Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 098_རྙིང་རྒྱུད།_ཁ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
ས་མངོན་དུ་འགྱུར། །གཞན་མིན་འཁོར་ལོ་ཕོ་བྲང་ཉིད། །གནས་དང་འཇུག་དང་གཟུང་བ་དང་། །བསྟིམ་ ཞིང་གནས་པ་གང་ཡིན་པ། །དེ་དག་ཉིད་དུ་བཤད་པ་ཡིན། །དྷརྨ་ཙཀྲ་གཞལ་ཡས་ཁང་། །རྩ་བཞི་ཡན་ལག་བརྒྱད་དཀྱིལ་ན། །ཨེ་བྃ་མ་ཡ་ལས་བཞི་དབྱིབས། །ཁ་དོག་ལས་ཀྱིས་གཙོར་གྱུར་པ། །བག་ཆགས་ས་བོན་སྙིགས་མ་དང་། །རྟོག་དང་ཐ་མལ་ཞེན་ པའི་རྫས། །ཉམས་མྱོང་འགྱུར་མེད་བཞིར་གནས་ཏེ། །ཐིག་ལེས་དེ་ཉིད་ཞི་བ་དང་། །རང་ལུས་ཕྱི་ནང་ཐིག་ལེས་རྒྱས། །རླུང་དང་ཐིག་ལེ་རྟོག་པར་བཅས། །ནུས་པས་དབང་དུ་འདུས་པ་དང་། །ཐིག་ལེས་མ་བཅོས་ནམ་མཁའི་ངང་། །སྲོག་དང་ཐིག་ལེར་བཅས་ བསྡུས་པ། །ཨ་ཡི་ངང་དུ་ཐིམ་འགྱུར་དེ། །རྒྱུ་བ་དངས་ཤིང་འཕར་བ་གནོན། །མི་འགྱུར་དབྱིངས་ལ་གནས་པར་བྱ། །རང་ལུས་ཐབས་ཀྱི་ངོ་བོ་ལས། །འཁོར་ལོ་བཞི་དང་མེ་རླུང་དང་། །བསྐྱོད་པ་རླུང་གིས་ལས་རུང་བས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། ། ཐིག་ལེས་རྒྱུད་དང་ལུས་རྒྱས་པས། །བདེ་ཆེན་དབང་ཐོབ་ཞེན་ཆགས་བྲལ། །ཏིང་འཛིན་སྦྱོར་བས་གང་བསྐུལ་ན། །རིམ་པའི་རྟགས་དང་ནུས་པ་བྱུང་། །ཁ་དོག་གྲངས་དང་སྙིང་པོ་དང་། །དབྱིབས་དང་ཚད་དང་ཐིག་ལེ་ཡི། །ཁྱབ་པ་ལ་སོགས་མཐའ་ཡས་པ། ། བཞུགས་ཚུལ་དེ་ཉིད་དེ་བཞིན་ནོ། །འཁོར་ལོ་བཞི་ཡི་ཐབ་ཁུང་དུ། །གཏུམ་མོ་བྱིན་ཟའི་ལས་བསྐུལ་བས། །དངས་སྙིགས་རྟོག་པའི་བག་ཆགས་དག །མི་ཤིགས་ཐིག་ལེར་མཆོད་པ་ཕུལ། །ཕྱི་ནང་རྒྱུ་བ་མ་ལུས་པ། །རང་འབྱུང་འཁོར་ལོ་ ཐིག་ལེ་མཆོག །སྤྱོད་ཡུལ་ཐུན་མོང་མ་ལུས་པ། །ཕྱི་ཡི་རྣམ་པ་ལམ་བྱེད་པས། །ཐུན་མོང་ཕྱི་ཡི་ལམ་དུ་བཤད། །དེ་ཉིད་ནང་དུ་རྩ་འཁོར་ལོ། །ཐིག་ལེས་ནང་དུ་ཉམས་སྐྱེད་པ། །རིམ་པ་འདི་ནི་ནང་དུ་བཤད། །དབང་ཐོབ་སྦྱངས་པ་མ་རྟོགས་པ། །སྐལ་ངན་ རིགས་ཆད་ཡུལ་མིན་པ། །གསང་བས་གསང་བ་ཞེས་བཤད་དོ། །དང་པོར་བློ་ལྡན་གང་ཟག་ནི། །མ་ལུས་བདེན་པ་དབྱེར་མེད་ལ། །རང་བཞིན་རིག་པའི་གཏན་ཚིགས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཐབས་དང་ཤེས་གཉིས་མེད་པའི་དོན། །ཡེ་ནས་ སངས་རྒྱས་རྫོགས་པ་ཉིད། །དེ་ཉིད་དུས་གསུམ་མ་སྐྱེས་པ། །གང་ལ་བརྟེན་ནས་རྟོགས་པ་ལ། །ལམ་གྱི་ཡན་ལག་ཀུན་རྫོགས་ཏེ། །ས་བཅུ་རིམ་པར་མ་བཀོད་རྫོགས། །མ་ལུས་ཡོན་ཏན་རང་ཤར་བས། །ཐམས་ཅད་མ་ལུས་མ་འདའ་ལ། །ཚོགས་གཉིས་རྫོགས་པའི་ འབྲས་བུ་ཉིད། །དབང་པོ་ཅིག་ཅར་སྤྱོད་ཡུལ་ཡིན། །གང་སུ་བློ་དང་མོས་པ་དང་། །རྟོགས་ཆུང་མཚན་མ་དགའ་བ་ལ། །ཐུན་མོང་སྒོམ་ཐུན་ཁྱད་པར་ཅན། །རིམ་པའི་རྣལ་འབྱོར་བསླབ་པར་བྱ། །དང་པོར་ཕྱི་ནང་སྣོད་བཅུད་ཀུན། །རང་ས་ཉིད་ན་མི་དམིགས་པ། །མ་བཅོས་ མ་བསལ་མི་གནས་པ། །དངོས་པོ་ཅི་ལའང་མི་བརྟག་ཅིང་། །དེ་ཉིད་ལ་ཡང་མི་རྟོག་པ། །འཛིན་རྟོག་ཞེན་པ་མི་གནས་པར། །བསམ་དང་བསམ་བྱ་མེད་ཚུལ་གྱིས། །བདག་གཞན་ཕྱི་ནང་མ་ལུས་པ། །གང་གི་ངོ་བོར་མ་གྲུབ་པ། །ཅི་ལའང་མི་གནས་སྦྱོར་བ་ཡིས། ། རང་སར་མི་རྟོག་ངོ་བོ་ཉིད། །བཅོས་པ་མེད་པའི་ཚུལ་དུ་བསྒོམ། །གལ་ཏེ་མཚན་མའི་རྒྱུ་བ་དག །ཆུ་ལས་རྙོག་པའི་ཚུལ་བྱུང་ན། །མ་བཅོས་རང་བཞིན་བཞག་པ་ཡིས། །མ་ལུས་རྟོག་མེད་དེ་བཞིན་ཉིད། །རང་བཞིན་བཞག་པས་དག་པར་འགྱུར། །ནམ་མཁའ་དག་ པར་འགྱུར་བའི་ཚེ། །སྤྲིན་ཀྱང་རང་འབྱུང་དག་པ་ལྟར། །བྱུང་ཚོར་དྲན་རྟོག་མ་ལུས་པ། །ཆོས་ཉིད་སྟོང་པའི་རང་བཞིན་ནོ། །གང་དུ་སྣང་སྲིད་མ་ལུས་པ། །ཕྱི་ནང་མེད་པའི་སེམས་ཉིད་དེ། །དེ་ཉིད་སྟོང་པའི་རང་བཞིན་དུ། །གོམས་ཤིང་ནུས་པ་བརྟན་པའི་ཚེ། །དེ་ཉིད་ རྣལ་འབྱོར་དེ་ཉིད་ནི། །སྟོང་པ་ཆེན་པོ་རྣལ་འབྱོར་ཡིན། །སྒོ་གསུམ་བྱེད་སྤྱོད་མ་བཅོས་པ། །མ་བརྟགས་མི་རྟོག་ཅིར་མི་གནས། །འདི་ནི་རྣལ་འབྱོར་རྩེ་གཅིག་པས། །བྱ་བ་སྤངས་པའི་སྤྱོད་པ་ཡིན། །དེ་ནས་དེ་ལས་ལངས་པའི་ཚེ། །སྒྱུ་མ་ཆུ་ཟླ་སྨིག་རྒྱུ་དང་། །འཇའ་ ཚོན་དབུ་བ་ཆུ་བུར་ལྟར། །སྣང་ཡང་དངོས་པོར་གནས་མ་ཡིན། །རིག་པ་ཕྱི་ནང་མ་ལུས་པ། །སྟོང་པའི་ཆོ་འཕྲུལ་སྣང་དུ་ཟད། །མ་ལུས་རིག་པའི་ངོ་བོ་སྟེ། །དེ་ཡང་སྒྱུ་མའི་རང་བཞིན་ལྟར། །ཞེན་ཆགས་མེད་པའི་ཚུལ་དུ་བསྒོམ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །དཔག་མེད་ངོ་ བོར་རང་སྣང་ཡང་། །བྱིན་བརླབས་ཆོ་འཕྲུལ་རང་སྣང་བ། །དེ་ལྟར་མ་རྟོགས་དམན་པ་ལ། །རང་འབྱུང་སྙིང་རྗེར་འཆར་བའི་ཕྱིར། །སྙིང་རྗེ་ཆེན་པོ་རྣལ་འབྱོར་ཡིན། །འགྲོ་བ་གང་དང་གང་དག་ལས། །སྙིང་རྗེ་ཆེན་པོ་གང་གཟིགས་པས། །སྣ་ཚོགས་མཛད་པའི་ཚུལ་ཉིད་ཀྱིས། །དེ་ སྙེད་སྤྱོད་ལ་མཐའ་ཡས་ཏེ། །དོན་དང་མཐུན་པ་འབའ་ཞིག་སྟོན། །ཐ་མལ་བ་དང་ཐབས་ཉིད་དང་། །ལུས་ངག་ཡིད་ཀྱིས་ཅི་འཚམ་པར། །དོན་འགྱུར་སྤྱོད་པ་བསམ་མི་ཁྱབ། །གང་དུ་བྱམས་དང་སྙིང་རྗེ་ཡིས། །མ་ཁྱབ་མིང་གི་རྣལ་འབྱོར་ཏེ། །ཐེག་པ་ཆེན་པོའི་རིགས་ ཆད་ཅིང་། །དམན་པའི་རིགས་སུ་གྱུར་པ་ཡིན། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །ནམ་མཁའི་རིས་དང་དབྱེར་མེད་ལྟར། །མ་ལུས་རང་རྒྱུད་བྲལ་བ་ཡི། །ངོ་བོ་བདེན་མིན་བརྫུན་པ་མིན། །ཆོས་རྣམས་མིང་ཙམ་དངོས་པོ་མེད། །སྒོ་གསུམ་ འདི་ལྟར་བརྟན་པ་ནི། །ཐུགས་རྗེ་ཆེན་པོ་སྤྱོད་པ་ཡིན། །དེ་ནས་སྒྱུ་མའི་རང་བཞིན་ཉིད། །རང་བཞིན་གཉིས་མེད་རིག་པ་ནི། །ཡི་གེ་ཧཱུྃ་དུ་གསལ་བར་བསྒོམ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །འཕྲོ་འདུས་ཧཱུྃ་དུ་གསལ་བར་བྱ། །རྡུལ་ཕྲན་དེ་སྙེད་འདུས་པ་ལས། །ཐིག་ལེ་མི་ དམིགས་སྟོང་པར་བལྟ། །མ་དང་ཨ་ལས་ཉི་ཟླའི་གདན། །གང་བསྒྲིལ་ཧཱུྃ་བཅས་གསལ་བར་བྱ། །རང་རང་གསུང་ཡང་འགལ་བ་མེད། །སྒྲིལ་མའི་སྙིང་པོ་ཕྱག་མཚན་ཏེ། །འཕྲོ་འདུ་ཕྲ་མོའི་རང་བཞིན་སྐུ། །གསལ་ལ་སྐྱོན་དང་བྲལ་བར་བསྒོམ། །དེ་ ནས་རང་རང་ཚད་གྱུར་པ། །རིགས་པའི་ཕྱག་རྒྱ་ཆེན་པོ་ཉིད། །ཞི་དང་ཁྲོ་བོ་སྐབས་ཉིད་དུ། །ཇི་ལྟར་འཐད་པར་བསྒོམ་པར་བྱ། །ཡང་ན་ཞལ་གཅིག་ཕྱག་གཉིས་ཏེ། །ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམ། །གནས་གཅིག་གནས་གསུམ་གནས་ལྔར་ཡང་། །ཡན་ ལག་ལྷ་ནི་ཚང་བར་བསྒོམ། །གོམས་ནས་བསྟིམས་ཏེ་སྤྱོད་ཡུལ་ཀུན། །དེ་ལྟར་གསལ་བར་བརྟག་པར་བྱ། །རྩ་བ་གཅིག་པའི་ལྷ་བསྒོམ་པ། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན། །སྒོ་གསུམ་བསྒོམ་ལ་རབ་འབད་པས། །རྣམ་པར་གཡེང་བའི་ཆོས་སྤྱོད་འདས། །མ་ ལུས་རྩ་བའི་སྤྱོད་པ་སྟེ། །ཕྱོགས་གཅིག་པ་ཡི་སྤྱོད་པར་གསུངས། །དེ་ནས་རྟོག་པའི་ཡན་ལག་དག །གཉིས་ཀ་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་དེ་ལྟར་བསྒོམ་པར་བྱ། །འོད་ཟེར་འཕྲོ་བ་འབྲུ་གསུམ་ཉིད། །ཡང་ན་ཡེ་ཤེས་ལྔ་ཉིད་དེ། །གནས་གཅིག་སྙིང་པོར་གནས་ པར་བྱ། །དེ་བཞིན་གཙོ་བོ་གཙོ་མོ་དང་། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་ཁྲ་མོ་འཁོར་དུ་བསྒོམ། །ཡིད་ཆོས་དག་ལའང་ཤེས་པར་བྱ། །ཞལ་དང་ཕྱག་དང་ལྷ་གྲངས་དང་། །ཚོམ་བུ་སྤྲོས་པས་སྤྲོས་བཅས་ཡིན། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཚོམ་བུ་ལྔ་ ལ་ཁྲོ་བཅས་བསྒོམ། །ཡང་ན་སྐུ་གསུང་ཐུགས་ལྡན་པའི། །ཚོམ་བུ་གསུམ་དང་བཅས་པ་ཡི། །ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ། །རིགས་ཀྱི་གཙོ་སྟེ་ཐུགས་ཀྱི་མཆོག །ཁྲོ་བོ་ཚོགས་དང་བཅས་པ་ཡི། །མོས་པའི་ཚུལ་དང་སྦྱོར་བ་ཡིས། །ཚོམ་བུ་གཅིག་པའི་ལྷ་རྣམས་ བསྒོམ། །སློབ་དཔོན་མཐར་ཉེའི་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །རྡོ་རྗེ་ཐིག་ཚད་བོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །སྣ་ཚོགས་དཀྱིལ་འཁོར་མཆོག་ཏུ་གསུངས། །དང་པོ་རྒྱང་གྲགས་དཀྱིལ་འཁོར་ཏེ། །དེ་ནས་ དཔག་ཚད་དཀྱིལ་འཁོར་ཉིད། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །དེ་ནས་ཡོ་བྱད་ལྔ་ལྡན་པས། །ཏིང་འཛིན་མོས་པ་སྤྱོད་མཐུན་པའི། །སྐྱེ་བོ་ཙམ་དུ་གྲངས་མཐུན་པས། །ཚོམ་བུས་འདོད་པའི་དོན་བསྒྲུབ་བྱ། །ཐབས་དང་ ཤེས་རབ་འབྲེལ་བ་ཡི། །ཕོ་མོ་འདུས་པའི་གྲངས་མཉམ་པར། །ཡོ་བྱད་འདུས་པའི་ཚོགས་ལྡན་པས། །དགོན་པར་འཁོར་ཁང་རབ་བརྩིགས་ཏེ། །རང་རང་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་ཡོ་བྱད་ལོངས་སྤྱད་ཅིང་། །རྡོ་རྗེ་གླུ་བྲོ་གར་ཐབས་ཀྱིས། །ཞག་ནི་སུམ་ཅུ་ཕྲག་ དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཚེ་ལ་དབང་སྒྱུར་ཟག་མེད་ཐོབ། །དེ་ནས་བརྒྱ་ཕྲག་བཅུ་དྲུག་གིས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། ། བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པས། །འདུས་པ་ཆེན་པོའི་ཚོགས་སུ་གསུངས། །ཐམས་ཅད་སྤྱོད་པ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །བར་ཆད་མེད་པའི་ལམ་རྫོགས་ པས། །རིག་པའི་སྐྱེས་བུ་ཐུབ་པ་མེད། །ལྷ་མི་ཆ་བྱད་འཛིན་མོད་ཀྱི། །འབྱུང་ལྔ་ཆོ་འཕྲུལ་དབང་སྒྱུར་ཐོབ། །ཞིང་དང་ལོངས་སྤྱོད་དག་པ་ཡིས། །གོང་ནས་གོང་དུ་མཉམ་པར་སྦྱོར། །རྡོ་རྗེ་རིག་པ་འཛིན་གྱི་སྐུ། །ཞིང་ཁམས་ཀུན་ལ་གནས་པར་བྱེད། །གལ་ཏེ་མཚན་མར་ཞེན་ དབང་གིས། །རྟོགས་པའི་སྟོབས་ནི་ཆུང་གྱུར་ན། །བྱང་ཆུབ་ཕྱག་རྒྱ་རྡོ་རྗེ་སྐུ། །མཚན་དང་དཔེ་བྱད་ལ་སོགས་པ། །ཆ་ལུགས་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །གང་དུ་སྦྱར་བའི་ཡུམ་རྣམས་ཀྱང་། །ཐུན་མོང་ལམ་དང་སྐབས་གཉིས་སུ། །ནུས་པའི་ཁྱད་ པར་ཆེ་ཆུང་གིས། །ཕྲིན་ལས་བཞི་རུ་བཤད་པ་ནི། །དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །རླུང་ཁར་ལྕི་བས་ཞི་བ་བྱ། །ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་བཤན་ལ་གཟངས་སུ་རིང་། ། བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣམ་འཕྱངས་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང་། །བཞིན་མདོག་པད་འདྲ་སོག་ཀ་ལ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་དང་ཆུ་རླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡན་ལག་མེད། ། འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་པ་མེད། །གཙང་སྨེའི་རྟོག་བྲལ་གསོད་པར་བཤད། །གང་དུ་ནུས་པ་བརྟན་ཐོབ་པ། །དེ་དག་ས་ནས་སར་སྦྱོང་བ། །རིག་པའི་སྐྱེས་ བུ་དམ་པ་ཉིད། །རྣལ་འབྱོར་རིམ་པའི་ལུང་ལྡན་པ། །མ་སྐྱེས་མཉམ་ལ་དབང་སྒྱུར་ཞིང་། །མ་ལུས་གསལ་བར་མཐར་ཕྱིན་པའོ། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པ། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་ མེད་ཀྱང་། །ས་སྦྱོང་སེམས་དཔའ་བསྐྱེད་དུ་མེད། །བདེར་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །གལ་ཏེ་འབྱུང་བའི་ལུས་འཇིག་ན། །བདག་ཉིད་སྒོ་གསུམ་ལྷར་ལྟ་ཞིང་། །འབྱུང་བ་བསགས་པའི་ལུས་ལས་གྲོལ། །ཏིང་འཛིན་ཕྱག་ རྒྱ་ཆེན་པོར་སྨིན། །ཁྱུང་ཕྲུག་སྦུབས་དང་བྲལ་བ་ལྟར། །མ་ལུས་ཕྱག་རྒྱ་སྒྱུ་མའི་མཆོག །རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཟག་པ་ཟད་པ་རྡོ་རྗེ་ལུས། །ཕྱིན་ཅད་འགྱུར་འཇིག་ཆོས་དང་བྲལ། །བདེ་བ་ཆེན་པོ་ལུང་ཐོབ་པས། །ཟག་བཅས་བསླབ་པའི་ཆོས་དང་ བྲལ། །ཞིང་ལ་དབང་སྒྱུར་སྤྲུལ་པའི་ལུས། །ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད། །བསྒྲུབས་པའི་ནུས་པ་གང་བརྟན་པ། །རྡོ་རྗེ་ལུས་གྱུར་འཇིག་པ་མེད། །འཇིག་པ་ལྔ་བྲལ་ཟག་པ་ཟད། །དབང་སྒྱུར་གསུམ་ལ་དབང་ཐོབ་པས། །བདེ་བ་ལོངས་སྤྱོད་དཔག་ ཏུ་མེད། །གྲངས་མེད་བསྐལ་པར་དོན་བྱེད་ཅིང་། །མཐོང་བས་དེ་བཞིན་གཉིས་མེད་རིགས། །རྒྱལ་ཚབ་སྐྱེས་བུ་ས་སྦྱོང་བ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ནམ་མཁའ་ལྟ་བུར་དཔག་མེད་ཅིང་། །མཐའ་དབུས་བསམ་པའི་རྒྱུན་ལས་འདས། །འཇིགས་ བྲལ་དབུགས་ཕྱིན་མྱ་ངན་འདས། །རང་སྣང་དཔག་མེད་ཞལ་མཐོང་བས། །གཞན་དུ་བལྟ་བའི་ཡུལ་དང་བྲལ། །ཏིང་འཛིན་རིག་པ་གོམས་པའི་མཐུ། །མཚན་མ་སྡུག་པོ་ཡུལ་ལས་འདས། །འཇིག་རྟེན་སྟོང་ཕྲག་དབང་སྒྱུར་ཞིང་། །གཉིས་མེད་ཕྱག་རྒྱ་ཆེན་པོའི་ རིགས། །ནམ་མཁའ་མཐར་ཐུག་མེད་པ་ལྟར། །བསྒོམས་དང་ནུས་པའི་རྩལ་སྟོབས་ཀྱིས། །བག་ཆགས་མཚན་མའི་ཚང་ཚིང་ལ། །ཏིང་འཛིན་རིག་པའི་མེ་བྱུང་བས། །ཞིང་ཁམས་རྒྱ་བྲལ་དཔག་མེད་དུ། །ཏིང་འཛིན་རིག་པས་གང་སྦྱངས་པ། །བསྒོམས་དང་ཏིང་ འཛིན་རིག་པ་ཡིས། །རྡོ་རྗེ་འཛིན་པའི་ལུང་ཐོབ་པ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན། །དེ་ནས་རིག་པའི་རྩལ་རྫོགས་ཤིང་། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །མཐར་ཕྱིན་རིག་པའི་སྐྱེས་བུ་སྟེ། །ཞིང་ཁམས་བྱེ་བའི་དབང་ཐོབ་ཅིང་། །རྡོ་རྗེ་འཛིན་པ་ཉིད་ཀྱི་སྲས། །དབང་ དང་ཆོ་འཕྲུལ་ཀུན་ཐོབ་པ། །ནམ་མཁའི་མཐའ་ལྟར་དགོངས་པས་ཁྱབ། །མཉམ་བཞག་རྗེས་ཐོབ་ཁྱད་པར་གྱིས། །རྒྱལ་བའི་ལུང་མནོད་བཀའ་ལ་གནས། །ཞིང་ཁམས་དག་པར་ཀུན་སྤྱོད་ཀྱང་། །རྨད་འབྱུང་གསང་བའི་རང་བཞིན་ལ། །སྤྱོད་ཀྱང་ལྟ་བའི་རང་བཞིན་གྱིས། ། ཕྱོགས་བྲལ་ནམ་མཁའ་མི་མཐོང་བས། །དབང་དང་དགོངས་པས་མཐར་ཕྱིན་འགྱུར། །དབང་དང་དམ་ཚིག་བརྟུལ་ཞུགས་ཏེ། །དང་པོ་བསླབ་པ་མཐར་ཕྱིན་ཅིང་། །ཐིག་ལེ་རྫོགས་པར་འདོད་པ་ཡིས། །གསང་བ་ནང་གི་དོན་ལ་སྦྱར། །ཐུན་མོང་བྱ་བ་མཐར་ཕྱིན་ནས། །ལུས་དང་ སྤྱོད་ཡུལ་བཅས་པ་དང་། །ལྷ་ཡི་རྣལ་འབྱོར་མ་ལུས་པ། །བདེ་ཆེན་ཐིག་ལེ་ཉིད་དུ་བལྟ། །ལྷ་དང་བདེ་བར་མཉམ་སྦྱོར་བས། །ཐིག་ལེ་བདེ་བར་སྣང་བ་ནུབ། །སྐུ་བཞི་དཀྱིལ་འཁོར་ཁམས་ཐིག་ལེ། །དངས་མ་ལྔ་རུ་མཉམ་སྦྱོར་བས། །ངོ་བོ་དང་ནི་རྐྱེན་དག་གིས། །ཐབས་ཀྱི་ རིམ་པ་བསྐུལ་ལས་ཤེས། །བདེ་བའི་ཐིག་ལེ་ཉམས་མྱོང་བ། །མི་རྟོག་བདེ་བ་ཆ་ཤས་མེད། །མི་ཤིགས་ཐིག་ལེ་ཀུན་གྱི་བདག །སྟོང་ཉིད་འབྲེལ་པའི་རི་མོ་ཅན། །ཐ་མལ་བྱ་བ་ཀུན་བྲལ་བ། །སྤྱོད་པ་ཉིད་དུ་བསྟན་པ་ཡིན། །ཐིག་ལེ་བཞུ་བའི་རང་བཞིན་གྱིས། །འཛག་འབར་ ཐིམ་གང་བདེ་བ་ནི། །ས་ཡང་བཅུ་གསུམ་བདེ་བས་བརྒྱན། །ལུས་ཀུན་ཁྱབ་པའི་ཐིག་ལེ་ཤུམ། །ཏིལ་འབྲུ་བཅུད་ཀྱིས་ཁྱབ་པ་ལྟར། །མ་ལུས་ཁྱབ་པའི་རོས་གང་བ། །མ་ལུས་འོད་དང་སྙིང་པོ་ལྟར། །སྣང་སྲིད་ཐིག་ལེ་ཆེན་པོ་ཉིད། །བདེ་བ་ཆེན་པོས་ཁྱབ་ པར་གསལ། །མ་ལུས་འདུས་པའི་ཐིག་ལེ་ནི། །ཁམས་ལྔ་འདྲེས་པའི་སྙིང་པོ་སྟེ། །མི་ཤིགས་ཐིག་ལེ་བདེ་བའི་བཅུད། །མ་ལུས་བདེ་བའི་རྒྱས་བཏབ་པས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །ཐིག་ལེ་གཅིག་གིས་ཀུན་ཁྱབ་པས། ། བདེ་ཆེན་སྙིང་རྗེས་གཅིག་ཏུ་འཁྱིལ། །དེ་ཉིད་བདེ་ཆེན་ཕྱག་རྒྱ་སྟེ། །ནང་གི་ཕྱག་རྒྱ་གཅིག་པར་བཤད། །དེ་ཉིད་ངེས་པར་ལས་རུང་བས། །ཐིག་ལེ་བདེ་ཆེན་དང་བཅས་པའི། །བྱེ་བྲག་བརྒྱད་ཅུ་མ་ལུས་པར། །སོ་སོའི་ཐིག་ལེར་སྐུ་འཕྲོས་ཤིང་། །ཁམས་ལྔ་ཡེ་ཤེས་རོ་དང་ བཅས། །ས་བོན་ཐིག་ལེ་བདེ་བས་བརྒྱན། །མི་རྟོག་ཐིག་ལེ་ཐུགས་མཆོག་སྒྲ། །རང་ལུས་སྨིན་ནས་སྣང་བར་སྤྲོ། །གང་ནས་གང་ལ་སྤྲོས་གྱུར་པ། །དེ་སྲིད་ཐིག་ལེའི་ཕྱག་རྒྱ་སྟེ། །བདེ་བའི་ཐིག་ལེ་གྲངས་ལས་འདས། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །མི་ཕྱེད་རོ་ཡིས་ གང་ཁྱབ་པས། །གྲངས་འདས་བདེ་ཆེན་ཚོགས་རྫོགས་ནས། །མ་ལུས་བདེ་བའི་ཕྱག་རྒྱར་སྣང་། །གང་དེ་དེ་ཡིས་རྒྱས་བཏབ་པས། །དེ་ཉིད་བདེ་ཆེན་ཐིག་ལེར་སྨིན། །རྣམ་པ་ཕྱི་ནང་སྙིགས་མར་བཅས། །བདེ་ཆེན་ཐིག་ལེའི་ངོ་བོར་སྨིན། །སྙིགས་མ་འབྱུང་བའི་ལུས་ ལས་འདས། །སྙིང་པོ་བར་ཆད་མེད་པའི་ལུས། །ཐིག་ལེས་ཐ་མའི་སྣོད་གང་བས། །མ་ལུས་བདེ་བ་ཆེན་པོར་སྨིན། །དེ་ནས་ཐབས་དང་ཏིང་འཛིན་དང་། །རླུང་གི་འདྲེན་པའི་སྟོབས་ལྡན་པ། །རིན་ཆེན་ལུང་གི་ཐིག་ལེར་ཞུགས། །སྐད་ཅིག་མངོན་ཤེས་ལྔར་སྨིན་ཅིང་། ། འགྲོ་བ་རིས་དང་ཐར་པར་འགྱུར། །མི་ཤིགས་ཨ་ལ་ཐིག་ལེ་ཐིམ། །འབྱུང་འཇུག་མེད་པའི་རླུང་འཐོབ་ཅིང་། །འགྱུར་འཇིག་མེད་པའི་ལུས་ལ་གནས། །འཕེལ་འགྲིབ་མེད་པའི་བདེ་བ་ཉིད། །སྣང་བ་ཐིག་ལེ་ཉིད་དུ་སྟེ། །ཐིག་ལེ་ཐུང་ངུ་ཨ་རུ་ཐིམ། །གཉིས་མེད་བདེ་བ་ ཆ་ཤས་བྲལ། །འདི་ནི་ཟག་མེད་རང་བྱུང་བ། །རྐྱེན་དང་བྲལ་བའི་བདེ་ཆེན་ཉིད། །དཔེར་ན་མེ་དང་ཚ་བའམ། །རྒྱ་མཚོ་དང་ནི་རླན་བཞིན་ནོ། །རླུང་དང་ཐིག་ལེ་རིག་པ་དང་། །ཚེ་དང་ལོངས་སྤྱོད་འབྱུང་བ་དང་། །འདོད་ལྔ་ཀུན་ལ་དབང་སྒྱུར་ཐོབ། །བདེ་བའི་ཕྱག་རྒྱ་ ཆེན་པོ་ནི། །མ་ལུས་ཟག་མེད་ཐིག་ལེ་སྟེ། །རྒྱ་བྲལ་རིག་པའི་ཐིག་ལེ་ཉིད། །སྙིགས་མའི་ཟག་པ་རླུང་ཟད་པས། །ཏིང་འཛིན་བདེ་ཆེན་ཐིག་ལེར་གསལ། །རིག་པ་བདེ་ཆེན་རོར་གསལ་བས། །ཅི་མཐོང་བདེ་ཆེན་ཕྱག་རྒྱ་ཉིད། །འདུ་བས་སྒྱུར་བའི་སྤྱོད་ཡུལ་ལམ། ། མུན་འགྱུར་དུག་རྩི་ཇི་བཞིན་དུ། །རྒྱ་དང་བྲལ་བའི་ཞིང་ཁམས་དག །བདེ་ཆེན་ཕྱག་རྒྱ་ཆེན་པོར་འགྱུར། །གང་དག་བསྒོམས་པའི་སྐྱེས་བུ་ནི། །ཐ་མལ་པ་དང་བརྐམ་ཆགས་པ། །རྣམ་པའི་སྤྲོས་པ་མ་ལུས་པ། །བསྒོམས་དང་ཆེད་དུ་མ་བྱས་པར། །བདེ་ཆེན་ཐིག་ལེར་ལྷུན་ གྱིས་གྲུབ། །དཔེར་ན་ཆུ་དང་རླབས་བཞིན་ནམ། །རྒྱ་མཚོར་ཕྱིན་པའི་འདུ་ཤེས་ལྟར། །གོམས་པས་བདེ་ཆེན་གསལ་མཐར་ཕྱིན། །རྐྱེན་དང་གནོད་པ་མ་ལུས་པ། །རེག་དང་མཐོང་ཐོས་དྲན་པས་ཀྱང་། །བདེ་ཆེན་ཐིག་ལེ་ཉམས་སུ་འབར། །བསྐལ་པ་དུ་མར་གནས་གྱུར་ ཅིང་། །འབྱུང་བ་ལྔ་དང་སྤྱོད་ཡུལ་ཀུན། །རང་ལུས་བདེ་བར་བསྲེ་བ་འགྲུབ། །གསང་བའི་ལམ་ལ་གོམས་བྱེད་ན། །མཚོན་བྱེད་རིག་པའི་བདེ་བ་ཡིས། །ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས། །མཐར་ཕྱིན་ལམ་གྱི་རིམ་པ་འགྲུབ། །དབང་པོ་དར་ཞིང་ཆགས་པ་དང་། །བདེ་ ཆེན་མོས་པའི་རྣལ་འབྱོར་པས། །ཨེ་དང་བྃ་ལ་གནས་པ་ཡི། །བྱང་ཆུབ་རྡོ་རྗེ་དྲིལ་ལས་འབྱུང་། །དངོས་པོ་ལྷན་ཅིག་སྐྱེས་པ་ཡིས། །མ་ལུས་བདེ་བར་རྟོགས་བྱས་ལ། །ཕྱི་ནང་སྦྱོར་བའི་ཆོ་ག་ཡིས། །གང་ཞིག་རྟགས་དང་ལྡན་པའི་ཚེ། །གསང་བའི་ཕྱག་རྒྱ་བཞི་ལྡན་པས། ། བདེ་ཆེན་མཆོག་ལ་རོལ་པར་བྱ། །ཡེ་ཤེས་ཉི་ཟླ་མཉམ་ལྡན་པས། །རེ་དོགས་ཆད་པའི་ཐིག་ལེ་འབྱུང་། །ལྷུང་མེད་གནས་དང་ཐིམ་པ་དང་། །བདག་པོ་གདུང་ཅན་ཕྲད་པ་ལས། །ཉིན་མཚན་བྲལ་བའི་སྣང་བ་ལྟར། །དུས་གཅིག་ཉི་ཟླ་ཤར་བའི་ཚེ། །མ་ལུས་བདེ་བས་ཁྱབ་གྱུར་ ན། །གཡོ་བ་མེད་པའི་ཐིག་ལེ་འཆར། །གལ་ཏེ་ཉམས་པའི་ལྟས་བྱུང་ན། །ཐབས་དང་ཉམས་དང་རོལ་པ་ཡིས། །རིམ་པ་བཞིན་དུ་བསླབ་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་ཟླ་འདྲེས་པའི་ཐིག་ལེ་ཉིད། །དངོས་བྲལ་ལྷན་ཅིག་སྐྱེས་ པ་ཉིད། །རྒྱལ་བ་ཀུན་གྱི་ཕྱག་རྒྱ་ཡིན། །ལྷན་ཅིག་སྐྱེས་ལ་གནས་པའི་ཚེ། །མ་ལུས་བདེ་ཆེན་རོ་གཅིག་པས། །བདེ་ཆེན་ཕྱག་རྒྱ་གཅིག་ཏུ་གནས། །རྡོ་རྗེ་པདྨའི་ཐིག་ལེ་ཉིད། །ས་ཡ་བཅུ་གསུམ་ཕྲག་གཉིས་རྩ། །ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས། །སོ་སོ་བདེ་བའི་ཕོ་བྲང་ དུ། །ཐིག་ལེས་གང་བར་སྤྲོས་པའི་ཚེ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཉམས་མྱོང་རོ་ཡིས་རྒྱས་བཏབ་བོ། །ལུས་ཀྱི་བདེ་བ་མཐར་ཕྱིན་ནས། །རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་པའི། །རིག་པའི་བདེ་བ་ལ་གནས་བྱ། །གལ་ཏེ་ཉམས་ན་བསམ་པའམ། །བལྟ་དང་མཉན་ པ་ལ་སོགས་པས། །བར་ཆད་མེད་པར་བསྒོམ་པར་བྱ། །རིག་པ་བདེ་བར་གང་སྨིན་པས། །སྒོ་གསུམ་བདེ་བ་ཆེན་པོར་སྨིན། །སྤྱོད་ཡུལ་རླུང་དང་ཐིག་ལེར་བཅས། །གོམས་པའི་ཐབས་ལ་དབང་སྒྱུར་བས། །རྟེན་དང་བརྟེན་པར་བཅས་པ་ཡི། །ཐིག་ལེ་རླུང་ལ་དབང་སྒྱུར་ ཞིང་། །ལྷ་མོ་མི་མོ་གནོད་སྦྱིན་མོ། །མཁའ་འགྲོ་རྣམས་ལ་དབང་བྱེད་ནུས། །ཐིག་ལེ་དབབ་དང་འཛིན་པ་དང་། །ཟློག་དང་སྦྱོར་ལ་དབང་སྒྱུར་ཏེ། །གལ་ཏེ་མཁའ་ལ་འཕྲོས་པའི་ཚེ། །དངོས་གྲུབ་ལམ་དང་བྲལ་བ་ཡིན། །ཕྱིན་ཅད་མཆོད་དང་ནུས་པ་སྦྱིན། །རང་གི་སྐབས་ ནི་མ་གཏོགས་པ། །གཞན་དུ་ཐིག་ལེ་མི་ལྟུང་ཞིང་། །དབང་སྒྱུར་ལམ་ལ་གོམས་པར་བྱ། །ཉི་ཟླ་འདྲེས་པའི་བདེ་བ་ཉིད། །ཟག་མེད་སྙིང་པོར་ཐིམ་པའི་ཚེ། །སེམས་ཀྱི་བདེ་བར་རང་སྣང་ཞིང་། །སེམས་ཀྱི་བདེ་བ་བར་ཆད་མེད། །གསལ་བྱེད་སྟོབས་དང་བྲལ་བའི་ཚེ། ། མ་ལུས་བདེ་ཆེན་ཕྱག་རྒྱ་སྟེ། །ལུས་སེམས་མཉམ་དུ་གནས་པ་ཉིད། །ཚད་དང་རྒྱ་དབྱིངས་རོ་ལས་འདས། །དཔག་མེད་བདེ་བའི་རོལ་མོ་ནི། །སངས་རྒྱས་ཀུན་གྱི་དགྱེས་ཆེན་ཏེ། །ཐིག་ལེ་ས་བོན་ཟག་པ་བྲལ། །བདེ་ཆེན་ཉམས་མྱོང་རྒྱུན་མི་ཆད། །རང་ཉིད་ཐིག་ལེར་ ཉམས་མྱོང་བས། །སྙིང་པོའི་ཐིག་ལེ་བྲལ་བ་མེད། །ཕྲ་ཞིང་རྡུལ་བྲལ་དྲི་མ་མེད། །རྡོ་རྗེ་ཐིག་ལེ་དྲིལ་བུ་ཉིད། །འབད་རྩོལ་མེད་པར་རང་སྣང་བ། །བྲལ་ཐོབ་མེད་པའི་ངོ་བོར་གནས། །གང་དུ་ཡོན་ཏན་ཚོགས་ཀྱིས་རབ་རྒྱས་པ། །བདེ་ཆེན་ཆུ་རྒྱུན་ལྟ་བུའི་རྒྱུན་ལས་བྱུང་། ། ཚོགས་གཉིས་ཡོངས་རྫོགས་བདག་གཞན་ལྷུན་གྱིས་གྲུབ། །གཞན་ན་མེད་དེ་རང་ཉིད་སྣང་བར་ཟད། །རང་བཞིན་གནས་ཕྱིར་གཞན་ནས་འོང་བ་མེད། །ཞེན་པ་བཟློག་པས་བདག་ཞལ་བདག་གིས་མཐོང་། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་ པོ་ལས་ལམ་གྱི་ཁྱད་པར་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མ་ལུས་ཀུན་གྱི་བསྒྲུབ་བྱ་ཉིད། །ཕྱོགས་བཅུ་མ་ལུས་རྡུལ་སྙེད་ཀྱི། །ཆེ་བའི་ཡོན་ཏན་བཤད་པར་བྱ། །མཐར་ཕྱིན་ལྔ་ཡི་རང་བཞིན་ནི། ། རྟོགས་དང་འབྲས་བུར་གནས་མོད་ཀྱི། །མཐོང་དང་གོམས་དང་གྲུབ་པ་ཉིད། །ཐུན་མོང་འབྲས་བུར་ཡང་དག་བཤད། །ཡང་དག་མཐར་ཕྱིན་འབྲས་བུར་ནི། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དཔག་མེད་ཡོན་ཏན་ལྷུན་རྫོགས་ པ། །ཚད་དང་དམིགས་པ་ལས་འདས་པ། །བསམ་ཡས་ལྷུན་གྱིས་གྲུབ་པ་སྟེ། །ནམ་མཁའི་མཐའ་ལྟར་དཔག་མེད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །མ་ལུས་མཆོག་གི་གཏེར་གྱུར་པ། །ཟད་འཕེལ་མེད་པའི་ནོར་བུ་སྟེ། །མ་ལུས་ཀུན་ལ་མཉམ་ དུ་གནས། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །རྒྱ་དབྱིངས་ཚད་ལས་འདས་པ་ཡི། །དག་དང་མ་དག་ཅི་སྣང་ཡང་། །བླང་དོར་ཕྱོགས་རིས་ཡོངས་ཀྱིས་མེད། །རང་འབྱུང་འོད་གསལ་མཎྜལ་ལ། །མ་ལུས་གཅིག་གི་རང་བཞིན་ཏེ། །ཐུགས་རྗེའི་བྱིན་བརླབས་ཚད་མེད་ པས། །མ་ལུས་བསམ་པ་སྐོང་བར་མཛད། །རང་བྱུང་ཡེ་ཤེས་ལྷུན་གྲུབ་ནི། །ཆོས་རྣམས་ཀུན་གྱི་ངོ་བོ་བས། །མ་ལུས་ཕྱོགས་མེད་རང་སྣང་ཡང་། །ཞེན་དང་ཆེད་དུ་བྱས་པ་མེད། །ས་དང་ལམ་ལ་སོགས་པ་ཡི། །ཐེག་པ་ཀུན་གྱི་འབྲས་བུ་ནི། །རང་རང་ལྟོས་པའི་ མཐར་ཐུག་ཀྱང་། །ཆེ་མཆོག་ལྷུན་གྲུབ་མཉམ་དང་བྲལ། །སྐད་ཅིག་ཉིད་ལ་ལྷུན་རྫོགས་པའི། །སངས་རྒྱས་དཔག་མེད་ཡོན་ཏན་རྣམས། །རིགས་བདག་རྡོ་རྗེ་འཆང་ཆེན་གྱིས། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །ཉི་ཟླའི་བདེ་བ་མངོན་ཐོབ་སྟེ། །རྡོ་རྗེ་ འཆང་གི་ས་ལ་བཀོད། །དཔག་མེད་རྒྱལ་བ་ཐམས་ཅད་ཀྱི། །འགྲོ་བའི་གདུལ་བྱ་མཐའ་ཡས་པས། །སྐུ་གསུང་ཐུགས་ཀྱང་དེ་བཞིན་ཏེ། །བཞུགས་ཚུལ་དཔག་མེད་རྣམ་པར་སྣང་། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པའི། །སངས་རྒྱས་དྲུག་པའི་རང་བཞིན་ཏེ། །ནམ་ མཁའི་མཐས་གཏུགས་མཚན་པ་ཡིས། །བདེ་ཆེན་ཡེ་ཤེས་རྒྱས་པར་གནས། །བཅུ་དྲུག་ཞག་གིས་རྫོགས་པ་ལྟར། །མ་ལུས་རྫོགས་པའི་ཡེ་ཤེས་ཉིད། །ས་མཐའི་ཉེས་པ་ཀུན་བྲལ་བ། །ཀུན་གྱི་ཡོན་ཏན་བདག་ཉིད་གནས། །སངས་རྒྱས་ཞིང་ཁམས་མཐའ་ ཡས་པའི། །ནམ་མཁའི་མཐའ་ཐུག་བར་དུ་ནི། །གདུལ་བྱའི་རྡུལ་སྙེད་གནས་ཀྱི་བར། །སྐད་ཅིག་འདུ་འབྲལ་མེད་པར་གནས། །བཅུད་འདུས་ཐིག་ལེ་ཆེན་པོ་ནི། །བདེ་བའི་ཟག་མེད་ཐིག་ལེ་སྟེ། །ཨ་དང་བདེ་བར་འབྲེལ་བ་ཡི། །མ་ལུས་ཁྱབ་པའི་ཚུལ་དུ་བཞུགས། ། ཐིག་ལེའི་བྱེ་བྲག་བརྒྱད་ཅུའི་རྩ། །བཅུད་འདུས་གསང་བའི་ཐིག་ལེའི་རོ། །མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་། །མ་ལུས་གང་བའི་ཚུལ་གྱིས་ནི། །ཞིང་ཁམས་ཕྱོགས་བཅུ་མཐའ་ཡས་པ། །ཟག་མེད་ཐིག་ལེར་རོ་གཅིག་པས། །ནམ་མཁའི་གཟུགས་ཅན་དེ་བཞིན་ ཉིད། །སྐུ་བཞི་འདུས་པའི་ཁམས་ཐིག་ལེ། །དངས་མ་ལྔ་འདུས་སྙིང་པོ་ཅན། །གསུམ་འདུས་མི་འགྱུར་སྙིང་པོ་སྟེ། །བདེས་གང་བཞི་བཅུ་རྩ་གཉིས་པོ། །ཐིག་ལེ་རོ་ཡིས་གང་ཕྱེ་བ། །དཔག་མེད་སྐུ་གསུང་ཡོན་ཏན་ཐུགས། །བསམ་གྱིས་མི་ཁྱབ་རང་སྣང་བ། །ཐིག་ ལེ་ཕྱག་རྒྱ་བསམ་མི་ཁྱབ། །ཕྱི་ནང་དངས་སྙིགས་མ་ལུས་པ། །རང་འབྱུང་དངས་མའི་ཐིག་ལེ་ཉིད། །གཞན་མེད་ཕྱོགས་མེད་རང་སྣང་བ། །ཕྱོགས་མེད་བདེ་བ་ཆེན་པོ་ཉིད། །གསང་བའི་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་རྫོགས་པའི་ངོ་བོ་སྟེ། །བདེ་བ་ཆེན་པོའི་སྙིང་པོ་ལས། ། དཔག་མེད་ཡོན་ཏན་རྣམ་པར་འཕྲུལ། །བདེ་བ་ཆེན་པོའི་ཐིག་ལེ་ནི། །འདུ་འཕྲོ་བྲེལ་བས་ཟག་པ་མེད། །ཕྱོགས་རིས་འདས་པས་མ་ཁྱབ་མེད། །ཐོག་མཐའ་མེད་པར་མཉམ་པ་ཡིན། །རྒྱལ་བ་ཀུན་གྱི་རང་བཞིན་ཏེ། །ཐིག་ལེ་རོ་ལ་མཉམ་བཞུགས་པས། །ནམ་མཁའི་ མཐས་གཏུགས་ཆོས་ཐམས་ཅད། །བདེ་བ་ཆེན་པོར་གསལ་བར་མྱོང་། །མཚན་དང་དཔེ་བྱད་ཚད་འདས་པ། །རང་ལ་རྫོགས་པའི་ཐིག་ལེ་ཉིད། །ཇི་སྙེད་བདེ་བའི་རོལ་པ་ཀུན། །རང་ལ་རྫོགས་པ་ཉིད་དུ་གནས། །སངས་རྒྱས་ཀུན་གྱི་བདེ་བ་ནི། །རང་འབྱུང་ཐིག་ལེ་ཆེན་པོ་སྟེ། ། ཨཱ་ལི་ཀཱ་ལི་ཞུ་བ་ལས། །ནམ་མཁའ་ཁྱབ་པའི་བདེ་བ་འབྱུང་། །གསང་བའི་ཐིག་ལེ་ཀུན་གྱི་རྒྱུ། །ནམ་མཁའི་ཐིག་ལེ་གསང་བའི་ངང་། །ཁྱབ་པ་ཆེན་པོ་ཕྱོགས་ཆ་མེད། །ལུས་གནས་རང་བཞིན་མ་སྐྱེས་པ། །བདེ་བའི་དབང་ཕྱུག་སྐུ་གསུང་ཐུགས། །ནམ་མཁའ་ལྟ་ བུར་དཔག་ཏུ་མེད། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་ཐིག་ལེ་བཞུགས་པའི་གནས། །དཔག་མེད་ཏིལ་འབྲུ་རྡུལ་སྙེད་ཀྱི། །རྒྱལ་བ་ཀུན་དང་ལྷན་ཅིག་ཏུ། །མ་ལུས་བདེ་བ་ཆེན་པོའི་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས། །མ་གསུངས་རིག་པས་ཉམས་ བཏང་བས། །མི་འཛིན་ལོངས་སྤྱོད་ཆེན་པོའི་གནས། །རང་འབྱུང་ཉི་ཟླ་རྟེན་གྱི་རོ། །མ་སྤངས་འདུས་པས་འདུ་འབྲལ་མེད། །གསང་བའི་ཐིག་ལེ་བཅུད་འདུས་པ། །ནམ་མཁའ་གང་བ་བདེ་བའི་རོ། །གཉིས་མེད་འཁྲིལ་བའི་སྟོབས་ལས་བྱུང་། །མཁའ་དབྱིངས་བྱང་ཆུབ་ འབྱོར་པའི་སེམས། །མ་བཏང་མ་སྤྲོས་ཐིག་ལེ་ཆེ། །ནམ་མཁའ་རྒྱས་པའི་མཐའ་བཞིན་དུ། །བདེ་བའི་ཚད་ཀྱང་དཔག་ཏུ་མེད། །ཡབ་ཡུམ་གནས་པའི་གྲངས་ཚད་ཀྱང་། །ནམ་མཁའི་མཐའ་དང་མཉམ། ཁམས་ཀྱི་རྡུལ་སྙེད་དེ། །རེ་རེའང་བདེ་བའི་དཀྱིལ་འཁོར་ནི། །རྡུལ་སྙེད་ནམ་ མཁའི་མཐའ་དང་མཉམ། །ཡབ་ཡུམ་གཉིས་མེད་འབྲེལ་པ་ཡི། །ཐབས་དང་ཤེས་རབ་བཅུད་འདུས་པ། །གང་ཡང་མི་སྒྲིབ་ཐིག་ལེའི་རོ། །སྣང་གསུམ་མཚན་མ་ལས་འདས་པ། །སངས་རྒྱས་རིན་ཆེན་ཀུན་གྱི་བཅུད། །བྱེ་བ་རྡུལ་སྙེད་གྲངས་འདས་པའི། །མ་ལུས་ཀུན་དང་ ལྷན་ཅིག་ཏུ། །མོས་དང་ཆགས་པའི་ཁྱད་པར་གྱིས། །ཆ་ལུགས་མཐའ་ཡས་སྣང་བ་ནི། །ལ་ལར་ཆགས་པར་ལྟ་བའི་ཚུལ། །དེ་བཞིན་འཇམ་པར་སྨྲ་བ་དང་། །ལ་ལར་འཁྱུད་ཅིང་ལྟ་བ་སྟེ། །ལ་ལར་སེན་ཐབས་ཞལ་སྦྱོར་ཞིང་། །ལ་ལར་མཉེ་ དང་རྡེབས་དང་འབུད། །འགྱེད་དང་འདུད་དང་འགྱིང་བ་ཡི། །དཀར་འཛིན་སྟོན་དང་ལྟེ་བ་སྟོན། །འོ་དང་འཚིར་དང་དགོད་པ་དག །སྣ་ཚོགས་རོལ་པ་འདི་དག་གིས། །མ་ཆགས་པ་དག་ཆགས་བྱེད་ཅིང་། །ཆགས་པ་མྱུར་དུ་ཉམས་པར་བྱེད། །ཐ་སྐམ་མྱུར་དུ་བེངས་བྱེད་ ཅིང་། །བདེ་ཆེན་ལོ་ཏོག་སྐྱེད་པར་བྱེད། །བྱེ་བ་རྡུལ་སྙེད་བཅས་པ་ཡི། །ལྷ་དང་ལྷ་མོ་འཁོར་བཅས་པས། །སྟེག་ཅིང་འཛུམ་པས་ལྷན་ཅིག་ཏུ། །རོལ་ཅིང་གླུ་ནི་ལེན་པར་བྱེད། །ཨེ་མའོ་སངས་རྒྱས་ཀུན་གྱི་རང་བཞིན་བདེ་བ་ཆེ། །ལྷན་ཅིག་སྐྱེས་པ་མཁའ་ལྟར་ རྡུལ་དང་བྲལ་བ་སྟེ། །རྡོ་རྗེ་པདྨར་བཅུག་བསྐྱོད་པས་ནི་བརྟགས་པའི་སྣང་བ་ནུབ། །མ་ལུས་ཁྱབ་པས་མཁའ་ལྟར་དགའ་བར་བྱས་ཀྱང་དབང་པོ་རླུང་གིས་རླབས། །བདེ་བའི་ས་བོན་ཟག་པ་རྣམས་ནི་སླར་ཡང་ལྡང་བར་བྱེད། །རྒྱུ་བ་རྣམ་པར་ཆད་པའི་ཁ་སྦྱོར་བདེ་ཆེན་ ནི། །ནམ་མཁའི་རྒྱ་མཉམ་ཡུན་ཡང་དེ་སྲིད་བར་དུ་གནས་པ་སྟེ། །འདོད་པའི་ཡོན་ཏན་ལྔ་ནི་ལྷ་མོ་ཁྱོད་ལ་ཚང་བ་སྟེ། །བདག་ནི་ཁྱོད་ལ་བསྟེན་ཅིང་དགའ་བས་མིག་བཏེག་མ་ལུས་རྒྱལ་བའི་ཞིང་དུ་བལྟ། །གང་ཚེ་འགྲོ་བ་ཐ་མལ་བདེར་སྤྱོད་ཡུལ་ལ་ཆགས་པར་ཞུགས་ པ་ན། །དགའ་དང་བདེ་དང་རྩེ་གཅིག་ཡིད་འོང་འདོད་པར་རབ་ཞུགས་པས། །དབང་པོ་གཉིས་རོལ་ཉི་ཟླ་ཕྲད་ཅིང་བདེ་ཆེན་མཆོག་སྐྱེས་ཆེ། །སྐྱེ་རྒ་ན་འཆི་རེ་དོགས་ངོ་ཚ་མི་ཚ་གྲགས་པའི་ཆོས་བརྒྱད་ཚོད་ཀྱང་བྱིས་པས་མི་ཤེས་སོ། །གང་ཞིག་ཐབས་དང་ཤེས་རབ་ བྲལ་བས་གསང་བའི་དོན་འཇུག་པ། །རྒྱ་མཚོ་ལ་ནི་ས་བོན་བཏབ་བཞིན་འདོད་པའི་འབྲས་བུ་མི་འབྱུང་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ཐ་སྐབས་ཏེ། །རྒྱལ་བ་ཉིད་ཀྱང་ཐབས་དང་ཤེས་རབ་བྲལ་བས་བྱང་ཆུབ་མྱུ་གུ་གཏན་ནས་སྐམས་ཏོ། །འདི་ནི་གླུ་ རུ་བླངས་པ་ཡིས། །རྡུལ་སྙེད་བཅས་པའི་འཁོར་ཚོགས་རྣམས། །རང་རང་རྒྱན་དང་གོས་དོར་ཏེ། །དཔའ་བོས་སྒེག་མོའི་ཚུལ་འཛིན་ཅིང་། །དཀྱིལ་འཁོར་ཕྱོགས་བཅུའི་རྡུལ་སྙེད་དུ། །གླུ་དང་གར་ནི་སྣ་ཚོགས་ཀྱིས། །ཐ་མལ་ཡིད་རྟོགས་བཅད་ནས་ནི། །བདེ་ཆེན་ ཡིད་ནི་འཕྲོག་པར་མཛད། །དེ་བཞིན་དཀྱིལ་འཁོར་བསམ་ཡས་དང་། །ཞིང་ཐབས་བདེ་བ་རྨད་འབྱུང་བ། །འདུལ་བའི་ཐབས་ནི་སྣ་ཚོགས་པ། །དཔག་མེད་མཐའ་མས་ཅིར་སྣང་ཡང་། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །ཐིག་ལེ་གཅིག་གི་ངོ་བོ་ལས། ། མཛད་པའི་གར་ཐབས་སྣ་ཚོགས་ཀྱིས། །འདུལ་བའི་དབང་དུ་ཅི་ཡང་སྤྲོ། །ཐབས་ལ་ཐབས་ཀྱིས་དབང་སྒྱུར་བས། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །ངོ་མཚར་ཡ་མཚན་རྨད་པོ་ཆེ། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ཐབས་ཆེན་སྒྱུ་མ་རྨད་དུ་བྱུང་། ། སྒྱུ་མ་སྐྱེ་འགག་མེད་པའི་དབྱིངས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་ཀུན་འདུས་རྣམ་པར་དག །ཐམས་ཅད་རང་རིག་བྱང་ཆུབ་སེམས། །ཀུན་ནས་འཁྱིལ་བའི་དཀྱིལ་འཁོར་ཏེ། །ཀུན་གྱི་རང་བཞིན་འབྱུང་གནས་ཉིད། །བྱ་བ་བྱེད་ལ་བྱས་པ་མེད། །ཟད་ དང་འཕེལ་བ་མེད་པ་ཡི། །དངོས་གྲུབ་གཏེར་ཆེན་བསམ་མི་ཁྱབ། །ཡེ་ཤེས་ཐིག་ལེ་རང་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མཐའ་དབུས་མེད་པའི་ཡེ་ཤེས་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །ནམ་མཁའ་རང་འབྱུང་རྟག་པ་ལྟར། །འཕོ་ འགྱུར་མེད་པས་དེ་བཞིན་ནོ། །ནམ་མཁའ་མཐའ་དབུས་མེད་པ་བཞིན། །རང་འབྱུང་ཡེ་ཤེས་ཐོག་མཐའ་མེད། །མ་བྱུང་མ་སྐྱེས་བྱང་ཆུབ་སེམས། །ཡེ་ཤེས་ཉི་མའི་འོད་ལྟར་གསལ། །སངས་རྒྱས་སེམས་ཅན་གྲོལ་ཐར་ཀུན། །མ་ལུས་རང་རིག་འོད་གསལ་བས། ། རང་འབྱུང་ཡེ་ཤེས་རང་སྣང་ཕྱིར། །མཁྱེན་དང་བསྒྲིབས་པ་ཆུང་ཟད་མེད། །མཁྱེན་པའི་ཡེ་ཤེས་ཉག་གཅིག་ལ། །རང་གི་ཆ་ཤས་ཆོས་བྲལ་བས། །ནམ་མཁའི་མཐའ་ཐུག་ཆོས་རྣམས་ཀུན། །སྐད་ཅིག་མ་འདྲེས་ཚུལ་དུ་མཁྱེན། །རང་རིག་བྱང་ཆུབ་སེམས་ཉིད་ ལས། །མཐོ་དམན་བླང་དོར་མ་དམིགས་པས། །འཁོར་བའི་ངོ་བོར་རང་སྣང་ཡང་། །མ་ཆགས་སྐྱོན་མེད་པདྨ་འདྲ། །དཔག་མེད་ཡོན་ཏན་ངོ་བོ་རྣམས། །རང་འབྱུང་རིག་པ་རང་སྣང་བས། །མ་ལུས་ངོ་མཚར་རྒྱ་མཚོ་རྣམས། །རང་སྣང་གཞན་ལས་ ཐོབ་བྱ་མེད། །བྱིན་བརླབས་ཆོ་འཕྲུལ་རྨད་ཀྱི་ཆོས། །རང་འབྱུང་ཉིད་ལས་རྣམ་པར་སྤྲོ། །ཚུལ་ནི་རྣམ་པ་སྣ་ཚོགས་ཏེ། །དག་དང་མ་དག་ཁྱད་པར་གྱིས། །ངོ་བོ་གཅིག་ལས་མ་གཡོས་ཀྱང་། །མོས་པས་མཐོང་ཚུལ་དེ་བཞིན་ནོ། །གསུང་ནི་ནམ་མཁའ་ཁྱབ་པར་ནི། །ཕྱོགས་ བཅུ་ཁྱབ་པར་སྒྲ་སྒྲོགས་པ། །མོས་པ་བཞིན་དུ་སྣ་ཚོགས་པའི། །བསམ་ཡས་འདུལ་ཐབས་སྣ་ཚོགས་སྣང་། །ཐུགས་ནི་མ་ལུས་མཁྱེན་པའི་ཐུགས། །ཕན་དང་བདེར་བཅས་བརྩེར་ལྡན་པའི། །མངོན་ཤེས་མཁྱེན་པའི་ཡེ་ཤེས་སྤྲོ། །ཡེ་ཤེས་ཐུགས་ལ་ཁྱད་པར་མེད། ། ཡོན་ཏན་ཚད་ཁྱད་བྲལ་བ་སྟེ། །ནམ་མཁའི་ནོར་བུ་གཏེར་འཆང་བ། །དཔག་མེད་བསམ་པ་བསྐང་བའི་ཕྱིར། །བྱིན་བརླབས་ཡིད་བཞིན་ནོར་བུའི་ཚུལ། །ཕྲིན་ལས་བྱིན་བརླབས་རང་སྣང་བ། །འགྲོ་འོང་མེད་པའི་དོན་ཚུལ་གྱིས། །དཔག་བསམ་བུམ་དང་རིན་ཆེན་གྱི། །བྱ་བྱེད་ མེད་པར་དོན་རྣམས་རྫོགས། །མ་ལུས་སྤྲོས་པ་རྣམ་དག་ཅིང་། །རང་འབྱུང་རིག་པ་མཐའ་དབུས་མེད། །མ་ལུས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །གཉིས་མེད་ངང་ལ་ཀུན་རྫོགས་པས། །དེ་ཉིད་ཚད་བྲལ་མངའ་ བརྙེས་པས། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ། །སྐུ་གཅིག་ཐིག་ལེའི་ངོ་བོ་ལས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བའི་ཚུལ་བཞིན་དུ། །རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ། །མ་བྱུང་མ་སྐྱེས་དོན་རྟོགས་པས། །མ་ལུས་དབྱེར་མེད་རྡོ་རྗེ་ཉིད། །མི་ འཇིགས་གཉེན་པོ་ཀུན་བྲལ་བ། །རྡོ་རྗེ་སྐུ་ཞེས་རྣམ་པར་བསྟན། །གང་དུ་མངོན་པར་བྱང་ཆུབ་པའི། །འོད་གསལ་ནམ་མཁའི་མཐའ་དབུས་མེད། །སྐུ་བཞི་མཐའ་ཡིས་མ་རེག་པ། །དང་པོ་མངོན་པར་བྱང་ཆུབ་པའོ། །མ་ལུས་དབྱེ་བ་མཐའ་སྤངས་ཤིང་། །དེ་ལྟར་ཀུན་དང་ མཉམ་པར་གནས། །དོན་གྱིས་མ་ལུས་ཁྱབ་འགྱུར་བ། །བརྗོད་མེད་དོན་གྱི་གསུང་ཉིད་དོ། །སྐུ་དང་ཕྱག་རྒྱ་གཟིགས་ཚུལ་གྱིས། །ཏིང་འཛིན་དགོངས་པས་འདུལ་བ་ལ། །བརྗོད་མེད་ཚུལ་གྱིས་གང་སྟོན་པ། །བརྡ་ཡི་གསུང་དུ་རྣམ་པར་བསྟན། །གང་ཡང་རུང་བ་མཐོང་ ཐོས་ཚེ། །དཔའ་བོས་བལྟས་པས་གཡུལ་སེལ་ལྟར། །དངོས་པོས་བྱང་ཆུབ་ནམ་མཁར་རྟོགས། །བྱིན་བརླབས་རྟོགས་པའི་གསུང་ཞེས་བྱ། །གང་གི་དོན་དུ་གང་སྣང་བ། །གཉེན་པོ་བར་ཆད་མི་གནས་ཤིང་། །གཞན་དག་ཕམ་བྱེད་མི་ཐུབ་པ། །ཟིལ་གྱིས་གནོན་ པའི་གསུང་དུ་བརྗོད། །ཚིག་གཅིག་བརྗོད་པས་ཚིག་མཐའ་ཡས། །མོས་པ་དེ་རྙེད་རྣམ་གྲོལ་ཅིང་། །ཡོན་ཏན་རྒྱ་མཚོ་ཕུན་སུམ་ཚོགས། །འདི་ནི་བརྗོད་པ་ཚིག་གི་གསུང་། །ཇི་སྙེད་མང་པོར་རྣམ་སྤྲོས་ཀྱང་། །ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད། །རྟོག་ལ་རྣམ་རྟོག་མཚན་ མ་ཡང་། །མི་རྟོག་ཡེ་ཤེས་གྲོལ་བའི་ཐུགས། །གཉིས་མེད་བདེ་བ་ཆེན་པོ་ཡིས། །འདོད་པའི་ལོངས་སྤྱོད་ལྔ་ལ་རོལ། །མ་ལུས་བདེ་བར་སྣང་བའི་ཚེ། །འདི་ནི་བདེ་བ་ཆེན་པོའི་ཐུགས། །བདག་གཞན་ཕྱི་ནང་མི་མངའ་ཡང་། །རང་འབྱུང་གཉིས་ཀྱི་ཕྱོགས་བྲལ་བས། ། གདུལ་བྱའི་བསམ་པ་ཀུན་མཁྱེན་པས། །འགྲོ་བ་མ་ལུས་བསྒྲལ་བའི་ཐུགས། །ཇི་སྙེད་རིག་པའི་དོན་སྣང་ཞིང་། །མ་ལུས་ཀུན་གྱི་ངོ་བོ་ལ། །སྐྱེ་འཇིག་གཉེན་པོ་གདོད་ནས་སྟོང་། །མི་འགྱུར་རྡོ་རྗེ་ཐུགས་ཞེས་བྱ། །དཔག་མེད་ནམ་མཁའི་ཞིང་ཁམས་དང་། ། ཆེ་བའི་ཁྱད་པར་བསྟན་པའི་གདན། །ཟག་པ་མེད་པའི་རྒྱན་རྣམས་དང་། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འོད་ཟེར་ཚོགས་ནི་རྣམ་པར་སྣང་། །གཞན་ཡང་ཡོན་ཏན་ཆེན་པོ་ནི། །མཐའ་དབུས་མེད་པའི་ནམ་མཁའ་ལྟར། ། དཔག་ཅིང་གཞལ་བར་མི་ནུས་ཏེ། །ཟག་མེད་ཆེ་བའི་ཡོན་ཏན་སྣང་། །གཞན་ཡང་མཛད་པའི་ཕྲིན་ལས་ནི། །གདུལ་བྱའི་ཡུལ་ནི་ཇི་སྙེད་པ། །མཛད་པའི་སྒོ་ནི་བསམ་ཡས་ཏེ། །མཐའ་ཐུག་མེད་པར་རྣམ་པར་སྣང་། །འདི་དག་བསྡུས་པས་བཤད་བྱ་ན། །ཞི་རྒྱས་ དབང་དྲག་ལ་སོགས་པས། །མཐའ་ཡས་བཞིས་ནི་རྣམ་པར་བསྡུས། །ལྷུན་གྱིས་གྲུབ་པར་ཀུན་ཀྱང་འགྲུབ། །མདོར་ན་འབྲས་བུའི་རྣམ་གྲངས་ནི། །བསྡུས་པས་ཉི་ཤུ་རྩ་ལྔར་གནས། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ ཆེན་པོ་ལས་ལྷུན་གྱིས་གྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསང་བདག་རྡོ་རྗེ་འཛིན། །དཔག་མེད་རྒྱལ་བས་དབང་བསྐུར་བ། །གསང་བའི་བདག་པོ་སྔགས་ཀྱི་མཛོད། །གཏེར་འཛིན་རྒྱལ་པོ་སྟོབས་པོ་ཆེ། །རང་གི་ལག་གི་ རྡོ་རྗེ་ཉིད། །དགའ་ཞིང་མགུ་བས་གསོར་བྱས་ཏེ། །བྱེ་བ་རྡུལ་སྙེད་བཅས་པ་ཡིས། །རབ་ཏུ་བསྐོར་བ་བྱས་པ་ཡིས། །འཇིག་རྟེན་དྲུག་ཏུ་བཅས་པ་དག །འཁྲུགས་ཤིང་རྣམ་པར་གཡོ་མཛད་དེ། །ཀུན་དུ་རབ་གཡོ་རྣམ་པར་གཡོ། །སྟོང་གསུམ་འཇིག་རྟེན་འཁོར་ ཡུག་བཅས། །འོད་དང་སྒྲ་ཡིས་གང་མཛད་དེ། །རྨད་འབྱུང་སྐུ་གསུང་ཐུགས་རྣམས་ཀྱི། །ངོ་མཚར་ཆོ་འཕྲུལ་རྣམ་པར་སྣང་། །ངོ་མཚར་ཆོ་འཕྲུལ་རྨད་འབྱུང་གི། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་ཡོན་ལྔ་ཡིས་ཁྱབ་མཛད་དེ། །རྒྱལ་བའི་ཚོགས་ ཀུན་མཉེས་པར་བྱས། །ཀུན་ཀྱང་དགའ་ཞིང་མོས་པ་ཡིས། །ཞིང་ཁམས་རྡུལ་དང་མཉམ་པ་ཡི། །འཁོར་ཚོགས་རྣམས་ནི་བསྟོད་པ་འདི། །སྣ་ཚོགས་སྒྲས་ནི་གླུ་རུ་བླངས། །ཨོྃ་ཨཱཿཧཱུྃ་ཨ་ལ་ལ་ཧོ། །སྒྱུ་འཕྲུལ་དྲ་བའི་ཐུགས་ནི་མི་སྐྱེ་ཡེ་ཤེས་བདེ་བའི་ཐུགས། །མི་ རྟོགས་གསལ་བའི་ཐུགས་ནི་ཀུན་ལ་ཁྱབ་པར་གནས། །གང་ཡང་དབྱེར་མེད་འདུས་བྱས་མ་ཡིན་འདུས་མ་བྱས་མིན་སྐྱེ་འཇིག་མེད། །དམ་པའི་ཐུགས་ལ་བྱུང་ཚོར་གཡོ་འགོག་ཅི་ཡང་མེད་པས་བདེ་ཧོ། །སྒྱུ་འཕྲུལ་དྲ་བའི་སྐུ་ནི་སྣ་ཚོགས་འོད་འབར་བདེ་བའི་སྐུ། །སྣ་ཚོགས་ མཐའ་ཡས་ཇི་ལྟར་སྣང་བ་ངོ་བོས་དབེན། །དེ་ཉིད་འདུ་བའི་ཐབས་ཀྱིས་དེ་ལྟར་ཡིད་འཕྲོག་ཚིམ་པའི་སྐུ། །མཐའ་ཡས་སྣ་ཚོགས་བྱེ་བྲག་ཇི་ལྟར་གསལ་ཡང་ནམ་མཁའི་ངང་དུ་བྱེ་བྲག་མེད་ཧོ། །སྒྱུ་འཕྲུལ་དྲ་བའི་ཡོན་ཏན་ཡིད་བཞིན་ནོར་བུ་རིན་པོ་ཆེ། །མི་ཟད་པར་ལྡན་ རྒྱན་གྱི་འཁོར་ལོ་དཔག་མེད་རྒྱས་པར་སྣང་། །འགྲོ་བ་རྣམས་ནི་ཡིད་འཕྲོག་བལྟས་པས་ཆོག་ཤེས་མེད་པར་མཛེས། །རྒྱལ་བ་མ་ལུས་ཡོན་ཏན་རྫོགས་པར་སྣང་ལ་དེ་དག་མཐའ་ཐུག་མེད་ཧོ། །སྒྱུ་འཕྲུལ་དྲ་བའི་གསུང་ནི་ཟབ་ཅིང་རྒྱ་ཆེར་ནམ་མཁའ་འདྲ། །མ་ལུས་གོ་ ཞིང་ཚིམ་མཛད་རྡོ་རྗེའི་སྒྲ་འབྱིན་སྙན་སྒྲོགས་པ། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་མོས་དང་འཐད་པ་དེ་བཞིན་རྣམ་པར་སྣང་ཧོ། །སྒྱུ་འཕྲུལ་དྲ་བའི་ཕྲིན་ལས་སྣ་ཚོགས་བྱ་བ་ལྷུན་གྱིས་གྲུབ། །བསྐལ་པ་ཞིང་གི་རྡུལ་སྙེད་འགྲོ་བ་མ་ལུས་ཀུན་འདུལ་བ། །ཐབས་དང་ཤེས་རབ་འདུ་འབྲལ་ མེད་པའི་རྫུ་འཕྲུལ་སྣ་ཚོགས་འདི་ནི་རྣམ་པར་རོལ་ཧོ། །དེ་ནས་རྒྱལ་མཆོག་སྐྱེས་བུ་ཡིས། །རྡོ་རྗེ་འཛིན་པ་ལ་སོགས་པ། །བྱེ་བ་རྡུལ་སྙེད་བཅས་པ་ལ། །གསང་བ་འདི་ནི་གཏད་པར་མཛད། །ང་ཡི་གསང་བའི་སྙིང་པོ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་ ཀུན་གྱི་རང་བཞིན་ཏེ། །མ་ལུས་ཀུན་གྱི་ཐབས་སུ་སྣང་། །གསང་སྔགས་རྡོ་རྗེ་ཐེག་པ་སྟེ། །དཔལ་ལྡན་སྒྱུ་འཕྲུལ་ཐུགས་ཀྱི་རྒྱུད། །ཆོས་རྣམས་མ་ལུས་ཀུན་སྣང་བ། །གསང་བའི་མེ་ལོང་ཐབས་ཀྱི་རྒྱུད། །རྒྱལ་བ་རྡུལ་སྙེད་ཀུན་འདུས་ནས། །དམ་པ་འདི་ལ་བསྔགས་པར་ མཛད། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ། །ཟབ་མོའི་ལུང་གི་ངེས་དོན་འདི། །རིགས་ཆད་དམན་པའི་གང་ཟག་གིས། །ཐམས་ཅད་ལ་ནི་མེ་ལོང་ལྟར། །བལྟས་ཀྱང་གཟུགས་བརྙན་མི་སྣང་བས། །སྟོན་པ་གཉིས་ལ་རྒྱབ་ཕྱོགས་ཤིང་། །བརྟགས་པའི་ཕྱི་རོལ་ཆོས་ལ་ཞེན། ། སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྡོ་རྗེ་སྤུན་ལ་སྡང་སེམས་ཆེ། །ཟབ་མོའི་དོན་ལ་སྐུར་བྱེད་ཅིང་། །གསང་རྒྱུད་དོན་ལ་འཕྱ་བ་དང་། །སེར་སྣ་རང་ཕྱོགས་ཆགས་པ་ཆེ། །དད་དང་དམ་ཚིག་མི་ལྡན་ཞིང་། །རྒྱལ་སྲིད་རིན་ཆེན་མི་གཏོང་བའི། །ཕྱི་ནང་གཉིས་ལྟའི་གང་ཟག་ལ། ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ལུས་སེམས་བྲལ་བར་བྱེད་གྱུར་ཀྱང་། །གསང་བའི་གླེགས་བམ་མི་བསྟན་ན། །དབང་དང་དངོས་གྲུབ་ནམས་ཀྱང་མིན། །རྨོངས་པས་གལ་ཏེ་བྱིན་ན་ནི། །དེ་ཉིད་མནར་མེད་དམྱལ་བར་ལྟུང་། །དད་དང་དམ་ཚིག་ལྡན་པ་ཡིས། །ཕུན་ སུམ་ཚོགས་པ་ཀུན་གཏོང་ཞིང་། །དམ་པའི་ཡོ་བྱད་ལྡན་གྱུར་པས། །ལུས་དང་སྲོག་ལའང་མི་ལྟ་ན། །དམན་པའི་ལོངས་སྤྱོད་ནམས་ཀྱང་མིན། །ཐེག་པ་ཆེ་ལ་མོས་པ་དང་། །བརྟུལ་ཞུགས་སྙིང་བརྩེར་གུས་པར་ལྡན། །རྡོ་རྗེ་སློབ་དཔོན་བསྙེན་ བཀུར་ཞིང་། །སྐྱོན་དང་སྤྱོ་བ་ཡོངས་སུ་བཟོད། །བསྐལ་པར་འགྲོགས་ཀྱང་ཡིད་མི་འཁྲུག །ཉེས་དང་ལེགས་པ་ཅི་ལ་ཡང་། །ངོ་མཚར་སྐྱོ་བའི་འདུ་ཤེས་མེད། །རང་བཞིན་བཟང་དང་ཚུལ་ཤེས་དང་། །འགྲོགས་པས་དུག་ནད་མི་ལྡང་བའི། །དམ་པ་འདི་ལ་གསང་ བ་གཏང་། །སློབ་དཔོན་མན་ངག་མི་ལྡན་ཅིང་། །གསང་བའི་དོན་ལ་མ་གོམས་པས། །རང་རྟགས་ལོག་པའི་ཚད་མ་ཡིས། །གསང་བའི་སྦས་དོན་གཏན་ལ་འབེབས། །བླུན་པོ་མུན་པས་ཆོད་པ་རྣམས། །ལོག་པར་ཞེན་པའི་རྗེས་འབྲངས་ནས། །མཐོང་བའི་ཆོས་ ལ་དམྱལ་བར་སྨིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །མ་ལུས་ཀུན་གྱི་གསང་ཡིན་པས། །རྟོགས་ནས་གསལ་བར་གང་བྱེད་པ། །དབང་དང་དཀྱིལ་འཁོར་རྫོགས་པ་སྟེ། །བདག་དང་གཞན་དོན་ལྷུན་གྱིས་གྲུབ། །རྡུལ་སྙེད་ ཞིང་ལ་བསྙེན་བཀུར་ཞིང་། །ཚོགས་ཀྱི་བླ་མ་བསྟེན་བྱས་པའི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །དེ་བས་རྒྱལ་སྲས་གཅིག་གི་ཡུལ། །རྙེད་དང་བཀུར་སྟིས་འཚོ་བ་ཡི། །གྲགས་པའི་སྟོབས་ལྡན་རྣམ་པར་སྤངས། །ཨ་ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྡོ་རྗེ་སེམས་དཔའི་སྒྱུ་ འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས་མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་ མི་ཏྲ་དང་། བནྡེ་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །སླད་ནས་བི་མ་ལ་མི་ཏྲ་ཉིད་ལ་ཟེ་མོ་དགེ་སློང་མས་ཡང་དང་ཡང་དུ་ཞུས་པ་འདི་གཞན་ལ་སྤེལ་ན་དམ་ཚིག་ཉམས་སོ།། །། ༄༅༅། །བོད་སྐད་དུ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། །འོག་མིན་གྱི་གནས་མཐའ་དང་ དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ཁྱབ་པར་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་དུ་འཁྱིལ་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེ་དབྱིབས་དང་ཁ་དོག་ ལ་སོགས་ཏེ། །རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པའི་ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་ དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་བ་བརྒྱད་ཀྱི་རྟ་བབས་དང་ལྡན་པའི་ཕྱི་དང་ནང་ མེད་པར་ཀུན་དུ་ཡང་ནང་དུ་གྱུར་པ་ན་མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་ཀྱི་གླང་པོའི་ཁྲི་དང་། རྫུ་འཕྲུལ་གྱི་རྟའི་ཁྲི་དང་། དབང་གི་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། ། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཡང་ཞལ་ཐལ་ལེ་བར་གསལ་ཞིང་། མཚན་དང་དཔེ་བྱད་དུ་ལྡན་པ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་དུ་སྣང་བ། ལྷུན་གྱིས་ གྲུབ་པའི་སྐུ་གསུང་ཐུགས་ཆེན་པོ་ལས་ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག །ཡེ་ཤེས་རིན་པོ་ཆེའི་ཕྱག་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ ལྡན་པ་འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་ པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་གུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པའི་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ ལ་སོགས་པ། བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་ཆོས་ཀྱིས་དབྱིངས་ཀུན་དུ་མཐའ་ཡས་པར་ཁྱབ་པ་ནི་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མྱང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར་འབྱུང་བ་དང་། མ་བྱོན་པའི་ཚོགས་དང་། འཇོམས་པ་ཆེན་མོ་རེག་པ་དང་། འཇོམས་པ་ཆེན་མོ་རེག་བྱེད་དང་། འཇོམས་པ་ཆེན་མོ་རེག་ཤེས་དང་། བཙུན་མོ་ རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་ སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨེ། ཨེ། ཨེ་མའོ། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དང་། དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་དང་རང་སྣང་བ་ཉིད་ ཏིང་ངེ་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་སེལ་མེད་པའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །གསང་བའི་ སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་དུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས་བཙུན་མོ་ཆོས་བྱ་བ་མོ་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏེ་ཆེད་དུ་ བརྗོད་པ་འདི་བརྗོད་དོ། །ཨོྃ་ཆོས་ཀྱི་ཆོས་ཉིད་ཤེས་བྱའི་དབྱིངས། །ཀུན་དུ་བཟང་མོ་བདེ་བའི་ཡུམ། །མ་གཡོས་རང་བཞིན་དཀྱིལ་འཁོར་ནི། །བདག་ཡིན་བདག་གི་སྤྱོད་ཡུལ་བ། །ཕྱག་རྒྱ་སྣ་ཚོགས་སོ་སོར་གསལ། །ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། ། མ་ཆགས་པདྨའི་གདན་བཏིང་བ། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ཡང་དག་ལྡན། །དབང་དང་སྐལ་མིན་གསལ་བའི་ཕྱིར། །ནང་དང་ཕྱི་རིམ་ལྕགས་དང་ལྡན། །རྒྱལ་བ་ཡོངས་ཀྱི་སྦས་ པ་ཡི། །སུས་ཀྱང་གཏིང་དཔག་དཀའ་བ་དེ། །ཀུན་དུ་བཟང་པོ་ཉིད་ཀྱིས་གཟིགས། །ཞེས་བརྗོད་པས་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་། གཉིས་སུ་མེད་པའི་ལོངས་སྤྱོད་བདེ་བ་ལ་མཉམ་པར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད་དོ། །སེམས་ཀྱི་སེམས་ཉིད་བྱེད་པའི་གཙོ། །ཀུན་དུ་བཟང་པོ་རྡོ་རྗེ་ཡིད། །ཡེ་ཤེས་དྲུག་གི་རང་བཞིན་ཏེ། །ཤར་ཕྱོགས་མངོན་དགའི་བསམ་ཡས་ན། །ནཱི་ལ་ལྟ་ བུའི་གཏེར་འབྱིན་པ། །གསང་འདུས་འཕྲུལ་གྱི་ལྡེ་མིག་གིས། །རྣམ་པར་ཐར་པའི་སྒོ་ཕྱེ་ནས། །བྱང་ཆུབ་མཆོག་གིས་ནང་གཏན་དགྲོལ། །མཉམ་སྦྱོར་པདྨའི་གདན་ལ་བཞུགས། །འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་ལྔ་སྐྱེ་བཞི་དབང་དུ་བསྡུས། ། སྐུ་གསུང་ཐུགས་གནས་དབང་བསྐུར་ཏོ། །ཞེས་བརྗོད་པས་ཐམས་ཅད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་ཉིད་དུ་གསལ་བར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་ གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་པ་མིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་དུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ཤེས་ དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་ནས། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་འཚལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། ། ཞེས་བརྗོད་པས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ཤེས་སངས་རྒྱས་པའི་ སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་ པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་ སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་ བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཙུན་མོའི་ཚོགས་ཐམས་ཅད་མཉེས་པས་ཁྱབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་ སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ཡང་ཤིན་ཏུ་གསང་། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། འགྲོ་བའི་རྣམ་པར་རྟོག་པ་མ་རིག་ པ་ལ་འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ཐུགས་རྗེ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། ། གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིས་སོ་སོར་འཛིན། །སུས་ཀྱང་མི་འཆིང་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིན། །ནན་གྱིས་མཁའ་ལ་མདུད་པ་འདོར། །བཅིངས་ མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ སུ་བསྐྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོ་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བཏོན་ཏོ། །བཏོན་ནས་ཀྱང་ལས་ ཀྱི་དབང་གིས་སྣྲེལ་ཞི་དང་། ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ་བལྟམས་པ་དང་། རབ་ཏུ་འབྱུང་བ་དང་། དཀའ་ ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པ་དུས་བཞི་ཀུན་དུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དུ་ཀུན་དུ་མཁྱེན་པ་ དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཀུན་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་དུ་གསན་པ་དང་། རྫུ་འཕྲུལ་གྱི་ཆོ་གས་ཀུན་དུ་དོན་སྤྱོད་པ་དང་། ཟག་པ་མེད་པས་ཀུན་དུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་། །ཀུན་དུ་སྐུ་བསམ་གྱིས་ མི་ཁྱབ་པ་དང་། ཀུན་དུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་དུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཡང་ཕྱོགས་བཅུར་སྣང་བར་གྱུར་ཏོ། །དེ་ལྟར་སྣང་ བར་གྱུར་ནས་ཇི་སྙེད་པའི་ཐུབ་པ་ཆེན་པོ་སྙིང་རྗེའི་གོ་འཕང་ཆེན་པོ་ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་ པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་པར་ འབྱུང་བ་འཛིན་པ་འཁྲུལ་པ་ལ་དགོས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས་གོས་པར་མི་འགྱུར་བ་དང་། གོས་པ་མེད་པའི་སྟོན་པའི་མཐར་ཐུག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འཁོར་ བའི་སྐྱོན་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་དཀྱིལ་འཁོར་བསམ་ཡས་པར། །སྙིང་པོ་བླ་མེད་ཇི་སྙེད་པའི། །གཞན་གྱིས་མི་འཕྲོགས་རང་བཞིན་རྒྱལ། །མཐའ་དང་བྲལ་བས་ བདག་མེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །སྟོང་གི་འཇིག་རྟེན་བསམ་ཡས་པར། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། ། རྟོག་པའི་བག་ཆགས་སྟུག་པོ་ཡིན། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །དེ་ཉིད་ཇི་བཞིན་དབྱིངས་ཉིད་དང་། །རང་བཞིན་བདག་མེད་ཚུལ་གཅིག་སྟེ། །རང་བཞིན་ཉིད་ལ་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། ། དེ་ཉིད་ངོ་བོ་ཉིད་དབྱིངས་པས། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པ་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུན་ ཉིད་ཀྱང་། །གཞི་རྩ་མེད་དེ་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་ གི་འབྲས་བུར་གནས། །ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལ་ཅིར་ཡང་འགྲུབ། །སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་གདུལ་བའི་ཕྱིར། །འབྱུང་གནས་མྱ་ངན་འདའ་བར་སྟོན། །འདུལ་བ་མདོ་ སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཇི་སྙེད་འཇིག་རྟེན་མཐའ་ཀླས་པར། །ཕྱོགས་བཅུར་ཀུན་དུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ ཀུན་གྱི། །སྟོན་པའི་ཐུབ་པ་བསམ་ཡས་པ། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པའི་དོན་དང་མཐུན་ཕྱོགས་སུ། །མིང་ཉིད་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་བརྗོད་པས་ཆོས་ ཐམས་ཅད་ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ཆེན་པོར་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨའོ་སྲིད་རྩེའི་ ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་ མེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལ། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཐུབ་པ་དྲུག་གིས་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་ གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། རིགས་རྒྱུད་དྲུག་ཏུ་ཡང་བཤད། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡང་ཡོད་དོ། །ནམ་མཁའ་ཀྱང་ཀུན་ལ་ཁྱབ་པར་གནས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་དང་། ནམ་མཁས་ཀུན་ལ་ཁྱབ་ཀྱང་རྣམ་པར་ཐར་བའི་དོན་ མ་རྟོགས་ན་མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ་གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ་ཞེས་གསུངས་ནས་ཡང་འདི་སྐད་རྡོ་རྗེ་འཆང་གིས་གསུངས་སོ། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་འབབ་པ་ལྟར། །བླ་མེད་དོན་རྟོགས་ ཐབས་ཆེན་འདི་དག་ཏུ། །རྣམ་པའི་ཐེག་པ་བསམ་ཡས་མ་ལུས་འདུས། །ཨ་ཧོ། །བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པ། །ས་བཅུ་རིམ་གྱིས་བསྒོམས་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ ཐོབ་པར་འགྱུར། །ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་པའི། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །བདེན་བཞི་དོན་རྟོགས་རབ་ཏུ་སྤོང་བ་ཡི། ། ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་ཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་རབ་ཏུ་ཞི་བའི་ས་རུ་འགྲོ། །ཐེག་པ་གང་དུ་བསྟན་པ་མ་ངེས་པའི། །ཡང་ན་ཀུན་ལ་མཐུན་ནས་འབྱམ་པར་འཇུག །ཡང་ན་ངེས་མེད་འདི་ཞེས་བརྟག་ཏུ་ མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུངས། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལྷ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་ཡིས། །བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང་། །སོ་ སོ་རང་རིག་བློ་ལ་སྣང་བར་ཟད། །ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང་། །འཁྲུལ་བའི་བློ་ལོག་རྟོག་པ་ཉིད་སྣང་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད། །མི་དམིགས་རང་རིག་གོམས་བྱས་བླ་ན་མེད་པའི་མཆོག །ལོག་རྟོག་བདག་དང་བདག་གིར་ འཛིན་གྱུར་ན། །དངོས་མེད་མི་སྡུག་སྣ་ཚོགས་སྣང་བར་འགྱུར། །ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། ། ནམ་མཁའི་དབྱིངས་ནི་དེ་ཉིད་བསམ་ཡས་པར། །ཉི་ཟླ་གཟའ་སྐར་མཚན་མ་གློག་འགྱུ་དང་། །འཇའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་གྱུར་ཀྱང་། །ནམ་མཁའི་དབྱིངས་ལ་གྱུར་ཅིང་ཉམས་པ་མེད། །མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། །སྐུ་གསུང་ཡོན་ ཏན་ཕྲིན་ལས་རྨད་འབྱུང་དང་། །འཇིག་རྟོག་གཙོ་མཆོག་མ་ལུས་ཐམས་ཅད་དང་། །འཁྲུལ་འཁོར་སྡུག་བསྔལ་སྣ་ཚོགས་རྣམ་མང་ཡང་། །དེ་བཞིན་ཉིད་ལ་འཕེལ་ཞིང་བྲི་བ་མེད། །ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་པ་དང་རིགས་རྒྱུད་ཆད་པ་དང་རིགས་བརྒྱད་སོ་སོར་དབྱེ་བའི་མདོར་བཤད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བ་འཁོར་ལོ་ཞེས་བྱ་བ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། ། ཕྱོགས་ཀུན་གང་པར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟེན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱ། ཨེ་ཨཻ། ཨོ་ཨཽ། །འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། །རབ་ཏུ་གཡོས་ཀུན་དུ་གཡོས་ནས་ཆོས་ཐམས་ ཅད་མིང་གི་མཚན་ཉིད་དུ་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨ་ནི་སྟོང་དང་མི་སྟོང་གི། །དབུ་མ་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ ཚོགས་དོན་ཀུན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེ་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་ སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །སེམས་ནི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར་ གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཚིག་ནི་ཤེས་རབ་མིང་དུ་སྨྲས། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་ རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཎ་ནི་ཀུན་དུ་སྒྱུ་འཕྲུལ་ཉིད། །ཐ་ནི་དྲ་བས་མངོན་རྫོགས་ཉིད། །ཏ་ནི་དྲ་བས་བརྟན་པ་ཉིད། །ད་ནི་དྲ་བས་ལྷམ་མེ་ཉིད། །དྷ་ནི་དྲ་བས་ འཁྱིལ་པ་ཉིད། །ན་ནི་དྲ་བས་ཀུན་དུ་འགྱུར། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་ གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་མཆོག་སྟེ། །བ་ནི་ཤངས་ཀྱི་གསུང་མཆོག་ཡིན། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །མ་ནི་ གསུང་ཡང་འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཤ་ནི་རྟག་མེད་དག་པ་སྟེ། །ཥ་ནི་ཆད་པའང་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་ པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཨེ་ནི་རྡུལ་སྙེད་ཡི་དགས་སུ། །ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཨོ་ནི་ཐམས་ཅད་ འཇིག་པར་བྱེད། །ཨཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཨ་ཧོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོ། །ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བའི་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་ འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཨ་ཧོ། །རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ ཡི་གེ་ཕྲེང་བ་འཁོར་ལོ་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་ཏུ་གསང་བའི་ཕྱིར་གསང་སྔགས་ཀྱི་རྒྱུད་དེའི་ཕྱི་པ་དང་། ནང་པ་ཐབས་ཀྱི་རྒྱུད་གཞན་ལ་ཁམས་བཅྭ་བརྒྱད་དུ་བསྟན། གཙུག་ལག་ཐམས་ཅད་ལ་ཡང་ཁམས་བཅྭ་བརྒྱད་དུ་བསྟན་པ་ཡིན། ལུང་གི་སྤྱི་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ལུང་གི་སྤྱི་ཡང་རྒྱུད་དང་གསུང་རབ་ཐམས་ཅད་འབྱུང་བའི་གནས་ཡིན། །གསང་བའི་དབང་པོ་དང་གསང་བའི་ཡུལ་ གཉིས་ཀ་ཡང་། སྐྱེ་མཆེད་དང་ཁམས་ཐམས་ཅད་འབྱུང་བའི་གཞི་ཡིན་པའི་ཕྱིར་ཤིན་ཏུ་གསང་བར་གསུངས་སོ། །དཀྱིལ་འཁོར་དེ་དག་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཐམས་ ཅད་ཀུན་ལ་རང་བཞིན་གནས། །ངང་གིས་དག་མཉམ་མ་རྟོགས་པས། །ཀུན་ལ་ཡོད་ཅིང་རང་བཞིན་གསང་། །གཞན་དུ་མིན་ལ་ཤིན་ཏུ་གསང་། །དོན་ཉིད་ཀྱིས་ནི་གསང་བའི་རྒྱུ། །མཉམ་པའི་རྡོ་རྗེ་ཅན་གྱིས་གསུང་། །འདི་ནི་བྱང་ཆུབ་སྙིང་པོ་མཆོག །ཨ་ཧོ། ། རྡོ་རྗེ་གསང་བའི་ཚིག་ཏུའོ། །དབང་པོ་ཡུལ་དུ་སྣང་བའི་རྣམས། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །རིགས་ལྔ་ཡབ་ཡུམ་བཅུ་རུ་འབྱོར། །སྐྱེ་མཆེད་ཁམས་རྣམས་བཅྭ་བརྒྱད་པོ། །སེམས་དཔའ་སེམས་མའི་དཀྱིལ་ འཁོར་ཉིད། །ཐམས་ཅད་བྱང་ཆུབ་སེམས་མ་ཡི། །རྡོ་རྗེ་གསང་བའི་དབང་པོར་འདུས། །རྡོ་རྗེ་དབང་པོ་གསང་བའི་ཐབས། །དབང་པོ་ཡུལ་ཉིད་ཤེས་རབ་དབྱིངས། །དབང་པོའི་ཐུགས་ནི་རྡོ་རྗེ་སེམས། །ཐམས་ཅད་འབྱུང་བའི་གཏེར་ཉིད་དང་། །ཐམས་ཅད་འགྲོ་ བའི་གནས་ཉིད་དེ། །དེ་ཡིས་མ་བསྐྱེད་གང་ཡང་མེད། །འཁོར་དང་མྱ་ངན་འདས་པའི་རྒྱུ། །དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང་། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ། །བདེ་བ་བྱང་ཆུབ་སྒྲུབ་པའི་རྫས། །དེ་ལས་བསྐྱེད་ཅིང་དེ་ལས་སྤྲོ། །དངོས་གྲུབ་ ཐམས་ཅད་སྒྲུབ་པའི་གནས། །དབང་པོ་རྡོ་རྗེ་པདྨོར་ལྡན། །གཉིས་མེད་བྱང་ཆུབ་སེམས་འཕྲོ་ན། །མི་དམིགས་བདེ་དང་ལོངས་སྤྱོད་འཕྲོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །གསང་བའི་ལྷ་མོ་བཞི་རྣམས་དང་། །མཆོད་པའི་ལྷ་མོ་རྫོགས་ལྡན་བཞི། །འཇུག་དང་ ལྡང་དང་གནས་དང་སྨོན་པའི་བྱང་ཆུབ་སེམས། །གཡོ་དང་བསྐྱོད་དང་ལྡང་དང་གནས། །འགུག་དང་འཛིན་དང་དེ་བཞིན་ཏེ། །བསྡུས་དང་འཁྲིལ་བའི་དོན་བསྒྲུབ་ཕྱིར། །བསྡམས་དང་མི་གཏོང་དབང་སྒྱུར་ཏེ། །བདེ་བ་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེག་ པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་ཕྲེང་བ་ར་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ། །ཀུན་དུ་ཚིམ་བྱེད་བྲོ་བསུང་ཐིམ། །ལྷ་མཛེས་རིན་ཆེན་ཕུང་པོ་འཕྲོ། །འོད་གསལ་འཕྲོ་བས་ཀུན་དུ་ འབར། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱིངས། །ཨ་ལ་ལ་ཧོ། །གསང་བའི་དབང་པོ་པདྨར་ལྡན་གྱུར་ནས། །ཆགས་པ་མེད་པའི་ཚུལ་གྱིས་སུ། །ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ས་བཅུ་རིམ་གྱིས་བཀོད་མེད་རྫོགས། །ཀུན་དུ་འོད་གསལ་པདྨ་སྤྱན་ཡང་ རྫོགས། །ཡི་གེ་ཕྲེང་བ་འཁོར་ལོ་བསམ་གྱིས་མི་ཁྱབ་པ། །ཡང་དག་རྫོགས་ཆེན་ཐབས་དང་ལྡན། །ཐབས་དང་ཤེས་རབ་བླ་མེད་ས་ཡང་རྫོགས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་རོལ། །ཨ་ལ་ལ་ཧོ། །དེ་བཞིན་ཉིད་ཀྱི་གསང་མཆོག་ལས། ། ཁམས་ནི་ཉི་ཤུ་རྩ་གཅིག་སྟེ། །བཅྭ་བརྒྱད་པོ་ནི་རྒྱུད་གཞན་བཞིན། །གསུམ་ནི་དེ་བཞིན་ཀུན་གྱི་བདག །བཅྭ་བརྒྱད་འབྱུང་བའི་གནས་ཡིན་ཏེ། །བྱང་ཆུབ་འགྲུབ་པའི་ཞིང་ཡང་ཡིན། །བདེ་བ་འབྱིན་པའི་རྒྱུ་ཡང་ཡིན། །གསང་བའི་མཚན་ཉིད་བརྗོད་པ་ནི། །དབང་པོ་རྡོ་ རྗེ་གསང་བའི་རྒྱལ། །ཡུལ་ནི་པདྨ་བདེ་མཆོག་དབྱིངས། །སེམས་ནི་བྱང་ཆུབ་འབྱུང་བའི་གཏེར། །དབང་པོ་ཡུལ་སེམས་ལྡན་གྱུར་ནས། །གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ། །དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང་