Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
ས་པར་གྱུར་ཏེ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་རྡོ་རྗེ་གསང་བའི་ཚིག་འདི་
ཕྱུང་ངོ་། །ཨ་ཧོཿ། །མ་མཐོང་རྨོངས་ལ་ཆགས་པ་ཡིས། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །འགྲོ་དྲུག་དུས་གནས་མིང་ཚོགས་ཁྱད་པར་རབ་སྣང་བའི། །ཟབ་ཆེན་སྤྱོད་ཡུལ་ལོག་པར་རྟོགས་བཏགས་མིང་ཙམ་པ། །ཨཱ་ལི་ཀཱ་ལི་ལ་སོགས་འདོད་པའི་

སྙིང་པོ་ཉིད། །ཕྱག་རྒྱ་གླུ་ཚིག་སྐུ་གསུང་ཐུགས། །ཐུགས་ཀྱི་ཐུགས་ཆེན་ཡོན་ཏན་རྫོགས་པའི་སངས་རྒྱས་ནི། །ཉིད་དེ་མཉམ་པའི་ཐུགས་སུ་རབ་ཏུ་གསལ། །མཉམ་ཉིད་ཁྱབ་པའི་སྟངས་དཔྱལ་ཡོན་ཏན་མཆོག་སྟེ་སྔགས་ཀྱི་ཕྲིན་ལས་རྫོགས། །རྡོ་རྗེ་
གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་དགྱེས་པ་
ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོའི་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་
དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲོ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེ་ཐུགས་ལ་གནས། །དཀྱིལ་འཁོར་
ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །སྐུ་གསུང་ཐུགས་རིག་ཀུན་མངའ་
བའི། །བདེར་གཤེགས་ཀུན་གྱི་སྙིང་པོ་རྫོགས། །འབྱུང་བ་ཞེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཚོགས། །དབང་པོ་ཡུལ་དུས་རིག་པའི་རྣམས། །ཀུན་དུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་
ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་ལྟ་ཞིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཉེས་པར་དབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་

མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་ཅུ་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བ། །དབང་སྒྱུར་མཆོག་ཉིད་
དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱུན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཐུགས་ཀྱི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཕྱོགས་དུས་
དཀྱིལ་འཁོར་འདུལ་བའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ནས་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་
ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག །གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །
བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པས། །
བརྙེས་པས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ཡིས་གསང་
བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །ཐོས་བསམས་བསྒོམས་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་

སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །ཞེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་
འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བ་མན་ངག་གི་སྙིང་པོའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་བཅོམ་
ལྡན་འདས་དཔལ་ཀུན་དུ་བཟང་པོས་དགྱེས་པ་ཆེན་པོའི་ངང་ལས་གསང་བ་འབྱུང་བ་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཐམས་ཅད་མ་ལུས་དུས་གསུམ་བདེར་གཤེགས་མཆོག །གདོད་ནས་མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །རང་བཞིན་དབྱེར་མེད་
གདོད་མཐའ་མི་འབྱེད་ཅིང་། །ཡེ་ནས་མཉམ་པས་རྒྱལ་བ་རྒྱ་མཚོ་ཡིན། །འགྲོ་འོང་མེད་པར་དུས་གསུམ་ཅིག་ཆར་རྫོགས། །དབྱེ་བསལ་མེད་ཕྱིར་བཟང་ངན་བླང་དོར་མེད། །རྣམ་རྟོག་ཉིད་ན་ཡེ་ཤེས་རང་བཞིན་ཏེ། །རྣམ་རྟོག་མི་སྐྱེད་ཡེ་ཤེས་བརྗོད་དུ་མེད། །
བདག་ཏུ་མེད་པའི་སྐྱེས་མཆོག་སྔོན་སྦྱངས་པ། །ཁྲི་ལ་འགའ་ཙམ་གལ་ཏེ་འབྱུང་འགྱུར་ཞིང་། །སྔ་རབས་ཕྱིས་འབྱུང་དག་དང་དབྱེར་མེད་པའི། །མངོན་སུམ་སངས་རྒྱས་སྐྱེས་མཆོག་དེ་དག་ལ། །བསྐལ་པ་འགའ་ནས་ཤེས་རབ་བློ་སྦྱངས་པ། །དད་ལྡན་འགའ་
ཡིས་འཚམ་པར་ཅི་ཐེག་གི། །བདག་ཉིད་མ་མཐོང་ཤེས་རྒྱུད་མ་འབྱོངས་པ། །གཞན་དུ་ཚོལ་ཞིང་རྨོངས་པའི་སེམས་ཅན་གྱིས། །བསྟན་ཀྱང་མ་ཐོས་མཚོན་ཀྱང་མ་མཐོང་བ། །བདག་ཅག་གཞན་དུ་ཚོལ་བས་སངས་མི་རྒྱས། །དེ་དང་མ་བྲལ་སྟོན་པ་མི་མཐོང་ཞིང་། །
བགྲོད་པར་འདོད་པས་ཕྱིན་པར་མི་ནུས་ཏེ། །ཤེས་རྒྱུད་ཅི་ཡིན་གང་གིས་ངོ་ཤེས་ཤིང་། །བྱ་བྱེད་ལས་འཕགས་གྱིན་ད་འདུག་བྱེད་པ། །གང་ཞིག་བློ་ལ་དཔྱོད་པ་བྱང་ཆུབ་ཐོབ། །མ་སྤངས་མཚན་མ་ཀུན་བྲལ་ཡོད་མེད་པས། །དྲན་བྱེད་མི་སྤོང་འཁོར་རྒྱུན་མི་འབྱེད་

དེ། །མ་སྙིགས་མི་འབྱེད་མངོན་སུམ་སངས་རྒྱས་ལ། །བློ་ཡི་རིག་པས་དཔྱོད་ཅིང་ནན་ཏན་དང་། །མཆོད་ཅིང་བསྟེན་པས་བྱང་ཆུབ་ཐོབ་མངོན་ཏེ། །ནམ་མཁའ་གཟུང་བས་སྤྲིན་གྱིས་ཁེབས་པར་འགྱུར། །ནམ་མཁའ་མེད་པར་གང་གིས་ཤེས་པ་
ན། །སྤྲིན་ཞིག་འབྱུང་ཞིང་ཁེབས་པར་མི་སྲིད་དོ། །རྣམ་པར་རྟོག་པའི་གཡུང་དྲུང་སངས་རྒྱས་ལ། །ཐམས་ཅད་ཡེ་ནས་མཉམ་གནས་རྣམ་དག་ཅིང་། །མི་རྟོག་ས་ལེར་གནས་ལ་རྟོག་པ་མཛད། །བསྙད་དུ་མེད་པས་སྣ་ཚོགས་འབྱུང་བ་ཡིན། །བདག་མེད་བདག་ཆེན་
ཐམས་ཅད་འབྱུང་བའི་གཏེར། །མ་བཀག་པ་ལས་རྒྱུ་ཞིང་འབྱུང་མེད་པའི། །ཐམས་ཅད་སེམས་ཀྱི་ངང་སྟེ་སེམས་ཞེས་གདགས་སུ་མེད། །མ་བཅོས་ལྷུན་གནས་ཡེ་ནས་བྱང་ཆུབ་ཅིང་། །ཐོབ་རྒྱུ་མེད་པས་ཡེ་ནས་བདེར་གཤེགས་ཡིན། །ཞེས་བརྗོད་པས་ཆོས་དང་ཡེ་
ཤེས་ཀྱི་ཁམས་ཐམས་ཅད་རང་བཞིན་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །མཁྱེན་ནས་ཇི་བཞིན་པའི་བདག་ཉིད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །
ཨེ་མའོ་མ་བསྒྲུབས་གྲུབ་ཆེན་པོ། །གྲུབ་པ་ཆེན་པོ་ཡེ་ཤེས་ཆེ། །བླང་དོར་མེད་པའི་ས་ཆེན་པོ། །མི་གཡོ་འདུ་འབྲལ་མེད་པའི་གཟུངས། །རྟོག་པའི་ཡེ་ཤེས་ཡིད་བཞིན་གཏེར། །ཐམས་ཅད་ལ་ཡང་མེ་ལོང་བཞིན། །བལྟས་ཀྱང་གཟུགས་བརྙན་མི་སྣང་ངོ་། །གང་ན་
གསང་ཆེན་འདི་ཡོད་པར། །མེ་མ་མུར་གྱི་དོང་འབོགས་ལ། །སྤུ་གྲི་སོ་ནི་གཏམས་པ་ལ། །འཛེགས་ནས་བུ་དག་འགྲོ་བར་བྱོས། །ཁོང་ན་གནས་པའི་ཡང་ཁོང་དུ། །ལྕགས་ཀྱི་སྒྲོམ་བུ་ཁ་བསྡམ་མོ། །དབྱིངས་ཉིད་ལ་ནི་ཉིད་སྤྱོད་ཕྱིར། །དབྱིངས་ཉིད་མཆོག་གི་གནས་
ལ་སྤྱོད། །དེ་ཉིད་མི་གནས་མྱ་ངན་འདས། །རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གསང་བ་ཆེན་པོ་མན་ངག་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་མཉམ་པའི་

དཀྱིལ་འཁོར་ལ་བཞུགས་ནས་ཉིད་ཀྱི་སྐུ་ལ་ཐམས་ཅད་མ་ལུས་པར་སྟོན་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འདས་དང་ད་ལྟར་མ་འོངས་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མེད་པར་མཉམ་ཡིན་པར། །ངེས་པ་མེད་པར་ཡང་དག་གསུངས། །འཇིག་རྟེན་
འདས་དང་འཇིག་རྟེན་པའི། །རང་དང་སྤྱི་རུ་བསྟན་པ་དང་། །ཇི་སྙེད་བརྟན་གཡོ་ལ་སོགས་པ། །སྒྱུ་མ་མིག་ཡོར་ཚུལ་ཡིན་ཏེ། །སྐྱེས་བུ་བློ་རྩལ་རབ་ལྡན་པས། །དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང་། །སེམས་ཅན་ཀུན་གྱི་ཞིང་གྱུར་པ། །དེ་དག་གཉིས་མེད་དབྱིངས་སུ་
སྦྱོར། །ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །ཐབས་དང་ཐབས་ལས་བྱུང་བ་ཡི། །དེ་ནི་བྱང་ཆུབ་རྡོ་རྗེ་མཆོག །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ཡང་དག་དོན་གྱི་སྙིང་པོ་ནི། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་
དག་པ་ཡིན། །དེ་ལ་རྟག་འགྲུས་གོམས་པ་ནི། །བསྙེན་པའི་དམ་པ་དེ་ཡིན་ཏེ། །དེ་ནི་མ་ནོར་ལམ་ཡིན་པར། །ཨ་ཡིས་བྷོ་དྷི་རབ་ཏུ་བསྡུས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། །གཅིག་གམ་འདི་ཞེས་བརྗོད་དུ་མེད། །གསུམ་དུ་སྣ་ཚོགས་འབྱུང་ཞིང་འཕྲོ། །བྱིན་
བརླབས་བསམ་ཡས་མཐའ་ཡས་མཆོག །དོན་བསྡུས་གསུང་རབ་བཞིན་བཅུ་གཉིས། །དེ་ལས་ལྷག་པའི་དོན་སྨྲ་བ། །དེ་ནི་རྣམ་དག་ལམ་མིན་ཏེ། །རང་བློས་བསམ་པའི་འཁྲུལ་པ་ཡིན། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །
ཚད་བཞིན་ཕབ་པའི་དོན་ཡིན་ཏེ། །དག་པ་རྣམ་གསུམ་ཚུལ་བསྒོམ་ཞིང་། །འབྲུ་ལྔར་བསྡུས་པ་ཐབས་ཆེན་ཏེ། །འགྲོ་བ་ཀུན་ལ་རང་རིག་གནས། །བྱ་བ་མེད་ལ་བྱས་པ་མེད། །ཟད་པའི་དུས་མེད་ཡིད་བཞིན་གཏེར། །བུམ་པ་བཟང་དང་ཡིད་བཞིན་མཛོད། །
ཟ་མ་ཏོག་དང་ཡིད་བཞིན་རྒྱལ། །གཞན་ནས་ཡོད་འོང་མ་ཡིན་ཏེ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་བསྙེན་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་སངས་རྒྱས་

ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོགས་པས་བརྟགས་པ་ལ་མངོན་པར་ཞེན་པ་དང་ཡང་དག་པའི་ལམ་དང་བྲལ་བ་དག་གབ་པའི་གསང་བ་མ་རྟོགས་པར་སྦས་
པའི་གསང་བ་ལ་མངོན་པར་འཆེལ་ནས་རྒྱུ་དང་འབྲས་བུ་ལ་རྨོངས་པས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་འདོད་པས་གདུངས་ནས་འདི་བས་ཤིན་
ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང་། ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་པོ་དག་ཏུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་
པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་ཡི་དགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་འགྱུར་བ་དང་། ཡོང་
མེད་པར་ཡང་འགྱུར་ཞིང་ཤིན་ཏུ་རིད་ཅིང་སྐམས་པ་དང་། ལུས་དང་ཡན་ལག་དང་དབང་པོ་མི་འཚམ་པར་གྱུར་པ་དང་། བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་
ནས་ཡི་དགས་སྲིན་པོ་ཆེན་པོ་རབ་ཏུ་གདུག་པ་གཏུམ་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ལུས་བརྒྱ་མགོ་གཅིག་པ་དང་། ལུས་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་དང་། གདུག་པའི་ལག་ཆ་སྣ་ཚོགས་
པ་ཐོགས་པ་འཁོར་རབ་ཏུ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཇིགས་པའི་ང་རོ་སྣ་ཚོགས་སྒྲོགས་པ། གཟུགས་དང་། རོ་དང་། དྲི་དང་། ཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ། རབ་ཏུ་འཇིགས་པའི་རླུང་གྲང་བ་དང་ཚ་བའི་དབུགས་

ཀྱིས་ཕྱོགས་ཀུན་དུ་ཁམས་འཁྲུགས་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་
ཆེ་མན་ཅད་དབང་དུ་བསྡུས་སོ། །དེ་སྔོན་གྱི་རྟེན་པའི་སྟོབས་དང་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏེ་ཐམས་ཅད་ཀྱིས་མཚན་ཉིད་བསྟན་པའི་གླུ་འདི་བླངས་སོ། །ཨེ་མའོ་འགྲོ་བ་ཡོངས་ནི་བདེར་གཤེགས་ལ་མ་ཡིན་ཏེ། །སྡུག་བསྔལ་སྲེག་
མཛད་སྒྱུ་མའི་སྤྲུལ་པར་སྣང་། །ཡོན་ཏན་རྨད་འབྱུང་ཆེ་བའི་རང་བཞིན་འདི། །སྡུག་བསྔལ་ཀུན་ལ་བཤེས་གཉེན་མགོན་པོ་ཡིན། །རྨོངས་དང་འཁྲུལ་པ་རབ་སེལ་ཞེ་སྡང་འཇོམས། །ཀུན་འབྱུང་བདེ་བ་རྡོ་རྗེ་སྐུ་མཆོག་སྟེ། །རྫོགས་ལྡན་མཛད་པའི་ཕྲིན་ལས་བསམ་
ཡས་པས། །ཐུགས་རྗེ་ཆེན་པོའི་དབང་གིས་བདུད་རྣམས་འཇོམས། །སྐུ་མདོག་སྣ་ཚོགས་ཐབས་མཁས་བསམ་ཡས་ལ། །རོལ་པའི་རྩེད་མོར་འགྲོ་བའི་དོན་མཛད་ཅིང་། །བྱང་ཆུབ་སེམས་ཀྱིས་ལམ་ལ་གནས་པར་མཛད། །འགྲོ་བ་ཀུན་ལས་བདེ་བ་གཅིག་པུ་པ། །
ཨ་ཧོཿ དགྱེས་པའི་མཉེས་པ་ཉིད་ལ་གནས་པར་མཛད། །བྱིན་བརླབས་ཀུན་གྱིས་བདེ་བ་ཉིད་ལ་སྣང་། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་ལ་ཀུན་ལས་རྣམ་པར་རྒྱལ་བ་ཉིད་དུ་མཁྱེན་ནས་མཉེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་
པའི་སྒྱུ་འཕྲུལ་དྲ་བ་ལས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་
འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས་ཁྲོ་མོའི་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུང་སྟེ་ཧི་ཧི་ཞེས་དགྱེས་པའི་གཟི་མདངས་ཀྱིས་པདྨ་རྒྱས་པར་མཛད་ནས་གཉིས་སུ་མེད་པར་

འཁྱིལ་པའི་དགྱེས་པས་ཐིམ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་ན་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་ཁྱབ་པར་ཁྲོ་བོའི་དཀྱིལ་འཁོར་གྱི་
ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས། །འུར་འུར་རབ་ཏུ་འུར་འུར། །ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ།
ཀུན་དུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག་རབ་ཏུ་ཤིག་ཤིག །ཀུན་དུ་ཤིག་ཤིག་གོ། །གཏོར་གཏོར་རབ་ཏུ་གཏོར་གཏོར། ཀུན་དུ་གཏོར་གཏོར་རོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེ་བ་དང་མཐུ་ཆེ་བའི་དབང་ཕྱུག་
ཆེན་པོ་ལ་སོགས་པ་ཐམས་ཅད་བརྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོ་ཁྲག་འཐུང་སྐུ་སྨུག་གནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་
སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོ་རི་རབ་ཀྱི་སྟེང་གི་འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་
ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་
ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་དུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང་། རྔམ་པའི་ང་རོ་

དང་། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང་། གནོད་སྦྱིན་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གིས་གདན་དུ་བྱས་པ་ལ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་
ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམས་ཏེ་བསྡུས་ནས་གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་མགྲིན་གཅིག་ཏུ་འདུག་པའི་ང་རོས་བརླང་པོའི་གཏུམ་ཚིག་
ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཞིང་ཤིན་ཏུ་གཏུམ་སེམས་ཀྱིས་རྔམ་ནས་ཁྲོས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཐམས་ཅད་ཀྱི་བདག་ཉིད་དེས་དབུ་དགུ་ཕྱག་བཅྭ་བརྒྱད་ཞབས་བརྒྱད་དུ་གནས་ནས་རྔམ་པའི་སྐད་
ཀྱིས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཞེས་བརྗོད་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང་། ནང་གྲོལ་ཀུན་དྲངས། ཡན་ལག་ཀུན་བཅད་གཏུབས་ནས་
ཁྲག་ཀུན་འཐུངས། །རུས་པ་ཀུན་འཆོས་སོ། །དེ་ནས་ཧཱུྃ་ཧཱུྃ་ཧཱུྃ་ཨེ་ཨཱ་ར་ལི་ཛཿཛཿཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་བསྡུས་སོ། །དེ་ནས་འབྱུང་བོ་མ་ལུས་པའི་རྒྱལ་པོའང་རྒྱལ་པོ་
དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཅད་ཀྱི་ཆུང་མ། འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། །སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་མོ་དང་།
བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་བྱེད་དང་། གཅིག་སྤྱོད་མོ་དང་། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་།

སྣ་ཆད་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ་དང་། བུམ་རྣ་སྔོ་གནག་ཆེན་མོ་དང་། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། བྲན་དང་ཡང་བྲན་གཡོག་དང་ཡང་གཡོག་འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་
སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོའི་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་སྣང་བར་བྱས་ནས་དེ་དག་ཀུན་དགྱེས་པ་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་
དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨོྃ་ཧཱུྃ་ཨྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས་འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་
བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མི་སྲུན་མོ་དང་། དམར་མོ་དང་། དགའ་མོ་དང་། གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་གནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ཏོ། །བཅོམ་
ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟ་བ་
མོ་དང་། སྲིན་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་པདྨ་ཆེན་པོའི་སྐུ་ལ་ཁྲག་གིས་མྱོས་པ་དང་། གཅིག་པུ་སྤྱོད་པ་དང་། ཡིད་འཕྲོག་མ་དང་། གྲུ་མོ་དང་། རླུང་མོ་རྣམས་འཁྲིལ་ཏོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་ཀུན་
དུ་ལས་ཀྱི་སྐུ་ལ་མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུྃ་ཧཱུྃ་ཞེས་བརྗོད་པས་པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་

ཏུ་བཅུམ་པར་གྱུར་ཏོ། །དེ་ནས་དགྱེས་ཏེ་ཧེ་ཞེས་བརྗོད་པས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་དཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྨེ་ཤ་ཅན་
གྱི་ཚོགས་དང་། མ་མོའི་ཚོགས་རྣམས་རང་གི་ལག་ཆ་དང་ངོ་མཚར་དང་ཆས་ནས་འཐོན་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོ་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་དང་རང་གི་ལག་ཆས་ཆགས་ནས་འཁོད་དོ། །དེ་ནས་ཤིན་
ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་མོའི་ཚོགས་དང་། སྟག་གདོང་ཆེན་མོའི་ཚོགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་གདོང་ཆེན་མོའི་ཚོགས་དང་། བཞད་གདོང་ཆེན་མོའི་ཚོགས་དང་། ཀཱངྐ་གདོང་ཆེན་མོའི་ཚོགས་དང་། དུར་བྱ་
གདོང་ཆེན་མོའི་ཚོགས་དང་། འུག་གདོང་ཆེན་མོའི་ཚོགས་རྣམས་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ཀྱི་ཕྱི་རོལ་ནས་འཁོར་བའི་རྔམ་པའི་མདངས་ཀྱིས་འཁོད་དོ། །
དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་དུ་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པས་རྡོ་རྗེ་བསྲིངས་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་གི་ལག་ཆ་དང་ངོ་མཚར་
དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་གཏུམ་པའི་གཟུགས་ཀྱིས་གནས་སོ། །དེ་ནས་དགྱེས་པ་ཆེན་པོའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་
ལ་བར་ཡུད་ཙམ་གྱིས་བགྱིའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོའི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །

ཨོྃ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷེ་ཨྃ་ཨྃ་ཨྃ་ཞེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣ་ནས་འཐོན་ཏོ། །མི་གཙང་བའི་འདམ་གྱི་རྒྱ་མཚོར་བཙུད་པ་ལས་གནམ་ནས་ཨུཙྪུཥྨ་
ཀྲོ་དྷ་ཕྱུང་བས་འདམ་ཀུན་འཐུངས་ཏེ། དྲན་པ་སླར་རྙེད་ནས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ་ཞབས་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ་། །དེའི་དུས་སུ་འཇིག་རྟེན་
དྲུག་གི་ཕྱོགས་བཅུའི་སྲིད་པ་ཀུན་དུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བ་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ཏོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་བྲེད་པས་རབ་ཏུ་ཞུམ་པའི་ང་རོས་འབངས་སུ་མཆི་འབངས་
སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། མགོ་དང་ལུས་ནི་བརྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིག །རུལ་མྱགས་ཚིག་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནའ་བོར་ནས་དཀྱིལ་
འཁོར་གྱི་གདན་ལ་བཞག་གོ། །ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང་། །མ་དང་སྲིང་མོ་བུ་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེ་བཞེས་སུ་གསོལ། །བདག་ཅག་སོ་སོའི་
འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་
པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བསྒྲུབས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །གས་གཏུབས་དུམ་བུར་རལ་བར་མཆི། །ཞེས་སྨྲས་སོ། །དེ་ནས་དེའི་ཆུང་མའི་ཚོགས་དང་

སྲིང་མོ་དང་བུ་མོའི་ཚོགས་ཐམས་ཅད་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། །བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོས་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་དུ་
སྩོལ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲ་བོའི་རང་བཞིན་གྱི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་
སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཁྲོ་བོ་ཁྲག་འཐུང་ཆེན་པོ་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་ཐུགས་
རྡོ་རྗེ་རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱྃ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱྃ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་ཙརྦ་དུཥྚཱྃ་ཏ་ཀ་ཧ་ན་
ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱྃ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱྃ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོྃ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལ་ནཱི་སརྦ་དུཥྚཱྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཛྲ་དྷཱ་ར་མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལ་ནཱི་ཧཱུྃ་
ཕཊ། ཨོྃ་མ་ཧཱ་སཱུརྱ་རཏྣ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་དྷ་མ་ཧཱུྃ་ཕཊ། ཨོྃ་ཧྲིཿམེ་ཧཱ་སཱ་ར་སྭ་ཏ་མ་ཧཱ་པདྨ་ཀྲོ་དྷེ་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། ཨོྃ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ཤྭ་ཧཱུྃ་ཕཊ། བཛྲ་གཽ་རཱི་ཧཿ། བཛྲ་ཙཽ་རཱི་ཧཿ། བཛྲ་པྲ་མོ་ཧེ་ཧཿ། བཛྲ་བེ་ཏཱ་ལཱི་ཧཿ། བཛྲ་ཙཎྜ་ལཱི་ཧཿ། བཛྲ་པུཀྐ་སཱི་ཧཿ།
བཛྲ་གྷསྨ་རཱི་ཧཿ། བཛྲ་སྨ་ཤཱ་ནཱི་ཧཿ། བཛྲ་སིཾ་ཧ་མུ་ཁཱི་ཧེ། བཛྲ་བྱཱ་གྷྲ་མུ་ཁཱི་ཧེ། བཛྲ་སྲྀ་གླ་མུ་ཁཱི་ཧེ། བཛྲ་ཤྭ་ནཱ་མུ་ཁཱི་ཧེ། བཛྲ་གྷྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀཱདྷ་མུ་ཁཱི་ཧེ། བཛྲ་ཁ་ག་མུ་ཁཱི་ཧེ། བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧེ། བཛྲ་ཨཱརྱ་ཏེ་ཛ་ཏེ་དཱ་ཛཾཿ བཛྲ་ཨ་མ་ཀ་ཧཱུྃ། བཛྲ་

ལོ་ཀཱ་བྃ། བཛྲ་བྷ་ཤྨི་པ་ལ་ཡ་བ་ཏོ་ཧོཿ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། བྷྱོ་བྷྱོ། རུ་ལུ་རུ་ལུ་ཧཱུྃ། ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བྃ་ཧོཿརཱྃ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་
ཕཊ། །ཨོྃ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེས་ཁྲོས་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་བརླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། ཨ་ལི་ཨུ་ལེ། ཏ་ལི་ཏ་པ་ཏི། དཾཥྚྃ། གོ་ནཱ་རོ། ཏྲི་ཁ་རྃ་
ཡོ་གི་ནཱི་ཁཱ་ཧི་ཧོཿ། ཧཱུྃ་ཧ་ཧེ་ཕཊ་ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག་རབ་ཏུ་ཚིག་རབ་ཏུ་ཚིག་ཀུན་དུ་ཚིག་གོ། །འབར་རབ་ཏུ་འབར་ཀུན་དུ་འབར་རོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་རབ་ཏུ་གང་ཀུན་དུ་རབ་ཏུ་གང་བར་གྱུར་
ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་ཚོགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་ཆེན་པོའི་བྱིན་བརླབས་ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དབང་པོའི་ཡུལ་དེ་རིག་པའི་རྣམས། །ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །མཉམ་པའི་ངང་ཉིད་རྟོགས་གསལ་ན། །ཐམས་ཅད་བདེ་བ་ཆེན་པོའི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཁྲོ་བོ་ཁྲོ་མོ་ཐམས་ཅད་
ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ན། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །ཟླ་མེད་ཆེན་པོས་དེ་སྐད་གསུངས། །ཡན་ལག་སྙིང་པོ་རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ། །ལས་རྣམས་སོ་སོར་རབ་ཏུ་བསྒོམ། །ཐབས་དང་ཤེས་རབ་ལྡན་པའི་ཞབས། །
རྟག་ཏུ་རྡོ་རྗེ་འབར་བར་འགྱུར། །ཐབས་ཆེན་རེ་རེ་བསྐྱོང་ན་ནི། །པདྨ་ཆགས་མེད་རེ་རེ་འབྱུང་། །རྡོ་རྗེ་པདྨ་དེ་འབྱོར་ན། །སེམས་ཅན་ཐམས་ཅད་བླ་ན་མེད། །བྱང་ཆུབ་ཞིང་དུ་སྐྱེ་བར་འགྱུར། །རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང་། །ཁྲོ་བོའི་དཀྱིལ་འཁོར་

བསྒོམ་བྱས་ཏེ། །དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་ན། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ། །ལག་གི་འདུ་བྱེད་བསྐྱོད་བྱས་ན། །རིག་འཛིན་ཞིང་ཁམས་ཐམས་ཅད་གཡོ། །རྐང་པའི་སྟབས་ཆེན་གནན་མཆོངས་ན། །སྡུག་བསྔལ་མི་བཟད་ཐམས་
ཅད་དང་། །བདུད་དང་ལོག་འདྲེན་ཐམས་ཅད་གནོན། །ཡན་ལག་ཐམས་ཅད་བསྒུལ་བསིག་ན། །བ་སྤུ་བུ་ག་རེ་རེ་ནས། །ཁྲོ་བོ་གྲངས་མེད་རྡུལ་སྙེད་འཕྲོ། །དེ་དག་སྤྲུལ་པ་གྲངས་མེད་ཀྱིས། །ཕྱོགས་བཅུ་ཁམས་མང་རྡུལ་སྙེད་དུ། །ཁྲོ་བོའི་དོན་རྣམས་རྡུལ་
ཕྲན་སྙེད། །ཐུགས་རྗེས་གདུལ་ཞིང་དབྱིངས་སུ་བསྟིམ། །ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང་། །ཁྲོ་མོའི་དཀྱིལ་འཁོར་རབ་ཏུ་འདུས། །ཐམས་ཅད་རྡོ་རྗེའི་བྲག་སྟེངས་དང་། །མེ་རིའི་དཀྱིལ་འཁོར་རབ་ཏུ་འབར། །འདི་ནི་སྤྱི་རྒྱ་ཆེན་པོ་ཡིན། །སྟེང་གི་
བགེགས་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་འཁོར་ལོ་ནྲྀ་མགོ་གདེངས། །འོག་གི་འཇིག་རྟེན་བགེགས་འདུལ་བའི། །རྡོ་རྗེ་ཐོང་གཤོལ་ནྲི་སྤར་དང་། །རྡོ་རྗེ་གཏུན་ཆེན་དྲིལ་བུའོ། །ཤར་གྱི་བགེགས་རྣམས་འདུལ་བ་ནི། །རྡོ་རྗེ་རབ་ཏུ་འབར་བ་དང་། །སྟི་ར་
ཆེན་པོའི་དབྱུག་པའོ། །ལྷོ་ཡི་བགེགས་རྣམས་འདུལ་བ་ནི། །རིན་ཆེན་མི་མགོའི་དབྱུག་པ་དང་། །གཤིན་རྗེ་ཆེན་པོའི་རྐང་བཟུང་བའོ། །ནུབ་ཀྱི་བགེགས་རྣམས་འདུལ་བ་ནི། །སྦྲུལ་དང་སྟི་རའི་དབྱུག་པ་དང་། །ཁྱུང་ཆེན་གཤོག་གིས་རབ་ཏུ་རྡེབས། །རྒྱ་མཚོ་
ཆེ་རྣམས་རྐེད་པར་གཏུབ། །བྱང་གི་བགེགས་རྣམས་འདུལ་བ་ནི། །རིན་པོ་ཆེ་ཡི་དབྱུག་ཏོ་དང་། །ནྲྀ་མགོ་གསུམ་པའི་དབྱུག་ཏོ་ཅན། །གནོད་སྦྱིན་གདོན་རྣམས་ཚར་གཅོད་པའོ། །མཚམས་བཞིའི་བགེགས་རྣམས་འདུལ་བ་ནི། །ཕྱོགས་བཞི་དག་གིས་
གདུལ་བར་འགྱུར། །གལ་ཏེ་དེ་ཡིས་མ་དུལ་ན། །བྱང་ཤར་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་རྩེ་གསུམ་ནྲྀ་མགོ་གདེངས། །ཨི་ཤ་ཉིད་ཀྱང་ཕྱག་ན་བསྣམས། །འབྱུང་པོ་དེ་ཀུན་རབ་ཏུ་བཏུལ། །ཤར་ལྷོ་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་ཡེ་

ཤེས་མེ་ལྕེ་འབར། །མེ་དེ་ཉིད་ཀྱང་འཚིག་པར་བྱེད། །དྲང་སྲོང་ཉིད་ཀྱང་ཕྱག་རྒྱར་བསྣམས། །མེ་ལྷ་གདོན་འཁོར་དབང་དུ་བསྡུས། །ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ། །རྡོ་རྗེ་དང་ནི་སྲིན་པོའི་མགོ། །རབ་ཏུ་རྣོ་བའི་རལ་གྲི་འབར། །བདེན་བྲལ་
ཉིད་ཀྱང་ཕྱག་ན་བསྣམས། །སྲིན་པོའི་ཚོགས་རྣམས་དབང་དུ་བསྡུས། །ནུབ་བྱང་མཚམས་ཀྱི་བགེགས་འདུལ་བ། །རླུང་གི་བ་དན་ནྲྀ་མགོ་གདེངས། །ཤིན་ཏུ་དྲག་པོ་གླང་པོའི་བརྗིད། །ཚིག་སྲུང་ཉིད་ཀྱང་ཕྱག་ན་བསྣམས། །གཡེང་བ་ཐམས་ཅད་དབང་དུ་བསྡུས། །འོག་
ཏུ་འཇིག་རྟེན་བགེགས་འདུལ་ཕྱིར། །ཕྱག་རྒྱ་རི་རབ་ཆེན་པོ་སྟེ། །ཕག་ཆེན་པོ་ནི་ཕྱག་ན་བསྣམས། །འོག་གི་བགེགས་རྣམས་འདུལ་བའོ། །གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས། །ཚ་དང་གྲང་བའི་སྡུག་བསྔལ་སེལ། །མེ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་
ཅད་མ་ལུས་སྲེག་པར་བྱེད། །ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་འཁྲུ་བར་བྱེད། །རླུང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཐམས་ཅད་མ་ལུས་གཏོར་བར་བྱེད། །གཞན་ཡང་རལ་གྲི་འཁོར་ལོར་བཅས། །མདའ་གཞུ་ཐོ་ཆེན་གྲི་ཆེན་དང་། །རྡོ་རྗེ་མདུང་
ཆེན་དགྲ་སྟར་བཅས། །མཆེ་གཙིགས་སྤུ་གྲི་སོ་དང་ནི། །མདའ་དང་མདུང་དང་སྟི་ར་དང་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ། །དབུས་ཀྱི་ཧེ་རུའི་ཕྱག་རྒྱ་ནི། །སྟི་ར་དབྱུག་ཏོ་ཆེན་པོ་དང་། །འཁོར་ལོ་ཆེན་པོ་རབ་ཏུ་འབར། །དུང་ཆེན་དམར་གྱིས་གང་བ་ལ། །རྡོ་རྗེས་དཀྲུག་ཅིང་
རབ་ཏུ་གསོལ། །ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། །སྟི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་ཆེན་པོ་རབ་ཏུ་འབར། །ནྲྀ་མགོ་དམར་ཆེན་བཀང་བ་གསོལ། །ལྷོ་ཡི་ཕྱག་རྒྱ་ཆེན་པོ་ནི། །སྟི་ར་ཆེན་པོའི་དབྱུག་པ་དང་། །ཡིད་བཞིན་ནོར་བུའི་གཞལ་ཡས་སུ། །དམར་གྱི་ཨརྒྷ་
རབ་ཏུ་གསོལ། །ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། །སྟི་ར་ཆེན་པོའི་དབྱུག་པ་དང་། །པདྨ་ཆགས་མེད་རབ་ཏུ་འབར། །དུང་ཆེན་དམར་གྱིས་བཀང་བ་གསོལ། །བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། །སྟི་ར་ཆེན་པོའི་དབྱུག་པ་དང་། །རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར། །དུང་ཆེན་དམར་གྱིས་

བཀང་བ་གསོལ། །ཁྲོ་མོ་རྣམས་ཀྱང་ཁྲོ་དང་མཐུན། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། །འཇིག་རྟེན་འདས་མདོ་ཆེ་ལས་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྒྱུ་འཕྲུལ་དྲ་བ་ལས་ཕྱག་
རྒྱ་སྤྲོས་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འབར་བའི་དཀྱིལ་འཁོར་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་
སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྤྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པའི་དོམ་གྱིས་སྦར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །སྨུག་
གནག་སྔོ་གནག་སེར་གནག་དང་། །དམར་གནག་ལྗང་གནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས། །སྟེང་གི་འཇིག་རྟེན་ཁོར་ཡུག་
བཅས། །རྡོ་རྗེ་དུང་ཆེན་གང་བ་དང་། །རལ་གྲི་དགྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཛིན་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞི་ཕྱག་རྒྱར་རབ་མཛེས་ཤིང་། །སླས་དང་བྱི་མོ་ཚོགས་ཀྱི་
གཙོ། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ཏེ་ཆས་ཏེ་གནས། །ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ། །དེ་ནས་དགྱེས་པ་ཆེན་པོ་བཅོམ་
ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་རྡོ་རྗེ་གསང་བའི་ཚིག་འདི་ཕྱུང་ངོ་། །ཨ་ཧོ། །བསྐལ་པར་བཅས་ཤིང་དུག་ཚོགས་འབར་བ་ཡི། །ཉོན་མོངས་ཀུན་གཡོ་དཀྱིལ་འཁོར་འཁོར་ལོ་བརྗོད་དཀའ་བའི། །ཇི་སྙེད་འཇིག་རྟེན་རྒྱན་

གྱིས་རྡུལ་སྙེད་བསམ་ཡས་པ། །རོ་ཚོགས་ཁྲག་ལ་བརྐམ་པ་དཔུང་གཉེན་ཀུན་བཀྱེ་ནས། །ཞེན་པའི་གདུག་མོ་ཤིན་ཏུ་གསལ་བ་དཀའ་བ་ཡི། །མི་མངོན་དབྱིངས་ནས་གཟུགས་ཀྱི་ཆོ་འཕྲུལ་བསམ་ཡས་ཀྱིས། །སྙིགས་མར་བཅས་ཤིང་
མཚམས་སྦྱོར་ཀུན་ངམ་ཟིལ་གྱིས་གནོན། །རབ་ཏུ་གནོན་པའི་འཇིགས་བྱེད་བསམ་མི་ཁྱབ། །དེ་བཞིན་དེ་ཉིད་གཉེན་པོར་ཀུན་བྱུང་ཀུན་དུ་གསལ། །ཧོ། ཆོས་རྣམས་ཇི་སྙེད་འགྲོ་དྲུག་སྨིན་བྱེད་བརྗོད་མི་ལང་། །དུས་མཐའ་རྨོངས་ལ་གནས་པ་བརྗོད་མི་ལང་། །
འདོད་པས་ཞེན་པའི་ལས་ཀྱང་ཇི་སྙེད་ཇི་སྲིད་པར། །དྲག་པོ་བདོ་བའི་རླུང་ཆེན་བསམ་མི་ཁྱབ། །བདེ་བར་བཅས་པ་གཞན་དུ་མེད་པར་བརྗོད་མི་ལང་། །བསྐལ་པར་བསགས་པའི་དུག་ཆེན་རབ་རྟོག་ཀུན་དུ་རྟོག །དེ་རྣམས་ཟིལ་གནོན་ཁྲག་འཐུང་སྐུ་གསུང་འཇིགས་
བྱེད་པར། །རྐྱེན་དུ་བཅས་ནས་སྦུ་བུས་འབྲས་བུ་སྨིན་པ་རབ་སྨིན་ལྟར། །དགྱེས་པ་ཆེན་པོ་བཅོམ་ལྡན་འདས་ནི་མང་པོའི་ཚོགས། །དཔག་མེད་བསམ་ཡས་ལྷུན་གྲུབ་པས། །རབ་ཏུ་འདུལ་བར་ཤིན་ཏུ་གསལ། །ཧོ། །ཁྲོ་བོའི་རང་བཞིན་གདུག་བར་འཇིགས་པ་མ་
ཡིན་ཞིང་། །ཞི་བ་མཛེས་པ་ཀུན་གྱི་ཡིད་དང་འཐད་པར་གནས་རྒྱུད་ཡོང་མ་ཡིན །དེ་ཉིད་གཉིས་སུ་མི་པའི་ཆོ་འཕྲུལ་བསམ་ཡས་ཐམས་ཅད་ཀུན་དུ་ཁྱབ། །རིགས་ལྔ་ཁྲག་འཐུང་འཇིགས་པའི་རོལ་པ་རྡུལ་སྙེད་རབ་སྟོན་པའི། །རྣམ་དག་བྱང་ཆུབ་མཆོག་གི་
དབྱིངས་ཏེ་གསང་བའི་སྙིང་པོར་རབ་བསྟན་ངེས་པ་ཉིད་དེ་ཤིན་ཏུ་གནས་པར་གསལ། །ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་
པ་ཆེན་པོས་ཉིད་ཀྱི་བྱིན་བརླབས་དང་ཡོན་ཏན་སྟོན་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨོཾ་སངས་རྒྱས་རྣལ་འབྱོར་ཆེན་པོ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྙིང་པོའི་མཆོག་ཉིད་དེ། །སངས་རྒྱས་ཀུན་དུ་བཟང་པོ་ཉིད། །འདི་

ཡིན་གཞན་ན་མེད་པ་སྟེ། །རོལ་པ་ཀུན་ལ་མངའ་བརྙེས་ཤིང་། །སྲིད་པ་འཇིག་རྟེན་ཐམས་ཅད་ཀུན། །སངས་རྒྱས་ཉིད་དེ་དུས་གསུམ་དུ། །མ་གཡོས་ལྷུན་གནས་སྙིང་པོ་སྟེ། །རང་བཞིན་ཆེ་བའི་ཡོན་ཏན་ལས། །མ་རྟོགས་རྨོངས་པའི་འགྲོ་བ་ལ། །སྒྱུ་འཕྲུལ་དྲ་བས་
མངོན་རྫོགས་པ། །སྙིང་རྗེ་ཆགས་པའི་དམ་ཚིག་གིས། །ང་རྒྱལ་ཉིད་ཀྱི་སྐུ་ཆེན་བསྟན། །གདུག་ཅིང་གཏུམ་པའི་ཁམས་གསུམ་ན། །འདུལ་བའི་ཞིང་དུ་རབ་སྦྱོར་ཞིང་། །ཕྲིན་ལས་རྣམ་བཞི་རྫོགས་པར་མཛད། །ཡེ་ཤེས་ངོ་མཚར་ཚམ་ངམ་གྱིས། །ཆོས་བཞི་རྣམ་
དག་ཆེ་བའི་ལྟ། །ཡེ་ཤེས་སྐུ་སྟེ་ཁྱད་པར་ཆེ། །ཆགས་པའི་ཚོགས་ཀྱིས་མཚན་མ་ནི། །འདོད་ཆགས་ཆེན་པོ་ཉིད་ཀྱི་སྐུ། །གཏུམ་རྔམ་གདུག་པས་མཚན་པས་ན། །ཞེ་སྡང་ཆེན་པོ་ཉིད་ཀྱི་སྐུ། །གདུལ་བྱ་ཞིང་དུ་རབ་སྦྱོང་ཞིང་། །ཆོས་ཉིད་མཉམ་ལས་བཞེངས་པས་ན། །
གཏི་མུག་ཆེན་པོ་ཉིད་ཀྱི་སྐུ། །སྣོད་བཅུད་དག་པའི་སྤྱོད་ཡུལ་བ། །ཐུགས་སྐུ་གསུང་ལས་འཕྲོས་པ་དང་། །རྒྱལ་བ་ང་ཡིས་མཚན་པས་ན། །ང་རྒྱལ་ཆེན་པོ་ཉིད་ཀྱི་སྐུ། །གསང་བའི་སྙིང་པོ་བཞི་བཅུ་གཉིས། །ཐིག་ལེ་ཐུགས་སུ་བསྡུས་པ་ཉིད། །གཞན་དུ་མེ་གཏོང་
མཚན་བས་ན། །དེ་ཉིད་ཕྲག་དོག་ཉིད་སྐུ་རྫོགས། །སྟོང་གསུམ་སྟོང་གི་སྟོང་ཆེན་པོ། །འཇིག་རྟེན་ཁམས་མང་སྣ་ཚོགས་པ། །རྡུལ་དང་བྱེ་བ་ལ་སོགས་པའི། །བགྲང་བ་ལས་ནི་རབ་འདས་མཚན། །དེ་ཉིད་སྣང་ཞིང་སྲིད་པ་ཉིད། །འཇིགས་བྱེད་སྐུ་གསུང་ཐུགས་ཀྱི་དབྱིངས། །
ཆོས་སྐུ་ཡེ་ཤེས་རང་བཞིན་ལ། །སྒྱུ་འཕྲུལ་དྲ་བའི་ཐིག་ལེ་མཆོག །སྙིང་པོ་ཐིག་ལེ་བསམ་ཡས་ཉིད། །འཇིགས་བྱེད་དབུ་དགུ་བཅྭ་བརྒྱད་ཕྱག །སྒྱུ་མས་མཚན་པའི་དྲ་བ་ཡིན། །དེ་ཉིད་ཚོགས་དང་དཀྱིལ་འཁོར་སྔགས། །གཅིག་ལ་གསུམ་དུ་མཆོག་ཏུ་སྔགས། །
ཡུལ་དང་འབྱུང་བ་དེ་ཉིད་དོ། །བདག་རིག་གཞན་དོན་སྙིང་པོ་ཉིད། །ཐབས་དང་ཤེས་རབ་ཕྱག་མཚན་པ། །གཉིས་མེད་རིག་པའི་ཡེ་ཤེས་ཆེ། །མིང་དང་གཟུགས་དང་དབུར་གྱུར་པ། །ཕྱག་དང་ཞབས་སུ་རྣམ་པར་བརྟགས། །བརྟགས་པ་ལས་ནི་འཕྲོས་པའི་སྐུ། །ཅི་

ཡང་མེད་ལས་ཅིང་ཡང་སྣང་། །སྐལ་བཟང་མཆོག་གི་སྒྱུ་འཕྲུལ་བ། །དྲ་བའི་དཀྱིལ་འཁོར་རབ་ཏུ་རྫོགས། །བརྟགས་པ་ཟིག་གནོན་ཆོས་ཉིད་སྤྱན། །སྤྱན་ནི་ཆོས་ཉིད་མཉམ་པ་ཉིད། །ཇི་བཞིན་དབྱིངས་ཀྱི་ཡུལ་ལ་སྦྱོར། །རོལ་པའི་རྩེད་མོར་སྡང་མིག་
པ། །གཞན་དུ་མི་གཟིགས་ཡུལ་ལ་གཟིགས། །པདྨ་འཁྱིལ་པ་ཉིད་སྐུ་གསུང་། །མཚན་མར་འཛིན་པའི་དངོས་པོ་འཇིག །ཡེ་ཤེས་ཆེན་པོའི་སྤྱན་བགྲད་ལས། །ཁྲོ་གཉེར་གློག་སྟོང་འགྱུར་བ་ཡི། །མེ་ཡི་ཚོགས་ཀྱི་གཞན་ཕུག་གློག །བདུད་རྩི་ཞིང་དུ་སྦྱོར་བས་ན། །
བདུད་རྩི་མཆོག་གི་ཁྲོ་བོ་ཡིན། །སྐུ་ཉིད་མཉམ་པ་རྫོགས་པ་ལས། །སྣ་ཚོགས་འཆར་བར་རབ་སྟོན་པ། །ཡེ་ཤེས་སྒྱུ་འཕྲུལ་སྟོབས་ཆེན་པོ། །མི་གཡོ་མཆོག་གི་འདུ་འཕྲོ་ལས། །གཤོག་པ་རྡོ་རྗེ་གཏམས་པ་ནི། །ཤེས་རབ་ཚོགས་ལ་འཕྲུལ་པ་དང་། །ཐུགས་རྗེ་
དྲ་བའི་བྱིན་བརླབས་ཀྱིས། །འཁོར་ཡུག་ཇི་སྙེད་མཐའ་ཀླས་པ། །དབྱིངས་ཉིད་བདེ་ལ་སྐྱོད་པ་སྟེ། །འཕྲོས་ནས་དབང་དུ་བྱེད་པའི་དོན། །རྟ་ཡི་གར་ཐབས་རྫུ་འཕྲུལ་གྱིས། །གཅིག་ཀྱང་ཡལ་བ་མ་ཡིན་པའོ། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །སྒྱུ་འཕྲུལ་
དཀྱིལ་འཁོར་མཐས་ཀླས་པར། །རྩེད་མོ་མཆོག་གི་ཕྱག་རྒྱ་ནི། །བརྐྱང་དང་བསྐུམ་པ་ཞབས་ཚུལ་ཏེ། །ཐབས་དང་ཤེས་རབ་རོལ་པའི་དོན། །རང་དབང་ཐབས་ཆེན་རྒྱལ་པོ་ཡིས། །སངས་རྒྱས་ཀུན་གྱི་སྐུ་གསུང་བ། །ཐིག་ལེ་མཆོག་གི་གནས་ལ་རྫོགས། །
དབང་ཕྱུག་ལྷ་ཆེན་ལ་སོགས་ལ། །ཟིལ་གནོན་ཁྲོས་པའི་ཕྱག་མཚན་པ། །སྣ་ཚོགས་མཚོན་རྣོན་མང་པོ་བསྣམས། །ང་རྒྱལ་གདུག་པའི་ཞེ་སྡང་གཅོད། །གཏི་མུག་ཆོས་སྐུ་སྒྱུ་འཕྲུལ་བ། །དྲ་བའི་ཐུགས་རྗེ་མཐའ་དག་ནི། །ཁྲོས་པའི་དམ་ཚིག་
སྙིང་རྗེ་ཡིས། །མཉམ་པའི་ཐིག་ལེར་དགོད་པ་ནི། །གཤིན་རྗེ་གཤེད་པོར་གདུག་པའི་རྒྱལ། །གདུག་པའི་ཚོགས་རྣམས་མཆོག་སྒྲོལ་བདེན། །འགྲོ་ལ་མགོན་དུ་གྱུར་པས་ན། །དུག་དང་བདུད་རྩི་ཁྱད་མེད་པའི། །ཆོས་སྐུ་གདུག་པས་བརྒྱན་པའི་

སྦྲུལ། །དབང་རྟགས་ཡེ་ཤེས་རྒྱན་དུ་བཞག །དུར་ཁྲོད་རྫས་དང་ཁྲག་འཐུང་བའི། །གཡང་གཞི་སྟག་གི་པགས་ཆེན་བགོས། །འཇིགས་བྱེད་སྙིང་རྗེའི་དམ་ཚིག་ནི། །སྐྱེ་ཤི་རྩ་བ་གཅོད་མཛད་པ། །མི་གཡོ་མགོན་ཞེས་མཆོག་ཏུ་བསྒྲགས། །ང་རྒྱལ་
ལག་གིས་འདུ་བྱེད་པ། །ང་རྒྱལ་འཕྲོག་པའི་དམ་ཚིག་སྟེ། །ཀུན་དུ་བཟང་པོའི་སྤྱོད་ཡུལ་ལ། །སྔགས་ཀྱི་སྙིང་པོ་དེ་ཉིད་པ། །ཧཱུྃ་ཧཱུྃ་ཧཱུྃ་གིས་སྡུད་ཟ་འཐུང་། །རྡོ་རྗེ་ཐུགས་ཀྱི་བྱིན་བརླབས་ཀྱིས། ཧཱུྃ་མཛད་ཆེས་ནི་རྣམ་པར་བསྒྲགས། །མི་མཆེད་གཏི་མུག་ཆེན་པོ་ནི། །
ཉོན་མོངས་རྒྱ་མཚོ་རྔུབ་པའི་ཕྱིར། །བྷན་དྷ་ཀློང་ཆེན་འཐུང་བར་སྣང་། །འཇིག་རྟེན་འབར་བའི་སྤྲིན་ཆེན་པོ། །བསྐལ་པ་ལས་ཀྱི་ཟིལ་གནོན་པ། །རྡོ་རྗེ་མེ་ཡི་འབར་བ་འབྱུང་། །ཉོན་མོངས་རྒྱ་མཚོ་སྐེམས་པར་བྱེད། །འཇིགས་བྱེད་ཐབས་ཀྱི་དམ་ཚིག་གིས། །བསམ་
ཡས་འཇིག་རྟེན་འཁོར་ཡུག་བཅས། །རང་གི་སྐུ་ཡི་གཞལ་མེད་བསྡུས། །སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་ནི། །ཟིལ་གྱིས་གནོན་པ་དུར་ཁྲོད་གླིང་། །ཚོམ་བུ་གཉིས་ཀྱི་ལྷ་ཆེན་པོ། །རྡོ་རྗེ་སྐུ་ཡི་བྱིན་བརླབས་ཀྱིས། །ཐིག་ལེ་མི་གཡོ་བདེ་བ་ལས། །རང་བཞིན་རོལ་པ་ཆེན་
པོས་ནི། །རྡོ་རྗེ་ཕྲ་མེན་ཕོ་ཉའི་ཚོགས། །ཁམས་གསུམ་འདུལ་བར་ཡང་དག་མཛོད། །ཧ་ནི་ཐིག་ལེ་ཞི་བ་ཉིད། །ཧ་ནི་ཐིག་ལེ་ཞི་ཁྲོ་སྙོམས། །ཧ་ནི་ཐིག་ལེ་དབང་ཆེན་ཡིན། །ཧ་ནི་ཐིག་ལེ་དྲག་པོ་ཉིད། །ཧ་ནི་ཐིག་ལེ་རོལ་པ་ཉིད། །ཧ་ནི་ཐིག་ལེས་ཕྲིན་ལས་ཉིད། །ཧ་ནི་ཐིག་
ལེས་ཆགས་དབང་འདུལ། །ཧ་ནི་ཐིག་ལེ་ལས་ཀུན་རྫོགས། །ཧེ་ནི་ཐིག་ལེ་ཡེ་ཤེས་ཐུགས། །ཧེ་ནི་ཐིག་ལེས་གསུང་སྙན་པ། །ཧེ་ནི་ཐིག་ལེས་ཚམ་ངམ་ལྕེ། །ཧེ་ནི་ཐིག་ལེ་རོལ་པ་ཉིད། །ཧེ་ནི་ཐིག་ལེ་དབང་རྟགས་ཡིན། །ཧེ་ནི་ཐིག་ལེས་དྲག་ཤུལ་བ། །ཧེ་ནི་ཐིག་ལེས་
ཐུགས་ཆེན་རྫོགས། །ཧེ་ནི་ཐིག་ལེས་དཀྱིལ་འཁོར་བ། །འཇིགས་བྱེད་མཆོག་གི་སྒྱུ་འཕྲུལ་ཏེ། །དྲ་བས་ཟིལ་གནོན་ལམ་འགོག་གོ། །ཧཱུྃ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཧཱུྃ་ནི་ཡེ་ཤེས་ཐུགས་སྐུ་ཉིད། །ཧཱུྃ་ནི་ཡེ་ཤེས་ཐུགས་སྐུ་གསུང་། །ཧཱུྃ་ནི་ཡེ་ཤེས་ཡིད་བཞིན་

ལས། །ཧཱུྃ་ནི་ཐིག་ལེ་ཡེ་ཤེས་སོ། །ཕཊ་ནི་སྐུ་ཡི་ཐུགས་ཀྱི་ཐུགས། །ཕཊ་ནི་གསུང་གི་གསུང་གི་ཐུགས། །ཕཊ་ནི་ཐུགས་ཀྱི་ཐུགས་ཀྱི་ཐུགས། །ཕཊ་ནི་ཆོས་སྐུའི་ཐུགས་ཀྱི་ཐུགས། །ཕཊ་ནི་ཆོས་སྐུའི་གསུང་གི་ཐུགས། །ཕཊ་ནི་ཆོས་ཐུགས་ཐུགས་
ཀྱི་ཐུགས། །སྒྱུ་འཕྲུལ་དྲ་བས་དགྱེས་པ་ཧོ། །དབང་ཕྱུག་ཆགས་པས་དགྱེས་པ་ཧོ། །གར་ཐབས་རོལ་པས་དགྱེས་པ་ཧོ། །སྐུ་གསུང་ཐུགས་ལྡན་དགྱེས་པ་ཧོ། །ཡོན་ཏན་ལས་ཀྱིས་དགྱེས་པ་ཧོ། །ཕོ་ཉ་འདུ་འཕྲོས་དགྱེས་པ་ཧོ། །ཀུན་ལ་སྣང་བས་དགྱེས་པ་ཧོ། །བྱིན་
གྱི་བརླབས་ཀྱིས་དགྱེས་པ་ཧོ། །ཆོས་ཀྱི་སྐུ་ལ་དགྱེས་པ་ཧོ། །ཡེ་ཤེས་རོལ་པ་དགྱེས་པ་ཧོ། །ཅི་ཡང་མིན་པས་དགྱེས་པ་ཧོ། །གནོད་པ་སྡུད་པས་དགྱེས་པ་ཧོ། །ཆོས་ཀྱི་དབྱིངས་ཉིད་དགྱེས་པ་ཧོ། །དེས་དགྱེས་པ་ཆེན་པོ་ཉིད་ལ་ཉིད་ཤིན་ཏུ་དགྱེས་པར་གྱུར་ཏེ། ཆོས་ཐམས་
ཅད་གཅིག་གི་རང་བཞིན་དུ་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་སྟོང་ཕྲག་བརྒྱ་ལས་དགྱེས་པ་ཆེན་པོའི་བྱིན་བརླབས་དང་ཡོན་ཏན་མཆོག་སྟོན་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འཇིགས་བྱེད་ཀྱི་བསོད་
ནམས་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་འཁོར་ལོ་རིགས་ཀྱི་གཙོ། །བཙུན་མོ་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་
ཚོགས་ཆེན་དེ་དབུས་སུ། །བདག་ཉིད་དྲག་པོ་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རིན་ཆེན་རིགས་ཀྱི་གཙོ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །
ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་དང་ངག་ཡིད་བྱིན་བརླབས་ནས། །བདག་ཉིད་དྲག་པོ་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་བྱེད་རིན་ཆེན་རིགས་

ཀྱི་གཙོ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་དང་ངག་ཡིད་བྱིན་བརླབས་ནས། །བདག་ཉིད་དྲག་པོ་བཅོས་ཚུལ་དུ། །སྐུ་གསུང་ཐུགས་ཀྱི་
དཀྱིལ་འཁོར་བསྒོམ། །ཡང་ན་རིགས་དབང་དཀྱིལ་འཁོར་རོ། །འཁོར་ལོ་བར་ཁྱམས་སྒོ་རྣམས་སུ། །འཇིགས་པའི་ཕྲིན་ལས་རིགས་ཀྱི་གཙོ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །ཁྲོ་མོའི་ཚོགས་དང་ལྡན་པར་བསྒོམ། །ཞི་དང་དྲག་པོ་དབང་དང་རྒྱས། །ལས་བཞི་
དཀྱིལ་འཁོར་རྫོགས་པར་དགོད། །འཇིགས་པའི་ཚོགས་ཆེན་དེ་དབུས་སུ། །ལུས་དང་ངག་ཡིད་བྱིན་བརླབས་ནས། །བདག་ཉིད་དྲག་པོར་རབ་གནས་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །འཇིགས་བྱེད་ལྔ་རྫོགས་དཀྱིལ་འཁོར་ནི། །ཉི་ཤུ་རྩ་ལྔ་སྐུ་གསུང་
ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པར་བསྒོམ། །རྒྱན་དང་ཆ་ལུགས་ལ་སོགས་པ། །འཇིགས་པའི་ཚོགས་ནི་ཇི་བཞིན་པར། །ཚམ་ངམ་ཆེན་པོའི་ཆ་ལུགས་བསྒོམ། །གླུ་དང་གར་དང་ཕྱག་རྒྱ་དང་། །ཤེས་རབ་ཐབས་སུ་ཤེས་པ་དང་། །བྱང་ཆུབ་སེམས་ཀྱི་མཆོད་པ་
དང་། །བརྡ་ལ་སོགས་པའི་ཡོན་ཏན་དང་། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀྱི། །མདོར་ན་ཚོགས་རྣམས་མངོན་དུ་བསྒྲུབ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འཇིགས་བྱེད་ཆེན་པོའི་བསོད་ནམས་སྦྱིན་པ་དམ་ཚིག་གི་ལེའུ་སྟེ་
སུམ་ཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཆོ་ག་དང་དཀྱིལ་འཁོར་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། །ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་རོ། །གསང་སྔགས་
སྤྱི་ཡི་དཀྱིལ་འཁོར་ལས། །ཤེས་འཇུག་ཡུམ་གྱི་དཀྱིལ་འཁོར་བསྒོམ། །རྒྱང་གྲགས་དཔག་ཚད་ལ་སོགས་དང་། །ལུས་གང་ལུས་དོ་གསུམ་གྱི་ཚད། །རང་གི་རིག་པས་ཅི་ནུས་པར། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །གནོད་བསྐྲད་ས་གནོན་བྱིན་གྱིས་བརླབ། །

ལྗོན་པ་ལྕུག་ཕྲན་སྡོང་གཅིག་དང་། །མ་རིག་ཚོན་གྱིས་ཇི་བཞིན་དུ། །གོམས་པར་བྱ་བའི་ཏིང་འཛིན་དབབ། །འཇིགས་བྱེད་སྐུ་གསུང་དཀྱིལ་འཁོར་བཟླ་ས། །གནས་དང་ཟླ་དང་རྫས་རྣམས་ནི། །ཚོགས་ཀྱི་མཆོག་ཏུ་དམིགས་པས་གཞག །དང་པོར་
མཆོད་སྦྱིན་དམ་པས་མཆོད། །གཟུགས་དང་ལུགས་ཆེན་དུང་མཆོག་ནི། །ཅི་འདོད་སྣང་བར་བདག་གིས་དགོད། །འཇིགས་བྱེད་དབང་དུ་བདག་ཞུགས་ནས། །ཁྲོ་མོ་ཇི་སྙེད་འཁོར་དུ་བྱ། །བར་ཆད་ཏིང་འཛིན་མཆོག་གིས་ཟློག །གསང་བའི་སྙིང་པོར་ཉིད་བཤམས་ཏེ། །
འདས་པ་བདག་ཏུ་མཉམ་སྦྱར་ཞིང་། །ཐུགས་ཀྱི་སྔགས་ཀྱིས་སྤྱན་དྲངས་ནས། །བདག་གི་ལུས་ལ་ཞུགས་ཚུལ་དུ། །དེ་ཡི་གཟུགས་གཟུང་མཆོག་ཏུ་བསྟིམ། །ཛཿཞེས་ལན་གསུམ་བརྗོད་པས་ན། །དེ་ཉིད་བསོད་ནམས་ལུས་ཐོབ་ཅིང་། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྦྱིན། །ཕོ་
ཉ་འདུ་འཕྲོ་མང་པོ་རྣམས། །དེ་ཡི་དགོས་པ་བྱེད་པར་འགྱུར། །ཡང་ན་ས་གཞི་རབ་མཉམ་ལ། །ཕྱག་རྒྱ་གཟུགས་དང་སྙིང་པོ་རྣམས། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །རྡོ་རྗེ་དུང་ཆེན་དམར་རྩིས་དགང་། །དུང་དང་སྲོག་ཤིང་གསར་རྙིང་དང་། །ཞིང་
འགྱུར་མཆོག་དང་མཆོག་ཕྲན་དང་། །ཇི་སྙེད་པ་ཡི་རྫས་རྣམས་ཀུན། །འཇིགས་བྱེད་ཆེན་པོའི་ཏིང་འཛིན་དང་། །ཉམས་པ་མེད་པའི་སེམས་ཀྱིས་སྤྱད། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལ། །རྡེང་དང་བཅས་པའི་བསམ་པ་ཡིས། །རེ་བ་མེད་པར་རབ་ཏུ་བསྒྲུབ། །བསྙེན་པ་དང་
ནི་ཉེ་བསྙེན་པ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཞག་ནི་ཚང་ཞིང་རྟགས་བྱུང་ན། །དཀྱིལ་འཁོར་མཐུན་པ་ཉིད་དུ་སྦྱར། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །འཇིགས་བྱེད་ཚོགས་ལ་བདག་ལུས་
དབུལ། །དེ་ཉིད་དཀྱིལ་འཁོར་ཉིད་དུ་བརྟག །འདའ་བར་མི་མཛད་དམ་ཚིག་ལས། །ནམས་ཀྱང་འདའ་བར་མི་མཛད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དགྱེས་པ་ཆེན་པོའི་དཀྱིལ་འཁོར་དམ་ཚིག་གི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།དེ་ནས་བཅོམ་

ལྡན་འདས་དགྱེས་པ་ཆེན་པོས་སྔགས་ཀྱི་སྙིང་པོ་འདི་ཆེད་དུ་བརྗོད་དོ། །ཨ་ཀི་དུ་ན་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཧཱུྃ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་མ་ཧཱ་བཛྲ་ཤྲཱིཧེ་རུ་ཀ་བཛྲ་ཀྲོ་དྷེ་ཤྭ་རི་སརྦ་དུ་ཥྚཱན་ཧཱུྃ་ཕཊ། རུ་
ལུ་མ་ཧཱ་ས་མ་ཡ་ཧཱུྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་རཏྣ་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ངྷ་མུ་ཁ་ཧཱུྃ་ཕཊ། རུ་ལུ་རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་ཧྲཱིཿཔདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨ་མ་ཧཱ་ཀྲོ་དྷེ་ཤྭ་རི་ཁཱ་ཧི་ཧཱུྃ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་
ཨ་ག་མ་ཧཱ་ཀྲོ་དྷེ་ཤྭ་རི་བི་ཤྭ་རཱུ་བེ་ཧཱུྃ་ཕཊ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ། རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་མ་ཧཱ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཨ་མོ་གྷ་མ་ཧཱ་བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་ས་མ་ཡ་ཧ་ཧེ་ཧཱུྃ་ཕཊ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་མནྟྲ་ཛྭ་ལ་མ་ཧཱ་
མཎྜལ་ཀཱ་ཡ་བཱ་ཀ་ཙིཏྟ། ཨོཾ་ཨོཾ་ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། སྭཱྃ་སྭཱྃ་སྭཱྃ། ཨཱྃ་ཨཱྃ་ཨཱྃ། ཧཱྃ་ཧཱྃ་ཧཱྃ། བཛྲ་མ་ཧཱ་ཀ་པཱ་ལ་ཁངྒ་དཎྜེ་ན་ཛྭ་ལ་སིད་དྷ། མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་མེ་དུ་མེ་སིད་དྷོད་བྷཱ་བེ། སྃ་ཧ་ར་ཎ། ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་ཡོ་ག་ཨད་དྷ་མ་ཧཱ་ས་མ་ཡ། རུ་ལུ་རུ་ལུ། ཨ་ལ་ལ་ཧོཿ། ཧོ་སེམས་ཉིད་ཐིག་ལེར་རབ་
གནས་པའི། །དཀྱིལ་འཁོར་བཞི་བཅུ་གཉིས་ཉིད་རྫོགས། །སངས་རྒྱས་རྡོ་རྗེ་ཧེ་རུ་ཀ །ཚོམ་བུ་དཀྱིལ་འཁོར་བསམ་ཡས། །སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག །ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ། ཨོྃ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭྃ། ཨོྃ་ཨྃ་ཧཱུྃ་སུར་སྟྭྃ། ཀ་མ་ལ་མ་ཧཱ་སུ་ཁ་མཱ་ལཻ་མ་
ནུ་ས་མན་ཛྭ་ལ་ནི་དྷ་ན་ཨ་བ་ཡོ་ག་ཁཱ་ཧི་ཨ་ལ་ཨ་ལ་ཧོཿ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་འཇིགས་བྱེད་ཆེན་པོ་སྔགས་ཀྱི་བཟླས་པ་སྙིང་པོ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་དམ་ཚིག་ཆེན་
པོས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་སྦྱིན་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ་གདུག་པའི་ཚོགས་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོྃ་སརྦ་ཏ་ཐཱ་ག་ཏ་པདྨ་སམ་ཡོ་གི་ནཱི་ཛཿ། ཞེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་

ཅད་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཀུན་དུ་པདྨར་གྱུར་ཏེ། དབུ་དགུ་ཕྱག་བཅྭ་བརྒྱད་པ་ལས་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་དུ་སྲིད་པའི་རྩེ་མོར་ཐུག་པར་གནས་པར་གྱུར་ཏོ། །དེ་ནས་ཡང་དཀྱིལ་འཁོར་ཆེན་པོ་རྫོགས་
པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རི་རབ་ཆེན་པོ་བརྐྱང་བསྐུམ་གྱི་ཚུལ་གྱིས་འདྲིལ་ཞིང་། ཨོྃ་ཨ་བྷི་ཙ་ར་བ་ཤཱིན་ཞེས་བརྗོད་པས་ལྷའི་ཚོགས་དང་། ཀླུའི་ཚོགས་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་ཇི་སྙེད་པ་ཐམས་ཅད་
རང་དབང་མེད་པར་ཞབས་འདྲིལ་བའི་འོག་ཏུ་གནས་པར་གྱུར་ཏོ། །དེ་ནས་ཡང་ཧ་ཧ་ཨ་བི་ར་ཙ་ཏིཥྛ་ཞེས་བརྗོད་པས་ལ་ལ་ནི་ལུས་ཤིན་ཏུ་ཏེ་རི་རབ་ཆེན་པོའི་འོག་ཏུ་གནས་པར་གྱུར་ཏེ། ལ་ལ་ནི་མངོན་སུམ་གཅན་མར་རི་རབ་ཆེན་པོའི་འོག་ཏུ་གནས་པར་གྱུར་ཏོ། །དེ་
ནས་ཡངས་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་གདུག་ཅིང་ཞེ་སྡང་ཆེ་བ་དད་པ་མེད་ཅིང་རྡོ་རྗེ་ཐེག་པ་སྨོད་པ་ཞིག་ཡོངས་ཀྱི་འཇིག་རྟེན་ན་གནས་པར་མཁྱེན་ཏོ། །མཁྱེན་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ཨོྃ་པདྨ་ས་མ་ཡོ་གི་ནི་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་ཞེས་བརྗོད་པས་ཀུན་དུ་སྐུ་ཆགས་
པའི་བདག་ཉིད་དང་། ཀུན་དུ་གསུང་ཆགས་པའི་ཆ་ལུགས་དང་། ཀུན་དུ་ཐུགས་ཆགས་པར་གྱུར་པ་དང་། ཀུན་དུ་རིན་པོ་ཆེ་ཆགས་པ་ཆེན་པོ་དང་། ཀུན་དུ་ཕྲིན་ལས་ཆགས་པ་ཆེན་པོར་གྱུར་ཏེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། དབུས་ཆེན་པོར་ཁྲག་གི་དཔའ་
ཀློང་ཀེང་རུས་ཆེན་པོའི་རི་རབ་ཆེན་པོ་ན་དུས་ཀུན་དང་དེ་ཉིད་སྣང་བར་གྱུར་ཏོ། །དེ་ཡང་ཀུན་དུ་སྐུ་ལྔ་འཇིགས་པའི་གཟུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་ལྔའི་ང་རོ་བསམ་གྱིས་མི་ཁྱབ་པ་དང་། འཇིགས་བྱེད་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཐུགས་ལྔའི་
རོལ་པ་དང་། ཞལ་བསམ་གྱིས་མི་ཁྱབ་པས་འཇིགས་པ་དང་། རིགས་ལྔ་ཚོམ་བུ་ཆེན་པོའི་སྟེང་དུ་གནས་པར་གྱུར་ཏོ། །དེ་ལས་མཆོག་གི་སྙིང་པོ་ཆེན་པོ་མ་ཧཱ་རཏྣ་ཏི་ལ་ཀའི་དབུར་གྱུར་ལས་རབ་ཏུ་སྐུ་གསུང་ཐུགས་སྤྲས་པའི་གཞལ་མེད་ཁང་ན་འཇིགས་བྱེད་ཆེན་པོའི་

ཐིག་ལེ་སྙིང་པོ་ཉིད་དབུ་གསུམ་ཕྱག་དྲུག་ཏུ་གནས་ཏེ་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་དེ་ཉིད་དུ་སྐུ་དང་། དབུ་དང་། ཕྱག་དང་། ཞབས་དང་། འཁོར་སྟོང་ཁམས་ཀྱི་རྡུལ་སྙེད་དུ་འཇིགས་བྱེད་ཆེན་པོ་བསམ་གྱིས་མི་ཁྱབ་པར་ཁེབས་པར་མཐོང་ངོ་། །དེ་ནས་
ཡང་བདུད་ཆེན་པོ་ས་འཛིན་གྱི་རྒྱལ་པོས་སྐྱེས་བུ་ཆེན་པོ་ས་འཛིན་གྱི་བདག་པོ། །ཐོང་ཐོང་ཇི་དེ་ལྟ་བུ་བྱེད་དམ་ཞེས་པ་ལས་དེ་ནས་ཡང་དགྱེས་པ་ཆེན་པོའི་བདག་ཉིད་ཀྱིས། །ཨོྃ་ཨ་བྷི་ཙར་བ་ཤཱི་ན་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་དམ་པའི་བསྟན་པས་དམ་པའི་བསྟན་པ་རྡོ་རྗེ་ཐེག་པ་སྨོད་
ཅིང་འགྲོ་བའི་རྣལ་འབྱོར་པ་ལ་གནོད་པའི་ཚོགས་འཁོར་བསམ་གྱིས་མི་ཁྱབ་པ་དང་། གཡོག་དང་ཡང་གཡོག་ཏུ་བཅས་པའི་བདུད་ཆེན་པོ་དེ་དག་ཉིད་ཀྱི་ཡིད་ཀྱིས་གདུངས་ཏེ་རབ་ཏུ་བརྒྱལ་ནས་མ་མཐོང་བར་རྨོངས་པའི་གནས་ནས་རང་དབང་མེད་ཅིང་དྲན་པ་མེད་པར་ཀེང་
རུས་ཀྱི་རི་རབ་ཆེན་པོའི་འོག་ཞབས་ཀྱི་གནས་སུ་ཕྱིན་པར་གྱུར་ཏོ། །དེ་ནས་འཇིགས་བྱེད་ཆེན་པོས་ཏིཥྛ་བཛྲ་ཨྃ་ཨྃ་ཞེས་བརྗོད་པས་གདུག་པའི་བློ་དང་ཕྲལ། མི་མཐུན་པའི་ལུས་བརྫེས་ཏེ་ལྷ་ཆེན་པོའི་ཚོགས་འདུལ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་གནས་པར་
གྱུར་ཏོ། །དེ་ནས་དགྱེས་པ་ཆེན་པོ་དཔལ་འཇིགས་བྱེད་ཆེན་པོས་དེ་དག་གི་དཀྱིལ་འཁོར་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལས་ཐུགས་ཀྱི་དཀྱིལ་
འཁོར་ཐིག་ལེ་ཆེན་པོ་ཞེས་བྱ་བ་འདི་ཉིད་ཀྱི་རྡོ་རྗེ་ཐིག་ལེ་ཆེན་པོའི་དམ་ཚིག་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །ཨོྃ་ཁྲག་མངས་དབའ་ཀློང་འཁྱིལ་བ་ཡི། །ཀེང་རུས་ཚོགས་ཀྱི་རི་རབ་འབུམ། །འདུས་པའི་ཚོམ་བུ་ལྔ་ཡི་རི། །འཁོར་ལོ་རྩིབས་བཞི་འབར་བའི་ཁང་། །གྲུ་ཆད་བཞིས་
བརྒྱན་རབ་བརྗིད་པའི། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །སྟན་མང་པོ་ལྷ་ཆེན་བརྟེན། །དགྱེས་པ་ཆེན་པོ་ཀུན་དུ་བཟང་། །ཕྱག་དང་ཞབས་ནི་བརྒྱད་པ་ཡི། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་

བརྗིད། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་བའི། །རྡོ་རྗེ་སྙིང་པོ་ཐིག་ལེ་ཐུགས། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཁྲོ་མོ་བཞིས་མཆོད་ངོས་བཞིར་ནི། །དགྱེས་པ་ཆེན་པོའི་ཚུལ་འཆང་བ། །ཕྱོགས་བཞི་གྲྭ་དང་བཅས་པར་ནི། །སྤྲུལ་པའི་རྣལ་
འབྱོར་ཕྲ་མེན་རྣམས། །རི་རབ་ཞིང་ཆེན་སྟེང་ན་གནས། །འབར་བས་ཕྱག་བསྣམས་ཆེན་པོ་ནི། །རྡོ་རྗེ་དུང་ཆེན་གང་བ་དང་། །པདྨའི་གཞལ་མེད་རྡེའུ་ཆུང་བརྡུང་། །ཞིང་གི་ཞགས་པས་འཆིང་བ་དང་། །ཁ་ཊྭཱཾ་འཕེན་ཅིང་འཁྲིལ་བ་སྟེ། །བཙུན་མོ་འཛིན་པའི་ཚོགས་དང་བཅས། །
གནས་དང་ཡུལ་གྱི་ཕྱག་རྒྱ་དང་། །སྒོ་བཞི་ཕྱག་རྒྱ་རབ་མཛེས་པར། །བྲན་མོའི་ཚོགས་ཆེན་མང་པོ་རྣམས། །འཇིགས་པའི་གཟུགས་ཀྱིས་གནས་པར་བྱེད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གདུག་པའི་ཚོགས་བྱིན་
གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །བྱེད་པ་རྡོ་རྗེ་མཆོག་ཉིད་ཀྱི། །སྒྱུ་འཕྲུལ་
ལམ་གྱི་དཀྱིལ་འཁོར་ལས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པར། །འཇུག་པའི་ཡིད་ཀྱི་དགོངས་པ་ཡིན། །ཤིན་ཏུ་ཕྲ་ལ་སྦྱངས་པ་ནི། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་མཛེས། །ཚོམ་བུ་གཉིས་ཀྱི་བྱེ་བྲག་ཏུ། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཡིད་དུ་འོང་
བའི་ས་གཞིར་ནི། །རྐང་མཐིལ་ཐིག་གདབ་དཀྱིལ་འཁོར་བྲི། །ཨོྃ་དང་མཱུྃ་གྱི་དཀྱིལ་འཁོར་བསྒོམ། །དེ་ལས་ཕྲ་མོ་རྡོ་རྗེས་དགང་། །ཕྲ་བར་ས་བསྡུས་མཐིལ་དུ་གཟུང་། །ཡུམ་གྱི་ཚོགས་སུ་ཤེས་པས་བརྟགས། །གང་གི་ཡུལ་ཡང་དབང་དུ་གྱུར། །མི་མཐུན་གཟུགས་སུ་
བརྟགས་པ་ནི། །དྲ་བའི་འདུ་འཕྲོས་དེ་ལུས་བཞིན། །ལུགས་ཀ་བཞིན་དུ་ཧྃ་དུ་བརྟག །དེ་ལས་འོད་བཞིན་མཐིལ་དུ་གཟུང་། །གསང་ནས་ངག་ལམ་ཧྃ་དུ་བྱ། །རླུང་ཟླའི་སྟེང་དུ་མཁས་པས་གཞག །དྲག་པོ་ལྕེ་ཡི་སྦྱོར་བ་ཡིས། །གླིང་ཁམས་གཞན་དུ་ཤིན་ཏུ་གཏང་། །

བདག་ཉིད་ཧཱུྃ་གི་ཚོགས་བཅས་པ། །མ་སྐྱེས་པ་ཡི་ཡི་གེ་བསྒོམ། །བྱ་བ་ཆོས་ཁམས་དེ་ཡི་ཚོགས། །མཱུྃ་དུ་བྱིན་བརླབས་ཡི་གེར་བསྟིམ། །བརྟན་པ་ཨ་ཡི་འཕྲོ་འདུ་ཡིས། །ནམ་མཁའ་བཞིན་དུ་ཤིན་ཏུ་བསྒོམ། །བརྟན་འགྱུར་ཨ་ཡི་སྙིང་པོ་བཟླས། །ཉམས་སུ་ལོན་པར་
མ་གྱུར་ཚེ། །འཇུག་པའི་ཡིད་དང་ཉམས་སུ་སྦྱོར། །དང་པོའི་གནས་སུ་ཤེས་པ་དང་། །རྣམ་པ་མང་པོར་མཉམ་དུའོ། །དེ་ལས་མི་སྣང་གཟུགས་ཞི་བ། །རབ་ཏུ་བློ་ཡི་ཐིག་གནས་ནི། །གཞན་དུ་ནམས་ཀྱང་མི་བསྟན་ཅིང་། །གཞོན་དང་སྤྱད་དང་འཚོང་ལ་སོགས། །ལོངས་
སྤྱོད་རྣམ་པར་སྦྱོར་བ་དང་། །རྫས་ཀྱི་ནོར་ཕྱིར་མ་ཡིན་ནོ། །རྨོངས་ལ་འཕར་དང་བརྩོན་འགྲུས་ཞན། །ནམས་ཀྱང་སྦྱིན་པར་མ་གསུངས་ཏེ། །སྨད་པ་བམ་གྱི་གཏེར་བཞིན་དུ། །སུས་ཀྱང་ཕྱིན་པར་མ་གསུངས་ལ། །སྲོག་ཆགས་ཁྭ་ཡི་གཏམ་བཞིན་དུ། །ནམས་ཀྱང་
སྨྲ་བར་མི་བྱའོ། །བྱེད་པ་རྡོ་རྗེ་གཤའ་ཡི་ཚོགས། །བཞི་བཅུ་རྩ་བཞི་གླིང་བཞིའི་ལམ། །ཀུན་དུ་བཟང་པོ་ཐབས་ཚུལ་བ། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །ཆོས་ཁམས་བྱ་བ་ཨ་ཡི་ཚོགས། །བཞི་བཅུ་རྩ་གཉིས་གླེང་སློང་བ། །ཀུན་དུ་བཟང་མོ་ཤེས་རབ་ཚུལ། །
གཤའ་ལ་ཡེ་ཤེས་ཐུགས་ཀྱི་ཐུགས། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །དེ་ནི་ཆོས་ཁམས་ཨ་ལ་བསྟིམ། །ཆོས་ཀྱི་ཆོས་བྱ་བ་ཡི་དབྱིངས། །ཀུན་དུ་བཟང་མོ་བདེ་བའི་ཡུམ། །དེ་ཡི་ངང་དུ་ཚོགས་ཀུན་བརྟགས། །ས་ཆུ་མེ་ཡི་འབྱུང་བ་རྣམས། །དེ་ཡི་དབྱིངས་ནས་
འབྱུང་བར་ནི། །འདོད་པའི་བདག་ལ་ཤིན་ཏུ་བརྟག །མི་གནས་ནམ་མཁའི་མཐའ་ཀླས་པར། །གོམས་པར་འདོད་པ་ཐོད་པ་དང་། །ཆུ་ལས་ས་བཞིན་འགྲོ་བ་དང་། །བསྲེག་བྱ་འབར་བའི་དབུས་གནས་དང་། །ཚ་བ་རླུང་གིས་བཏེག་ནས་ཀྱང་། །ཕྱོགས་བཅུ་ཀུན་དུ་ཕྱིན་
པར་འགྱུར། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་རྡོ་རྗེ་སྙིང་པོ་ལས་ཐམས་ཅད་ཀྱི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་གསང་བའི་སྙིང་པོ་འདི་བརྟན་པར་འཛིན་པའི་དོན་ཆེད་དུ་བརྗོད་པ་འདི་བརྗོད་དོ། །

དེ་ཉིད་ཆོས་དབྱིངས་མཉམ་སྦྱོར་བས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཀྵ་ལམ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཡིད་ལམ་མཆོག་གྲུབ་པའོ། །དེ་ཉིད་གསལ་
བར་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཨོཾ་ལཱྃ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གཟུགས་ལམ་མཆོག་གྲུབ་པའོ། །དེ་ཉིད་མཉམ་ཉིད་མཉམ་སྦྱོར་ལས། །སངས་
རྒྱས་ཀུན་བདག་བྱིན་གྱིས་བརླབ། །སྭཱྃ་ལྃ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཁྱད་པར་ལམ་མཆོག་གོ། །ཆོས་དབྱིངས་རྟོགས་པ་མཉམ་སྦྱོར་ལས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །
ཨོྃ་ལྃ་ཨ་ཡི་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་གསུམ་ལམ་མཆོག་གྲུབ་པའོ། །ཆོས་དབྱིངས་བྱ་བ་མཉམ་སྦྱོར་བས། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཧཱྃ་ལྃ་ཨ་ཡི་ཚོགས་བཞིན་དུ། །
སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ནི་ཕྲིན་ལས་ཡེ་ཤེས་སོ། །དེ་ལས་ཏིང་འཛིན་སྒྱུ་འཕྲུལ་བསྒོམ། །དྲ་བའི་དཀྱིལ་འཁོར་མཆོག་ཉིད་ནི། །རྩེ་བཅུ་རིགས་ཀྱི་ཕྱག་རྒྱ་བསྒོམ། །དེ་ཉིད་ཧ་དང་ཀྵཿཉིད་དེ། །མཱུྃ་གྱི་ཚོགས་ཀྱི་
ལྷ་རྣམས་བསྒོམ། །སངས་རྒྱས་སྒྱུ་འཕྲུལ་མཆོག་ཉིད་ལས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ། །དེ་ཉིད་ཧཱུྃ་ལམ་ཕྱག་བསྣམས་པ། །རྩེ་བཅུ་རྒྱན་གྱིས་རྣམ་པར་བརྒྱན། །ཡང་ན་རྩེ་ལྔ་ཐུགས་ཀྱི་ཐུགས། །དབུས་ནས་ཧཱུྃ་གི་ལོ་ཙ་ན། །ལྕགས་ཀྱུ་འཛིན་པར་རྒྱ་
བཅིངས་ཤིང་། །ཧཱུྃ་ཧཱུྃ་ཧཱུྃ་གིས་ལན་གསུམ་དུ། །རང་ལུས་ངག་ཡིད་བྱིན་གྱིས་བརླབ། །མཱུྃ་གྱི་ཚོགས་ཀྱི་ལྷ་རྣམས་བསྐུལ། །འབྲུ་ལྔ་རྒྱ་བཅིངས་བྱིན་གྱིས་བརླབ། །བསྐྱེད་པ་རྫོགས་པར་གསོར་བ་ཡིས། །བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བྲི། །ཞི་བ་རྒྱས་པ་ལན་

གསུམ་གྱིས། །དེ་འདོད་ལས་རྣམས་གྲུབ་པར་འགྱུར། །བཅུ་པ་དྲག་པོ་མཐིང་གནག་དབུང་། །འགྱིང་བའི་གར་གྱིས་གསོར་བ་ཡིས། །གསུང་སྙན་སྒྲ་ཡི་བྲོ་རྡེབས་པའི། །ཕྱག་རྒྱ་བརྒྱད་དུ་སྦྱོར་བས་ན། །ཕཊ་ཕཊ་ཧཱུྃ་གིས་གསོར་བ་ཡིས། །སྙིང་པོ་ཐུགས་རྟགས་ཕྱག་
བསྣམས་པ། །སྐུ་གསུང་ཐུགས་ཀྱི་རྒྱལ་པོ་ལས། །བསོད་ནམས་ལུས་འཇིག་དབང་དུ་འགྱུར། །ཅི་འདོད་རེ་བ་ཐོབ་པར་མཛད། །བརྒྱན་པ་སྒེགས་པ་ཕོ་ཉ་དང་། །ཚངས་པ་དབང་པོ་འདོད་དབང་དང་། །མདོར་ན་བཅུ་གཉིས་གླིང་གི་བདག །དྲག་ཤུལ་མཐུ་ཡི་དྲེགས་པ་ཅན། །
སྔགས་ཤིང་བརྒྱལ་ཏེ་བློ་སྟོར་ནས། །བུམ་པ་བཟང་པོ་འབུལ་བར་འགྱུར། །ལྷ་མོ་ཀླུ་མོ་བརྒྱན་པ་དང་། །རྟ་དང་གླང་པོ་བཞོན་པ་དང་། །གནས་དང་རྟེན་དང་བགོ་བ་དང་། །གཙུག་ན་ནོར་བུ་ཡོད་པ་དང་། །ཅི་འདོད་ཡིད་ལ་བསམ་པ་འབུལ། །དེ་ལ་བྲན་བཞིན་བྱེད་པར་འགྱུར། །དེ་
ཡི་དགོས་པ་ཐམས་ཅད་ནི། །མ་ལུས་ཀུན་རྫོགས་འགྲུབ་པར་འགྱུར། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སྒྱུ་འཕྲུལ་ཆེན་པོ་བརྟན་པར་གཟུང་བ་བདུད་རྩི་འབྱུང་བའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་སྒྱུ་འཕྲུལ་དྲ་བ་ལས་ཐུགས་རྗེས་
འགྲོ་བ་འདུལ་བ་བདུད་རྩི་འབྱུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཡེ་ནས་དག་ཆོས་ལ། །ལོག་རྟོག་རྣམ་པ་གཉིས་སུ་འགྲུབ། །ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས། །ཐམས་ཅད་གཙང་ཞིང་དྲི་མེད་ལས། །རྣམ་རྟོག་མི་མཐུན་སོ་
སོར་གྱུར། །ལ་ལའི་སྨན་ལ་ལ་ལའི་དུག །སྨན་དུ་མ་གྱུར་གང་ཡང་མེད། །ཐམས་ཅད་མ་ལུས་རྒྱུ་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །སུས་ཀྱང་མ་བྱས་སུ་བྱེད་ཡོད། །རྣམ་རྟོག་ཞགས་པས་སོ་སོར་བཅིང་། །སྡུག་བསྔལ་མ་ལུས་འཁྲུལ་འཁོར་དང་། །ཁམས་
གསུམ་ཕྱིན་ཅི་ལོག་བཞི་དང་། །དུས་གསུམ་འགྲོ་ལྔ་ཐམས་ཅད་དང་། །ཉོན་མོངས་སྡུག་བསྔལ་ཐམས་ཅད་སྦྱོང་། །རྣམ་པར་ཐར་པ་ལྟ་རྫོགས་བྱེད། །ས་བཅུ་རྫོགས་ཤིང་སངས་རྒྱས་ས་ཡང་རྫོགས། །དེ་ཕྱིར་སྨན་འདི་བསྒྲུབ་པར་བྱ། །ཀུན་ལ་ཕན་པའི་སྨན་ཡིན་པས། །

དེ་ཕྱིར་ང་དང་བདག་མ་འཛིན། །གཙང་དང་སྨེ་བའི་བློ་རྟོག་བོར། །ཐམས་ཅད་མཉམ་པ་ཉིད་དུ་སྤྱོད། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱིས་ཕ་རོལ་ཕྱིན་པ་སྤྱོད། །སྙིང་རྗེས་ཆུད་མ་ཟོས་པར་གྱིས། །བདུད་རྩི་མཆོག་ནི་མཉམ་པའི་དབྱིངས། །
བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །བདུད་རྩི་གནས་ནི་བྱང་ཆུབ་སེམས། །བདུད་རྩི་ལས་ནི་རྣམ་རྟོག་སྦྱོང་། །བདག་དཔལ་ཚོགས་ཤིང་འགྲོ་དོན་མཛད། །སྨན་གྱི་བྱིན་བརླབས་བསམ་མི་ཁྱབ། །ངན་སོང་སྦྱོང་ཞིང་མཐོ་རིས་འགྲུབ། །གསེར་འགྱུར་སྨན་དང་མུན་སེལ་བཞིན། །
གཞན་ཡང་དགོས་པ་སྣ་ཚོགས་འགྲུབ། །རྐྱེན་ལས་བྱུང་བའི་དུག་རྣམས་དང་། །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་སྦོད་གཏོང་དུག་ལ་སོགས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །དུག་རྣམས་ཐམས་ཅད་གདུལ་བའི་ཕྱིར། །དཀྱིལ་འཁོར་མ་ལུས་ཚང་བར་
བསྒོམ། །གནས་ལྔ་དག་ཏུ་འབྲུ་ལྔ་བསྟིམ། །ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨ། །ཡང་ན་ཡི་གེ་ཨཱྃ་གྱིས་བྱ། །ཡང་ན་ཡི་གེ་ཧྲཱིཿལས་གཏང་། །དུག་རྣམས་བདུད་རྩིར་བསྒྱུར་བར་བྱ། །མཉམ་པའི་དབྱིངས་སུ་ཐིམ་པར་བྱ། །ཨ་ཧོཿརྡོ་རྗེ་གསང་བའི་ཚིག་ཏུའོ། །ཧཱུྃ་བདག་ཉིད་ཞེ་སྡང་རྡོ་
རྗེ་སྟེ། །ཐུགས་རྗེས་རྟོག་བདག་འདུལ་བར་བྱེད། །ང་དང་བདག་མེད་དབྱིངས་སྦྱོར་ཞིང་། །བྱམས་པའི་ཐུགས་དང་ལྡན་པའོ། །ཨོྃ་བདག་ཉིད་གཏི་མུག་ཆེན་པོ་སྟེ། །ཡེ་ཤེས་འོད་ཟེར་གསལ་བའི་ངང་། །ཐམས་ཅད་འབྱུང་བའི་འཁོར་ལོ་ཡི། །ཏྲཱྃ་བདག་ཉིད་ང་
རྒྱལ་ཡོན་ཏན་ཏེ། །སྙིང་རྗེས་འགྲོ་དོན་འཕེལ་བར་བྱེད། །ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར། །ཡོན་ཏན་རྒྱ་མཚོ་དཔག་མེད་པའོ། །ཧྲཱིཿབདག་ཉིད་འདོད་ཆགས་གསུང་མཆོག་སྟེ། །ཉོན་མོངས་ལས་རྣམས་དག་པར་བྱེད། །ཉོན་མོངས་སྡུག་བསྔལ་རྣམ་པར་དག །
ཆགས་མེད་སེམས་ནི་བྱང་ཆུབ་པའོ། །ཨཱ་བདག་ཉིད་ལས་ཀྱི་སེམས་དཔའ་སྟེ། །དོན་རྣམས་མ་ལུས་གྲུབ་པར་བྱེད། །ལོག་རྟོག་མ་ལུས་འདུལ་བའི་མཆོག །ཕྱོགས་བཅུ་དུས་བཞི་འཕྲོ་བའི། །མཱུྃ་བདག་ཉིད་ཤེས་རབ་འོད་གསལ་ཏེ། །ལེ་ལོ་གཡེང་བ་

སེལ་བར་བྱེད། །ཐུགས་རྗེ་མྱུར་བ་ལས་བྱུང་བ། །རྒྱལ་བ་ཀུན་དུ་ཐོགས་མེད་པའོ། །ཉོན་མོངས་ལས་རྣམས་དག་བྱེད་ཅིང་། །དབུགས་ཆེན་དག་ཀྱང་འབྱིན་པར་བྱེད། །དུག་རྣམས་སྦྱོང་བ་སྐུ་གསུམ་སྟེ། །ལམ་ལྔ་སྦྱོང་བ་ཡེ་ཤེས་ལྔ། །འཁོར་བའི་རྩད་གཅོད་ཤེས་
རབ་མཚོན། །ཧཱུྃ་དུ་བསྡུས་ཤིང་ཧོཿཡིས་གཡེང་། །རྃ་གྱིས་བསྲེགས་ཤིང་ཕཊ་ཀྱིས་འཕང་། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །ཐིག་ལེའི་དབྱིངས་སུ་ཐིམ་པར་བྱ། །དེ་ནས་གཉིས་མེད་དབྱིངས་གྱུར་ནས། །ཡེ་ཤེས་སེམས་དཔའི་སྐུ་རུ་བསྒོམ། །འབྲུ་གཅིག་
འབྲུ་གསུམ་འབྲུ་ལྔ་བསྒོམ། །བཞི་བཅུ་རྩ་གཉིས་མ་ལུས་དང་། །སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ། །ང་མེད་བདག་མེད་ཕྱག་རྒྱར་གསོལ། །དེ་ནས་ལོངས་སྤྱོད་ལྔ་ཀུན་དང་། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །ལྷ་མོ་ལྔ་དང་སྨན་ལྔར་བསྒོམ། །ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿ
ཨཿ ཨོྃ་བཛྲ་ཨ་མྲྀ་ཏེ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། །ཨོྃ་བི་ཤུད་དྷེ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོྃ་དྷརྨ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོྃ་ཨཱཿཧཱུྃ་ཞེས་བརྗོད་པས་ཐམས་ཅད་དག་པར་གྱུར། །བདུད་རྩིར་གྱུར། ས་ཆུ་མེ་རླུང་ནམ་མཁའ་རྣམས། །རང་བཞིན་མེད་པར་གཞིག་པའི་ཕྱིར། །གཅིག་
ལ་ལྔ་ལྔར་དབྱེ་བྱ་ཞིང་། །མཱུྃ་གྱི་དབྱིངས་སུ་བསྟིམ་པར་བྱ། །འབྱུང་བ་ཆེ་རྣམ་དེ་དག་ལ། །ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ། །རིགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་། །འབྱུང་བ་སོ་སོའི་མཚན་ཉིད་དེ། །ཡུམ་ལྔ་དག་ཏུ་བསྒོམ་
པར་བྱ། །དེ་རིགས་ཡེ་ཤེས་ལྔ་ཉིད་དོ། །རྒྱུར་བྱས་གཟུགས་སོག