོར་བྱ། །དེ་ཡི་སྟེང་དུ་ཤིང་བརྩིགས་པ། །དབྱིབས་ ནི་གྲུ་བཞི་གཏམས་པ་ལ། །ཟུར་བཞི་ཀ་བ་བཞིས་བརྟན་བྱ། །སུམ་བརྩེགས་ཡང་ཐོག་བར་ཁང་བཅས། །མཐའ་མ་ཤིང་གིས་བརྫང་བར་བྱ། །བར་ཁང་དག་གི་གླེགས་མ་ལ། །རོ་ཡི་བཞིན་ཕྱོགས་ཤར་དུ་བསྟན། །རོ་ཡི་སྟེང་གི་ཁང་པ་ལ། །རས་སམ་ཤོག་ ཤོག་ལ་བྲིས་པའི། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བར་དགོད། །རོ་ཁང་གློ་སྐར་བཞི་ཕྱེ་ལ། །ཐུགས་རྗེ་གཟུངས་ཐག་བཞིས་བཏགས་ནས། །ཕྱོགས་བཞི་བླ་མ་བཞི་ལ་དབུལ། །ཤིང་གི་ཆོ་ག་རྫོགས་པ་དང་། །ཤིང་གི་ཕྱི་མཐའ་སྟེགས་བུ་ལ། །ཕྱག་ རྒྱའི་ལྷ་རྣམས་རིམ་པར་དགོད། །སྟེགས་བུ་རྫོགས་པར་གྱུར་པ་དང་། །རྡོ་རྗེ་ལས་ཀྱི་སྐོས་གདབ་པ། །རྡོ་རྗེ་རྒྱལ་པོ་བླ་མ་ལ། །འཁོར་བ་བསྲེག་པའི་མངའ་གསོལ་ཏེ། །ཏིང་འཛིན་ཡེ་ཤེས་རྩེ་གཅིག་པས། །མེ་ཡི་འདུ་འཕྲོ་རྒྱུན་དུ་བྱ། །རྡོ་རྗེ་ལས་ཀྱི་ཀརྨ་ལ། ། ལས་རྣམས་རྫོགས་པའི་མངའ་གསོལ་ཏེ། །ལས་ཀྱི་ཕྲེང་བ་རྫོགས་པར་བྱ། །རྡོ་རྗེ་ཆེན་པོའི་བླ་མ་ཞིག །རོ་ཡི་ཉེས་པའི་མཐའ་བཟུང་ནས། །ལས་ཀྱི་བསགས་པ་བགྲང་ཞིང་བཤགས། །རྡོ་རྗེ་སྐབས་སྦྱོར་བླ་མ་ཡིས། །བདུད་རྩི་སྐབས་ཀྱི་མཆོད་པ་སྦྲེང་། །རྡོ་རྗེ་ བྲོ་གར་གླུ་ཚིག་གིས། །སྐབས་ཀྱི་གླུ་གར་མཆོད་པ་དག །རོལ་མོས་དྲངས་ཏེ་དབུལ་བར་བྱ། །རྡོ་རྗེ་གནས་ཀྱི་སྨོན་ལམ་ནི། །སྐབས་དང་ལས་ཀྱི་མཇུག་ཏུ་གདབ། །རྡོ་རྗེ་ལས་ཀྱི་ལྟང་འཛིན་པས། །རྩ་བརྒྱད་ལས་ཀྱིས་གྲངས་བཟུང་སྟེ། །དཀར་བྱང་བླ་མའི་ཕྱག་ ཏུ་དབུལ། །རོ་ཡི་ལས་ངན་ལྟང་འཛིན་པས། །གྲངས་མེད་གྲངས་སུ་བཟུང་ནས་ནི། །མཚན་མ་ནག་པོའི་བྱང་བུ་དག །ཡེ་ཤེས་མེ་ཡི་ཀློང་དུ་བསྲེག །མེ་ཡིས་སྦྱོར་བའི་ཆོ་ག་བྱ། །མེ་ཡི་ལྷ་ནི་གང་ཡིན་པ། །མེ་ཡི་སངས་རྒྱས་སྣང་མཐའ་ཡས། །མེ་ཡི་ལྷ་མོ་གོས་ དཀར་མ། །རྒྱལ་བ་ཀུན་གྱི་འོད་མཆོག་སྟེ། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །ཐམས་ཅད་ཀུན་གྱི་དྲོད་བདག་ཡིན། །སྲིད་གསུམ་སྲེག་པར་ཞལ་གྱིས་འཆེས། །འཁོར་བའི་སྲེག་པའི་ཕྲིན་ལས་ལ། །ཐུགས་དམ་དབང་གིས་ཡོང་མི་འདའ། །མེ་ཡི་ཆོ་ག་ཐམས་ཅད་ནི། །ཡུམ་ཆེན་ དཀར་མོ་ཉིད་ལ་བསྒོ། །དེ་ནས་ཆོ་ག་ཀུན་རྫོགས་ནས། །རོ་ཡི་སྒྲིབ་པ་བྱང་མ་བྱང་། །མེ་ཡི་དངོས་གྲུབ་ཐོབ་མི་ཐོབ། །མེ་ལས་མཁས་པས་གོང་བཞིན་བརྟག །མཚན་མ་མི་སྡུག་བྱུང་བ་ན། །བསྲེག་སྦྱང་ཆོ་ག་རྒྱ་ཆེར་བྱ། །གལ་ཏེ་མགུ་ན་དངོས་གྲུབ་ཐོབ། །རོ་ཡི་ཐལ་བ་ཆེན་པོ་ལ། །བཏགས་ ནས་ཐལ་བའི་བདུད་རྩིར་བསྒྲུབ། །དེས་ནི་བསོད་ནམས་ཆེན་པོ་ནི། །དཔག་ཏུ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་མེའི་ཆོ་ག་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་ དེས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་རྡོ་རྗེ་སྔགས་ཀྱི་ཚིག་འདི་གསུངས་སོ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཙཎྜ། སརྦ་དུཥྚཱཾ་སྃ་ཤྲཱི་ཧཾ་རུ་ཀཱཾ་ཏ་ཀ་ཧ་ན་བ་ཙ་ཧཱུྃ་ཧཱུྃ། ས་ས་ས་ས་ས་མ་ཡ་ས་ནུ་ནེ། ས་ནོ་རྦ་ར། བཛྲ་གརྦྷ། རཏྣ་གརྦྷ། པདྨ་གརྦྷ། ཀརྨ་གརྦྷ། མཻ་ཏྲི་གརྦྷ། ཀཱ་རུ་ཎ་གརྦྷ། ལོ་ཀ་གརྦྷ། བི་དུ་མ་གརྦྷ། ཡཀྵ། རཱ་ཀྵ་ས། བི་ཤྭ། ཏེ་ཤྭ། ཀེ་ཤྭ། བ་ཤྭ། བི་ཤྭ། ཏྲ་ཀྴྭ། ཧྲི་ཤྭ། ཀ་ཤྭ། པཀྴ། རུ་ཏི། རཀྟི། ཁཱ་ཧི། ས་ཧ། ས་ས་ས་ས་ས་ས་ས། ས་ས་ས་ས་ས་ས་ས། ས་ས་ས་ས་ས་ས་ས། ས་ས་ས་ས་ས་ས་ས། རྦ་རྦ་རྦ་རྦ་རྦ་རྦ་རྦ། རྦ་རྦ་རྦ་རྦ་རྦ་རྦ་རྦ། རྦ་རྦ་རྦ་རྦ་རྦ་རྦ་རྦ། རྦ་རྦ་རྦ་རྦ་རྦ་རྦ་རྦ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ། ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ། ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ། ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ་ཐཱ། ག་ག་ག་ག་ག་ག་ག། ག་ག་ག་ག་ག་ག་ག། ག་ག་ག་ག་ག་ག་ག། ག་ག་ག་ག་ག་ག་ག། ཏ་ཏ་ཏ་ ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། ཏ་ཏ་ཏ་ཏ་ཏ་ཏ་ཏ། མ་མ་མ་མ་མ་མ་མ། མ་མ་མ་མ་མ་མ་མ། མ་མ་མ་མ་མ་མ་མ། མ་མ་མ་མ་མ་མ་མ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ ཤྲཱི་ཤྲཱི་ཤྲཱི། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི། ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི་ཤྲཱི། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། རུ་རུ་རུ་རུ་རུ་རུ་རུ། རུ་རུ་རུ་རུ་རུ་རུ་རུ། རུ་རུ་རུ་རུ་རུ་རུ་རུ། རུ་རུ་རུ་རུ་རུ་རུ་རུ། ཀ་ཀ་ཀ་ཀ་ཀ་ཀ་ཀ། ཀ་ཀ་ཀ་ཀ་ཀ་ཀ་ཀ། ཀ་ཀ་ཀ་ཀ་ཀ་ཀ་ཀ། ཀ་ཀ་ཀ་ཀ་ཀ་ཀ་ཀ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ། ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ། ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ། ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ་ཤྭ། རི་རི་རི་རི་རི་རི་རི། རི་རི་རི་རི་རི་རི་རི། རི་རི་རི་རི་རི་རི་རི། རི་རི་རི་རི་རི་རི་རི། ཁ་ཁ་ཁ་ཁ་ཁ་ཁ་ཁ། ཁ་ཁ་ཁ་ཁ་ཁ་ཁ་ཁ། ཁ་ ཁ་ཁ་ཁ་ཁ་ཁ་ཁ། ཁ་ཁ་ཁ་ཁ་ཁ་ཁ་ཁ། མུྃ་མུྃ་མུྃ་མུྃ་མུྃ་མུྃ་མུྃ། མུྃ་མུྃ་མུྃ་མུྃ་མུྃ་མུྃ་མུྃ། མུྃ་མུྃ་མུྃ་མུྃ་མུྃ་མུྃ་མུྃ། མུྃ་མུྃ་མུྃ་མུྃ་མུྃ་མུྃ་མུྃ། བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། གཽ་རཱི། ཙཽ་རཱི། བྲ་མོ་ཧཱ། བེ་ཏཱ་ལཱི། གྷ་སྨ་རཱི། པུཀྐ་སཱི། སྨ་ཤཱ་ནཱི། ཙཎྜ་ལཱི། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། སིདྷ། བྱཱ་གྷྲྀ། སྲིཾ་ག་ལ། ཤྭ་ན། ཀྲྀཌྷ། ཀཱངྐ། ཁ་ག །ཨཱུ་ལུ། མུ་མུ་མུ་མུ་མུ་མུ་མུ་མུ། ཁ་ཁ་ཁ་ཁ་ཁ་ཁ་ཁ་ཁ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ། ཕཊ་ཕཊ་ཕཊ་ཕཊ། ཛཿཧཱུྃ་བྃ་ཧོཿ། ཨཱརྱ་ཏེ་ཙ་ཏེ་ད་ཛཿ། པཱ་ཤྃ་ཧཱུྃ། ལོ་ཀ་བྃ། བྷསྨི་ཡ་ཏི་ཧོཿ། བ་བ་བ་བ་བ་བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ཛྲ་ ཛྲ་ཛྲ་ཛྲ་ཛྲ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། མཎ་མཎ་མཎ་མཎ་མཎ། ཌ་ཌ་ཌ་ཌ་ཌ། ལ་ལ་ལ་ལ་ལ། ཨེ་གརྦྷ། ཡྃ་ཀརྨ། ར་རཀྟ། བྃ་སྣིགྦྷ། རྃ་ཛྭ་ལ། ཀེྃ་རུ་དྷིཿ། བྷྲཱུྃ་ཛྙཱ་ན། པྃ་བདྡྷ། ཧ་ཀ་པཱ་ལ། ཛྙཱ་ན་པར་རྃ། བུདྡྷ་ཀཱ་ཡ། མ་ཧཱ་ཝ་ཀ། བཛྲ་ ཙིཏྟ། ཛཿཧཱུྃ་བྃ་ཧོཿ ཨེ་ཧྱེ་ཧི། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཛཿཛཿ བཛྲ་ས་མ་ཡ་མུ་དྲ་ཧཱུྃ་ཨཱཿ བཛྲ་ཤྲཱི་ཧེ་རུ་ཀ། ཏིཥྛ་ས་མ་ཡ་ལྷན། མ་ཧཱ་ཤྲཱི་ཧེ་རུ་ཀ་ཧ་ཧ་ཧ་མ། ས་མ་ཡ་ཧོཿཕཊ། བཛྲ་ཨཱར་ལི་ཕཊ། ཨ་ཏི་པུ་ཧོཿ། པྲ་ཏི་པུ་ཧོཿ། ཨི་དྷྃ་པུཥྤ་དྷུ་པ། བ་ལི། ཏི་ཛ་ཧོཿ། ཁ་རྃ་ཁ་ཧི། མ་ཧ་རཀྟ། རུ་དྷི་ སྣིགྡྷ། པཉྩ་ཨ་མྲྀ་ཏ། ཙིཏྟ། བཱ་སུ་ཏ། གོ་རོ་ཙ་ན། ཌཱ་ཀི་ནཱ། ཡོ་གི་ནི། མ་ཧཱ་ཙིཏྟ། ཁ་རྃ་ཁཱ་ཧི། ཁ་ཁ་ལེ། ཤ་ཏ་པ་ཁཱ་ཧི། ཨ་ལ་ལ་ཧོ། ས་མ་ཡ་ཧོཿ ཨི་ད་ན་དེ་ནཱ་ར་ཀཱ་ན། ཨུ་ཙི་ར་ས་མ་ཡ་ཕཊ། བཛྲ་ས་མ་ཡ་ཨ་བེ་ཤ་ཨཱཿཨཱཿ། ཞེས་གསུངས་པས་ལས་ཀྱི་འབར་ བའི་ཆོ་ག་ཞེས་ཐམས་ཅད་ཤིན་ཏུ་འབར་ཞིང་རྒྱས་པར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་གསང་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་སྒྱུར་བ་ཕྱག་རྒྱའི་ལེའུ་འདི་རྒྱ་ཆེར་གསུངས་སོ། ། རྣལ་འབྱོར་མཆོག་གི་ལག་གཉིས་ལ། །ཉི་ཟླ་འབར་བའི་ལིངྒར་ནི། །ཨ་དང་པདྨ་གཉིས་གསལ་ཏེ། །ཐབས་དང་ཤེས་རབ་གཉིས་མེད་སྦྱར། །མཉམ་པའི་ཚུལ་གྱིས་གནས་པ་ལ། །མེ་ཡི་སྟེང་དུ་ཨ་ཉིད་གཞག །བྱ་བ་ཐམས་ཅད་བྲལ་བའི་རྒྱ། །ཨ་དང་མ་ཡི་འབྲུ་བཅུ་རྣམས། ། འཕྲོ་འདུ་བྱ་ཞིང་ཀུན་དུ་བསྒྱུར། །གཡས་སུ་འཁྱིལ་ཅིང་གཡོན་དུ་འཁྱུད། །འདི་ནི་ཆོ་འཕྲུལ་འབྱུང་བའི་རྒྱ། །ཨ་དང་མ་ཡི་འབྲུ་རྣམས་བཅུ། །སོ་སོར་བཅངས་ཏེ་མྱུ་གུར་བྱ། །ཤིན་ཏུ་བསྟོད་དེ་ཀུན་དུ་བསྒྱུར། །འདི་ནི་སྙིང་པོར་གྱུར་པའི་རྒྱུ། །མ་ཡིས་སྦྱིན་པ་གཏོང་ཚུལ་ལ། །ཨ་ ཡིས་ཐམས་ཅད་སྐྱོབ་བྱེད་པ། །འདི་ནི་ཚད་མེད་ཆེན་པོའོ། །ཀུན་ལ་སྙོམས་པའི་ཕྱག་རྒྱ་ཡིན། །མ་ཉིད་ཁྲག་འཕྲོག་པ་ཡི་སྣོད། །ཨ་ཉིད་སོ་ཕྲེང་མཆེ་བར་སྦྱར། །འདི་ནི་ཐམས་ཅད་རོལ་པ་ཡི། །འཇིགས་ཚུལ་སྟོན་པའི་ཕྱག་རྒྱ་ཡིན། །ཨ་དང་མ་གཉིས་གཏིང་སྦྱར་ཏེ། །སོ་ཕྲེང་མཆེ་ བའི་ཚུལ་གྱིས་ནི། །ཤིན་ཏུ་ཁ་གླལ་བ་ཡི་ཚུལ། །འདི་ནི་འཇིགས་བྱེད་ཆེན་པོའི་རྒྱ། །མ་ཡིས་བཟུང་སྟེ་འཐེན་ནས་ནི། །ཨ་ཡིས་གདེངས་ཤིང་འཇོམས་བྱེད་པ། །འཇོམས་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །མ་དང་ཨ་ཡིས་མགོ་མཇུག་ནས། །བཟུང་བའི་ཚུལ་དུ་བྱས་ནས་ནི། །ཁ་ ཡིས་འདྲང་ཅིང་འཐེན་བྱེད་པ། །ཟ་བྱེད་ཆེན་པོའི་ཕྱག་རྒྱ་ཡིན། །ཨ་དང་མ་ཡི་ཤེས་རབ་ལས། །གཡས་གཡོན་ཚུལ་གྱིས་བསྒྱུར་བྱས་ཏེ། །སོ་སོ་ཇི་ལྟར་ཡིན་ཐབས་སྦྱར། །གནས་དང་ཡུལ་གྱི་གཏན་ཚིགས་སུ། །བསྒྱུར་བ་གར་གྱི་ཕྱག་རྒྱར་བཤད། །དབའ་བོ་གདན་ ལ་བཞེངས་ནས་ནི། །ཕྱོགས་མཚམས་ཀུན་དུ་བལྟས་བྱས་ནས། །ཤིན་ཏུ་འགྱིང་ཞིང་བརྗིད་པར་བྱེད། །ཨ་དང་མ་ཡི་འབྲུ་རྣམས་ནི། །སོ་སོར་བརྡབས་ནས་དཀུར་བརྟེན་བྱ། །འགྱིང་བའི་ཚུལ་གྱིས་སྤྱད་བྱས་ནས། །སྟག་གི་སྟབས་ཀྱིས་ཀུན་དུ་བསྐོར། །དེ་ནས་རྨུན་བྱ་སྟབས་ཀྱིས་ ནི། །གོང་མ་བཞིན་དུ་བསྐོར་བར་བྱ། །དེ་བཞིན་རུས་སྦལ་གཟིག་དང་སྟག །སྤྱང་ཀི་སེང་གེ་དོམ་སྟབས་དང་། །ཕག་ཆེན་དྲེད་ཀྱི་སྟབས་ཀྱིས་ནི། །ཐམས་ཅད་ཐམས་ཅད་བསྐོར་བར་བྱ། །དེ་བཞིན་འདབ་ཆགས་ཐམས་ཅད་ཀྱིས། །འཇོ་ཚུལ་སྟབས་རྣམས་རྫོགས་བྱས་ནས། ། དཀྱིལ་འཁོར་ཐམས་ཅད་རྫོགས་པར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྒྱུར་བ་ཕྱག་རྒྱའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་མཆོད་པ་དམ་པ་གསང་བའི་ལེའུ་འདི་གསུངས་སོ། །ཧཱུྃ་ འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་ཡི་མཛོད། །ནམ་མཁའ་ལས་ནི་འདོད་པ་འབྱུང་། །འདོད་པའི་མཆོད་པ་འབྱུང་གྱུར་ཅིག །ཟླ་རྒྱས་ལ་སོགས་སྙིང་པོ་མཆོག །མཾ་ས་ལ་སོགས་རྣམ་ལྔའི་རྫས། །མེ་ཏོག་ལ་སོགས་ཙནྡན་ཕྲེང་། །སྣ་ཚོགས་མཆོད་པ་འབྱུང་གྱུར་ ཅིག །མི་མོ་རྣམས་ཀྱི་རེག་བྱ་མཆོག །འཁྲིལ་འཁྱུད་སྒྱུར་བའི་གཟུངས་ཆེན་མ། །དབང་པོ་སྦྱོར་བའི་དགྱེས་མཆོད་དེ། །བདེ་བའི་མཆོད་པས་ཚིམ་གྱུར་ཅིག །རྡོ་རྗེ་རོལ་པས་ཚོགས་མཆོག་འདི། །མཆོད་སྤྲིན་ཀུན་དུ་རྒྱས་གྱུར་ཅིག །དུག་གསུམ་བརྩིགས་པའི་རི་བོ་འདི། །སྐུ་ གསུང་ཐུགས་ཀྱི་ཀློང་དུ་བསྟབས། །དུག་ལྔ་རོལ་པའི་ཚོགས་མཆོག་འདི། །ཡེ་ཤེས་ལྔ་ཡི་ནང་དུ་ཐིམ། །གཟུང་འཛིན་རྟོག་པའི་མཚན་མ་འདི། །དབྱིངས་དང་ཡེ་ཤེས་ཀློང་དུ་ཐིམ། །འཁོར་བ་མཚན་མའི་ཆོས་ཅན་འདི། །ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ། །ཕུང་པོ་ཚོགས་ཀྱི་ཡན་ ལག་འདི། །རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ། །འབྱུང་ཆེན་རྒྱུ་ཡི་མཚན་མ་འདི། །མཁའ་ཀློང་འབར་བ་ལྔ་རུ་ཐིམ། །རོལ་པ་ཆེན་པོ་མཆོད་སྦྱིན་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ། །བླ་མེད་སྟན་འགན་མཆོད་པ་འདི། །སྔོན་ཆད་རྒྱལ་བས་བགྲོད་པའི་ལམ། །དུག་གསུམ་གཏིང་ ནས་གསོད་པའི་ཐབས། །སྔོན་གྱི་ཐུགས་དམ་བཞིན་དུ་བཞེས། །འཆི་མེད་བདུད་རྩི་གཡུང་དྲུང་ཆུ། །རོ་ཡི་ཁམས་རྣམས་སློང་བར་བྱེད། །དུག་གི་ཕུང་པོ་འཇོམས་བྱེད་པ། །རྩི་མཆོག་སྨན་གྱི་མཆོད་པར་བཞེས། །ཞེས་མཆོད་པའི་ཚོགས་རྣམས་ལིང་ལོང་ཕྱད་པར་བྱུང་ བས་རྒྱལ་བ་རྒྱ་མཚོ་ཚོགས་ལོངས་སྤྱོད་དེས་མཉེས་པར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་མཆོད་པ་དམ་པ་གསང་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་རྡོ་རྗེ་གླུའི་ལེའུ་འདི་གསུངས་སོ། །འདིར་ནི་རྡོ་རྗེ་རྣལ་ འབྱོར་རྣམས། །བསྙེན་པར་སྣང་བའི་དབང་ཐོབ་ནས། །བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་སྤྲོ། །ཡི་གེ་གླུ་ཡི་རྒྱན་ཡིན་ཏེ། །གླུ་ཡི་ཡི་གེ་བཅུ་དྲུག་ལས། །ཡི་གེ་ཡན་ལག་བསྒྱུར་བསྡེབས་ནས། །གླུ་ཡི་བྱེ་བྲག་བསམ་མི་ཁྱབ། །དང་པོར་གླུ་ཡི་དོན་བྱུང་བ། །ཨོཾ་གྱིས་གླུ་རྣམས་རབ་ཏུ་ འདྲེན། །ཨོྃ་ཡང་ཨ་ཡི་ཆོ་འཕྲུལ་ཏེ། །ཨ་ནི་ཆོས་ཀྱི་ཡི་གེ་ཡིན། །ཨ་ལས་ཨོྃ་བྱུང་རྒྱལ་བའི་ཐུགས། །རྒྱལ་བ་ཆོས་ཀྱི་དབྱིངས་ལས་བྱུང་། །ཨ་ལས་ཨཾ་བྱུང་གསུང་གི་མཆོག །གསུང་ལས་གླུ་ཡི་ཡན་ལག་འབྱུང་། །དབྱངས་ཀྱི་ཡན་ལག་དྲུག་ཅུར་གྲགས། །གླུ་ཡི་ཡོན་ཏན་ བསམ་མི་ཁྱབ། །སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ། །རིག་འཛིན་རྡོ་རྗེ་གླུ་ཡིས་འདྲེན། །རྣལ་འབྱོར་དབང་ཕྱུག་གླུ་ཡིས་འགྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་བསྟེན། །བདུད་དང་སྲིན་པོ་གླུ་ཡིས་འདུལ། །དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབེབས། །ཆོས་ཉིད་ དབྱིངས་ཀྱི་ཀློང་དཀྱིལ་ནས། །དཔལ་བེའུ་ཉི་མ་དགུ་ཤར་བས། །རྣམ་ཐར་སྒོ་བཞི་རབ་གསལ་ཡང་། །མ་རིག་མུན་གནག་འཐིབས་པ་ཡིས། །བསྒྲིབས་པར་རིག་པའི་སྒོ་མོ་བྱེ། །འཁོར་བའི་མུན་གནག་ཀློང་རུམ་ན། །བྱང་ཆུབ་སེམས་ཀྱི་ཟླ་ཤར་བས། །མུན་བསལ་རྣམ་ཐར་ སྒོ་བཞིར་སྣང་། །རིན་ཆེན་འབར་བའི་ཉི་མ་རྣམས། །དཔལ་ཆེན་ཐུགས་ནས་འོད་ཤར་བས། །བག་ཆགས་སྤྲིན་མཐོང་བྱེ་བ་རུ། །རྣལ་འབྱོར་ཐུགས་ཀར་ཟེར་བབ་པས། །མུན་བསལ་རིག་པའི་སྒོ་ཕྱེ་སྟེ། །རྣལ་འབྱོར་དོན་ལ་འཇུག་པར་བྱ། །རིག་པ་ཐུགས་ཀྱི་དཀྱིལ་ འཁོར་ནས། །རུ་ལུའི་འོད་ཟེར་སྒོ་ཕྱེ་བས། །སྤྲོས་པས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །སྲིད་པ་གསུམ་གྱི་བྱེ་བྲག་བྱེད། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས། །ཉོན་མོངས་རྒྱུ་དྲུག་གནས་ནས་སྒྲོལ། །དུག་གསུམ་རྩ་བ་རྩད་ནས་གཅོད། །བདུད་དང་སྲིན་པོ་གདུག་པ་འདུལ། ། བྱིན་བརླབས་དངོས་གྲུབ་ཆར་ལྟར་འབེབས། །ཇི་ལྟར་དབང་པོའི་སྒོ་ཕྱེ་ནས། །འཛུམ་མདངས་གསལ་བར་འབྱུང་བ་ལྟར། །དཔལ་བེའུ་ཐུགས་ཀྱི་སྒོ་ཕྱེ་བས། །རུ་ལུའི་འོད་ཟེར་ཡིག་འབྲུ་ཤར། །མཐིང་ནག་སེར་ནག་དམར་ནག་ལྗང་། །སྨུག་ནག་འབར་བའི་ཡིག་འབྲུ་རྣམས། ། ཡི་གེ་རིགས་ཀྱི་ཕྲེང་པར་དྲང་། །རྒྱངས་ཀྱིས་བསྐུལ་དང་དཀར་གྱིས་དབབ། །བསྟེན་ཀོས་ཉེ་བར་གྱུར་པ་ལ། །འཇིམ་གོས་མངོན་སུམ་གསལ་བར་བྱ། །འབིར་ཀྭས་གཉིས་སུ་མེད་པ་ལ། །འདྲེན་ཀོས་ཡི་གེའི་ཕྲེང་བ་དྲང་། །དེ་ཉིད་ལ་ནི་གླུ་དྲུག་སྟེ། །ཤ་ཏ་པ་དང་གར་ཏ་བ། །ཅང་ ཀ་དེའུ་དང་བང་ཀ་དེའུ། །བྲེང་ངེ་བ་དང་དུང་ངེ་བ། །གླུ་ཡི་ཡན་ལག་སུམ་བརྒྱས་ནི། །རྒྱལ་བ་མཉེས་པའི་མཆོག་ཏུ་འགྱུར། །གླུ་ཡི་རྒྱལ་པོ་འདི་དྲུག་གིས། །དོན་དྲུག་ཡོངས་སུ་རྫོགས་པར་འགྱུར། །ཤ་ཏ་པ་ཡི་