Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
ིག་ནི། །རིགས་ལྔ་སོ་སོར་དབྱེ་བ་ཡི། །རྡོ་རྗེ་སེམས་དཔའ་གླང་པོའི་ཤ། །རིན་པོ་ཆེ་ནི་རྟ་ཡི་ཤ། །པདྨ་རིགས་ནི་ཨ་རི་ཀ་ཡི་ཤ། །དོན་ཡོད་ནམ་མཁའ་ ལྡིང་གི་ཤ། །བདེར་གཤེགས་རིགས་ནི་ཤ་ཆེན་ནོ། །དབྱེ་བའམ་ཡང་ན་མི་དབྱེ་བར། ངེས་པར་དང་དུ་བླང་བའོ། །ཡང་ན་ཐམས་ཅད་གཅིག་ཏུ་བསྡུ། །ཡང་ན་མཚན་ཉིད་མེད་པར་བརྟག །ཏིང་འཛིན་ཕྱག་རྒྱའི་དམ་ཚིག་ནི། །བདེར་གཤེགས་དཀྱིལ་འཁོར་ མ་ལུས་ཀུན། །ཡེ་ནས་རང་བཞིན་གསལ་བ་ལ། །ཐམས་ཅད་ཀུན་ལ་ཡོད་པར་བཤད། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཉིད། །བླ་ན་མེད་པའི་མཆོག་ཡིན་ཏེ། །རྡོ་རྗེ་རིགས་མཆོག་ཐམས་ཅད་ཀྱིས། །བར་མ་ཆད་པར་རྟག་ཏུ་བསྒྲུབ། །བྱང་ཆུབ་ཤིང་ དྲུང་སྐྱེ་བར་འགྱུར། །བླ་མེད་བྱང་ཆུབ་མཆོག་ཀྱང་འགྲུབ། །སྐྱེ་འཆི་མེད་པའི་པད་འགྲུབ་སྟེ། །སེམས་ལ་དབང་ཡང་ཐོབ་པར་འགྱུར། །སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དམ་ཚིག་རྣམ་པར་སྤྲོས་པའི་ལེའུ་སྟེ་བདུན་ ཅུ་དྲུག་པའོ།། །།གང་ཞིག་དཀྱིལ་འཁོར་འདི་སྤངས་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུ་ཡང་ཆད། །རིགས་ཆད་ཉིད་དུ་སྐྱེ་བར་འགྱུར། །རྡོ་རྗེ་སེམས་དཔའ་བསྒྲུབ་འདོད་པས། ། རྟག་ཏུ་མཉམ་པའི་དོན་རྟོགས་ལ། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བར། །སྣང་ལ་རང་བཞིན་མེད་པར་བསྒོམ། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར། །གསལ་ལ་རང་བཞིན་མེད་པར་བསྒོམ། །ལྷ་ཡི་སྐུ་རྣམས་གསལ་བསྒོམས་ན། །བསོད་ནམས་ཚོགས་ ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །ཡི་དམ་ལྷ་དེ་སྤངས་བྱས་ན། །ངན་སོང་མི་བདེ་རྟག་ཏུ་མྱོང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པའི་དོན་ནི། སྔགས་དང་ ཕྱག་རྒྱ་བར་མི་གཅད། །རྣལ་འབྱོར་འགྲུབ་པའི་ལམ་ཡང་ཡིན། །མི་གཏོང་སྡོམ་ཞིང་འདྲེན་པའང་ཡིན། །དོན་མཆོག་རྫོགས་པའི་གནས་ཡིན་ཏེ། །རྟག་ཏུ་མཉམ་གཞག་ཕྱག་རྒྱ་ཡིན། །དུག་གསུམ་གཏིང་འབྱིན་སྔགས་ཡིན་ཏེ། །ཡང་དག་དོན་ཆེན་ཀླུང་འདོད་ པས། །དུས་མཚམས་མེད་པར་ཕྱག་རྒྱ་སྔགས། །ཡིད་བརྟན་དྲག་ཏུ་བཟླས་བརྗོད་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཕྱག་རྒྱ་བསྐྱོད་དང་ཡི་གེ་ཨོྃ། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ། བླ་མེད་དཀྱིལ་འཁོར་སྟོན་པ་པོ། །ཡོན་ཏན་ཟད་མེད་ སྦྱིན་པ་ཡིན། །བྱང་ཆུབ་ལམ་ཆེན་འདྲེན་མཛད་པ། །ཆགས་མེད་ཞིང་དུ་འགོད་པ་ཡིན། །ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་། །འཁོར་བའི་ལམ་རྣམས་སྟོངས་པར་བྱེད། །མ་རིག་མུན་སེལ་སྒྲོན་མ་ཡིན། །ལོང་བ་རྣམས་ཀྱི་དམིགས་བུ་མཁན། །དེ་ལ་རྟག་ཏུ་ མཆོད་བྱས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །རྡོ་རྗེ་མཆེད་དང་ལྕམ་དྲལ་གྱི་མཚན་ཉིད་བསྟན་པ། རྡོ་རྗེ་རིགས་ཀྱི་སྤུན་ཡིན་ཏེ། །ཐོག་མ་མེད་ནས་ལས་མཐུན་པས། །ལྟ་སྤྱོད་མཐུན་པས་འདིར་སྐྱེས་ཏེ། །གཅིག་ལ་གཅིག་ནི་མིག་དང་འདྲ། ། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ། །དམ་ཚིག་ངན་སེམས་དཔྱ་བྱས་ན། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །དེ་བས་དམ་ཚིག་འདའ་མ་བྱེད། །གསང་བའི་དམ་ཚིག་བསྟན་པ་ནི། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། །སྲིད་གསུམ་མ་ལུས་ཀུན་ལ་ཁྱབ། །ཕྱིན་ཅི་ ལོག་གིས་རབ་བསྒྲིབས་ནས། །དབུལ་པོ་གཏེར་དང་གྱད་ཀྱི་ནོར་བུ་འདྲ། །དེ་བས་རྡོ་རྗེ་གསང་མཆོག་འདི། །ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་ཤིན་ཏུ་གསང་། །ཐེག་པ་དམན་དང་ཕྱིན་ཅི་ལྡོག །དེ་ལ་ གསང་དོན་བསྟན་གྱུར་ན། །རང་བཞིན་གསང་དོན་མི་ཤེས་པར། །འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ། །ཤིན་ཏུ་ངེས་པའི་དོན་བཟུང་ནས། །གསང་དོན་དེ་ཉིད་ལོག་པར་ཁྲིད། །མ་རྟོགས་དེ་ཉིད་དམྱལ་བར་འཁོར། །དེ་བས་ཤིན་ཏུ་གསང་བར་བྱ། །ཐུགས་རྗེ་ཆེན་པོ་ དང་ལྡན་པས། །ཐར་ལམ་ཀུན་ལ་མཁས་པར་བྱ། །ཤེས་རབ་མཆོག་དང་ལྡན་པས་ན། །སེམས་ཅན་སྣོད་ཀྱི་རིམ་པ་བཞིན། །ཐེག་པ་མཐོ་དམན་དོན་ཉིད་ནི། །སོ་སོར་འཚམ་པར་བསྟན་དགོས་སོ། །དང་དུ་བླང་དང་མི་སྤང་བ། །རྣལ་འབྱོར་པས་ནི་རྟག་ཏུ་སྤྱད། །ཆགས་ པ་མེད་པར་གྱུར་པ་དང་། །དངོས་གྲུབ་ཡ་མཚན་ཆེན་པོ་ནི། །དམ་ཚིག་མདོ་བཤད་ནང་ནས་འབྱུང་། །མ་རྟོགས་པ་ཞེས་སྤྱད་གྱུར་ན། །ཡི་དགས་སྲིན་པོའི་ནང་དུ་སྐྱེ། །ཡང་ན་དམ་ཚིག་འདི་ལྟ་བུར། །ཇི་ལྟར་སྤྱད་ཀྱང་སྡོམ་པ་མི་འདའ་སྟེ། །བྱེད་སྤྱོད་ཚོགས་ཆེན་གཉིས་སུ་ འགྱུར། །འགྲོ་དང་ཉལ་དང་འདུག་པ་ན། །མཉམ་པ་དེ་ཡི་དབྱིངས་ན་གནས། །ཤེས་རབ་མཆོག་གིས་རྟག་ཏུ་གྱིས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བྱ་ལམ་ནམ་མཁའ་གཅོད་བཞིན་གྱིས། །འཛིན་ཆགས་མ་ལུས་ཐམས་ཅད་ཀུན། །མཁའ་ལ་རླུང་ཆེན་ འཕྲོ་བ་བཞིན། །ཡིད་ཀྱི་རྟོག་ཆགས་མ་ལུས་པ། །ཆུ་ལ་ཉ་ཆེན་འཕྱོ་བ་ལྟར། །རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས། །དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །ཚིག་ཙམ་མ་ཡིན་བློ་གཏིང་སྤོས། །རྡོ་རྗེ་ཐེག་མཆོག་ཁ་འཆེས་ལ། །མཉམ་པའི་དོན་ཉིད་མི་ཤེས་པར། ། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་། །ཐུགས་ཐུབ་དག་གིས་སྤྱད་བྱས་པ། །དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར། །མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་དང་རྟོགས་པ་གང་ཡང་མེད། །ཇི་ལ་མི་གནས་ཡུལ་ལ་སྤྱོད། །སྤྱོད་པར་བྱེད་དང་སྤྱོད་པ་ མེད། །དེ་ལྟར་རྟོགས་པའི་རིགས་མཆོག་ནི། །རྡོ་རྗེ་རིག་འཛིན་སྐྱེ་བ་ན། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཡོན་ཏན་མི་ཟད་གནས་པ་ཡིན། །མཉམ་པའི་དོན་ཉིད་མི་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་མེད་ལ། །ཆོས་དང་གང་ཟག་གཉིས་མེད་ན། ། འདི་ནི་བྱང་ཆུབ་ས་པ་ཡིན། །ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱིས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་། །སྤང་དང་མི་སྤོང་ བྱེད་འགྱུར་བ། །འདི་ནི་ཉན་ཐོས་ས་པ་ཡིན། །དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །འདོད་ཁམས་དག་ཏུ་འཁོར་བའི་ས། །མཉམ་པའི་དོན་ཉིད་མི་རྟོགས་ཤིང་། །ཚད་མེད་བཞི་དང་བསམ་གཏན་བཞི། ། རིམ་པར་སོ་སོར་བདག་འཛིན་ཅིང་། །གཟུགས་ཚོགས་དག་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །མཉམ་དང་གཟུགས་མེད་མ་རྟོགས་པར། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་འགྱུར་བས། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །ཐམས་ ཅད་མཉམ་པར་མ་ཤེས་ན། །མ་ལུས་ཀུན་ལ་ཞེ་སྡང་ཞིང་། །སྙིང་རྗེ་ཡང་དག་མེད་འགྱུར་ན། །འདི་ནི་མི་བཟད་ཆེན་པོ་ཡི། །དམྱལ་ཁམས་བཅུ་དྲུག་གནས་པ་ཡིན། །ཆགས་མེད་དངོས་པོ་མི་ཤེས་ནས། །ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་། །ལུས་ཀྱིས་བསྒྲིབས་ དང་ཟས་ཀྱིས་བསྒྲིབས། །ཡི་དགས་ཆེན་པོའི་གནས་སུ་སྐྱེ། །ང་དང་བདག་མེད་མི་ཤེས་ཤིང་། །ཆོས་རྣམས་ཀུན་ལ་རྨོངས་བྱས་པས། །ཤེས་རབ་མི་གསལ་དོན་མེད་པས། །དགེ་སྡིག་གཉིས་ཀྱི་དོན་མ་རྟོགས། །འདི་ནི་བྱོལ་སོང་གནས་སུ་སྐྱེ། །ཤིན་ ཏུ་ང་རྒྱལ་ཆེར་བསྐྱེད་ཅིང་། །ཐམས་ཅད་བདག་གིར་བཟུང་བས་ན། །ཀུན་དང་རྩོད་པའི་ལས་བྱེད་པ། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །ཐེག་མཆོག་མཐོ་དམན་ཐམས་ཅད་དང་། །འཇིག་རྟེན་ལྟ་བ་ཐམས་ཅད་ཀུན། །ཡེ་ཤེས་ཆེན་པོས་རབ་བརྟགས་ན། །རང་ བཞིན་མེད་ལ་ཅིར་ཡང་འགྲུབ། །རང་བཞིན་དབྱིངས་ལས་ཉམས་པ་མེད། །ཤེས་རབ་ཆེན་པོ་མིག་ལྡན་པས། །མཐོ་དམན་གནས་དང་ལམ་དྲུག་དང་། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །སོ་སོར་དེ་བཞིན་འཁོར་བར་གཟིགས། །སྔགས་མཆོག་བླ་ན་མེད་པས་ནི། །མཚན་མ་ཀུན་དང་མི་བརྟག་ པར། །མཚན་མ་ཀུན་དང་ཐམས་ཅད་མེད། །ཀུན་དང་མཉམ་པ་ཉིད་ཡིན་པས། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །སོ་སོར་ལྟ་བ་བརྗོད་མི་བྱ། །སྤྱི་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོའི་རྣམ་རྟོག་བག་ཆགས་ཀྱིས། །གཟུང་ འཛིན་དྲ་བས་བསྒྲིབས་འགྱུར་ཏེ། །ཅི་ཡང་མེད་ལ་ཅིར་ཡང་སྣང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ལྟར་རྟོགས་ན་བདེར་འགྲོའི་གནས། །རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས། །རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི། །ཅིར་ཡང་སྤྱོད་ཀྱང་རང་བཞིན་མེད། །མཁའ་ལ་བྱ་ ཆེན་ལྡིང་བ་བཞིན། །ཆུ་ལ་སྐྱར་ཆེན་འཕྱོ་བ་བཞིན། །མཁའ་ལ་རླུང་ཆེན་འགྲོ་བ་བཞིན། །རྣལ་འབྱོར་ལྟ་བ་དེ་ལྟར་བལྟ། །རྣལ་འབྱོར་སྤྱོད་པ་ཆེན་པོ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་བར་འགྱུར། །དེ་ལ་སུ་ཞིག་ཆགས་པར་ བྱེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །འདི་ནི་སྤྱོད་པ་རླབས་ཆེན་ཡིན། །ལྟ་སྤྱོད་ཡ་ཆར་མ་གྱུར་པར། །སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། །ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། ། སྤྱོད་པ་དག་དང་ཡོང་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པའི་ལྟ་བ་ཡོང་མི་ཤེས། །ཁ་ཅིག་ལྟ་སྤྱོད་གཉི་ག་མེད། །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པས། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །བླ་མེད་ཐེག་ ཆེན་ངང་གནས་ནི། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །ཀུན་རྫོབ་ཙམ་དུ་ཐམས་ཅད་ལ། །དག་དང་མ་དག་གཉི་གར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་འང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། ། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་ནོར་བདུན་ནོ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །མཉམ་པ་ཉིད་ལས་མ་གཡོས་བཞིན། །ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན། །ཐབས་དང་ཤེས་རབ་རྣམ་པར་དག །ཐམས་ཅད་དག་ ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །དམ་ཚིག་ཆེན་པོའི་མདོ་རྣམས་ལས། །རིགས་ལྔ་དག་ཏུ་བསྟན་པ་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རིགས་ཆེན་དག་ཏུ་ཟད་པར་འདུས། །མ་ལུས་ཆོས་ཀུན་ དབྱེར་མི་དམིགས། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །རིགས་ངན་འཇོམས་པས་རྡོ་རྗེ་ཡིན། །མི་དམིགས་དབྱིངས་ནས་ཀུན་འབྱུང་བ། །ཡོན་ཏན་ཆེན་པོ་གནས་ཡིན་ཏེ། །ཞིང་ཁམས་མི་བཟད་གནས་ཀྱང་ཡིན། །འདི་ནི་རིན་ཆེན་རིགས་སུ་གསུངས། ། ཆོས་རྣམས་ཐམས་ཅད་དབྱེར་མེད་པས། །ཆགས་དང་ཆགས་པར་བྱ་བ་མེད། །དེ་བཞིན་ཉིད་དུ་གཅིག་པ་སྟེ། །ཉེས་པས་མི་གོས་པདྨ་བཞིན། །ཐམས་ཅད་མ་ལུས་དབྱིངས་འདུས་པས། །འདི་ལ་བྱ་བར་ལ་ཙམ་མེད། །མ་བྱས་བཞིན་དུ་དོན་གྲུབ་པ། །སྐྱོན་ ཡོན་བྱང་ཆུབ་ཉིད་དུ་སྦྱོར། །འདི་ནི་ལས་རྣམས་གྲུབ་པ་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །མཐའ་དང་དབུས་མེད་དུ་མར་བྲལ། །གང་ཡང་མ་ཡིན་དེ་བཞིན་ཉིད། །དབྱེར་མེད་པ་ཡི་ཚུལ་རྟོགས་ཏེ། །འདི་ནི་དེ་བཞིན་གཤེགས་པའི་ རིགས། །སྣང་སྲིད་མ་ལུས་ཐམས་ཅད་ལ། །གསལ་ཞིང་དྲོ་བའི་གནས་བྱེད་ཅིང་། །མཚན་མ་བག་ཆགས་སྲེག་བྱེད་པ། །འདི་ནི་མེ་ཡི་རིགས་སུ་བཤད། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །དངོས་པོར་སྣང་ལ་གཟུང་དུ་མེད། །བསྐྱོད་ན་ ཐམས་ཅད་ཀུན་སྨྲ་སྟེ། །འདི་ནི་རླུང་ཆེན་ཡིན་པར་བཤད། །དམ་ཚིག་ཆེན་པོའི་མདོ་རྣམས་ལས། །འབྱུང་བ་ལྔ་རྣམས་བཤད་པ་ནི། །ཐམས་ཅད་མ་ལུས་འབྱུང་བའི་གནས། །ཐམས་ཅད་ཀུན་གྱི་མཛོད་སྐྱེད་ཡིན། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །སྲ་ཞིང་ བརྟན་པའི་གནས་ཡོད་པས། །དངོས་པོ་མེད་པའི་ཚུལ་རྟོགས་ཏེ། །འདི་ནི་ས་ཆེན་ཡིན་པར་བཤད། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །དེ་བཞིན་ནམ་མཁའ་ཆེན་པོ་ཡིས། །ཕྱི་དང་ནང་གི་གོ་འབྱེད་པའོ། །ཐམས་ཅད་གསལ་བའི་ངང་ཉིད་དེ། །འབྱུང་བ་བཞི་པོ་ ཐམས་ཅད་ཀྱང་། །ཐམས་ཅད་ནམ་མཁའི་ངང་དུ་ཐིམ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འུབ། །ཉོན་མོངས་ལྔ་པ་ཞེས་བྱ་བའི་དམ་ཚིག་ནི། མ་རིག་པ་ནི་རིག་པར་འགྱུར། །ཕྱིན་ཅི་ལོག་ནི་ཡང་དག་སྟེ། །ཉོན་མོངས་ལྔ་པོ་དེ་བཞིན་ གཤེགས། །དངོས་མེད་རྟོགས་ན་བྱང་ཆུབ་ལམ། །མ་རྟོགས་ངན་སོང་གསུམ་དུ་འགྲོ། །དེ་བས་ཐོས་བསམ་བསྒོམས་པ་ཡིས། །ཡང་དག་དོན་ཉིད་རྟོགས་བྱས་ཏེ། །ཐམས་ཅད་སངས་རྒྱས་ཉིད་དུ་སྦྱོར། །འདོད་ཆགས་རང་བཞིན་མེད་པས་ན། །ཡང་དག་དོན་ལ་ ཆགས་བྱེད་དེ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །མ་ཆགས་པ་ལ་ཆགས་པ་དང་། །ཤིན་ཏུ་ཆགས་མཆོག་ཆེན་པོ་ཡིན། །རྒྱལ་བའི་ཞིང་ཁམས་འབྱུང་འགྱུར་ཏེ། །སྣང་བ་མཐའ་ཡས་ཞིང་དག་ཡིན། །ཐམས་ཅད་པདྨ་བརྫུས་སྐྱེས་ཡིན། །རྡོ་རྗེ་འཛིན་གྱི་ ས་རུ་སྐྱེ། །ཞེ་སྡང་ཆེན་པོའི་མཚན་ཉིད་ནི། །ཕྱིན་ཅི་ལོག་ལ་ཞེ་སྡང་ཞིང་། །ཞེ་སྡང་དངོས་པོ་མེད་ཤེས་ན། །སྡང་དང་མི་སྡང་མཉམ་ཤེས་ཏེ། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །མཉམ་པ་ཆེན་པོའི་ངང་ཉིད་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་དེ། །དེ་ལྟར་མ་རྟོགས་ ཀུན་ལ་སྣང་། །དེ་བཞིན་ཕལ་གྱིས་མཉམ་མི་ཤེས། །དེས་ནི་ཞེ་སྡང་ཉིད་དུ་མཐོང་། །ཡང་དག་རྟོགས་པས་རབ་བརྟགས་ན། །ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན། །གཏི་མུག་རྨོངས་པ་ཞེས་བརྗོད་པས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དོན་དམ་དུ་ནི་དབྱེར་མེད་ལ། ། ཀུན་རྫོབ་སྒྱུ་མ་མིག་ཡོར་ཚུལ། །སྣང་བ་ཉིད་ན་དངོས་མེད་པས། །དེ་ལ་སུ་ཞིག་བདག་ཏུ་འཛིན། །ཐམས་ཅད་དབྱེར་མེད་མི་དམིགས་པ། །ཤེས་རབ་ཅན་གྱི་གཏི་མུག་ཡིན། །དེ་རྟོགས་དེ་བཞིན་གཤེགས་པའོ། །ང་རྒྱལ་མཚན་ཉིད་བརྗོད་པ་ནི། །མཉམ་པ་ཉིད་ལ་གནས་ བཅས་ནས། །ཕྱིན་ཅི་ལོག་དང་ཐེག་དམན་ལ། །ཤིན་ཏུ་ང་རྒྱལ་ཆེན་པོར་སྣང་། །ང་རྒྱལ་ཞི་བ་སོ་སོ་མིན། །རང་བཞིན་མེད་པས་དབྱིངས་སུ་འདུས། །འདི་ནི་ཡོན་ཏན་འབྱུང་གནས་ཡིན། །དེ་བཞིན་དག་པར་ཤེས་པར་བྱོས། །ཕྲག་དོག་མཚན་ཉིད་བརྗོད་པ་ནི། །ང་དང་ བདག་ཏུ་འཛིན་པ་སྟེ། །འཛིན་ཉིད་དངོས་པོ་ཡོད་མ་ཡིན། །མཉམ་མི་ཤེས་ལ་ཕྲག་དོག་ཅིང་། །ཐམས་ཅད་མཉམ་པ་ཉིད་དུ་འདུས། །མི་མཉམ་པ་ལ་ཤིན་ཏུ་སྡོམ། །དེ་བས་ཕྲག་དོག་ཆེན་པོ་ཡིན། །ཕྱིན་ཅི་ལོག་ཏུ་བདག་ཏུ་བཅིངས། །གཟུང་དང་འཛིན་པས་ཤིན་ ཏུ་དོག །གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དོག་ཡངས་མེད་དེ་ཐམས་ཅད་མཉམ། །དེ་ཉིད་ཤེས་པས་ལས་རབ་འགྲུབ། །ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་པོར་སྣང་བ་ཡང་། །ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད། །བདེ་བའི་ཡུལ་དང་མི་བདེའི་ཡུལ། ། སོ་སོའི་རོ་རྣམས་མྱོང་བྱེད་ཅིང་། །ལྔ་པོའི་མཚན་ཉིད་བཤིག་བྱས་ནས། །སོ་སོའི་མཚན་ཉིད་དངོས་པོ་མེད། །གང་གིས་དེ་ལ་དངོས་བཟུང་ན། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ལ་གཟུགས་ཀྱི་མཚན་ཉིད་ནི། །སྣང་བ་ཉིད་ནི་རང་བཞིན་མེད། །སྣང་མེད་དེ་ཉིད་ སྣ་ཚོགས་སྟོན། །སྣང་དང་མི་སྣང་གཉིས་སུ་མེད། །དེ་རྟོགས་རྣམ་པར་ཐར་པའི་གནས། །གཟུགས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ། །ཚོར་བའི་མཚན་ཉིད་བརྗོད་པ་ནི། །ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱི། །བདེ་དང་མི་བདེ་དངོས་པོ་མེད། །གཉི་ག་མ་ཡིན་ལུང་མ་ བསྟན། །སྣ་ཚོགས་ཚོར་བ་འབྱུང་འགྱུར་ཡང་། །ཚོར་དང་འབྱུང་བ་གཉི་ག་སྟོང་། །སྟོང་ཉིད་དངོས་པོ་ཡོད་མ་ཡིན། །དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན། །འདུ་ཤེས་མཚན་ཉིད་བཤད་པ་ནི། །གསུམ་ཚོགས་མཚན་མར་འཛིན་པ་ཡིན། །སོ་སོ་ མཚན་ཉིད་བཤིག་པ་ན། །དངོས་པོ་མེད་དེ་དེ་བཞིན་ཉིད། །དངོས་པོ་དེ་ནི་སྣ་ཚོགས་པ། །བྱེད་མེད་པར་ཀུན་དུ་འཇུག །ཁམས་གསུམ་མ་ལུས་ཐམས་ཅད་ལ། །མཚན་མ་ཆེ་ཆུང་བསམ་མི་ཁྱབ། །ཁྱབ་མེད་དངོས་པོ་ཡོད་མ་ཡིན། །དེ་ལྟར་རྟོགས་ན་སངས་རྒྱས་མཚན། ། འདུ་བྱེད་མཚན་ཉིད་འདི་ལྟར་གནས། །རྩ་བ་བརྒྱད་པའི་གྲངས་འགྱུར་ཏེ། །ལྔ་བཅུ་རྩ་གཅིག་ཀུན་ལ་འཕོ། །དེར་རྟོགས་རྩ་བ་ཡོད་མ་ཡིན། །མེད་བཞིན་ལོག་གཡོ་རྣམ་པར་འབྱུང་། །དེ་ལ་དངོས་པོར་འཛིན་པ་ནི། །རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས། །ཁམས་གསུམ་ བཙོན་ར་ཀུན་དུ་འཁོར། །ཡང་དག་དོན་ཕྱིར་རིག་པས་ནི། །འཕྲོ་བའི་གཞི་རྩ་དེ་བཞིན་དེ། །དེ་ལ་རྣམ་རིག་འབྱུང་བ་ནི། །དངོས་པོ་མེད་དེ་སྐད་ཅིག་མ། །ཡེ་ཤེས་དབྱིངས་ལ་རོལ་པ་མཛད། །སྤྲུལ་པའི་ཚོགས་ཆེན་ཡིན་པར་བཤད། །ཀུན་གྱི་འབྱུང་གནས་རྣམ་ཤེས་ ཏེ། །དེ་ཡི་དངོས་པོའི་རང་བཞིན་ནི། །ཁ་དོག་དབྱིབས་དང་རིག་རྒྱུན་མིན། །གང་ཡང་མ་ཡིན་ཉིད་མི་དམིགས། །འདི་ནི་ཀུན་ལ་དབང་བསྒྱུར་ཏེ། །མཐོ་རིས་འགྲོའམ་ངན་སོང་འགྲོ། །རྟོགས་དང་མི་རྟོགས་ཁྱད་པར་རོ། །བཞི་པོ་མཉམ་པའི་ངང་ཤེས་ན། །འདི་ནི་ཡེ་ཤེས་ ཆེན་པོ་ཡིན། །ཁ་དོག་ལྔ་ཡི་དམ་ཚིག་ནི། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ཏེ། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་ དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཆོས་རྣམས་བདག་མེད་རྟོགས་བྱས་ནས། །བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བསྟན་པ། །དེ་རྟོགས་བྱ་ཕྱིར་དག་པའི་མདོག །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །པདྨ་ རཱ་ག་ཞེས་བརྗོད་དེ། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་ཕྱིར་ཡང་དམར་པོའོ། །ཡོན་ཏན་གཏེར་ཆེན་ཟད་མི་ཤེས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །དེ་བཞིན་ཉིད་དབྱིངས་མ་ལུས་ལ། །ཟད་མེད་རིན་ཆེན་གཏེར་འགྱུར་བ། །མདོག་ནི་ གསེར་གྱི་མདོག་ཏུ་བསྟན། །ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །དབྱིངས་སུ་ཡང་དག་བསྡུ་དགོས་པས། །ལས་རྣམས་མ་ལུས་རྫོགས་པར་བྱེད། །ཀུན་དུ་ལས་ནི་ལྗང་གུའི་མདོག །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ ལས། །ཅིས་ཀྱང་མི་ཚུགས་བཅོས་སུ་མེད། །ཁ་དོག་ནག་པོ་དངོས་པོ་ལ། །ཚོན་གཞན་དག་གིས་བསྒྱུར་དུ་མེད། །དེ་བཞིན་ཀུན་ལ་ཤེས་པར་བྱོས། །ཕྱོགས་ལྔ་ཞེས་བྱ་བའི་དམ་ཚིག་ནི། མཐའ་དང་དབུས་མེད་དེ་བཞིན་དུ། །དབྱེར་མེད་ངང་དུ་གནས་ པ་ལ། །ཡེ་ཤེས་རྟོགས་པའི་དོན་བྱ་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱ། །སེམས་ཅན་མ་རིག་མདོངས་པ་ལ། །ཉོན་མོངས་མ་རིག་བསལ་བྱའི་ཕྱིར། །ཡེ་ཤེས་སྒྲོན་མ་འོད་འབར་བས། །མ་རིག་མུན་པ་སེལ་བར་བྱེད། །དེ་ཕྱིར་དེ་ལ་ཤར་ཞེས་བྱ། ། སེམས་ཅན་མ་ལུས་ཐམས་ཅད་ལ། །ཉོན་མོངས་སྡུག་བསྔལ་མི་གནས་ཤིང་། །མ་རིག་མུན་པ་ནུབ་འགྱུར་བས། །དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ། །སེམས་ཅན་ཀུན་གྱི་ཉོན་མོངས་ཀུན། །ཡེ་ཤེས་ཆེན་པོ་བདག་མེད་པས། །སྡུག་བསྔལ་རབ་ཏུ་བྱང་ བྱས་ནས། །དེ་ལ་བྱང་གི་ཕྱོགས་ཞེས་བརྗོད། །དེ་ལྟར་མ་ལུས་ཐམས་ཅད་ལ། །ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ། །རྣམ་རྟོག་མཚན་ཉིད་བྱུང་གྱུར་ན། །དེ་ཡི་ཡོན་ཏན་ཆེན་པོ་རྫོགས། །དེ་ལྟར་ཆོས་རྣམས་མ་ལུས་ཀུན། །རང་བཞིན་ཉིད་ཀྱི་དབྱིངས་ སུ་འདུས། །ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་ཟླུམ་པའི་ཚུལ། །ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ། །མ་རིག་ཕྱིན་ཅི་ལོག་རྣམས་ཀྱིས། །ཕྱོགས་རྣམས་སོ་སོར་བཟུང་འགྱུར་ན། །རྟག་ཏུ་ཉོན་མོངས་འཁོར་བར་འགྱུར། །དབང་པོ་ལྔ་ཞེས་ བྱ་བའི་དམ་ཚིག་ནི། ཡུལ་ལྔ་དག་ལ་དབང་བྱེད་ཅིང་། །ཕྱིན་ཅི་ལོག་ནི་དངོས་པོར་འཛིན། །དངོས་པོར་བཟུང་བས་ཁམས་གསུམ་འཁོར། །གཟུགས་རྣམས་མ་ལུས་ཐམས་ཅད་ལ། །སྣང་ཞིང་དངོས་པོ་མེད་པ་དང་། །ལྷ་དང་ལྷ་མོར་དངོས་པོར་ བརྟགས། །བདག་དང་ལྷ་ཉིད་གཉིས་པའོ། །སྒྲ་རྣམས་སྣ་ཚོགས་གྲགས་པ་ཡང་། །སྒྲ་ཉིད་དངོས་པོ་མེད་པར་ཤེས། །སྒྲ་བརྗོད་མ་ལུས་ཐམས་ཅད་ནི། །ཆོས་ཀྱི་སྒྲ་ཆེན་སྣ་ཚོགས་ཡིན། །དྲི་ཡི་དངོས་པོར་སྣང་བ་ཡང་། །དྲི་ཉིད་རང་བཞིན་གང་ཡང་མེད། །དྲི་སྣོམ་ ཆོས་ཀྱི་དྲི་ཡིན་ཏེ། །ཤེས་རབ་ཆེན་པོས་དེ་ལྟར་རྟོགས། །རོ་ཡི་དངོས་པོར་སྣང་བ་ཡང་། །རོ་ཡི་རང་བཞིན་ཡོད་མ་ཡིན། །རོ་བྲོ་དེ་བཞིན་ཉིད་ཀྱི་རོ། །བདེ་བ་དེ་ཡིས་ཚིམ་པར་བྱེད། །རེག་བྱ་སྣ་ཚོགས་སྣང་བ་ཡང་། །རེག་བྱའི་དངོས་པོ་ཡོད་མེད་དེ། །རེག་བྱར་སྣང་བ་ ལོངས་སྤྱོད་ཡིན། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས། །དབང་པོའི་ཡུལ་ལ་ཆགས་འགྱུར་ན། །རྟག་ཏུ་འདོད་དང་མི་འབྲལ་ཞིང་། །ངན་སོང་གསུམ་དང་མི་ཁོམ་བརྒྱད། །རྩ་བ་སོག་མའི་མེ་བཞིན་དུ། །ཁམས་གསུམ་དག་ཏུ་འཁོར་བར་ འགྱུར། །དེ་བས་ཡེ་ཤེས་ཆགས་མེད་རྟོགས། །བྱས་ལ་མི་སོགས་བསོད་ནམས་བྱོས། །ཀུན་ལ་སྤྱོད་ཅིང་མི་གོས་པས། །ཡེ་ཤེས་ཆེན་པོ་རྟག་ཏུ་བསྒོམས། །མཉམ་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་ མཉམ་པ་དང་། དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེར་མེད་པར་མཉམ་པ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ། །དེ་ལ་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ ཀུན། །དེ་བཞིན་ཉིད་དང་སྟོང་བའི་མཐའ། །ཡང་དག་པ་དང་ཆོས་ཀྱི་དབྱིངས། །མཚན་ཉིད་མེད་ཅིང་དམིགས་སུ་མེད། །གཟུང་དུ་མེད་ཅིང་སྨན་པ་མེད། །ཡེ་ནས་མྱ་ངན་འདས་པ་ཡིན། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། ། ཀུན་རྫོབ་སྒྱུར་མར་མཉམ་པ་དང་། །འདུས་བྱས་དངོས་པོ་སྣ་ཚོགས་ནི། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་གྱི་བྱ་བ་ཀུན་ཀྱང་བྱེད། །རྟོགས་པ་ཀུན་གྱི་མཚན་མ་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་ཏེ། བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་ནི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཡོད་དང་མེད་པ་གཉི་ག་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་ བྱས་སྣང་། །སྣང་བ་ཉིད་ན་དངོས་པོ་མེད། །དངོས་མེད་དེ་ཉིད་སྣ་ཚོགས་ཏེ། །དེ་ཉིད་སྒྱུ་མ་མིག་ཡོར་ཚུལ། །འབྱུང་བ་ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་ནི། ས་ཆུ་མེ་རླུང་ནམ་མཁའ་ལས། །ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ། །གཞི་རྩ་ཡོད་པ་མ་ཡིན་ཏེ། །རང་ བཞིན་ངང་གིས་དེ་ལྟར་འབྱུང་། །སོ་སོའི་རིགས་ཚོགས་སྣང་བ་ནི། །ཐབས་ཆེན་དག་ཏུ་རྟག་ཏུ་མཉམ། །མཚན་ཉིད་སོ་སོར་གནས་པ་ནི། །ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ། །རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་ པ་དོན་གྱི་གཞི། །འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ང་དང་བདག་ཏུ་མི་འཛིན་ཅིང་། །ཀུན་ཀྱང་དབྱེར་མེད་པ་ཡིན་པས། །ཐམས་ཅད་མེ་ལོང་ལྟ་བུའི་ཚུལ། །ཐམས་ཅད་ཀུན་ལ་ཡུད་རྟོག་ཅིང་། །རྟོག་དང་ བརྟག་པར་བྱ་བ་མེད། །དུས་གསུམ་ཀུན་དུ་མི་དམིགས་པ། །འདི་ནི་མཉམ་ཉིད་ཡེ་ཤེས་ཡིན། །ལོག་རྟོགས་དབང་པོའི་སྤྱོད་ཡུལ་སྤངས། །དབང་པོའི་ཡུལ་རྣམས་དངོས་མེད་པར། །ཐམས་ཅད་དབྱེར་མེད་དེ་བཞིན་ཉིད། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །མཉམ་པ་རྣམ་ ལྔ་དེ་ལྟར་བརྟགས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཡེ་ནས་རང་བཞིན་མེད་པ་དང་། །ཐབས་ཆེན་ལྷུན་གྱིས་གྲུབ་པར་བརྟགས། །འདི་ནི་ཡང་དག་རྟོགས་པ་ཡིན། །ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ ཏེ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཡང་ན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞིའི་ལྷ་དང་ལྷ་མོ་དང་། །འཁོར་གྱི་ཁྲོ་བོ་ཁྲོ་མོ་དང་། །ཡང་ན་འདས་པའི་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་ འཁོར་ཡིན་ནོ། །ཚོགས་ཀྱི་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོར་བརྟགས། །ཐམས་ཅད་མ་ལུས་སྒྲ་རྣམས་ནི། །ཆོས་ཀྱི་སྒྲ་ཆེན་ཡིན་པ་དང་། །ངན་སོང་སྦྱོང་ཞིང་ཐར་ལམ་སྟོན། །སྟོང་གསུམ་གྲགས་པའི་སྒྲ་ཆེན་ དང་། །ཐམས་ཅད་འཇལ་བའི་སྒྲ་ཡང་ཡིན། །བདེ་བ་ཚིམ་བྱེད་བསོད་ནམས་ཏེ། །བརྗོད་མེད་མི་གནས་ཡེ་ཤེས་ཡིན། །འདི་ནི་ཆགས་མེད་པདྨའི་གསུང་། །ཆོས་ཉིད་དངོས་པོ་མེད་པ་ལ། །དྲི་ཡིས་མཆོག་ཏུ་ཚིམ་བྱེད་པ། །བསོད་ནམས་ཚོགས་ཆེན་ཡིན་པར་བཤད། ། ཆགས་མེད་ཡེ་ཤེས་ཚུལ་ཡིན་ཏེ། །དེ་བཞིན་དྲི་ཡིས་མཉེས་མཆོད་ན། །རིག་འཛིན་ས་རྣམས་བསྐུལ་བར་འགྱུར། །ངན་སོང་གསུམ་དུ་ཆོས་ཀྱི་དྲི། །ཀུན་དུ་བདེ་གནས་ཐོབ་པར་བྱེད། །བདེར་གཤེགས་དཀྱིལ་འཁོར་མ་ལུས་ལ། །བདེ་བའི་རོ་ཡིས་མཆོད་པར་འགྱུར། ། ཚིམ་བྱེད་བསོད་ནམས་ཚོགས་ཆེན་འགྱུར། །དངོས་པོར་མི་འཛིན་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་རོ་མཆོག་གིས། །ཐམས་ཅད་ཀུན་ལ་ཚིམ་པར་འགྱུར། །ཡི་དགས་གནས་སུ་ལོངས་སྤྱོད་ལྡན། །དཀྱིལ་འཁོར་མ་ལུས་མཆོད་པ་ཡིན། །བདེ་བ་ཆེན་པོ་རྫོགས་ པའོ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །རྣམ་པ་མང་པོས་བརྒྱན་པ་དང་། །སྦྱོར་མཆོད་དག་གིས་ལོངས་སྤྱོད་ན། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་འགྱུར། །བདེ་ཆེན་དཀྱིལ་འཁོར་འབར་འགྱུར་ནས། །སྡིག་པའི་མུན་ནག་སེལ་བར་བྱེད། །དཔུང་གི་ ཚོགས་ཀྱིས་མི་ཐུབ་པའི། །མཐུ་ཆེན་དག་ཀྱང་འགྲུབ་པར་བྱེད། །ཚོགས་ཀྱི་ཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི། བྱེད་པ་མེད་པའི་ཚུལ་གྱིས་ནི། །ཀུན་ལ་ཐོགས་པ་མེད་པར་སྤྱད། །ཐམས་ཅད་མ་ལུས་འདུལ་བར་བྱེད། །མི་མཐུན་ཕྱོགས་ནས་དབང་དུ་བྱེད། །ཡོན་ ཏན་ཆེན་པོ་འཕེལ་བར་བྱེད། །ཁྲོ་བོ་གཏུམ་པའང་ཞི་བར་བྱེད། །ཐམས་ཅད་ཀུན་ལ་སྤྱད་བདེ་བ། །ཆགས་པ་མེད་པའི་ཚུལ་གྱིས་གནས། །དབྱིངས་སུ་བསྡུས་པའི་དཀྱིལ་ཡིན་ཏེ། །འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར། །མཉམ་པ་ཆེན་པོའི་ངང་ཉིད་ནི། །དེ་ལྟ་བུ་ ཡི་ཚུལ་དུ་གནས། །འཁོར་གྱི་ཕྲ་མེན་ཚིམ་པར་བྱེད་ཅེས་བྱ་བའི་དམ་ཚིག་ནི། བདག་ཉིད་འདུལ་བའི་དབང་ཕྱུག་ཏུ། །རྟག་ཏུ་མཉམ་བཞག་ཁྲོ་བོའི་ཚུལ། །འཁོར་གྱི་ཁྲོ་རྣམས་དེ་བཞིན་ཏེ། །མདོག་དང་ཕྱག་རྒྱ་ཐམས་ཅད་དང་། །སྔགས་མཆོག་དམ་པ་མ་ལུས་ འདོན། །དེ་ནས་ཕྲ་མེན་འཁོར་བསྡུས་ནས། །སོ་སོའི་ལས་དང་མཐུན་བྱས་ཏེ། །སོ་སོའི་གནས་སུ་གཞག་པར་བྱ། །དབང་དུ་བསྡུ་དང་བསྒོམ་པའི་ཐབས། །ཇི་ལྟར་འཚམ་པ་བཞིན་དུ་བྱ། །མ་ལུས་ཐམས་ཅད་བྱོས་ཤིག་པར། །ལྷག་མ་བྱིན་ནས་དབང་ཡང་ བསྐུར། །གཞན་ཡང་འགྲོ་བ་ཐམས་ཅད་ལ། །འདོད་ཡོན་ལྔ་ཡི་སྦྱིན་པ་བཏང་། །དེ་ནས་ལས་རྣམས་རྫོགས་བྱས་ནས། །དབང་ཕྱུག་ཆེན་པོའི་གནས་བརྟེན་ནས། །རིགས་ལྔ་ཡེ་ཤེས་ལྔ་ལ་སོགས། །འཁོར་གྱི་དཀྱིལ་འཁོར་མ་ལུས་པ། །བདག་ལ་ཐམས་ ཅད་བསྡུ་བར་བྱ། །དེ་ལྟར་བསྒྲུབ་པའི་ངང་འཆང་བ། །ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནས། །རིག་འཛིན་རིག་པའི་ས་ལ་གནས། །ཐེག་དམན་སྤྱོད་པར་ཡོད་མི་འགྱུར། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །སངས་རྒྱས་ཞིང་ ཡང་སྦྱོང་བར་བྱེད། །ངན་སོང་གནས་རྣམས་སྟོངས་པར་བྱེད། །ཡང་དག་མཆོག་གི་སྙིང་པོ་འགྲུབ། །དབང་པོ་ཡུལ་དུ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །སྣང་བའི་དངོས་པོ་ རྣམ་བཤིག་ན། །སོ་སོའི་མཚན་ཉིད་རྣམ་བཤིག་ནས། །གཞིགས་ན་ནམ་མཁའི་ངང་དུ་ཞི། །ནམ་མཁའ་དེ་ཉིད་ལྔས་གཞིགས་ན། །མཚན་ཉིད་མེད་པའི་དབྱིངས་སུ་ཐིམ། །ཐམས་ཅད་ཀུན་གྱི་འབྱུང་གནས་སོ། །གཞི་རྩ་མེད་པའི་སྐད་ཅིག་མ། ། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་ཉིད། །ཉོན་མོངས་རྣམ་པར་ཤེས་པ་ནི། །ཀུན་གཞི་ཉིད་སྣང་སྤྱོད་ཡུལ་ལ། །དེ་དང་བདག་ཏུ་རྣམ་པར་རྟོག །བདེ་སྡུག་མཚན་མ་སོ་སོར་འཛིན། །ཀུན་གཞི་དངོས་པོ་མེད་པ་ལ། །བག་ཆགས་སོགས་པའི་ གནས་མེད་དེ། །སྣང་བའི་དངོས་པོ་མེད་པ་ལ། །ཉོན་མོངས་བློ་ཡིས་བླང་དུ་མེད། །བསྒོ་དང་བསྒོ་བར་བྱ་བ་མེད། །དེ་ལྟར་སྒོ་བྱེད་དངོས་པོ་མེད། །མེད་བཞིན་སེམས་ཀྱིས་ལོག་བརྟགས་པ། །ཁམས་གསུམ་བཙོན་རར་རྟག་ཏུ་འཁོར། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ། སྣང་དང་མི་སྣང་གཉི་ག་ལ། །སྐད་ཅིག་ཡུད་ཙམ་རྟོག་པ་ཡིན། །རྟོག་པ་ཉིད་ཀྱང་མ་གྲུབ་ན། །ཡུལ་གྱི་དངོས་པོ་ག་ལ་འགྲུབ། །ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི། །སྔ་མ་འདས་ཤིང་མི་དམིགས་པ། །ཕྱི་མ་མ་བྱུང་བརྟག་ཏུ་མེད། །དེ་ལྟར་རང་བཞིན་དམིགས་སུ་མེད། ། རྩི་ཤིང་ཁ་ན་རླུང་འཕྱོ་འདྲ། །རྒྱུད་ནི་ཡོངས་སུ་མ་ཆད་པ། །འདི་ནི་ཀུན་དུ་འབྱུང་བ་ཡིན། །དེ་ལྟར་དོན་རྣམས་དངོས་པོ་མེད། །ཆུ་དང་རླུང་དང་རླབས་འདྲ་བ། །དེ་གསུམ་གཅིག་དང་སོ་སོ་མིན། །དེ་བཞིན་ཀུན་གཞི་ཉོན་མོངས་ཡིད། །གཅིག་པ་མ་ཡིན་སོ་སོ་མིན། །ཆོས་ ཀྱི་དབྱིངས་དང་མཉམ་པའི་དབྱིངས། །ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་། །གཅིག་ཏུ་ཡང་ནི་བརྗོད་པ་མེད། །དེ་ལྟར་མ་རྟོགས་སེམས་ཅན་ཡིན། །རྟོགས་ན་སངས་རྒྱས་གུད་ན་མེད། །བྱང་ཆུབ་སེམས་ཀྱི་དེ་བཞིན་ནི། །ཤིན་ཏུ་མི་དམིགས་བརྟག་དཀའ་བ། །ཡངས་ལ་ རྒྱ་ཆེ་གཏིང་ཟབ་པ། །ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ། །གང་ནས་མ་འོངས་གར་མི་འགྲོ། །འོང་དང་འགྲོ་བར་བྱ་བ་མིན། །ཤིན་ཏུ་བརྟག་དཀའ་མི་དམིགས་པ། །མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །གཟུང་འཛིན་བྲལ་བའི་རང་ཉིད་ནི། །དམིགས་མེད་ཚུལ་དུ་དེ་ལྟར་ སྣང་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །དེ་ལྟར་ཁོང་དུ་ཆུད་པར་བྱོས། །ཉོན་མོངས་སྡུག་བསྔལ་མེད་པ་དང་། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །སེམས་ཅན་མ་ལུས་ཐམས་ཅད་ལ། །སྙིང་རྗེའི་ ཐག་པ་མ་ཆགས་པར། །ཉོན་མོངས་ལམ་ལས་གྲོལ་བྱེད་ཅིང་། །བྱམས་པ་དག་གིས་མཉེས་པར་གྱིས། །དེ་བཞིན་འཁོར་བའི་བཙོན་ར་ལ། །སྙིང་རྗེའི་ཞགས་པ་ཆེར་བརྐྱང་ནས། །ཉོན་མོངས་འདམ་ནས་འདྲེན་པར་བྱེད། །སྙིང་རྗེ་ཆེན་པོ་སྐྱེ་མ་བྱེད། །དེ་བཞིན་སྐྱེ་བོ་ཕལ་རྣམས་ ལ། །ལས་ཀྱི་སྒྲིབ་པས་མི་གོས་ཤིང་། །ཐམས་ཅད་མངོན་པར་སངས་རྒྱས་པར། །དགའ་བ་དག་ལ་འགྱོད་པ་མེད། །སེམས་ཅན་ང་དང་བདག་མེད་ལ། །ཐུགས་རྗེས་གཉིས་རྟོག་མི་འབྱེད་དེ། །བུ་གཅིག་འདྲ་བར་བློ་གཞག་བྱ། །ཐམས་ཅད་དྲི་མ་མེད་པར་བྱ། །ཆོས་ རྣམས་ཐམས་ཅད་སྟོང་པ་བས། །དེ་ལ་དངོས་དང་རྟོག་པ་མེད། །ནམ་མཁའི་ངང་དུ་གནས་པ་ལ། །དེ་ལ་བཅོས་ཤིང་བསྒྱུར་དུ་མེད། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །སྣང་བ་ཐམས་ཅད་དངོས་མེད་པས། །ཡོད་དང་མེད་པ་ཐམས་ཅད་ཀུན། །མཚན་ཉིད་མེད་པས་ མི་དམིགས་སོ། །འཇིག་རྟེན་འདས་དང་འཇིག་རྟེན་པ། །ཆོས་རྣམས་སྣ་ཚོགས་སྣང་བ་ཡང་། །བདག་ལས་གཞན་པ་མ་ཡིན་པས། །ཀུན་ལ་སྨོན་ཅིང་ཆགས་སུ་མེད། །བྱང་ཆུབ་སེམས་རྣམས་ཐམས་ཅད་ནི། །ཤིན་ཏུ་བརྟག་དཀའ་གཏིང་ཟབ་པས། །རྟོག་གེའི་སྤྱོད་ ཡུལ་དེ་མ་ཡིན། །མ་དམིགས་མི་དམིགས་དམིགས་སུ་མེད། །སེམས་ཉིད་དེ་ཉིད་ཇི་ལྟ་བུ། །བྱང་ཆུབ་དེ་ཉིད་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །སེམས་ཅན་མ་ལུས་ཐམས་ཅད་དང་། །དུས་གསུམ་ཆོས་རྣམས་ཐམས་ཅད་ཡིན། །ཐམས་ཅད་མ་ ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འུབ། །བོ་དྷི་ཆེན་པོས་དེ་སྐད་བཤད། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཅི་ལའང་ཐོགས་པ་མེད་པར་སྤྱད། །སྤྱད་པ་ཉིད་ན་ཆགས་པ་མེད། །དུས་མཐའ་མེད་པར་མ་ཉམས་གནས། །འདི་ལྟར་སྣང་བ་ཐམས་ཅད་ལ། ། མངོན་སུམ་ཚད་མས་རྟག་མཐོང་ཡང་། །སྣང་བ་ཉིད་ན་དངོས་པོ་མེད། །དེ་བཞིན་ཡང་དག་ཉིད་དུ་རྟོགས། །གང་ཞིག་སྟོང་པའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོགས་པ་དེ། །རི་བོང་རྭ་དང་མོ་ཤམ་བུ། །ཚིག་ཙམ་གདགས་སུ་རུང་མོད་ཀྱི། ། ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཐམས་ཅད་མ་ལུས་སྟོང་ཞེས་ཏེ། །དྲན་མེད་བརྡོས་པ་མ་ཡིན་པས། །རྟོགས་མེད་རང་བཞིན་འོད་གསལ་ཞིང་། །འདི་ལྟར་སྣང་བ་ཐམས་ཅད་ཀུན། །བརྡོས་པ་ཙམ་གྱི་ཆོས་མེད་དོ། །ཤེས་པ་འབའ་ཞིག་ཁོ་ནའོ། །ཐམས་ཅད་ གཉིས་མེད་རྟགས་གྱུར་ན། །དེ་ཉིད་དོན་དམ་དབྱིངས་ཡིན་ཏེ། །གཞན་ནས་བཙལ་ཞིང་གཞག་ཏུ་མེད། །ཡོད་ལས་བཙལ་ན་སྒྲོ་བཏགས་འགྱུར། །མེད་ལས་བཙལ་ན་སྐུར་བཏབ་སྟེ། །ཡོད་མེད་གཉིས་ལས་བཙལ་བྱས་ན། །དེ་ནི་ལུང་དུ་མ་བསྟན་འགྱུར། །རྣམ་པར་ རྟོག་པ་མི་མངའ་སྟེ། །དེ་ཡིས་མི་མཁྱེན་ཅི་ཡང་མེད། །རྣལ་འབྱོར་ལྟ་བ་དེ་ལྟ་བུ། །ཚིག་གིས་སྔ་ཕྱི་ཡོད་མོད་ཀྱང་། །དོན་གྱིས་ཅིག་ཆར་རྫོགས་པར་བསྒོམ། །དེ་ལྟ་བུ་ཡི་དོན་རྟོགས་ཀྱང་། །འགྲོ་ཉལ་འདུག་སྡོད་ལོངས་སྤྱད་ཀྱང་། །ཐེག་ཆེན་སྒོམ་ལས་ཉམས་པ་ མེད། །གོང་གི་དོན་ལྟར་མ་རྟོགས་པའི། །བློ་ངན་མཉམ་པར་ཁུངས་ཕྱུང་ནས། །མ་རྟོགས་ལེ་ལོ་སྙོམ་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །སེམས་ཀྱིས་མཉམ་པར་མ་རྟོགས་ན། །ཚིག་གིས་མཉམ་པས་སངས་མི་རྒྱས། །དེ་བས་དོན་ཚིག་ལྡན་པར་བྱོས། ། འོན་ཏང་ཐེ་ཚོམ་མེད་པར་འགྲུབ། །རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས། །དུས་མཐའ་མེད་པར་དེ་ལྟར་བསྒོམ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དུ་གཅིག །རྟག་ཏུ་བསོད་ནམས་ཚོགས་ཆེན་ལྡན། །བྱེད་མེད་པའི་བརྩོན་འགྲུས་ ཀྱིས། །དེས་ནི་བྱང་ཆུབ་སྙིང་པོ་ལེན། །ཞེས་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་དབང་པོ་དང་ཡུལ་དུ་འདུས་པ་བསྟན་པའི་ལེའུ་སྟེ་བདུན་ཅུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་ཐམས་ཅད་ཕྱག་རྒྱར་འདུས་ཤིང་ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་འདི་ལྟར་བརྟགས་ཤིང་ཕྱག་རྒྱའི་དམ་ཚིག་བསྲུང་བ་དང་། དམ་ཚིག་ནི་གནས་ཡིན་ནོ། །ཕྱག་རྒྱས་བསྡུས་ཤིང་སྤྲོས་པ་ཡང་འདི་ཡིན་ཏེ། ཆེད་དུ་བརྗོད་པ་ འདི་བརྗོད་དོ། །གསང་བ་དེ་ཉིད་ཁོ་ན་ལས། །བྱང་ཆུབ་མཆོག་འདི་བསྟན་པའོ། །མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི། །ཕྱོགས་བཅུ་དུས་བཞི་མ་ལུས་པའི། །འདས་དང་མ་འདས་ཐམས་ཅད་ཀུན། །ཡེ་ནས་དབྱེར་མེད་དེ་བཞིན་ཉིད། །མཉམ་དང་མི་མཉམ་བྱ་བ་ མིན། །དེ་བཞིན་ཉིད་ཀྱི་ངང་དུ་འུབ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །བརྗོད་པ་མ་ལུས་ཐམས་ཅད་ཀུན། །ཆོས་ཉིད་ངང་ལས་མ་རྟོགས་པ། །ལོག་རྟོགས་ཉོན་མོངས་རྡུལ་ཙམ་མེད། །ཕྱག་རྒྱ་སྣ་ཚོགས་འོད་འབར་ཡང་། །དེ་བཞིན་ཉིད་ལས་མ་གཡོས་ཏེ། །བདག་ ཉིད་དབྱིངས་ལས་མི་གཞན་ཕྱིར། །མཉམ་ལ་མཉམ་པར་གནས་པ་ཡི། །རྣམ་གསུམ་ཚུལ་གྱིས་བསྒོམ་བྱས་ཤིང་། །ཕྱག་རྒྱ་སྐྱེད་ཅིང་ལོག་འདུལ་བ། །བྱ་བྱེད་མེད་པའི་ཚུལ་གྱིས་སུ། །ལས་རྣམས་མ་ལུས་རྫོགས་པར་བྱེད། །དེ་ལྟར་རྟོགས་ཤིང་རིགས་ཀྱི་མཆོག །བདག་ཉིད་ ཕྱག་རྒྱ་ཀུན་གྱི་བདག །ཡེ་ནས་རང་བཞིན་འོད་གསལ་བས། །བྱང་ཆུབ་སྐྱེ་འཁྲུངས་རྒྱུ་ཡང་ཡིན། །འབྲས་བུ་ཡང་དག་ཉིད་དུའོ། །རྒྱུ་འབྲས་དབྱེར་མེད་རྡོ་རྗེའི་ས། །བཅུ་གསུམ་དོན་གྲུབ་དེ་གནས་པ། །མཐར་ཕྱིན་གང་ལའང་མི་གནས་པའོ། །རང་བཞིན་ཕྱག་རྒྱ་ཆེན་པོ་ནི། ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཐམས་ཅད་ཤེས་རབ་ངང་དུ་གནས། །རིགས་ལྔ་བདེར་གཤེགས་ཡབ་ཡུམ་དུ། །མ་བཅོས་ཡེ་ནས་དེ་ལྟར་གནས། །ཐབས་དང་ཤེས་རབ་ཉིད་ལ་རོལ། །བདེ་མིན་མ་ཆགས་ཚོགས་ཆེན་པོ། །ཡང་དག་ཉིད་ལ་རབ་ཏུ་རྫོགས། །ལྷག་པའི་ ཕྱག་རྒྱ་ཆེན་པོ་ནི། །ནང་གི་རྟགས་ནི་ཕྱིར་བྱུང་སྟེ། །མདོར་བསྡུས་ཕྱག་རྒྱ་ཆེན་པོ་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་པ། །ལག་གི་འདུ་འཕྲོ་བསམ་ཡས་དང་། །ཡན་ལག་སྟབས་ཆེན་བསྒུལ་བསིགས་ཀུན། །ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རང་བཞིན་ཉིད་ཀྱིས་དེ་ལྟར་ གནས། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་པ། །རང་བྱུང་ཆེན་པོ་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིགས་པར་བྱེད། །དཔའ་བོ་ཞེས་ཀྱང་གདགས་པར་བྱའོ། །ལས་དང་ལས་ཀྱིས་མི་གོས་པ། །གཉིས་མེད་དབྱིངས་ཀྱི་དོན་རྟོགས་ཤིང་། །མ་ཆགས་ པ་ལ་ཆགས་པ་དང་། །ཤིན་ཏུ་རྣམ་པར་དག་པ་ཡི། །དེ་བཞིན་ཉིད་དབྱིངས་དཀྱིལ་འཁོར་ལ། །སྐུ་གསུངས་ཐུགས་ལྡན་ཟད་མི་ཤེས། །ཡོན་ཏན་མི་ཟད་གཏེར་དུ་འགྱུར། །གཞི་ནི་མི་ཟད་པར་ལྡན་པའོ། །སྐུ་གསུང་ལས་རྣམས་རྫོགས་བྱེད་པའོ། །རྣམ་པར་རྟོག་མེད་ ཚུལ་གྱིས་ནི། །ཐམས་ཅད་ཀུན་ལ་ཆགས་མེད་རོལ། །འདུལ་བའི་དོན་ལན་བསམ་མི་ཁྱབ། །འཇོམས་དང་མ་ཆགས་ཀུན་འབྱུང་དང་། །ཐམས་ཅད་དབང་བསྡུས་དོན་འགྲུབ་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ། །རིགས་བཞི་མ་ ལུས་ཐམས་ཅད་ཀུན། །མཉམ་རྫོགས་དབྱིངས་སུ་ཐམས་ཅད་འདུས། །རིགས་རྣམས་གཅིག་མེད་གཅིག་པ་སྟེ། །ལྷུན་གྲུབ་དཀྱིལ་འཁོར་ངང་ཉིད་དུ། །ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི། །ཐུགས་ཀྱི་རྟགས་སུ་བསྟན་པ་ཡིན། །དཔེར་ན་རྒྱལ་པོས་རྒྱས་བཏབ་ན། ། སེམས་ཅན་ཀུན་གྱི་ཡོང་མི་འདའ། །དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིན། །ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ན། །བདུད་དང་མུ་སྟེགས་མང་པོ་ཀུན། །མི་མཐུན་ཕྱོགས་ཀྱིས་དབང་བྱར་མེད། །རྡོ་རྗེ་སེམས་དཔའི་རིགས་ངེས་ན། །འདི་ལྟ་བུ་ལ་རྟག་ཏུ་ གནས། །དེ་ལྟ་བུ་ཡི་བློ་མེད་ན། །རྡོ་རྗེའི་རིགས་སུ་ཡོང་མི་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཕྱག་རྒྱའི་དམ་ཚིག་གི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་བརྟན་པར་བཟུང་ བ་འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་ཟིན། །ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམ་གྱིས། །དོན་དུ་ མི་འགྱུར་ཡོང་མ་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་བྱེད་པ་གང་། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་བ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །དེ་ ཉིད་ངེས་པའི་དབྱིངས་ལས་ཕྱུང་། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལས་གནས། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་དང་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་ བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡོངས་སུ་གཟུང་བའི་ལེའུ་སྟེ་བདུན་ཅུ་དགུ་པའོ།། །།འཕགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་ བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུ་མཆོག །གསང་བ་ཆེན་པོ་འདི་ཡོད་པར། །མེ་མར་མུར་གྱི་དོང་འབོགས་ཤིང་། །སྤུ་གྲི་སོ་ནི་གཏམས་ལས་ཀྱང་། །འཛེགས་ནས་བུ་དག་འགྲོ་བར་བྱོས། །ཁོང་ན་གནས་པའི་ཡང་ཁོང་དུ། ། ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་། །ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས། །རྡོ་རྗེ་ཐ་རམ་སྒྲོམ་ཕྱེ་ནས། །ཡིད་བཞིན་རིན་ཆེན་གཏེར་ཕྱུང་བ། །སྐལ་ལྡན་མཆོག་གིས་སྤྱད་དུ་གསོལ། །ཡི་གེ་ཀུན་ལ་མི་སྣང་ཞིང་། །བླ་མའི་ཐུགས་ལ་གནས་པ་ ནི། །སྐལ་ལྡན་མཆོག་གི་སྤྱོད་ཡུལ་ཏེ། །ཀུན་དང་ཐུན་མོང་དེ་མ་ཡིན། །དཔེར་ན་སེང་གེའི་འོ་མ་ནི། །གསེར་གྱི་ཕྱིས་བུས་འཛིན་འགྱུར་གྱི། །སྣོད་གཞན་དག་ཏུ་བླུགས་པ་ནི། །སྣོད་ཀྱང་འཆག་ལ་འོ་མའང་འབོ། །ཡོང་གིས་གསེར་གྱི་རང་བཞིན་ལ། །དབྱིབས་ཀྱི་ཁྱད་པར་ཅིར་ཡང་སྣང་། །གསེར་ལས་གྱུར་ པ་རྡུལ་ཙམ་མེད། །དེ་བཞིན་ཆོས་ཀྱི་མཚན་ཉིད་ཀྱང་། །མཚན་མ་སྣ་ཚོགས་ཅིར་སྣང་ཡང་། །ཉིད་ལས་གྱུར་པ་རྡུལ་ཙམ་མེད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཉིད་ཀུན་དུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པ་རྫོགས་སོ།། །། ༄༅༅། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་གི་དོན་བསྡུས་པ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་ སེམས་དཔས་རིག་པའི་བྱིན་བརླབས་ལས་བྱུང་བའི་མཆོད་པ་རྒྱ་ཡོངས་སུ་མ་ཆད་པའི་གཞལ་ཡས་ཁང་དང་། བླ་རེ་དང་། རྒྱལ་མཚན་དང་། བ་དན་དང་། གདུགས་དང་། སྒེག་མོ་ལ་སོགས་པ་ནང་གི་མཆོད་པ་བཞི་དང་། བདུག་སྤོས་ལ་སོགས་པའི་ཕྱིའི་མཆོད་པ་བཞིས་མཆོད་ དེ། །ལན་གསུམ་དུ་བསྐོར་བ་བྱས་ནས་སོ་སོ་མ་ཡིན་པའི་རིག་པའི་འདུད་པས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱི་སྤྱོད་ཡུལ་ཉན་ཐོས་དང་ཐུན་མོང་མ་ལགས་པ་ཐབས་གང་གིས་རྟོགས་པ་དེ་ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་དུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། ཅང་མི་གསུང་བར་འཛུམ་པ་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ དཔའ་ཆེན་པོ་ཉོན་ཅིག །དོན་འདི་དང་ཕྱི་ནང་གི་ཆོས་ཐམས་ཅད་འདྲ་སྟེ་བདེན་པ་གཉིས་སུ་འདུས་སོ། །བདེན་པ་གཉིས་ལ་ཡང་ཚུལ་འདི་ལྟར་ཤེས་པར་བྱའོ། །བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ། །དེ་བཞིན་ཉིད་ལ་གནས་བཅས་ན། །ཕྱི་ནང་སྣོད་བཅུད་རྣམ་པར་དག །བྱེད་ སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར། །ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ། །ས་བཅུ་རིམ་གྱིས་བགྲོད་པ་ལ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །ས་རྣམས་མཉམ་པ་ཉིད་དུ་སྦྱོར། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར། །དངོས་དང་དངོས་མེད་བག་ཆགས་ བསྲེགས། །ཡང་ན་ཡེ་ཤེས་མེ་ཞེས་བྱ། །རྒྱུ་དང་འབྲས་བུའི་རྣམ་སྨིན་ནི། །མེད་མིན་རྒྱུ་འབྲས་མཐུན་པས་འགྲུབ། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས། །རིག་པས་ཚོགས་སུ་འགྱུར་བས་སོ། །ལམ་གྱི་ནང་ན་ཉེ་ལམ་བདེ་རྫོགས་པ། །ཐབས་ཀྱི་ནང་ན་མ་ནོར་དམ་པ་སྟེ། ། བསྒྲུབས་ན་ཚེ་འདིས་སངས་རྒྱས་ཆེ་བ་ཡང་། །བླང་དོར་མེད་པའི་སྐུ་གསུམ་རྡོ་རྗེས་འཐོབ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་བདེན་པ་གཉིས་བསྟན་པའི་ལེའུ་སྟེ་དང་པོའོ།། །།སེམས་དཔའ་ཆེན་པོ་དམ་ཚིག་འདི་དག་ནི་བདག་དང་གཞན་ལ་ཕན་ པའི་ཕྱིར་ངས་བཤད་དོ། །གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །བསྲུང་བ་མེད་པའི་སྡོམ་པ་ཅན། །དེ་ནི་དམ་ཚིག་རྡོ་རྗེ་ཡིན། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དམ་ཚིག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སེམས་ དཔའ་ཆེན་པོ་དབང་འདི་དག་ནི། །རང་རིག་པའི་རྩལ་གྱིས་འཐོབ་བོ། །ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པས་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བྱེད་དོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་ གི་ལེའུ་སྟེ་གསུམ་པའོ།། །།སེམས་དཔའ་ཆེན་པོ་མཆོད་པའི་མཆོག་ནི་འདི་ལྟར་རིག་པར་བྱའོ། །བདག་མཆོད་ཀུན་མཉེས་ཐམས་ཅད་འདྲོངས། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །འཕགས་ པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།། །།ཀུན་དུ་འོད་ཀྱི་ས་ལས་འདས། །པདྨའི་སྤྱན་དུ་གྱུར་པ་ན། །རིག་པའི་བྱིན་བརླབས་ཆེན་པོ་ལས། །རང་འབྱུང་དཀྱིལ་འདུ་འཕྲོ་ཡི་ཚུལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ཏེ། །མཚན་དང་དཔེ་ བྱད་ཀུན་ལས་གྲོལ། །རྔམ་ཞིང་གཏུམ་པའི་གཟུགས་ཅན་དང་། །མགྱོགས་མ་མགྱོགས་མའི་ཕོ་ཉར་ལྡན། །དེ་ནི་ཐིག་ལེ་རྡོ་རྗེ་ཡིན། །འདི་ཞེས་གང་ཟག་བདག་མེད་པར། །རྟོགས་པར་བྱ་ཕྱིར་ངས་བཤད་དེ། །མཁས་པས་དེ་ལ་འབྱོར་པར་གྱིས། །འཕགས་ པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ན་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ། །ཆེན་པོ་ལྔ་ཡང་དེ་བཞིན་གཤེགས། །གཅིག་ལའང་ལྔ་ལྔར་རིག་པར་གྱིས། ། ཁམས་གསུམ་བདག་ཉིད་ཡིན་པ་སྟེ། །སྐུ་གསུམ་ཞེས་ཀྱང་དེ་ལ་བྱ། །ཡེ་ཤེས་ལྔ་དང་འགྲོ་བ་ལྔ། །མཉམ་པས་སོ་སོ་དབྱེར་མེད་དེ། །སྔགས་དང་ཕྱག་རྒྱ་དབང་བསྒྱུར་ན། །སྤྱོད་ཡུལ་ཀུན་དུ་མཎྜལ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སེམས་དཔའ་ཐོས་ནས་བཤད་དོ། །རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ། །སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི། །ཀུན་དུ་རིན་ཆེན་ལྟ་བུ་སྟེ། །དོན་དང་ལས་ཡིན་བསྒོམས་པས་འགྲུབ། ། དབུ་མིག་རྣ་བ་སྨ་ལྕེ་ལ། །ཨོྃ་ཞེས་བྱ་བ་ལྔ་བཞག་སྟེ། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ། །ལག་པ་གཡས་པའི་སོར་མོ་ལ། །ཧཱུྃ་ཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ། །ལག་པ་གཡོན་པའི་སོར་ མོ་ལ། །ཏྲཱྃ་ཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ། །རྐང་པ་གཡོན་པའི་སོར་མོ་ལ། །ཧྲཱིཿཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ། །རྐང་པ་གཡོན་པའི་སོར་མོ་ ལ། །ཨཱཿཞེས་བྱ་བ་ལྔ་བཞག་སྟེ། །སེམས་དཔའ་ལྔ་དང་སེམས་མ་ལྔ། །སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ལྷའི་མཚན་ཉིད་དང་དཀྱིལ་འཁོར་དགོད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།སེམས་དཔའ་ཆེན་པོ་ ཉོན་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་བོས་ནས་བཤད་དོ། །རྣལ་འབྱོར་རིག་འཛིན་མར་ལྡན་པས། །ལྔ་ཞིང་ལྔ་དང་འབྱོར་པ་ཡི། །ཚོམ་བུ་ལྔ་ཡི་ལྷ་བསྒོམས་ན། །ཐམས་ཅད་བདག་ཉིད་ཆེན་པོར་འགྱུར། །རིན་ཆེན་པདྨའི་དཀྱིལ་འཇམ་འདི། །འཛུམ་པའི་མདངས་ཀྱིས་འབུལ་ ལགས་ཀྱིས། །དགྱེས་པའི་རྡོ་རྗེ་རབ་གསོར་ནས། །བྱང་ཆུབ་སེམས་སྤྲིན་དབབ་པར་གསོལ། །རྡོ་རྗེ་གསོར་བའི་དགའ་མཆོག་འདི། །འཛུམ་ཞིང་འཁྱིལ་པའི་གནས་སུ་གསོར། །མི་དམིགས་བདེ་དང་འཕྲོ་བ་ནི། །རྡོ་རྗེ་འཛིན་མར་ལྡན་ལས་བྱུང་། །རྣལ་འབྱོར་རིག་འཛིན་ མར་ལྡན་པས། །ན་བཟའ་དང་ནི་ཞལ་ཟས་རྣམས། །གྲུབ་པའི་རྫས་སུ་དབང་བསྐུར་ནས། །གསོལ་ན་དངོས་གྲུབ་མཆོག་ཏུ་འགྱུར། །རྣལ་འབྱོར་རིག་འཛིན་མར་ལྡན་པས། །གླུ་དང་ཚིག་གི་སྒྲ་རྣམས་ཡིན། །གསུང་གི་ངོ་བོར་བྱིན་བརླབས་ཏེ། །བསྒྲགས་ནས་དངོས་གྲུབ་མཆོག་ ཏུ་འགྱུར། །རྣལ་འབྱོར་རིག་འཛིན་མར་ལྡན་པས། །བྲོ་དང་གར་གྱིས་བསྐྱོད་བྱས་ཏེ། །འོད་ཀྱི་འདུ་འཕྲོ་བྱིན་གྱིས་བརླབ། །དངོས་གྲུབ་མཆོག་ཀྱང་འཐོབ་པར་འགྱུར། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དངོས་གྲུབ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ ལྡན་འདས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཨོྃ་བཛྲ་བཻ་རོ་ཙ་ན་ཨོྃ། ཨོྃ་སཏྭ་བཛྲ་ཧཱུྃ། ཨོྃ་རཏྣ་བཛྲ་ཏྲཱྃ། ཨོྃ་དྷརྨ་བཛྲ་ཧྲཱིཿ། ཨོྃ་ཀརྨ་བཛྲ་ཨཱཿ། ཨོྃ་བཛྲ་ཨཀྵོ་བྷྱཿཧཱུྃ། ཨོྃ་བཛྲ་སཏྭ་ཧཱུྃ། ཨོྃ་བཛྲ་རཱ་ཛ་ཧཱུྃ། ཨོྃ་བཛྲ་རཱ་ག་ཧཱུྃ། ཨོྃ་བཛྲ་སཱདྷཱུ་ཧཱུྃ། ཨོྃ་བཛྲ་རཏྣ་སཾ་བྷ་བ་ཏྲཱྃ། ཨོྃ་ བཛྲ་རཏྣ་ཏཱྃ། ཨོྃ་བཛྲ་སཱུ་རྱ་ཏྲཱྃ། ཨོྃ་བཛྲ་དྷྭ་ཛ་ཏྲཱྃ། ཨོྃ་བཛྲ་ཧཱ་ས་ཏྲཱྃ། ཨོྃ་བཛྲ་ཨ་མི་ཏཱ་བྷ་ཧྲཱིཿ། ཨོྃ་བཛྲ་ཏཱིཀྵཱ་ཧྲཱིཿ། ཨོྃ་བཛྲ་ཙཀྲ་ཧྲཱིཿ། ཨོྃ་བཛྲ་པཱ་ཤ་ཧྲཱིཿ། ཨོྃ་བཛྲ་ཨ་མོ་གྷ་སིདྡྷི་ཧཱ། ཨོྃ་བཛྲ་ཀརྨ་ཧཱ། ཨོྃ་བཛྲ་རཀྵ་ཧཱ། ཨོྃ་བཛྲ་ཡཀྵ་ཧཱ། ཨོྃ་བཛྲ་མུཥྚི་ཧཱ། ཧོཿ བཛྲེ་ཤྭ་ར་དྷཱ་ཏུ་ཨོྃ། ཨོྃ་བཛྲ་བུདྡྷ་ ལོ་ཙ་ན་ཧཱུྃ། ཨོྃ་བཛྲ་མཱ་མ་ཀཱི་ཏྲྃ། ཨོྃ་བཛྲ་པཎྜ་རཱ་བ་སི་ནཱི་ཧཱ། ཨོྃ་བཛྲ་ས་མ་ཡ་ཏཱ་རཱ་ཧཱ། ཨོྃ་བཛྲ་ལཱ་སྱཻ་ཧཱུྃ། ཨོྃ་བཛྲ་དྷཱུ་པེ་ཧཱུྃ། ཨོྃ་བཛྲ་ཨྃ་ཀུ་ཤ་ཧཱུྃ། ཨོྃ་བཛྲ་དེ་ཤྭ་རེ་བྷྱཿདེ་ཧཱུྃ། ཨོྃ་བཛྲ་མཱ་ལེ་ཏྲཱྃ། ཨོྃ་བཛྲ་བུཥྤེ་ཏྲཱྃ། ཨོྃ་བཛྲ་པཱ་ཤ་ཏྲཱྃ། ཨོྃ་བཛྲ་རཏྣ་ར་ཏི་ཏྲཱྃ། ཨོྃ་བཛྲ་གཱི་ཏྱི་ཧྲཱིཿ། ཨོྃ་བཛྲ་ཨཱ་ ལོ་ཀེ་ཧྲཱིཿ། ཨོྃ་བཛྲ་སྥོ་ཊ་ཧྲཱིཿ། ཨོྃ་བཛྲ་ནྲྀ་ཏྱེ་ཧཱ། ཨོྃ་བཛྲ་གནྡྷེ་ཧཱ། ཨོྃ་བཛྲ་གྷཎྜ་ཧཱ། ཨོྃ་བཛྲ་ར་ཏི་ཧཱ། ཨོྃ་བཛྲ་མུཥྚི་ཧཱུྃ། ཨོྃ་བཛྲ་མུཥྚི་ཏྲཱྃ། ཨོྃ་བཛྲ་མུཥྚི་ཧྲཱིཿ། ཨོྃ་བཛྲ་མུཥྚི་ཧཱ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།སེམས་དཔའ་ ཆེན་པོ་ཉོན་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་བོས་ནས་བཤད་དོ། །ལྷ་དང་ལྷ་མོའི་ངང་ཉིད་དུ། །ཡན་ལག་ལྔ་ལ་འབྱོར་བས་ན། །བསྐྱོད་པ་ཐམས་ཅད་ཕྱག་རྒྱ་ཡིན། །དེ་སྐད་དཔའ་བོས་བཀའ་སྩལ་ཏོ། །དེ་ལ་ཕྱག་རྒྱའི་མཚན་ཉིད་ནི། །ཐབས་དང་ཤེས་རབ་ངང་ཉིད་དུ། །ལག་གི་ འདུ་བྱེད་བསྒོམས་ནས་ནི། །ཐལ་མོ་དམ་སྦྱར་རྩ་བསྣོལ་གཤིབས། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏོ། །སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོ་མཐེ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །རྐང་སོར་ གཡས་ཀྱིས་གཡོན་པ་མནན། །ལག་མཐིལ་གཡས་ཀྱིས་གཡོན་པ་མནན། །མཐེ་བོ་རྩེ་སྤྲད་པང་དུ་བླང་། །རྣམ་པར་སྣང་མཛད་རྒྱ་ཆེན་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །གཡས་ཀྱི་མཛུབ་མོ་གཡོན་གྱིས་བཟུང་། །ཚོགས་པས་གཅིག་ལ་གཅིག་བཟུང་བ། །འདི་ནི་སྦྱོར་ བའི་རྒྱ་མཆོག་གོ། །མཐེ་བོ་གཉིས་དང་མཐེབ་ཆུང་གཉིས། །སོ་སོར་རྩེ་སྤྲད་ཟླུམ་པོ་སྟེ། །ལྷག་མ་འོད་འཕྲོ་རྟིང་ཕྱེ་བ། །མི་བསྐྱོད་པ་ཡི་ཕྱག་རྒྱ་ཡིན། །རྟིང་སྤྲད་གུང་མོ་རྩེ་སྦྱར་ཏེ། །མཛུབ་མོ་ཚིགས་བཅག་གུང་ལ་སྦྱར། །སྲིན་མཐེབ་རྩེ་སྤྲད་མཐེ་ཆུང་སྦ། །རིན་ཆེན་འབྱུང་བའི་ ཕྱག་རྒྱ་ཡིན། །གུང་མཛུབ་སྲིན་ལག་རྩེ་སྤྲད་དེ། །མཐེ་ཆུང་ངོས་ལ་སྦྱར་བར་བྱ། །མཐེ་བོ་རྩེ་སྤྲད་ཟླུམ་པོ་སྟེ། །སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན། །ཐལ་མོ་སྦྱར་ནས་སོ་སོར་བགྲད། །བསྐྱོད་ནས་འཁོར་ལོ་ལྟར་བྱས་ཏེ། །གློག་གི་ཕྲེང་བས་འཁོར་བར་བྱ། །དོན་ཡོད་གྲུབ་པའི་ཕྱག་རྒྱ་ ཡིན། །ཕྱག་རྒྱའི་རྒྱལ་པོ་འདི་དག་ནི། །ཐུགས་ཀར་བཅིང་ཞིང་ཉིད་དུ་མོས། །འདུ་འཕྲོ་སྒྲོལ་ཞིང་མཁའ་ལ་དགྲོལ། །ལས་དང་ཐུན་མོང་ཉིད་དུ་བཤད། །རྡོ་རྗེ་དྲིལ་བུ་བཟུང་ནས་ནི། །ཐུགས་ཀར་རང་ནི་དཀུར་བརྟེན་ནས། །གཅུ་ཐབས་ཟུར་གྱིས་ལྟ་བ་ནི། །རྡོ་རྗེ་སེམས་དཔའི་རྒྱ་ ཆེན་ཡིན། །ལག་པ་བསྣོལ་ནས་ཁུ་ཚུར་བཅང་། །གུང་མོ་གཉིས་ནི་བརྐྱང་བར་བྱ། །མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ། །རྡོ་རྗེ་རྒྱལ་པོ་རྒྱ་ཆེན་ཡིན། །ལག་པ་ཁུ་ཚུར་བཅངས་པ་ལས། །གཡོན་གྱི་མཐེབ་མཛུབ་རྩེ་སྤྲད་དེ། །གཡས་ཀྱི་གུང་མོ་བརྐྱང་ནས་གདེང་། །རྡོ་རྗེ་ འདོད་པའི་རྒྱ་ཆེན་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །སོ་སོའི་གུང་མོ་ཚིགས་དང་པོར། །ངོས་བཞི་ནས་ནི་རྩེ་མོ་གཟུགས། །རྡོ་རྗེ་ལེགས་པའི་རྒྱ་ཆེན་ཡིན། །རྟིང་སྦྱར་གུང་མོའི་རྩེ་སྤྲད་དེ། །མཐེབ་མཛུབ་སྲིན་ལག་ཚིགས་བཅག་སྟེ། །དག་དུ་མཛེས་པ་ མཐེ་ཆུང་སྦས། །རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན། །མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས། །ལུ་གུ་རྒྱུད་དུ་སྦྲེལ་བར་བར་བྱ། །ལྷག་མ་འོད་ལྟར་བྱས་ན་ནི། །རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན། །ལག་ངར་གཡོན་པ་བསྒྲེང་ནས་ནི། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །གཡས་པ་གྲུ་མོར་ གཟུང་བར་བྱ། །རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན། །གཡོན་གྱི་སྟེང་དུ་གཡས་བཞག་ནས། །སོར་མོའི་ཚིགས་བཅག་སྤྲད་བྱས་ཏེ། །ཁ་ཡི་ཐད་ཀར་གཟུང་བར་བྱ། །རྡོ་རྗེ་བཞད་པའི་རྒྱ་ཆེན་ཡིན། །གཡོན་གྱི་སོར་མོའི་རྩེ་རྣམས་ཡིན། །མ་ཕྲད་ཙམ་དུ་བསྡུས་ པ་ལས། །གཡས་ཀྱིས་འབྱེད་པ་ལྟར་བྱས་པ། །རྡོ་རྗེ་ཆོས་ཀྱི་རྒྱ་ཆེན་ཡིན། །གཡས་ཀྱི་ལག་ངར་སྒྲེང་བ་ལ། །མཐེ་བོ་མཐེ་ཆུང་རྩེ་སྤྲད་དེ། །ལྷག་མ་གསུམ་ཡང་བསྒྲེང་བར་བྱ། །གཡོན་པའི་ཁུ་ཚུར་དཀུར་བརྟེན་པ། །རྡོ་རྗེ་རྣོན་པོའི་རྒྱ་ཆེན་ཡིན། །ལག་པ་ རྒྱ་གྲམ་རྩེ་བསྣོལ་ནས། །མཐེ་བོ་གཉིས་ཀྱི་རྩེ་སྤྲད་དེ། །བསྐོར་བ་ལྟ་བུར་བྱས་པ་ནི། །རྡོ་རྗེ་འཁོར་ལོའི་རྒྱ་ཆེན་ཡིན། །སོར་མོ་ནང་དུ་བསྣོལ་བ་ལས། །གུང་མོ་རྩེ་སྤྲད་མཛུབ་སྦྱར་ཏེ། །མཐེ་བོས་གུང་མོ་མནན་པ་ནི། །རྡོ་རྗེ་སྨྲ་བའི་རྒྱ་ཆེན་ཡིན། ། ལག་པའི་མཁྲིག་མ་བསྣོལ་བ་ལས། །གུང་མོ་གཉིས་ཀྱི་ཚིགས་དང་པོར། །ངོས་བཞིར་ས་ཡི་སོར་མོ་བརྟེན། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །ཕན་ཚུན་ཐགས་སུ་བཏགས་པ་ལས། །མཐེ་བོ་གཉིས་ནི་བསྒྲེང་བར་ བྱ། །རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །མཛུབ་མོ་གཉིས་ནི་བསྒྲེང་ནས་ཀྱང་། །ཁ་འགྲམ་གཉིས་སུ་གཟུང་བར་བྱ། །རྡོ་རྗེ་གནོད་སྦྱིན་རྒྱ་ཆེན་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །བསྣོལ་ཏེ་ཁ་ནི་སྦྱར་ནས་ཀྱང་། ། ཐུགས་ཀར་དམ་དུ་གཟུང་བར་བྱ། །རྡོ་རྗེ་ཁུ་ཚུར་རྒྱ་ཆེན་ཡིན། །རིགས་ཀྱི་ཕྱག་རྒྱ་བསྒོམ་ནས་ནི། །ལག་གི་འདུ་ཤེས་འདི་དག་གིས། །འདུ་འཕྲོ་མོས་པ་བསྐྱེད་ནས་ནི། །བཅིང་ཞིང་མཁའ་ལ་དགྲོལ་བར་བྱ། །མཐེ་བོ་མཐེ་ཆུང་ནང་དུ་སྤྲད། ། གུང་མོ་རྩེ་སྦྱར་བཞི་ཡང་བསྒྲེང་། །རྡོ་རྗེ་འཛིན་ལྟར་རྟིང་སྤྲད་པ། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན། །རྟིང་སྦྱར་མཐེབ་མཛུབ་རྩེ་སྦྱར་ཏེ། །མཛུབ་མོའི་མིག་ཏུ་མཐེ་ཆུང་དྲང་། །ལྷག་མ་རྩེ་གསུམ་ལྟར་བྱས་པ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ ཡིན། །ལག་ངར་གཡོན་པ་བསྒྲེང་ནས་ཀྱང་། །སོར་མོ་ཨུཏྤལ་ལྟར་བྱས་པ། །གཡས་ཀྱི་སོར་མོ་གཟུང་བར་བྱ། །རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན། །རྐང་པ་གཉིས་ཀྱི་པུས་མོ་དང་། །ལག་པ་གཉིས་ཀྱི་གྲུ་མོ་རྣམས། །སྤྲད་ནས་ལག་པ་ གདེངས་པ་ནི། །ཀུན་དུ་བཟང་མོའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ནས། །ལྡན་པ་གཡས་སུ་བྱོ་བ་ལས། །ཆགས་པའི་མིག་གིས་ལྟ་བ་ནི། །རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན། །གཡོན་པ་སྐོང་སྐོང་པོ་བྱས་ཏེ། །གཡས་པས་གྲུ་ མོ་བཟུང་ནས་ཀྱང་། །བསྐོར་ཞིང་སོར་མོ་འཕྲོ་བ་ནི། །རྡོ་རྗེ་བདུག་པའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ནི་རྒྱབ་སྦྱར་ནས། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །མཐེ་ཆུང་སྦྲེལ་ནས་མཛུབ་མོ་བསྒྲེང་། །རྡོ་རྗེ་ལྕགས་ཀྱུ་མ་ཡི་རྒྱ། །མཐེ་ཆུང་ ལུ་གུ་རྒྱུད་དུ་སྦྲེལ། །སོར་མོ་རྣམས་ནི་སོ་སོར་བསྒྲེང་། །ཐལ་མོ་བཀན་ཏེ་ལྟ་བ་ནི། །རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན། །སྲིན་ལག་དང་ནི་མཐེ་བོ་གཉིས། །སོ་སོར་རྩེ་མོ་སྤྲད་པ་ལས། །འཕྲལ་བའི་ཐད་ཀར་དྲངས་པ་ཡི། །རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ཡིན། ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་འཁོར་ཕལ་མོ་ཆེས་དབྱངས་མཐུན་པར་བསྟོད་པ། ཨོྃ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམ་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །བླ་མེད་ལྷ་དང་ལྷ་མོ་ཡི། །གྲུབ་པའི་བྱིན་བརླབས་བསམ་མི་ཁྱབ། །སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ། །སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ། །མཐུ་ ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉར་འཇིག་རྟེན་སྐྱོང་བར་ལྡན། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོྃ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས། །ཐུགས་རྗེ་ཆེན་ པོའི་བྱིན་བརླབས་ཀྱིས། །བདག་གི་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨོྃ་ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་ སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ཉིད་ཀྱི་ཐུགས་ཀར་ཞུགས་ཏེ། །རོལ་པར་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཁྲོ་བོའི་རྟོག་པ་བཤད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ན། གཅེར་བུ་བ་དང་ཀུན་དུ་རྒྱུ་ལ་སོགས་པས་སོ་སོའི་རིག་སྔགས་ཀྱི་ལས་ཀྱིས་མ་ཧཱ་དེ་བ་ལ་སོགས་པ་འཇིག་རྟེན་གྱི་ལྷ་དང་། གནོད་སྦྱིན་མཐུ་བོ་ཆེ་དང་། ཕྲ་མེན་མ་ཐམས་ཅད་བསྐུལ་ ནས་སེམས་ཅན་རྣམས་ཀྱི་སྲོག་གི་བར་ཆད་བགྱིད། འཚེ་བར་བགྱིད། ཤིན་ཏུ་སྡུག་བསྔལ་བར་བགྱིད། དེ་ལ་ཐབས་གང་གིས་བཟློག་པར་བགྱི། སྦྱོར་བ་གཅད་པར་བགྱི། བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །འདི་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོས་སྔོན་ཆད་བཤད་དེ། ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས་བྱས་པའི་གསང་སྔགས་དང་། སྲིད་པ་ཟད་པར་བྱས་པའི་གསང་སྔགས་ཐམས་ཅད་ཀྱང་ཟློག་པར་བྱེད་དོ། །གནོན་པར་བྱེད་ དོ། །སྦྱོར་བ་གཅོད་པར་བྱེད་པ་ཀུན་དུ་རྒྱུ་ལ་སོགས་པ་གཞན་ལྟ་ཅི་སྨོས། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཚོན་ཆའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་སྔགས་ཟློག་ཅིང་གནོན་པ་དང་། །སྦྱོར་བ་ གཅོད་པ་ཞེས་བྱ་བ་འདི་གསུངས་སོ། །ཨོྃ་བཛྲ་ཛྭ་ལ་བཛྲ་ཧཱུྃ། མནྟྲ་སུྃ་བྷ་ནི། ཨོྃ་བཛྲ་ཛྭ་ལ་ཧཱུྃ། ཨོྃ་བྲཱུྃ་ཧཱུྃ་བྲཱུྃ་ཏྲཱུྃ་བྲཱུྃ་ཧཱུྃ་བྲཱུྃ་ཧྲཱྃཿ བྲཱུྃ་ཨཱ་བྲཱུྃ། འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ནས་མཚོན་ཆའི་ཆར་ཆེན་པོ་ཕབ་སྟེ་ལག་ན་རྡོ་རྗེ་ཉིད་ཀྱང་། ཁས་སྦུབ་ཏུ་འགྱེལ་ནས་ཁྲག་སྐྱུག་པར་གྱུར་ཏོ། །ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱང་བརྒྱལ་ཏེ་ལུས་དུམ་བུ་དུམ་བུར་ཆད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་སྦྱོར་བ་ཆད་པར་རིག་ནས་སླར་བསླང་སྟེ། ཨོཾ་བཛྲ་སཏྭ་རཱ་ཛ་ཛྷ། དེ་ནས་ བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང་འདི་ལས་འདའ་བར་མ་བྱེད་ཅིག །ཁྱོད་ཀྱི་འཁོར་ཐམས་ཅད་ཀྱང་འདི་ལས་འདའ་བར་བྱེད་ན་ཐམས་ཅད་བརླག་པར་འགྱུར་རོ། །དེ་བཞིན་དུ་ལག་ན་རྡོ་རྗེ་ཁྱོད་ ཀྱིས་ཀྱང་ལྷ་དང་གནོད་སྦྱིན་ཐམས་ཅད་ལ་བསྒོ་ཤིག །དེ་ནས་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་འདི་ན་སྲིད་པ་གསུམ་ཐམས་ཅད་འདུལ་བར་བགྱིད་པ། མཐུ་བོ་ཆེ་ཐམས་ཅད་འདུལ་བར་བགྱི་བ། མཐུ་བོ་ཆེ་ཐམས་ཅད་ཀྱི་ང་རྒྱལ་གཅོག་ པ་བདག་ལགས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཐུ་སྟོབས་དང་ལྡན་པའི་སླད་དུ་བདག་གི་མིང་ཡང་ལག་ན་རྡོ་རྗེ་ཞེས་བཏགས་ན་འདིར་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་བྱིན་བརླབས་ཀྱིས་སྔགས་འདི་སྨྲས་པས་བདག་ ཀྱང་ཁྲག་ཏུ་སྐྱུག་ཅིང་འགྱེལ་བར་གྱུར་ན་གཞན་ལྟ་ཅི་སྨོས། །འདི་ནི་འདའ་བར་དཀའོ། །དེ་བཞིན་དུ་ལྷ་དང་གནོད་སྦྱིན་རྣམས་ལ་ཡང་བསྒོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་གསང་སྔགས་འདི་སྒྲུབ་པའི་ཆོ་ག་བཤད་དོ། ། མྃ་ལས་ཉི་མའི་དཀྱིལ་འཁོར་དུ། །དཔལ་ཆེན་ཁྲག་འཐུང་སྤྱན་དྲང་ངོ་། །སྐུ་ནི་དུད་ཀ་ཆེན་པོ་ལ། །དབུ་སྐྲ་ཁམ་ནག་རལ་པ་ཅན། །དབུ་གསུམ་པ་ལ་ཕྱག་དྲུག་སྟེ། །དམར་དང་དུད་ཀ་གནག་པ་ཡིན། །གཡས་ཀྱི་གསུམ་ན་ཐོགས་པ་ནི། །སྟི་ རའི་དབྱུག་པ་ཆེན་པོ་དང་། །དུང་ཆེན་དམར་གྱིས་བཀང་བ་ལ། །རྡོ་རྗེས་དཀྲུག་ཅིག་འཐུང་བར་བརྟག །གཡོན་གྱི་གསུམ་ན་ཐོགས་པ་ནི། །སྟི་རའི་རྒྱུ་མའི་ཞགས་པ་དང་། །ཁྱུང་གི་ཁྲག་ཆེན་ཐོགས་པ་དང་། །སྟི་ར་ཕྲ་མོའི་གསུས་པ་ནས། ། ཀློ་སྙིང་ནང་གྲོལ་འདྲེན་ཅིང་ཟ། །གཙུག་ཏུ་རྣམ་པར་སྣང་མཛད་ཉིད། །ཨོྃ་ཕྲག་གཡས་ལ་ཨཀྵ་བྷྱཿཧཱུྃ། །གཡོན་རཏྣ་སམྦྷ་བ་ཏྲཱྃ། །རྐང་གཡས་ཨ་མོ་གྷ་སིདྡྷི་ཨཱཿ། །གཡོན་ན་ཨ་མི་ཏཱ་བྷ་སྟེ། །ཧྲཱིཿ བྷུྃ་ལས་རྡོ་རྗེ་འཁོར་ལོ་ལ། །རྡོ་རྗེ་རྣམས་ ནི་རིག་སྔགས་བརྟག །ཀཽ་རི་དང་ནི་ཙཽ་རི་དང་། །པྲ་མོ་ཧ་དང་བཻཏྟ་ལི། །གཞན་ཡང་བྱཱ་གྷྲྀ་མུ་ཁཱ་དང་། །སིདྷ་ལ་སོགས་མགྱོགས་མ་རྣམས། །སྟི་ར་ལ་ནི་འབྲི་ཚུགས་སུ། །བལྟ་ཞིང་རྟོད་པའི་ཚུལ་བཞིན་གནས། །ཧ་ཧ་དེ་ནས་སྐད་ ཅིག་ལ། །རིག་སྔགས་ཉིད་དང་རྦོད་གཏོང་བཅས། །དགུག་པའི་ཕོ་ཉར་བརྟག་པར་བྱ། །རས་སམ་གྲོ་གའམ་རྩ་རྣམས་ལ། །ཁྲོ་བོའི་གཟུགས་སུ་བྲིས་པ་འམ། །ཡང་ན་སྐུད་པ་ནག་པོས་བཅིང་། །ཧ་ཧ་གད་མོ་ཆེན་པོ་དང་། །རྡོ་རྗེ་ སྐུལ་བའི་གླུ་བླངས་ཏེ། །ཕོ་ཉ་རྣམས་ལ་མངག་པར་བྱ། །དེ་ནས་རིག་སྔགས་བཟུང་ནས་ཀྱང་། །རྩ་ཡི་གཟུགས་ལ་གནས་པ་དང་། །འཁོར་ལོ་ལ་སོགས་མཚོན་ཆ་ཡིས། །དེ་དག་ཕྱེ་མར་བརླག་པར་བྱ། །བཛྲ་ཙ་ཀྲ་ཧཱུྃ། ཕྱེ་མར་ དེ་དག་གཏུབས་ནས་ནི། །ཐོད་པ་གཞུ་དང་བཅས་པ་ཡིས། །ཧོམ་ཁུང་གྲུ་གསུམ་སྒོ་ཅན་དུ། །རྃ་ཞེས་བྱ་བའི་མེ་སྤར་ཏེ། །དྲང་སྲོང་འཁོར་བཅས་གཡབ་མོས་བོད། །རིག་སྔགས་བསྲེག་པར་བྱ། །དེ་ལྟར་ལྷ་དང་བདག་སྦྱར་ན། ། རྣམ་ལྔའི་ཆས་དང་ལྡན་པར་བྱ། །མ་མོ་ཆེན་མོ་ཤ་ལ་སྤྱོན། །འབྱུང་པོའི་ཤ་ནི་ཟན་པས་ཞིམ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །མ་མོ་ཆེན་མོ་ཁྲག་ལ་སྤྱོན། །གླུ་དང་གར་དང་གད་རྒྱངས་ཀྱིས། །སོ་སོར་མཆོད་དེ་བསྒྲུབ་པར་ བྱ། །ཟིན་པའི་སེམས་ཅན་གང་ཡང་རུང་། །དེ་དག་སྐུད་པ་ནག་པོས་བཅིང་། །དེ་ཡང་དུམ་བུར་བཅད་པར་བྱའོ། །དེ་ནས་མི་དེ་སྔ་མ་བཞིན། །ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡིས། །གནས་ལྔ་དག་ཏུ་རྣམ་བཀོད་དོ། །བྲིད་ པའི་སེམས་ཅན་བསྲུང་བར་བྱ། །ཚ་ཞིང་རྩུབ་པའི་ཤིང་དང་ནི། །ཤ་དང་ཆང་དང་ཡོ་བྱད་རྣམས། །གནག་ཅིང་ཚ་བར་རྣམ་སྦྱར་ཏེ། །ལྷ་ཆེན་རྣམས་ལ་མཆོད་པར་བྱ། །དེ་ནས་ལས་རྣམས་གྲུབ་པ་དང་། །ཧ་ཧ་ལ་སོགས་གད་མོ་ དང་། །གླུ་དང་རྡོ་རྗེ་དབྱུག་པ་ཡིས། །ལྷ་རྣམས་བདག་ལ་ཐིམ་པར་བྱ། །འདི་ནི་བདག་ཉིད་བསྲུང་བ་དང་། །ལས་རྣམས་ཐམས་ཅད་གྲུབ་པར་བྱེད། །ཤར་ཕྱོགས་ན་ཕྲ་མེན་མ་ཀཽ་རི་ཁ་དོག་སྔོན་མོ་ཕྱག་གཉིས་པ་སྟེ། །གཡོན་བྷན་དྷ་ ཙནྡན་དམར་གྱིས་བཀང་བ་ཐོགས་པ། །གཡས་ན་ཞིང་ཆུང་ངུའི་དབྱུག་པ་ཐོགས་པ། ཨོྃ་བཛྲ་གཽ་རཱི་ཛཿཛཿཧཱུྃ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་སངས་རྒྱས་ཀྱང་དགུག་ནུས་ན་གཞན་ལྟ་ཅི་སྨོས། ཆེ་གེ་མོ་ཞིག་ཁུག་ཅིག་ཅེས་བཅོལ་ ནས་གཏོར་མ་དང་ཙནྡན་དམར་ཆེན་ཨརྒྷ་ལ་ཨོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཞེས་བརྗོད་ཅིང་ཨརྒྷ་ལན་གསུམ་དུ་བསྒྲེང་ངོ་། །ལྷོ་ཕྱོགས་ན་ཙཽ་རི་ཁ་དོག་སེར་མོ་ཕྱག་ན་མདའ་གཞུ་འགེངས་པ། ཨོྃ་བཛྲ་ཙཽ་རཱི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཅོལ་ན་ཕྱག་ན་རྡོ་ རྗེའི་མཐུ་ཡང་རྡུལ་ཙམ་ཡང་མེད་པར་རྐུ་ནུས་ན་གཞན་ལྟ་ཅི་སྨོས། ནུབ་ཕྱོགས་ན་པྲ་མོ་ཧ་དམར་མོ་ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ། །ཨོྃ་བཛྲ་པྲ་མོ་ཧ་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་རང་གི་མཐུ་བཞག་ནས་དབང་དུ་ འོང་ན་གཞན་ལྟ་ཅི་སྨོས། །བྱང་ཕྱོགས་ན་བཻ་ཏྟ་ལི་ཁ་དོག་ནག་མོ་ཕྱག་གཡོན་ཞིང་ཆུང་ངུ་འཛིན་ཅིང་ཟབ། གཡས་ན་རྡོ་རྗེ་འཕྱར་བ། ཨོྃ་བཛྲ་བཻ་ཏྟ་ལི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ ཀྱང་འགྲུབ་ན་འཇིག་རྟེན་གྱི་བསྒྲུབ་པ་ཕྲན་ཚེགས་ལྟ་ཅི་སྨོས། ཤར་ལྷོའི་མཚམས་ན་པུཀྐ་སི་ཁ་དོག་དམར་སེར་ཕྱག་གཉིས་ཞིང་ཆུང་ངུའི་བ་སུ་ཏ་འདྲེན་ཅིང་ཟ་བ། ཨོྃ་བཛྲ་པུཀྐ་སི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆིང་ཞིང་ འདྲེན་པར་ནུས་ན་གཞན་བཅིང་ཞིང་ཟ་བ་ལྟ་ཅི་སྨོས། ལྷོ་ནུབ་ཀྱི་མཚམས་ན་གྷསྨ་རི་ཁ་དོག་ལྗང་གུ་ཕྱག་གཡོན་ན་བྷན་དྷ་ཙནྡན་དམར་པོས་བཀང་བ་རྡོ་རྗེས་དཀྲུག་ཅིང་གསོལ་བ། ཨོྃ་བཛྲ་གྷསྨ་རི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་ རྡོ་རྗེ་ཡང་མྱོས་པར་ནུས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། ནུབ་བྱང་གི་མཚམས་ན་བཛྲ་ཀརྨ་ཁ་དོག་ལྗང་གུ་ཞིང་ཆུང་ངུ་ལག་པ་གཉིས་ཀྱིས་བཟུང་སྟེ་སྙིང་ག་ནས་ཟ་བ། ཨོྃ་བཛྲ་ཀརྨ་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ལས་གང་བྱ་བ་ཐམས་ཅད་ འགྲུབ་བོ། །བྱང་ཤར་གྱི་མཚམས་ན་ཙཎྜ་ལི་ཁ་དོག་སེར་སྐྱ་ཕྱག་གཡས་ན་ཞིང་ཆུང་ངུའི་བྷནྡྷ་འཛིན་པ། གཡོན་གྱིས་ཞིང་དབྱུག་འཛིན་པ། ཨོྃ་བཛྲ་ཙཎྜ་ལི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཟམ་དང་མ་ནིང་ཡང་རྒྱུད་འཕེལ་བར་བྱེད་ན་དབང་པོ་ ཚང་ཞིང་ཉམས་པ་མེད་པ་ལ་རྒྱུད་འཕེལ་ཞིང་ཚེ་དང་དབང་ཐང་འཕེལ་བར་བྱ་བ་ལྟ་ཅི་སྨོས་ཏེ། ཕྲ་མེན་མ་འདི་རྣམས་ཕྲིན་ལས་སྐུལ་བའི་ཚེ་ཨརྒྷ་དང་གཏོར་མ་དབུལ་བ་ནི་གོང་དུ་སྨོས་པ་བཞིན་དུ་བགྱིའོ། །ཁྲོས་ན་ཐམས་ཅད་ཕྱག་ན་ཏྲི་ཤཱུ་ལ་འབར་བ། གཡོན་ རྔེའུ་ཆུང་བསྣམས་པ། གདན་མེ་སྨུག་ནག །སྐུའི་ཁ་དོག་ནག་མོ་ལ་ཁྲག་དང་ཞག་དང་ཐལ་བའི་ཐིག་ལེས་ཚོམ་བུར་བྱས་ཤིང་བསུ་ཏས་རྐེད་པ་བཅིངས་པ། གསེར་གྱི་པགས་པ་གོ་ཟུར་བགོས་པ་སྲོད་ཏ་ཨ་ཛ་ནས་ལུས་བརྒྱན་ཏེ་གཅེར་བུའི་ཚོགས་སྨུག་ གནག་འབར་བ། གཡོན་རྔེའུ་ཆུང་བསྣམས་པ། གཡས་མེ་སྨུག་ཀུན་ཀ་ཁ་དོག་ནག་མོ་ལ་འཇིག་རྟེན་གྱི་ཁམས་བསྲེགས་ཤིང་། ཟད་པར་བྱས་ནས་སླར་དཔལ་ཆེན་པོའི་སྐུ་ལ་ཐིམ་པར་བྱའོ། །དེ་ནི་ཕྱི་རིམ་བཤད་པར་བྱའོ། །ཤར་ཕྱོགས་སུ་སིདྷ་མུ་ཁ་ཁ་ དོག་སེར་མོ་ཞིང་ཆུང་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་བ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བྱཱ་གྷྲི་མུ་ཁ་ཁ་དོག་དམར་མོ་ལག་པ་གཉིས་བསྣོལ་ཏེ་མདུན་ན་ཞིང་གནས་པ་ལ་ལྟ་བ། སྟག་གི་མགོ་ཅན་ནུབ་ ཕྱོགས་སུ་སྲིན་གླ་མུ་ཁ་ཁ་དོག་ནག་མོ་ལག་པ་གཉིས་ཞིང་ཆུང་ངུ་འཛིན་ཅིང་ལྕེས་ལྡག་པ་ཝ་མགོ་ཅན། བྱང་ཕྱོགས་ན་ཤྭ་ན་མུ་ཁ་ཁ་དོག་མཐིང་ག་ཞིང་ལག་པ་གཉིས་ཀྱིས་ཁོང་དྲལ་ཏེ་ལྟ་བ་ཁྱི་མགོ་ཅན། ཤར་ལྷོའི་མཚམས་སུ་ཀྲྀ་ཌྷ་མུ་ཁ་ཁ་ དོག་དམར་གནག་ཞིང་ཆུང་ངུའི་བ་སུ་ཏ་ཁ་ན་ཐོགས་པ། ལག་པ་གཡས་བྷན་དྷ་གཡོན་གྲི་ཐོགས་པ་བྱ་རྒོད་ཀྱི་མགོ་ཅན། ལྷོ་ནུབ་མཚམས་ན་ཀངྐ་མུ་ཁ་ཁ་དོག་དཀར་དམར་ཕྲག་པ་གཡོན་པ་ལ་ཞིང་ཁེལ་ཞིང་རྐང་པ་ནས་བཟུང་བ། གཡས་པ་ མགོ་འཛིན་པ། བྱ་ཀངྐའི་མགོ་ཅན་མཆུ་རིང་ཐོར་ཏོ་གུག་ཟེ་བ་དམར་མོ། །ནུབ་བྱང་མཚམས་ན་ཀཱ་ཀ་མུ་ཁ་ཁ་དོག་ནག་མོ། བྱ་རོག་གི་མགོ་ཅན་མཆུས་ཞིང་ཐོགས་པ། ལག་པ་གཡོན་པས་པདྨ་བྷན་དྷ་འཛིན་པ། བྱང་ཤར་མཚམས་སུ་ཨཱུ་ལཱུ་ཀ་ མུ་ཁ་ཁ་དོག་སྣ་ཚོགས་ལག་པ་གཡོན་པ་དུང་ཆེན་ཁྲག་གིས་བཀང་བ་ལ་འཐུང་བ་ལ་གཡས་པ་རྡོ་རྗེ་ལྕགས་ཀྱུ་འཛིན་པ། འུག་པའི་མགོ་ཅན། ནང་རིམ་འུག་པའི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་རོག་གི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་ཀང་ཀ་མཆུ་ རིངས་ཀྱི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་རྒོད་ཀྱི་འཁོར་གྱིས་བསྐོར། དེ་དག་ཐམས་ཅད་ཀྱང་ཞིང་མང་པོ་གསར་རྙིང་སྤུངས་པའི་སྟེང་ན་ཞིང་ལ་རྟོད་པའི་ཕྱིར་འཐབ་པའི་ཚུལ་སྟོན་པ་ཤ་སྟག་གོ། །དེ་དག་གི་སྙིང་པོ་འདི་རྣམས་སོ། །ཧཱུྃ་ཧ་ཧེ་ཕཊ་ཧཱུྃ། འདི་ ཀུན་འབྲུ་རེ་རེ་ཡང་ལན་བཞི་བཞི་བརྗོད་དོ། །ཧཱུྃ་གིས་གཙོ་བོ་བསྐྱེད། ཧས་ནང་གི་ལྷ་མོ་བསྐྱེད། ཧེས་ཕྱིའི་ལྷ་མོ་བསྐྱེད། ཕཊ་ཀྱིས་ཐམས་ཅད་ཁྲོས་པར་བསྐུལ། ཧཱུྃ་གིས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ཕྱོགས་བཅུར་ཁྱབ་པར་བགྱིའོ། །ལྷ་མོ་བློ་ ལྡན་ཚོགས་ཀྱི་བདག །ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། རྣལ་འབྱོར་བར་དུ་གཅོད་པ་དང་། དམ་ཚིག་གཉེན་པོ་དྲལ་བ་དང་། རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླགས་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ ཕྱུང་། །དཔལ་ཆེན་པོ་སྟན་དང་ག་ནའི་གནས་སུ་ཚོགས་ཆེན་པོ་ལ་གཤེགས་པའི་ཚེ་སྐུ་གསུང་ཐུགས་ཀྱི་ཁྲོ་བོའི་གཟི་བྱིན་གྱིས་གདུག་པ་ཐམས་ཅད་གཏན་ནས་འབྱིན་ཅིང་ལོངས་སྤྱོད་ཆེན་པོ་འགྱིང་ཞིང་འགྱིང་བའི་གླུ་བླངས་ཏེ་ཐམས་ཅད་དགྱེས་བར་མཛད་པའི་དབྱངས་ འདིས་དགྱེས་པར་མཛད་དོ། །རྡོ་རྗེ་པདྨོའི་ཕྱག་རྒྱ་དཔྲལ་བར་བཅིངས་ཏེ། ཕྱར་ནས་མཆོང་ཞིང་འཁོར་ཐམས་ཅད་གཅེར་བུར་བྱུང་ནས་སྐྲ་བཤིག་ཅིང་བརྒྱུགས་ཏེ། སྔགས་འདི་གསུངས་སོ། །ཨོྃ་ཨེ་ཨཱ་ར་ལི་ཧོཿཧྲིྃཧྲིྃ་ཧྲིྃ་ཧྲིྃ། དེ་ནས་ཚོགས་སུ་གཤེགས་ནས་འཁོར་ ཐམས་ཅད་ལ་སྤྱན་བགྲད་པས་གཟིགས་ཤིང་འཛུམ་པའི་བརྡ་ཧ་ཧ་སྃ་སྃ་སྒྲ་ཕྱུང་སྟེ། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་འདིས་གཙོ་བོ་ལ་བསྟོད་དོ། །ཨེ་མའོ་ཆོས་ཀྱི་དོན་བྱུང་བ། །ཆོས་དོན་དག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་ གནས། །རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པས་གཙོ་བོ་མཉེས་ནས་འཁོར་ཐམས་ཅད་ལ་གཟིགས་ཤིང་དམ་སྩལ་བའི་དབྱངས་འདི་གསུངས་སོ། །ཁ་ག་ལྱ་ཤ་ཏ་བ་ཀ །ཨ་ལ་ལ་ཧོཿ། མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་རྃ་ཡོ་གི་ནི། ཁ་རྃ་ཊཱ་ཀི་ནི། ཨ་ལ་ལ་ཧོཿ། བྷ་ག་པཱན་ཁ་ཁ་ཁ། ལྷ་མོ་རྣམས་རྔ་རྡུང་། དབྱངས་ལེན། རྒྱུད་གསུམ་གྱི་ཚིག །ཏེ་གྷེྃ་ཏེ་གྷེྃ། ཏེ་གྷེྃ། ཏེ་གྷེྃ། ཏེ་གྷེྃ་ཏེ་གྷེྃ། གྷེྃ་གྷེྃ་གྷེྃ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རིག་སྔགས་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སེམས་ དཔའ་ཆེན་པོ་ཉོན་ཅིག །བསྐལ་བའི་མེ་ལྟར་འབར་བ་ཡི། །འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན། །ཁྲོ་བོ་ཆེན་པོ་རྣམས་བཞུགས་པ། །བརྐྱང་བསྐུམ་ཚུལ་གྱིས་གནས་པ་སྟེ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །དབུ་དགུ་ཕྱག་ཀྱང་བཅྭ་བརྒྱད་དེ། །གཤོག་པ་རྡོ་རྗེ་གཏམས་ པ་གདེངས། །ཞབས་ཀྱང་བརྒྱད་དུ་རྣམ་པར་བསྟན། །དེ་ཡི་དཀྱིལ་འཁོར་ཁྲོ་བོ་ནི། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེའི་བྲག་སྟེང་ན། །འཇིག་རྟེན་སྐྱོང་བས་འདུད་ཚུལ་ལོ། །དེ་ཡི་ཕོ་ཉ་བཀའ་ཉན་ནི། །རྡོ་རྗེ་ཕྲ་མེན་གཏུམ་བག་ ཅན། །འཇིགས་པའི་གཟུགས་ཅན་མང་པོ་སྟེ། །དེ་དག་ཅིར་ཡང་འགྲུབ་པར་བྱེད། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།རྡོ་རྗེ་སྲིན་མོ་ཆེན་མོ་ནི། །འཇིགས་བྱེད་ཆེན་མོར་སྣང་ བ་སྟེ། །ཕྱག་ཀྱང་སྲིན་མོ་ཆེན་པོ་ལྟར། །མཐུན་ཏེ་ཞབས་ཀྱང་དེ་དང་འདྲ། །དེ་ལྟ་བུ་ཡི་དཀྱིལ་འཁོར་དུ། །རིན་ཆེན་མེ་ཏོག་བོར་ནས་ནི། །ལྕགས་ལ་བབ་པའི་ལྷ་ད