Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 097_རྙིང་རྒྱུད།_ཀ
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
པ། སྐྱེས་བུ་དམ་པ་ཁྱོད་ཀྱི་ཞིང་ ཁམས་ཀྱི་བྱ་བ་ཡོངས་རྫོགས་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་སྙམ། སངས་རྒྱས་ཀྱི་མཛད་པ་མ་རྫོགས་པར་ཅིའི་ཕྱིར་བྱང་ཆུབ་པར་བྱ་སྙམ། ཐ་དད་དུ་རྣམ་པར་སྣང་བར་མ་མཛད་པར་ཅིའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་ པར་བྱ་སྙམ། དེ་སྐད་ཅེས་གྲག་པ་ལས་སྟོང་པ་ཉིད་དེ་ལས་འདི་སྐད་དུ་གྲག་གོ། །ཀྱེ་དེ་བཞིན་གཤེགས་པ་ཐམས་ཅད་དོན་གང་གི་དབང་གིས་ཞིང་ཁམས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་འགྱུར། དེ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་དང་ཐ་དད་ དུ་རྣམ་པར་སྣང་བར་མཛད་པར་འགྱུར། དེ་སྐད་དུ་གྲག་པ་ལས། ཡང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལས་བསྐུལ་བ་གསུམ་གྱིས་བསྐུལ་བའི་དང་པོ་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་གཡོ་ནམ་མཁའ་ལ། །མི་བསྐྱོད་བདེ་བར་གཤེགས་མཛད་ པ། །མི་དམིགས་མི་རྟོག་དེ་བཞིན་ཉིད། །རྟོག་པ་སྣ་ཚོགས་སྐྱེད་པར་མཛོད། །ཅེས་གྲག་གོ། །དེ་ལ་ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །མི་རྟོག་ངང་ལས་རྟག་ཉིད་དུ། །བརྟགས་པས་སྟོང་པ་གང་བྱུང་བ། །དེ་ཉིད་རྟོག་པ་ ཆེན་པོ་སྟེ། །གང་མི་རྟོག་པ་རྟོག་པའི་རྒྱུ་ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ནམ་མཁའི་དབྱིངས་ཀྱི་སྙིང་པོ་ལས། །རང་བཞིན་ཀུན་དུ་སྣང་བའི་འོད། །ཡོངས་ལ་ཁྱབ་པ་སྙིང་རྗེའི་ཡུལ། །མཐའ་ཡས་རྒྱལ་ སྲིད་སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཀུན་འབྱུང་ཀུན་གཞི་ཆོས་ཀྱི་དབྱིངས། །མ་སྐྱེས་མི་འགག་ཀུན་དུ་སྣང་། །སྨྲ་བསམ་རྗོད་མེད་ཡུལ་ལས་འདས། །མཐའ་ཡས་མཐའ་ ཡས་བསྐྱེད་པའི་ཡུམ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །ཐ་དད་རྣམ་པར་སྣང་མཛད་ན། །གསུང་གི་ཕྱག་རྒྱའི་ཡེ་ཤེས་ལས། །རྒྱལ་བ་རྣམས་ནི་ཡི་གེར་སྣང་། །ཡི་གེའི་ཡེ་ཤེས་ སྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་ཉིད་ཡི་གེའི་རང་བཞིན་ཏེ། །རང་བྱུང་ཡེ་ཤེས་མུྃ་དུ་གསལ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །སྣ་ཚོགས་ཡི་གེ་ཧཱུྃ་དུ་སྣང་། །རྒྱལ་བའི་ཡི་གེའི་རང་ བཞིན་ཏེ། །ཕྱག་རྒྱ་ཡི་གེ་ཨོཾ་ལ་སོགས། །ཐམས་ཅད་ཡི་གེའི་རང་བཞིན་ཏེ། །མ་སྐྱེས་གསང་བའི་ཡི་གེ་ཨ། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་པས། །རྣལ་འབྱོར་ རིག་པའི་སྒོ་མཚོན་པ། །ཐུགས་ཀྱི་རྟགས་སྣང་སྣང་བ་མཛད། །རྣམ་གྲོལ་ཡེ་ཤེས་བསྐྱེད་པར་མཛོད། །ཅེས་གྲག་གོ། །ཡང་སྐྱེས་པུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །རྟག་ཏུ་རྣམ་རྟོག་མེད་ལས་འབྱུང་། ། མི་རྟོག་རྣམ་གྲོལ་ཡེ་ཤེས་ཐུགས། །རྟོག་ལ་རྣམ་རྟོག་མཚན་མར་སྣང་། །ཞེས་གྲག་གོ། །ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་འདི་སྐད་དུ་གྲག་གོ། །སྟོང་ཉིད་མི་རྟོག་མེ་ལོང་ལས། །མ་སྐྱེས་མི་འགག་གཟུགས་སྣང་བ། །མཁའ་ལ་འཇའ་སྣང་ ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱར་བཞེངས་སུ་གསོལ། །ཞེས་གྲག་གོ། །ཡང་སྐྱེས་བུ་དམ་པ་དེ་ཉིད་ལས་འདི་སྐད་དུ་གྲག་གོ། །དེ་བཞིན་ཉིད་དུ་མི་དམིགས་ཀྱང་། །རང་བཞིན་ཀུན་དུ་སྣང་བའི་དབྱིངས། །མ་འདྲེས་ཡོངས་སུ་རྫོགས་པས་ན། ། ཕྱག་རྒྱའི་གཟུགས་མཆོག་རྣམ་པར་སྣང་། །ཞེས་གྲག་གོ། །དེ་ལྟར་བསྐུལ་བ་དང་པོ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་སྐྱེས་བུ་དམ་པ་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཀྱི་དབྱིངས་དེ་ལས་སྟོང་པ་ཉིད་ཀྱི་སྐུ་རྣམ་པར་སྣང་བ་ནི་ཇི་ལྟ་ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་ སྣང་བའམ། །ནམ་མཁའ་ལ་འཇའ་སྣང་བའི་ཚུལ་དུ་བྱུང་ནས་གང་མ་ངེས་པའི་ཡེ་ཤེས་ཀྱི་གནས་པས་གནས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གཉིས་པ་འདིས་ངེས་པར་བསྐུལ་བ་ནི་འདི་ལྟ་སྟེ། རང་བཞིན་མ་བྱུང་མ་བཅོས་ དེ་བཞིན་ཉིད། །ཡེ་ནས་མི་གཡོ་བདེ་བ་ཆེན་པོའི་ངང་། །བཙལ་ཞིང་གཡོ་བ་འདི་ལ་ཅི་ཡང་མེད། །ཡེ་ཤེས་དབྱིངས་ཉིད་ཚིག་གི་ཐ་སྙད་དེ། །དེ་ཉིད་དངོས་དང་དངོས་མིན་འབྱུང་གནས་ཉིད། །ཅིས་ཀྱང་མི་ཚུགས་མི་ཆོད་མི་ཤིགས་པའི། ། ཡེ་ཉིད་ཇི་བཞིན་བདེ་མཆོག་མི་གཡོ་བ། །རྡོ་རྗེ་སེམས་མཆོག་ནམ་མཁའི་སྙིང་པོ་ཆེ། །དུས་གསུམ་བདེ་བར་གཤེགས་པའི་བཤེས་གཉེན་པོ། །འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི་གནས། །ཀུན་གྱི་རང་བཞིན་མེ་ལོང་འོད་པོ་ཆེ། །རྒྱལ་ བ་མཐའ་ཡས་སྐྱེད་པའི་ཡབ་ཡུམ་མཛོད། །གང་དག་བྱང་ཆུབ་སྙིང་པོར་མཚུངས་པ་ཡི། །རང་དག་དབྱིངས་ལས་མ་གཡོས་བྱང་ཆུབ་སེམས། །གང་དུ་དང་པོ་རྣམ་དག་སངས་རྒྱས་ཀུན། །ཁམས་གསུམ་ནས་བྱུང་རྡོ་རྗེ་སྙིང་པོའི་ལུས། །མཐའ་ཡས་ རྟོག་ལས་ཡི་གེ་སྣ་ཚོགས་སྤྲུལ། །སྲས་ཀྱི་ཚོགས་ཀྱིས་མཛེས་པར་བསྐོར་བའི་དཀྱིལ། །གཟུགས་སྐུར་བསྟན་ནས་ཉོན་མོངས་སྦྱང་དུ་གསོལ། །གང་དུ་དང་པོ་རྡོ་རྗེ་སྙིང་པོ་ནི། །ཁམས་གསུམ་ནས་བྱུང་བདེ་ཆེན་ལྷུན་གྱིས་གྲུབ། །གཏུམ་ཐུང་གདུག་ པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །དྲི་མེད་སྣ་ཚོགས་བློས་ནི་ཧཱུྃ་དུ་སྤྲུལ། །འོད་ཟེར་ཚུལ་གྱི་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་ཐུགས་དམ་སྨོན་ལམ་དབང་གིས་ན། །ཅིས་ཀྱང་མི་བསྐྱོད་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་རྣམ་པར་ སྣང་མཛད་ནི། །ཁམས་གསུམ་ནས་བྱུང་ཅིར་ཡང་སྣང་བར་མཛད། །རྨོངས་བྱེད་མུན་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་བྱང་ཆུབ་བློས་ནི་ཨོྃ་དུ་སྤྲུལ། །གཟུགས་མང་ཚུལ་གྱིས་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ ཐུགས་དམ་དབང་གིས་ན། །ཅིར་ཡང་སྣང་བའི་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་ཡོན་ཏན་འབྱུང་གནས་ནི། །ཁམས་གསུམ་ནས་བྱུང་ཡིད་བཞིན་རིན་པོ་ཆེ། །འདོད་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། ། རྣམ་དག་འབྱུང་གནས་བློས་ནི་སྭྃ་དུ་སྤྲུལ། །རིན་ཆེན་ཕྲེང་བས་མཛེས་པར་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །འདོད་པ་ཀུན་འབྱུང་གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་འོད་དཔག་མེད་པ་ནི། །ཁམས་གསུམ་ ནས་བྱུང་གསུང་རབ་སྣང་མཐའ་ཡས། །ཆགས་པས་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་དྲི་མེད་བློས་ནི་ཨྃ་དུ་སྤྲུལ། །གསུང་སྙན་ཡི་གེ་ཕྲེང་བས་བསྐོར་བའི་དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །སྣ་ཚོགས་སྟོན་པའི་ གཟུགས་སྐུ་བསྟན་དུ་གསོལ། །གང་དུ་དང་པོ་གདོན་མི་ཟ་བ་ནི། །ཁམས་གསུམ་ནས་བྱུང་སྣ་ཚོགས་ཅིར་ཡང་མཛད། །བྱ་བ་རྨོངས་པ་ཐབས་ཀྱིས་གྲོལ་མཛད་ཕྱིར། །རྣམ་དག་ནན་ཏན་བློས་ནི་ཧྃ་དུ་སྤྲུལ། །མཛད་པ་གར་གྱི་ཕྲེང་བས་བསྐོར་བའི་ དཀྱིལ། །སྔོན་གྱི་སྨོན་ལམ་ཐུགས་དམ་དབང་གིས་ན། །ཐམས་ཅད་མཛད་པའི་གཟུགས་སྐུ་བསྟན་དུ་གསོལ། །ཞེས་བསྐུལ་བ་གཉིས་པ་དེས་ཡོངས་སུ་རྫོགས་པར་བསྐུལ་བས་ཆོས་ཉིད་སྒྱུ་མ་ལས་ཡེ་ཤེས་སྒྱུ་མའི་སྐུ་སྣང་བ་ནི་ཇི་ལྟ་ཇི་ལྟར་མེ་ལོང་གི་ དབྱིངས་སུ་བཞིན་གྱི་དཀྱིལ་འཁོར་སྣང་བ་བཞིན་དུ་ཡེ་ཤེས་རང་སྣང་བར་གནས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བ་གསུམ་པ་འདིས་མངོན་དུ་རྫོགས་པ་ལོངས་སྤྱོད་རྫོགས་པར་བསྐུལ་བ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དུ་གཤེགས་ པ་ཁྱོད། །འཇིག་རྟེན་མངོན་རྫོགས་རྒྱས་མཛོད་ལ། །སྙིང་པོ་བྱང་ཆུབ་ཇི་བཞིན་པ། །སེམས་ཅན་དོན་དུ་སྣང་བར་མཛོད། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །ཇི་སྙེད་བདེ་བར་གཤེགས་པ་ཡི། །སྤྲུལ་པའི་སངས་རྒྱས་ཀུན་གྱིས་ཀྱང་། ། མཐའ་དག་དོན་དུ་རྣམ་སྣང་མཛད། །ཁམས་གསུམ་འཁོར་བའི་ནད་པ་ལ། །གཞན་གྱིས་ཕན་པའི་སྨན་མ་མཆིས། །ཡང་དག་བདུད་རྩིའི་སྨན་སྦྱར་བས། །འཁོར་བའི་གཅོད་རྙིང་སྦྱང་མཛད་པ། །སྡུག་བསྔལ་ཟུག་རྔུའི་ནད་སེལ་བའི། །སྨན་པ་ཆེ་ མཆོག་གཙོ་བོར་གཤེགས། །ནད་དོ་ཅོག་གི་དགྲར་གྱུར་པ། །བདུད་རྩི་སྨན་གྱི་རྒྱ་མཚོ་ཡིས། །ལོག་པའི་ནད་དགྲས་གཟིར་བ་ཡི། །ནད་པའི་ཚོགས་ཀུན་བསླང་བར་མཛོད། །རྩལ་ཆེན་རྫོགས་པའི་སྐྱེས་བུ་ཉིད། །སྙིང་པོ་བྱང་ཆུབ་ལ་དགོངས་ལ། ། འོད་ཟེར་སྣང་བ་རྒྱས་བཀྱེ་སྟེ། །མུན་པ་བསལ་བའི་དགོངས་པ་མཛོད། །ཀྱེ་མ་སྐྱེས་བུ་དོན་གྲུབ་པ། །བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་ཐོབ་པ། །གང་འདིར་འདུལ་བའི་དུས་ལ་བབ། །གཙང་མའི་གནས་མཆོག་འོག་མིན་ གྱི། །ཆོས་ཀྱིས་མཐོང་བའི་གཞལ་ཡས་སུ། །རྫོགས་ལོངས་སྤྱོད་པའི་སྐུར་གཤེགས་ཏེ། །སྙིང་པོ་བསྐུལ་བའི་བྱ་བ་མཛོད། །ཅེས་རྣམ་པར་བསྐུལ་བས། །ཇི་ལྟ་ཇི་ལྟར་སྤྲིན་མཐོངས་ནས། །ཉི་མའི་དཀྱིལ་འཁོར་ཤར་བ་ལྟར། །མི་ གཡོ་བ་ཡི་དབྱིངས་ཉིད་ལས། །གཟུགས་སྐུ་ཉི་མ་ཤར་བ་སྟེ། །ཆོས་ཀྱི་མཐོ་བ་ཞེས་བྱ་བའི་གཞལ་ཡས་སུ་རྣམ་པར་སྣང་བར་གྱུར་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གང་གི་ཆོ་འཕྲུལ་བསྐུལ་བའི་ལེའུ་སྟེ་ཉི་ཤུ་ གསུམ་པའོ།། །།དེ་ནས་ཆོས་ཀྱི་རྒྱལ་པོ་རྫོགས་ལོངས་སྤྱོད་པ་དེ་རྡོ་རྗེ་གོ་འབྱེད་ཡོངས་སུ་བསྡུ་བའི་མཚན་མ་མཛད་པས་མཐའ་ཐུག་པ་མེད་པའི་ཞིང་ཁམས་སྟུག་པོ་བཀོད་པ་ནས་དཔག་ཏུ་མེད་པའི་རྒྱལ་བ་ཀུན་ནས་ཡོངས་སུ་འདུས་པར་གྱུར་ཏོ། ། དེའི་ཚེ་དེའི་དུས་ན་སངས་རྒྱས་སྙིང་རྗེ་ཡོངས་སུ་རོལ་པའི་ཚོགས་ཀྱིས་གཅིག་ཏུ་མཐུན་པར་བགྲོས་པ། ཀྱེ་ཀྱེ་སངས་རྒྱས་རྣམ་པ་མང་པོ་འབྱུང་བའི་ཚོགས། །སྣང་ངོ་ཀུན་དུ་རབ་ཏུ་འདིར་འབྱུང་བ། །སྲིད་པ་ལོག་པའི་གདུག་པ་ཅན། །འཁོར་བའི་ས་ བོན་རྩུབ་མོས་འཕངས། །སྡུག་བསྔལ་ཆེན་པོའི་ཡི་དགས་རྣམས། །ལས་ཀྱིས་འཇིག་རྟེན་ཁམས་འདིར་བྱུང་། །དྲག་པོ་ལོག་པའི་དཀའ་ཐུབ་ཀྱིས། །སྲིད་པ་གསུམ་གྱི་བདག་པོར་སྨིན། །དྲེགས་པ་རུ་ཏྲའི་གདུག་དཔལ་གྱིས། ། འགྲོ་རྣམས་མཐར་རློག་འཇོམས་བྱེད་འདི། །གདུལ་བའི་ཞིང་མཆོག་རྨད་དུ་བྱུང་། །སྙིང་རྗེའི་བདག་པོ་ཀུན་འདུས་ནས། །ལས་ངན་ལས་ཀྱི་རྒྱུན་བཅད་དེ། །བདེ་ཆེན་ས་ལ་གཞག་པར་རིགས། །ཞེས་བགྲོས་སོ། །སངས་རྒྱས་རྡོ་རྗེའི་གདུང་དང་ སྡེའི་ཚོགས་ཀྱིས་གཅིག་པར་བགྲོས་པ། །ཀྱེ་མའོ་འདུས་པའི་སངས་རྒྱས་རྣམས། །འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟར་དུས་འདི་ཉིད་དུ་བྱུང་། །ལུང་ལོག་མངོན་པའི་རི་བོར་བསྲེགས། །རང་རྒྱུད་བསྲེགས་པའི་བསླད་པ་ཅན། །བདུད་ཀྱིས་ བྱིན་གྱིས་བརླབས་པ་ཡི། །གླང་ཆེན་མྱོས་པ་དྲག་པོ་ཆེ། །ཤིན་ཏུ་མི་བཟད་དུག་ཆེན་གྱིས། །འོ་དོད་འབོད་པར་གསད་བརླག་པས། །རོ་གླིང་དུར་ཁྲོད་མཐར་ཞེན་པ། །ཇི་ལྟའི་ཐབས་ཀྱིས་ཕན་པར་འགྱུར། །ཞེས་བགྲོས་སོ། །སངས་རྒྱས་ནོར་བུའི་ གདུང་དང་སྡེའི་ཚོགས་ཀྱིས་གཅིག་ཏུ་མཐུན་པར་བགྲོས་པ། ནག་པོའི་གདུག་པ་སྨྱོན་པ་འདི། །ཇི་ལྟར་དེ་དགར་བཞག་འགྱུར་ན། །མི་བཟད་དུག་མཚོ་ཆུ་རླབས་ཀྱིས། །ནག་པོའི་ཁམས་སུ་རྒྱས་འགྱུར་བས། །དམ་པ་རྣམས་ཀྱི་རྒྱུན་གཅོད་ཅིང་། ། ཉི་མ་སྒྲོན་མ་འཇིག་པར་འགྱུར། །དེ་ཚེ་ལས་ཀྱི་མུན་པ་ཡིས། །ཐམས་ཅད་མུན་ནག་སྨག་ཏུ་འཁྱམས། །ཞེས་བགྲོས་སོ། །སངས་རྒྱས་པདྨོའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་ཏུ་མཐུན་པར་བགྲོས་པ། གང་འདས་པའི་དུས་ན་སྔོན་བྱུང་ བ། །ལས་ཀྱི་འཁོར་ལོས་འཕངས་པ་ཡི། །བློ་གྲོས་ལོག་པའི་རུ་ཏྲ་དེ། །སྙིང་པོ་དབྱིངས་ནས་བྱུང་བ་ནི། །སྐྱེས་བུ་དམ་པའི་སྦྱོར་བ་ཡིས། །བདུད་ཀྱིས་བདུད་བཏུལ་གཉེར་བཀོད་ལྟར། །ད་ལྟར་འདི་ཚེ་བྱུང་བ་ནི། །དུག་འགྱུར་བརྩེགས་པའི་རི་བོ་ འདི། །རྡོ་རྗེ་ཁྲོས་པའི་ཐོ་ཆེན་གྱིས། །བརླག་ཅིང་གཞོམ་པའི་དུས་ལ་བབ། །ཅེས་བགྲོས་སོ། །སངས་རྒྱས་གཞོན་ནུའི་གདུང་དང་སྡེའི་ཚོགས་ཀྱིས་མགྲིན་གཅིག་ཏུ་མཐུན་པར་བགྲོས་པ། ཁོང་ནས་འཁྱིལ་བའི་དུག་ཆེན་པོ། །ཐར་མེད་མི་བཟད་ ནད་ཀྱིས་ཟིན། །རྟག་ཆད་ཁམས་སུ་ཤི་བའི་རོ། །ལམ་ལོག་ལམ་སྟོར་དམུས་ལོང་འདི། །ཡེ་ཤེས་ཁྲོས་པའི་ཆོ་འཕྲུལ་ལས། །འབར་འཕྲོ་འཁྲུག་པའི་གཟེར་ཆེན་གྱིས། །སྨག་ཆེན་མུན་ནག་གཞོམ་པའི་ཕྱིར། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ ནས། །རྒྱལ་བ་རྒྱ་མཚོ་ཀུན་འདུས་ཏེ། །ཡེ་ཤེས་རྡོ་རྗེ་ཁྲོས་པ་ཡི། །ཆོ་འཕྲུལ་སྤྲིན་ཕུང་གཏིབས་པའི་ས། །མཐུན་འཇུག་བྱིས་པའི་ཆ་བྱད་ཀྱིས། །རྣམ་པར་རོལ་པའི་མངོན་སྤྱོད་ཀྱིས། །དུག་ཆེན་རྒྱ་མཚོ་མ་བསྐམས་ན། །འདིར་ནི་སྙིང་རྗེ་རྐྱེན་ འཚམ་མམ། །ཆོས་ཉིད་སྙིང་རྗེ་ཆེན་པོ་ཡི། །གང་འདིར་དམ་ཚིག་དམ་པའི་ཕྱིར། །དངོས་པོ་བཞི་ཡི་བསྟན་པ་མཛད། །ཅེས་བགྲོས་སོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་འདུས་པ་ཆེན་པོས་རྣམ་པར་བགྲོས་པའི་ལེའུ་སྟེ་ ཉི་ཤུ་བཞི་པའོ།། །།དེ་ལྟར་འདུས་པ་ཆེན་པོའི་བཀའ་བགྲོས་ཡོངས་སུ་ཆད་ནས་ལས་རྣམ་བཞི་གང་གིས་གདུལ་བའི་སྐབས་ལ་བབ་པར་དགོངས་པ་ཡིས་གང་དེ་རྣམ་པར་བརྟག་པའི་ཕྱིར་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སྙིང་པོར་གནས་གྱུར་པའི་ འོད་ཟེར་ལས་སྤྲུལ་པ་ཐུབ་པའི་དབང་པོར་བྱུང་ནས་དེ་བཞིན་གཤེགས་པ་ཀུན་གྱིས་སྤྲུལ་པ་དེ་ལ་བསྒོ་བ། ཐུབ་པའི་དབང་པོ་དུས་འདི་ལགས། །ཇི་བཞིན་བདེན་པའི་བྱིན་བརླབས་ཀྱིས། །དངོས་པོ་བཞི་ཡི་མེ་དཔུང་བཟློག །བྱང་ཆུབ་སྙིང་པོ་བསྐུལ་ བར་མཛོད། །ཅེས་ཡོངས་སུ་བསྐུལ་ནས་ཐུབ་པའི་དབང་པོ་དེས་དུར་ཁྲོད་ཀྱི་བདག་པོ་དེའི་ཕྲུ་མར་སྣང་བར་མཛད་ནས་ཐམས་ཅད་ཞི་བའི་སྨྲ་བར་སྨྲས་པ་ལས། དུར་ཁྲོད་ཀྱི་བདག་པོ་དེས་ཐའི་ཁ་བརྡབས་ནས་འདི་སྐད་དུ་སྨྲས་སོ། །བུ་ཆུང་ཁྱོད་ཀྱིས་བདག་ ཐུལ་བ་མ་ཡིན་ཏེ། སྔོན་ང་གནོད་སྦྱིན་གྱི་སྡེ་དཔོན་དྲག་པོ་ཞེས་བྱ་བར་གྱུར་པ་ན་ཁོ་ན་ཉིད་ལྟ་བུ་མང་པོ་བྱུང་ནས་ངའི་བསྟན་པ་ལ་ཞུགས་ཤིག །ངའི་བཀའ་ཉོན་ཅིག་ཟེར་བ་ལས་ཀྱང་མ་མཉན་ན་ད་ཁྱོད་ཀྱི་དབང་དུ་བདག་ག་ལ་ཇེན། ། གོ་ཟུ་སེ་མོ་དོར་གཟོད་ལ་རང་གི་དཀའ་ཐུབ་ལ་བདེ་བར་མནོས་ཤིག་ཅེས་བསྒོ་ནས་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཞམས་པས་གཙང་མ་རིས་ཀྱི་འཕགས་པ་རྟོག་པ་ལ་ཞུགས་ནས་ཕྱིར་ལོག་གོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ ཡང་སངས་རྒྱས་པདྨའི་གདུང་དང་སྡེའི་སྤྲུལ་པ་ཀུན་དུ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོངས་སུ་བསྒོ་བ། རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲི་ལས་རྔམ་ཆེན་སྟོན། །ངག་གི་དབང་ ཕྱུག་རྟ་གདོང་ཞལ་གྱིས་གནོན། །ཞེས་ཡོངས་སུ་བསྐུལ་བས་སྤྲུལ་པ་རྡོ་རྗེ་རྟ་གདོང་ཆེན་པོས་དུར་ཁྲོད་ཀྱི་བདག་པོ་ཆེན་པོའི་གནས་སུ་སྣང་བར་མཛད་ནས་ཧ་ཧ་ཧི་ཧི་ཧྲི་ཧུ་ལུ་ཧུ་ལུ་ཧུ་ལུ་ཞེས་ལྷང་ལྷང་ཚེར་ཚེར་རྟ་སྐད་དྲག་པོའི་དབྱངས་ཕྱུང་བ་ལས། སྲིད་པོའི་ ཕྲུ་མ་ཡོངས་སུ་སྤ་ཞུམ་ཞིང་བག་འཁུམས་པ་ཙམ་དུ་གྱུར་ཡང་དུར་ཁྲོད་ཀྱི་བདག་པོ་ཁོ་ན་ངོ་བོ་དེས་རང་གི་ང་རྒྱལ་གཏུམ་སྐད་དུ་རུ་ཏྲ་མ་ཏྲ་མ་ཏྲ་ཞེས་བསྒྲགས་ནས་རྣམ་པར་བརྗིད་ཕྱུང་སྟེ་འགྱིངས་པ་ལས་ཟིལ་གྱིས་མ་ནོན་ཏེ་སླར་ཁོ་ན་ངོ་བོ་དེས་སླར་བསྒོ་བ། མགྲིན་བུ་སྔོན་ཡང་ཁྱོད་ལྟ་བུས་བདག་མ་ནོན་པས་ཁྱོད་ཀྱིས་བདག་རྗེན་པ་མ་ཡིན་ཏེ་ཉིད་ཀྱི་གནས་གང་ཡིན་པར་བདེ་བར་ནོས་ཤིག་ཅེས་ཐའི་ཁ་བརྡབ་པ་བྱས་ཏེ། ཡང་བདུད་ཀྱི་དངོས་པོ་བཞིས་ཡོངས་སུ་ཞམས་པས་གཙང་མ་རིས་ཀྱི་འཕགས་པ་རྟོག་པ་ སྐྱེས་ནས་ཕྱིར་ལོག་སྙམ་པ་ལས། དེ་བཞིན་གཤེགས་པ་ནམ་མཁའི་ལྟ་བུ་ལ་གཙང་སྨེ་མི་མངའ་བས་མ་ལོག་པར་སླར་ཧན་པ་ལས་ཁོ་ན་ངོ་བོ་དེས་ཐིམ་པར་ཛམས་ནས་དེ་བཞིན་གཤེགས་པ་ངག་གི་དབང་ཕྱུག་དེས་མཐུན་འཇུག་ཏུ་ཁོ་ན་དགའ་ལྷར་ཐིམ་དུ་ཧན་ ནོ། །དེ་ནས་དེ་བཞིན་གཤེགས་པ་དེས་དབུ་ཁོ་ནའི་གཙུག་ཏུ་ཕྱུང་ཞབས་ཁོ་ནའི་མཐིལ་དུ་བྱུང་ནས་རྡོ་རྗེ་ཧཱུྃ་ཞེས་རྒྱས་པས་ལུས་ཀུན་དུ་རྒྱས་ཏེ་ཁོ་ན་དེས་མ་བཟོད་པའི་ང་རོ་འོད་ཀྱི་སྒྲ་མཐར་བཏོན་པ་ནི་ཨ་ཙ་མའོ། །ཅི་མཛད་མྱུར་བར་མཛོད་ཅེས་བཏོན་ནོ། །དེ་ ནས་དེ་བཞིན་གཤེགས་པ་དེས་ཁོ་ན་དེའི་སྒྲིབ་པ་སྦྱང་བ་མཛད་ནས་བདེ་བ་ཁོ་ནར་ཁོ་ནའི་གཙུག་ཏུ་ཕྱུང་སྟེ་ནམ་མཁའ་ལ་རྟའི་དབྱངས་ཕྱུང་བས་སྲིན་པོའི་ཚོགས་བུར་མེར་ཐོར་ཤུག་ཏུ་གྱུར་ཏེ་ཟིལ་གྱིས་ནོན་ཅིང་བག་འཁུམས་ནས་གསོལ་པ། དཔའ་བོ་ཆེན་པོའི་ འབངས་སུ་མཆི། །ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་ཅེས་ཞུས་པས། དེ་བཞིན་གཤེགས་པ་དེས་གསུངས་པ། ངས་ནི་ཁྱོད་མ་བཏུལ་གྱིས་ཁྱོད་ཀྱི་གཉེན་པོ་རྡོ་རྗེ་ཧཱུྃ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་གིས་དབང་བསྐུར་བ་ཤིན་ཏུ་ གཏུམ་རྔམ་འཁྲུག་པ་མ་རུངས་ཤིང་མི་བཟད་པ་བདུད་ཀྱི་བདུད་ཆེན་པོ་འཇིགས་བྱེད་འབར་བ་ཞིག་འབྱུང་གིས་དེ་ལ་སྐྱབས་སུ་དོང་ཅིག་ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མི་དམིགས་པར་གཤེགས་སོ། །དེ་ནས་གསང་བ་འདུས་པའི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་འདུས་པ་ཆེན་པོ་རྣམ་པར་བགྲོས་ནས་ཕྲིན་ལས་བཞི་ཡི་སྒོ་གང་གིས་གདུལ་བའི་སྐབས་ལ་བབ་པ་བརྟགས་ན། གང་ཞི་རྒྱས་ཀྱིས་འདུལ་བ་མི་འདྲ་ནས་དབང་དྲག་གིས་འདུལ་བར་བཀའ་བགྲོས་དམ་པར་ངེས་པར་བཅད་ པའི་མདོ་ཡོངས་སུ་གསུང་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་གྲོལ་སྤྱོད་པའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་འགོག་པས་ཞི་བ་ལ། །ཁྲོས་པས་ཕན་པར་མི་འགྱུར་ཏེ། །རྣལ་འབྱོར་མ་བཅོས་དེ་ཉིད་ལས། །ཞི་ བར་དེ་བཞིན་གཤེགས་ཀུན་མཛོད། །རྣལ་འབྱོར་ཚུལ་ཅན་ཞི་བས་ཀྱང་། །སྲིད་པའི་མྱུ་གུ་འགག་ནུས་ན། །རྣལ་འབྱོར་ཡོད་མེད་སྟོང་པའི་མཐུས། །འགོག་པ་བསླང་བ་སྨོས་ཅི་དགོས། །ཤིན་ཏུ་རྡོ་སྐམས་རླན་པ་ལ། །གང་དུ་འགོག་རྣམས་ བསླང་བའི་ཕྱིར། །འགག་མེད་སྟོང་པའི་ཆོས་ཉིད་ལས། །སྣ་ཚོགས་མི་འགོག་ཇི་བཞིན་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་ པ། ཤིན་ཏུ་སྟོང་པ་རྒྱུན་ཆད་ལ། །དངོས་པོས་ཕན་པར་མི་འགྱུར་ཏེ། །རྒྱུན་གྱི་བྱང་ཆུབ་སྟོང་ཉིད་ལས། །མེད་འགྱུར་དེ་བཞིན་གཤེགས་ཀུན་མཛོད། །སྟོང་ཉིད་ཚུལ་ཅན་སྟོང་པས་ཀྱང་། །ཅི་ཡང་མེད་པར་གནས་འགྱུར་ན། །མེད་པ་ལས་ བྱུང་རྣལ་འབྱོར་མཐུས། །མཐར་ཟད་མུ་ཟློག་སྨོས་ཅི་དགོས། །ཤིན་ཏུ་རྒྱུན་ཆད་བཟློག་པ་དང་། །གང་དུ་མེད་ལས་སྐྱེས་པའི་ཕྱིར། །རྒྱུན་དང་བཅས་པའི་སྟོང་ཉིད་ལ། །ཆེ་ཡོན་རྒྱུན་གྱི་འཆད་པར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ ནས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མི་འགྱུར་བའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ཐེར་ཟུག་རྟག་པ་ལ། །མེད་པས་ཕན་པར་མི་འགྱུར་ཏེ། །སྙིང་པོ་བྱང་ཆུབ་དེ་ཉིད་ལས། །བདག་ཉིད་ཆེན་པོར་ཐམས་ཅད་མཛོད། །མི་ འགྱུར་ཚུལ་ཅན་རྟག་པས་ཀྱང་། །དངོས་པོ་བརྟན་གཡོར་བྱེད་ནུས་ན། །བདག་ཉིད་ཆེན་པོར་ལྷུན་གྲུབ་མཐུས། །ཐེར་ཟུག་ཟློག་པ་སྨོས་ཅི་དགོས། །བདག་ཏུ་ཞེན་པ་ཟློག་པ་དང་། །དངོས་འཛིན་རྐ་མགོ་བསྒྱུར་བའི་ཕྱིར། །བདག་མེད་རྟག་པ་ ཆོས་ཉིད་ལས། །བྱེད་མེད་རང་བཞིན་ཉིད་དུ་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་ འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛོད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་སྐྲག་ནུས་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། ། གདུལ་དཀའ་མ་ལུས་གདུལ་བ་དང་། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །འབར་བ་ཆེན་པོ་གར་དགུ་ལས། །དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ ཞེས་བྱ་བའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ལོག་པར་ཞེན་པ་ལ། །བདེན་པས་ཕན་པར་མི་འགྱུར་ཏེ། །གསང་ཆེན་སྦྱོར་བའི་ལྡེམ་དགོངས་ལས། །ཐམས་ཅད་མཐུན་འཇུག་ཉིད་དུ་མཛོད། །མཛད་སྤྱོད་ཚུལ་ཅན་སྤྱོད་པས་ ཀྱང་། །ཐམས་ཅད་བཀའ་ཟློག་བྱེད་ནུས་ན། །ཐུགས་རྗེ་མཐུན་འཇུག་མཛད་སྤྱོད་ཀྱིས། །ལམ་ལོག་དྲང་སྲོང་སྨོས་ཅི་དགོས། །དངོས་པོས་དངོས་པོ་དགྲོལ་བ་དང་། །དུག་གིས་དུག་ནད་བསལ་བའི་ཕྱིར། །ཐབས་མཆོག་དཔག་གིས་མི་ལང་བའི། ། མཛད་པ་གར་གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་འཇུངས་ཤིང་བརྐམ་པ་ལ། །བཏང་བས་ཕན་པར་མི་འགྱུར་ ཏེ། །མེད་ལ་མི་ཟད་ཀུན་འབྱུང་ལས། །ཐམས་ཅད་མི་ཟད་ནོར་བུར་མཛོད། །དཀའ་ཐུབ་ཚུལ་ཅན་འགགས་པས་ཀྱང་། །ཚེ་གཅིག་འཚོ་བར་བྱེད་ནུས་ན། །མེད་ལ་འདོད་དགུར་འབྱུང་བ་ཡིས། །ཁམས་གསུམ་གདུང་བ་སྨོས་ཅི་དགོས། །འཇུངས་ པ་ཚིམ་པར་བྱ་བ་དང་། །ཡོངས་སུ་གདུང་བ་བསལ་བའི་ཕྱིར། །ཐེག་ཆེན་གསང་བའི་ལོངས་སྤྱོད་ལས། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་གཞོན་ནུའི་གདུང་དང་སྡེའི་ཚོགས་ ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་ལེ་ལོ་གཡེང་བ་ལ། །བསྐུལ་བས་བརྩོན་པར་མི་འགྱུར་ཏེ། །བྱ་བཅོལ་མེད་པའི་ཆོས་ཉིད་ལས། །ཐམས་ཅད་བྱ་བ་མེད་པར་མཛོད། །མི་གཡོའི་ཚུལ་ཅན་གནས་པས་ཀྱང་། །དམ་པའི་ལས་ ལམ་གཅོད་བྱེད་ན། །བྱ་བྲལ་མི་གཡོ་བདེ་ཆེན་པོས། །འཇིག་རྟེན་གཡེང་བ་སྨོས་ཅི་དགོས། །མི་ཁོམ་ལམ་རྒྱུད་བཅད་པ་དང་། །ལེ་ལོ་གཡེང་བའི་དགྲ་གཞོམ་ཕྱིར། །བཏང་སྙོམས་རྣལ་འབྱོར་ཆེན་པོ་ལས། །བྱ་མེད་གནས་ པར་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་གླང་པོའི་གདུང་དང་སྡེའི་ཚོགས་ཀྱིས་བཀའ་བཅད་པའི་མདོ་གསུངས་པ། ཤིན་ཏུ་གཏི་མུག་རྨོངས་པ་ལ། །བསྟན་པས་གོ་བར་མི་འགྱུར་ཏེ། །ཁྱད་པར་ཅིར་ ཡང་མཚུངས་པ་ལས། །ཐམས་ཅད་གཏི་མུག་ཆེན་པོར་མཛོད། །གཏི་མུག་ཚུལ་ཅན་རྨོངས་པས་ཀྱང་། །ཐམས་ཅད་མུན་པར་བྱེད་ནུས་ན། །མི་འབྱེད་བླང་དོར་མེད་པ་ཡིས། །ཁམས་གསུམ་རྨོངས་པ་སྨོས་ཅི་དགོས། །མུན་པའི་སྐྱེ་མཆེད་གཞོམ་པ་ དང་། རྨོངས་པ་ནམ་མཁར་བྱ་བའི་ཕྱིར། །གཏི་མུག་རྣམ་དག་ཡེ་ཤེས་ལས། །མ་འདྲེས་ཡོངས་རྫོགས་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་པདྨོའི་གདུང་དང་སྡེའི་ཚོགས་ཀྱིས་བཀས་བཅད་པའི་མདོ་ གསུངས་པ། ཤིན་ཏུ་ཆགས་ཤིང་ཞེན་པ་ལ། །གཉེན་པོས་ཕན་པར་མི་འགྱུར་ཏེ། །ཆགས་རབ་ཆེན་པོའི་ཡེ་ཤེས་ལས། །ཐམས་ཅད་ཆགས་པ་ཆེན་པོར་མཛོད། །ཆགས་པའི་ཚུལ་ཅན་སྤྱད་པས་ཀྱང་། །ཁམས་གསུམ་ཁྲག་ཏུ་བྱེད་ནུས་ ན། །འདོད་ཆགས་རྣམ་དག་ཆགས་སྤྱད་པས། །ཁམས་གསུམ་ཞེན་ཆགས་སྨོས་ཅི་དགོས། །འདོད་ཆགས་ཁྲག་མཚོ་བསྐམ་པ་དང་། །ཆགས་པས་ཆགས་པ་གཅད་པའི་ཕྱིར། །འདོད་ཆགས་རྣམ་དག་ཡེ་ཤེས་ལས། །འདོད་ཆགས་གར་ གྱི་ཕྱག་རྒྱར་མཛོད། །ཅེས་ངེས་པ་དམ་པར་བཅད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀས་བཅད་པའི་མདོ་གསུངས་པ། ཤིན་ཏུ་དངོས་པོར་ཞེན་པ་ལ། །བཀག་པས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ ལས། །ཐམས་ཅད་མཐུན་འཇུག་སྤྱོད་པར་མཛོད། །མཐུན་འཇུག་ཚུལ་ཅན་མཐུན་པས་ཀྱང་། །ཁམས་གསུམ་ལོག་པར་བྱེད་ནུས་ན། །ཐུགས་རྗེ་གར་གྱི་མཛད་སྤྱོད་ཀྱིས། །འཇིག་རྟེན་བློ་ལོག་སྨོས་ཅི་དགོས། །དེ་ལ་སོགས་པ་མཐའ་ཡས་ སྙེད། །འཇིག་རྟེན་འཇིག་རྟེན་མཐའ་ཡས་ཀུན། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །དྲངས་ཏེ་ཡང་དག་གསང་བར་སྦྱོར། །ཁྲོ་ལ་བྱམས་དང་ཁྲོ་ཚུལ་མཛོད། །ཞི་ལ་ཞི་བ་སློང་སྤྱོད་ཉིད། །དྲག་ཤུལ་ཅན་ལ་དྲག་པོ་ཉིད། །གཡེམ་ལ་གཡེམ་ དང་གཉེན་པོར་མཛོད། །ཆགས་ལ་ཆགས་དང་རྣམ་སྤོང་ཉིད། །གཡེང་ལ་སེམས་སྡུད་གཡེང་བ་ཉིད། །རྨོངས་ལ་ཁྱབ་པར་མཉམ་པ་ཉིད། །རི་ལ་ཏིང་འཛིན་རི་བོ་ཉིད། །ཕྲག་དོག་ཅན་ལ་ཕྲག་དོག་ཚུལ། །དེ་ལ་སོགས་པ་མཐའ་ཡས་སྙེད། །ཀུན་ གཞི་མཉམ་དང་མི་མཉམ་པའི། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར། །ཁྱད་པར་འདོད་པའི་ལུས་ཅན་གྱི། །ཀུན་གཞི་ཀུན་གྱི་དབྱིངས་ན་དཔའ། །རྡོ་རྗེ་སྙིང་པོ་རབ་ཏུ་གནས། །སེམས་ཅན་སངས་རྒྱས་ཀུན་གྱི་དབྱིངས། །རྡོ་རྗེ་སེམས་དཔའ་དེ་ བཞིན་ཉིད། །ཡེ་ནས་ཡིན་པར་ངེས་པ་ན། །མཐའ་ཐུགས་མེད་པའི་སེམས་ཅན་རྣམས། །ཇི་ལྟར་དགའ་བ་འདོད་པ་བཞིན། །མ་བཀག་མ་བཅོས་ཇི་བཞིན་པར། །ངེས་པ་ཉིད་དུ་གྱུར་པ་ཡི། །ཐབས་མཆོག་དཔག་གིས་མི་ལང་བའི། །མཛད་སྤྱོད་ གར་ཐབས་སྤྲིན་ཕུང་གིས། །ཇི་ལྟར་སྤྱད་ཀྱང་དེ་ཉིད་ལ། །མ་གཡོས་མི་གོས་དབྱིངས་ན་དཔའ། །ཉིད་དུ་ངེས་པའི་ངོ་བོ་ལས། །མཐའ་ཡས་དཔག་ཏུ་མེད་པ་ཡི། །སྒོ་ནས་ཐམས་ཅད་མ་བཀག་པར། །ཅི་དགའ་ཉིད་དུ་བདེ་དྲངས་ཏེ། །དམ་པ་རྣམས་ ཀྱི་ངེས་པར་མཛོད། །འདིར་ནི་ནན་ཏན་དྲག་ཤུལ་གྱིས། །མི་ཟད་འབར་བའི་ཡེ་ཤེས་ལས། །དུར་ཁྲོད་བདག་པོ་རབ་འཇིགས་པའི། །ཆེ་མཆོག་འབར་བའི་ཕྱག་རྒྱར་མཛོད། །ཅེས་དེས་པ་དམ་པར་བཅད་དོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་ པའི་མདོ་ཆེན་པོ་ལས་བཀའ་བགྲོས་དམ་པ་བཅད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་ལྔ་པའོ།། །།ལང་ཀའི་བདག་པོ་དེའི་ཚེ་དེའི་དུས་ན་ཁོ་བོ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་ཞིག་གིས་ཤེས་བཞིན་དུ་གང་ཡོངས་སུ་སད་པའི་ཕྱིར་ཡང་འཁོར་དེར་ འཁོད་པར་གྱུར་པའི་བྱང་ཆུབ་སེམས་དཔའ་བསྐུལ་བའི་གོ་ཆ་བློ་གྲོས་ཐབས་ལྡན་ཞེས་བྱ་བ་ཞིག་ལ་ཡོངས་སུ་དྲིས་པ། ཀྱེ་སེམས་དཔའ་ཆེན་པོ་ཡི་དགས་ཆེན་པོ་འདི་རྒྱུ་ནི་གང་ལས་བྱུང་། རྐྱེན་ནི་ཅི་ལས་བྱུང་། འབྲས་བུ་ནི་ཅིར་སྨིན། རིགས་ནི་གར་གཏོགས། ལས་སྐལ་གྱི་སྤྱོད་པ་ནི་ཅི་སྤྱོད། མ་བཏུལ་ན་ཅི་གནོད། བཏུལ་ན་ཅི་ཞིག་དགོས། དེ་སྐད་དྲིས་པ་ལས། བསྐུལ་བའི་གོ་ཆ་ཆེན་པོ་དེས་སྨྲས་པ། སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ཡི་དགས་ཆེན་པོ་འདི་གང་ལེགས་པའི་རྒྱུ་རྐྱེན་ལས་ནི་མ་བྱུང་། ཉེས་པ་འབའ་ཞིག་གི་རྒྱུ་རྐྱེན་ལས་བྱུང་སྟེ། རྒྱུ་ནི་མུན་པའི་རི་བོ་ལས་བྱུང་ངོ་། །རྐྱེན་ནི་བཀའ་བསྒོ་ལོག་པའི་དཀའ་ཐུབ་དྲག་པོ་ལས་བྱུང་ངོ་། །འབྲས་བུ་ནི་སྡུག་བསྔལ་གྱི་རི་བོར་སྨིན་ནོ། །རིགས་ནི་དམངས་རིགས་འཁོར་བ་གདོལ་བ་འབྱུང་པོ་ཡི་དགས་ སུ་གཏོགས་སོ། །ལས་སྐལ་གྱི་སྤྱོད་པ་ནི་འཁོར་བའི་དངོས་པོ་བཞི་ལ་འཇོལ་ཉག་ཏུ་སྤྱོད་དོ། །འདི་མ་བཏུལ་ན་ལུས་ཅན་གྱི་བྱང་ཆུབ་སྙིང་པོ་རིང་དུ་ནུབ་པའི་སྐྱོན་དུ་འགྱུར་རོ། །བཏུལ་ན་ནི་ཀུན་གྱི་སྙིང་པོ་འོད་ཀྱི་དཀྱིལ་འཁོར་མངོན་དུ་ཉེ་བར་འཆར་ བར་འགྱུར་རོ་ཞེས་སྨྲས་པ་དང་། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་སེམས་དཔའ་ཆེན་པོ་འོ་ན་དུས་འདི་ནི་དུས་ལ་བབ་པའོ། །ལས་འདི་ལས་ཀྱི་མཆོག་གོ། །གསང་བ་འདི་ནི་གསང་བའི་ཡང་གསང་བ་དམ་པའོ། །ཐུལ་ཀུན་དུ་རབ་ ཏུ་ཐུལ། དུས་ལ་བབ་པའི་སྐབས་ཆེན་འདིར། །ལས་ལ་བབ་པའི་སེམས་ཅན་འདི། །སྟོངས་ལ་བབ་པའི་ཐུགས་རྗེ་ཡིས། །འདུ་ཤེས་བསྒྱུར་བ་ཐུགས་རྗེའི་མཆོག །སྟོང་གསུམ་མ་ལུས་སྟོན་པ་བས། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་ཉེ་བར་ བསྐུལ་ལོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་བག་གནས་གྱུར་པ་སྐྱེས་བུ་དམ་པ་རྡོ་རྗེ་འཛིན་དུ་སྣང་བ་ཉིད་ལ་ཡོངས་སུ་བསྒོ་བ་མཛད་པ། རྒྱལ་བ་ཀུན་གྱི་གསང་མཛོད་པ། །ཐུགས་ཀྱི་བདག་པོ་རྡོ་རྗེ་འཛིན། །དྲག་པོ་བརྟུལ་ཞུགས་ ཆེན་པོ་ཅན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོའི་མཐུས། །སངས་རྒྱས་སངས་རྒྱས་ཐམས་ཅད་ཀྱིས། །གདུལ་དཀའ་དྲག་པོ་འདུལ་མཛད་པ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །སེམས་དཔའ་སྔོན་པོ་འབར་བའི་ སྐུ། །འཇིགས་སུ་རུང་བའི་དཔའ་བྱད་ཅན། །གཏུམ་རྔམ་འཁྲུག་པའི་ངོ་བོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་ཆོམ་ཞེས་ཡོངས་སུ་བསྐུལ་བས། སྐྱེས་བུ་རྡོ་རྗེ་འཛིན་པ་དེ། །ལྷ་དང་བཅས་པའི་འཇིག་རྟེན་འདི། །འབྱུང་པོའི་རྒྱལ་པོས་དབང་དུ་བྱས། ། ཤིན་ཏུ་གཏུམ་རྔམ་འཁྲུག་པ་དེས། །ལྷ་མི་འཇིག་རྟེན་བརླག་མ་ཁད། །བཞིན་དང་མདངས་ཀྱང་མི་གསལ་བར། །ཀུན་དུ་མོག་མོག་པོར་གྱུར་ནས། །དུས་མ་ཡིན་པའི་མུན་པ་ཡང་། །མུན་ནག་སྨག་ཏུ་གྱུར་པས་འཐིབས། །ཚ་དང་གྲང་དང་ནད་ དང་རིམས། །མི་ངས་སྣ་ཚོགས་ཀུན་དུ་རྒྱས། །རླུང་དམར་འབྲུག་དང་སེར་བ་དང་། །རྣག་ཁྲག་རྡོ་དང་མཚོན་ཆའི་ཆར། །དུས་མ་ཡིན་པར་ཀུན་དུ་འབྱུང་། །སྐྱེ་དམན་འཚོ་བའང་ལོག་པར་གྱུར། །གདུག་པ་སྣ་ཚོགས་སེམས་ཅན་གྱིས། །ཤིན་ ཏུ་ཉམ་ཐག་གདུངས་འགྱུར་བའི། །མགོན་མེད་པ་ཡི་འཇིག་རྟེན་ཏེ། །མཁྱེན་ཏེ་ཐུགས་རྗེས་གདུང་བ་ནི། །རབ་ཏུ་རྔམ་པའི་བརྟུལ་ཞུགས་ཀྱིས། །རྡོ་རྗེ་ཆོས་ཀྱི་རྟ་གདོང་ལ། །རྡོ་རྗེ་ཚིག་ཏུ་འདི་སྐད་དུ། །ངག་གི་དབང་ཕྱུག་རྡོ་རྗེའི་གདོང་། ། ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །རྐོ་རྐ་ཐང་མར་རྒྱ་མཚོའི་དངོ་། །དྲག་ཤུལ་ཡོད་པའི་རྩེ་ལ་དོང་། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །དུར་ཁྲོད་བདག་པོ་ཚོགས་དང་བཅས། །མི་ངམ་སྐྱབས་ལིངས་ཆེན་པོ་ལ། །ཁམས་ གསུམ་རྡོ་རྗེ་བྱ་སྤྲིན་ཐོང་། །ཅིས་ཀྱང་མི་བསྐྱོད་མི་འཁྲུགས་པའི། །སེམས་དཔའ་སངས་རྒྱས་ཀུན་གྱིས་དངོས། །རྡོ་རྗེ་སེམས་དཔའ་དེ་བཞིན་ཉིད། །རྡོ་རྗེ་སྙིང་པོ་སྲིད་གསུམ་མ་མགོན། །སྟོང་པ་ཆེན་པོའི་ནམ་མཁའ་ལ། །འབར་བ་ཆེན་ པོ་གར་དགུར་མཛོད། །ཐུགས་རྗེ་ས་ལ་གཤེགས་ནས་ཀྱང་། །མཐུན་འཇུག་བྱིས་པའི་སྤྱོད་པ་མཛོད། །མེད་ལ་ཀུན་འབྱུང་སྟོང་ཉིད་ལས། །ཇི་བཞིན་པ་ཡི་རྒྱལ་བ་དང་། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །རྣམ་དག་ལམ་གཤེགས་རྒྱལ་བ་རྣམས། ། བདག་ནི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། །སངས་རྒྱས་ཀུན་གྱིས་གདུལ་དཀའ་བ། །དེ་དག་མ་ལུས་བདག་གིས་བཏུལ། །མ་གྲོལ་བ་ཡང་བདག་གིས་དགྲོལ། །གང་མ་བསྒྲལ་བ་བདག་གིས་བསྒྲལ། །དབུགས་མ་ཕྱུང་བ་ དབུགས་ཕྱུང་སྟེ། །ཡང་དག་ཉིད་ལ་དགོད་པར་བགྱི། །དགོངས་པ་གསང་བ་ཀུན་འདུས་ལ། །རྨད་འབྱུང་གསང་བའི་དཀྱིལ་འཁོར་གྱིས། །མཐའ་ཐུག་མེད་པའི་སེམས་ཅན་རྣམས། །སྙིང་པོ་བསྐུལ་བའི་བྱིན་བརླབས་མཛོད། །ཅེས་རྡོ་རྗེ་འཛིན་པ་དེས་ དྲག་ཏུ་བསྐུལ་བ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་མེ་དུས་མཐའི་བསྐལ་པའི་མེ་ལྟར་འབར་བའི་ཐུགས་རྗེའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པར་འཐིབས་ནས་འབར་བ་ཆེན་པོའི་གར་དགུར་མངོན་ སྤྱོད་དུ་མཛད་ནས་རྡོ་རྗེ་རྟའི་ཚོགས་ལ་བཀས་བསྒོ་བ། སོད་ཀུན་དུ་རབ་ཏུ་སོད། །རྟ་ཡི་རྡོ་རྗེ་སྟབས་དགུ་ཡིས། །འཇིག་རྟེན་བློ་དགུའི་འདོད་པ་སྟོན། །འཇིག་རྟེན་ནག་པོ་གཏུམ་པའི་ཚོགས། །དུར་ཁྲོད་སྐྱབས་ལིངས་སྤྱོད་པ་ལ། །རྡོ་རྗེ་རྟོག་པའི་བྱ་སྒྲོན་ གྱིས། །འཁོར་བ་མ་བསྒྲལ་བར་དུ་འདི། །དམ་བཅས་གོ་ཆ་གྱོན་པ་ཡི། །སྙིང་རྗེ་ཆེན་པོའི་རྟོག་འཇུག་གི། །འཁོར་བའི་སོ་མཐའ་ཆོད་པར་གྱིས་ཞེས་དྲག་ཏུ་བསྒོ་བས། རྡོ་རྗེ་ཆོས་རབ་དགའ་འཁོར་ལོ། །གཟིགས་དབང་རྡོ་རྗེ་སྤྱན་རབ་སྟེ། །རྡོ་རྗེ་ པདྨོ་རབ་དགའ་བ། །སྣང་མཛད་ངག་གི་དབང་ཕྱུག་ཚོགས། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །ཐབས་ཆེན་དགུ་ཡི་རྫུ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་ཀུན་ཡོངས་བཀང་ནས། །མ་ལ་ཡ་ཡི་རྩེ་ལ་ ལྷགས། །འཁོར་བ་མ་སྟོངས་བར་དུ་ནི། །ཐུགས་རྗེ་དབང་གིས་སྤྱན་རས་གཟིགས། །སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །དགོངས་པ་གསང་བ་གཅིག་ཏུ་འདུས། །ཁམས་གསུམ་ཡོ་སྒྲོལ་སྙིང་པོར་དགོངས། །དུས་གསུམ་གཏན་སྤྲུགས་བྱིན་ བརླབས་མཛོད། །འཁོར་བ་ཆོས་ཉིད་སྤྱན་རས་གཟིགས། །སྡུག་བསྔལ་བྱང་ཆུབ་ལམ་དུ་མཛད། །ལས་ཉིད་རང་བྱུང་ཡེ་ཤེས་འགྲེལ། །རྣམ་སྨིན་སུན་ཕྱུང་རྡོ་རྗེ་ཉིད། །ཡེ་ནས་ཇི་བཞིན་མ་བཅོས་པའི། །རང་བྱུང་དཀྱིལ་འཁོར་ཆེན་པོར་དགོངས། ། གསང་བདག་རྡོ་རྗེ་འཛིན་པ་ཡང་། །སྐུ་དང་གསུང་ཐུགས་རྡོ་རྗེ་ལས། །སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན། །གཞོན་ནུ་བྱེ་བ་ས་ཡར་མཛད། །ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན། །ནམ་མཁའ་དབྱིངས་ཀྱི་མཐས་ཀླས་པར། །མ་ལ་ཡ་ཡི་རྩེ་ལ་ ལྷགས། །མཐུན་འཇུག་ཐབས་ཀྱི་ཆ་བྱད་དུ། །གང་འདིར་བྱིས་པའི་སྤྱོད་པ་ཡིས། །བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ། །འཇིག་རྟེན་ཁམས་སུ་བྱིས་པར་བསྟན། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ལས་བཞི་རྡོ་རྗེ་སྐོས་ཀྱི་ ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་མཐུན་འཇུག་སྐྱེས་བུ་དེས། །མཐུན་པའི་སྤྱན་གྱིས་གང་གཟིགས་ན། །ལས་ཀྱི་ཡི་དགས་དྲག་པོ་དེ། །དངོས་པོ་བཞེས་ནི་དབང་བྱས་པ། །རྣམ་པར་སྨིན་པའི་དངོས་པོ་ནི། །བམ་རི་ཐོད་པ་མཁར་གྱི་ རྩར། །ཁྲག་དང་བཤང་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པའི། །འདམ་གྱིས་ཕྲུ་མ་ཡོངས་སུ་བསྐོར། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །ཀང་ ཀ་ཁྭ་སྐེག་འུག་པའི་ཚོགས། །ཅེ་སྤྱང་སྟག་སེང་ལ་སོགས་པའི། །གདུག་པ་ཅན་གྱི་འཁོར་གྱིས་བསྐོར། །ལྷ་ཡི་སྡེ་དཔོན་ཀ་རུ་ནི། །བུ་མོ་ཆུང་མ་མ་སྲིང་དང་། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱི། །མ་སྲིང་ཆུང་མ་བུ་མོ་རྣམས། །ཕྲོགས་ ནས་དབང་དུ་བྱས་པ་ཡི། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ལ་སོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མ། །བློན་མོ་དམག་དཔོན་སྡེ་དཔོན་མ། །རུ་དཔོན་ཕོ་ཉ་ མངག་པར་བཅས། །རང་རང་རྟེན་དང་ལག་ཆར་བཅས། །ཅི་བགྱི་བཀའ་ཉན་བཀའ་སྡོད་འཁོར། །སྦོད་གཏོང་རྔམ་པའི་ཚུལ་དུ་འཁོད། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སྟག་སེང་ཝ་སྤྱང་བཞད་ཚོགས་དང་། །དུར་བྱ་བྱ་རོག་འུག་པའི་ཚོགས། །བསྟོད་ཅིང་ རྔམ་པའི་ཚུལ་དུ་འཁོད། །སྲིན་པོའི་ཉེ་གནས་ཆེན་མོ་བརྒྱད། །ཀཽ་རི་རྩཽ་རི་པྲ་མོ་ཧ། །བེཏྟ་ལི་དང་པུཀྐ་སི། །གྷསྨ་རི་དང་སྨ་ཤ་ནི། །ཙཎྜ་ལི་ལ་སོགས་པ་ཡི། །གཏུམ་ཞིང་རྔམ་པའི་མ་ཚོགས་མ། །ཤིན་ཏུ་འཇིགས་པའི་གཟུགས་སུ་འཁོད། །དུར་ ཁྲོད་ས་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་གར་ལོག་མོ། །དེ་བཞིན་འཇུག་མོ་ཆེན་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུང་། །དུར་ཁྲོད་བདག་མོ་གྲུ་འདེགས་མ། །བརྐམ་པ་ཤིན་ཏུ་བརྐམ་མ་དང་། །ར་རོ་མོ་དང་ཁྲག་འཐུང་མ། །ཆགས་ པས་མྱོས་པའི་མདངས་ཀྱིས་འཁོད། །བམ་རི་ཐོད་པ་བརྩེགས་པའི་དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟན་པར་བཏབ་པའི་ནང་བདག་མོ། །ཉེ་གནས་ཀྲོ་དྷི་ཤྭ་རི་མ། །ཐོད་སྐྱོགས་ཁྲག་གིས་བཀང་བ་དང་། །འབྲུ་མར་རྫས་ལྔ་ཆང་ སྦྱར་བ། །རྟག་པར་རང་གི་ལོངས་སྤྱོད་འཛིན། །ཆགས་པས་མྱོས་ཤིང་བརྐམ་པས་ན། །འདོད་པའི་དབང་མོ་བརྐམ་པར་གྲགས། །རུ་ཏྲའི་ཕྲུམ་གྲོང་རྡལ་དེ། །འབར་བ་ཆེན་པོའི་གར་དགུ་ཡིས། །བཅོམ་ལྡན་དབང་དུ་མཛད་པའི་ཕྱིར། །སྡེ་དཔོན་ བཏུལ་བའི་འཁོར་འདུས་པ། །འཇིག་རྟེན་དབང་ཕྱུག་མཐུ་ཆེན་རྣམས། །ཕལ་ཆེར་ལས་ལ་གྲམ་སྐབས་སུ། །དཔལ་ཆེན་རྡོ་རྗེ་འཛིན་པ་དེའི། །དེ་ཉིད་ཡང་དག་དངོས་མིན་པའི། །གཞོན་ནུ་སྣམ་ནས་བཏོན་པའི་སྲས། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ གནག་ཁྲོ་གཉེར་རལ་པ་ཅན། །འབར་བ་ཆེན་པོའི་གར་དགུར་མཛད། །དུར་ཁྲོད་བདག་པོ་ཇི་བཞིན་དུ། །དབུ་དང་ཕྱག་ཞབས་དེར་མཛད་དེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །བཤུད་བ་ལྔ་ནི་བདུད་རྩིར་བསྒྱུར། །ཐམས་ཅད་སྟོང་ཉིད་བདུད་རྩིར་སྦྱངས། །ཉེ་གནས་ ལ་སོགས་འཁོར་མོ་རྣམས། །སྤྱོད་ལ་མ་ཆགས་ཡེ་ཤེས་དང་། །བྱས་ལ་མི་སོགས་ཕྲིན་ལས་ཀྱིས། །མཐུན་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས། །དབང་བསྡུས་ངད་སྦྱངས་སྤྲུལ་པ་ནི། །སེམས་དཔའ་ཡེ་ཤེས་སྤྲུལ་པའི་ཚོགས། །ཀཽ་ཙཽ་ལ་སོགས་མ་ཚོགས་ དང་། །སེང་སྟག་ལ་སོགས་ཡུལ་དུ་སྣང་། །འདོད་པའི་དབང་མོ་བརྐམ་པ་དེས། །ཆགས་པའི་དབང་གིས་གང་མཐོང་བ། །སྤྱིར་ནི་རང་གི་ཁྱོ་བདག་ལྟ། །ལྷག་པའི་གཟི་ཆེན་འབར་བར་མཐོང་། །སྙམ་པའི་དབང་གི་ཐེ་ཚོམ་སྐྱེས། །ཨེ་མའོ་བདག་གི་ བདག་པོ་བས། །ཤིན་ཏུ་འོད་འབར་གཟི་བྱིན་ཆེ། །འདི་ཇི་ལྟ་བར་སྤྲུལ་པ་ཞིག །སྙམ་དུ་ཡིད་གཉིས་རྟོག་པ་ལས། །ཐབས་མཆོག་རྡོ་རྗེ་གཞོན་ནུ་དེས། །སྲིན་སྐད་ཐར་གསུམ་ཕྱུང་བ་ལས། །ཐེ་ཚོམ་རྟོག་པ་ཆད་པར་གྱུར། །ཆགས་པའི་དབང་གིས་ སངས་རྒྱས་ཀྱི། །སྐུ་ལ་ངེས་པར་འཁྲིལ་བ་ནི། །ཙན་དན་སྦྲུལ་གྱི་སྡོང་པོ་ལ། །ཚད་པས་བདས་པའི་སྦྲུལ་འཁྲིལ་བས། །མི་རྟོག་ཚད་མའི་གདུང་སེལ་ལྟར། །གང་ལ་ཆགས་པ་མི་མངའ་བར། །གང་གི་གདུང་བ་རྣམ་པར་སེལ། །དེ་ནས་སྨེ་བ་ བརྩེགས་པ་དེས། །ཐམས་ཅད་ཅི་དགའ་འབྱུང་བ་ཡི། །ཡིད་བཞིན་ནོར་བུའི་སྙིང་པོ་དེ། །ཉེ་བའི་རིག་པ་འདི་བརྗོད་པས། །བྱ་བ་ཐམས་ཅད་བྱེད་པའི་མཆོག །ཨོཾ་བྷུ་ར་ཀུཾ། ཨི་ཙི། ཀི་ཕི། ཨུ་ཙྪུསྨ་ཀྲོ་དྷ་ཧཱུྃ་ཕཊ། ཡང་དག་དངོས་མིན་ཆོ་འཕྲུལ་ འདིས། །སྣང་མཛད་ཆེན་པོའི་ཆོ་འཕྲུལ་བསྡུས། །གང་དུ་དང་པོར་སྤྲུལ་པ་ཡི། །ཨོཾ་གྱི་འོད་ཟེར་མངོན་ཕབ་ནས། །དབང་མོ་བརྐམ་པའི་ལྷུམས་སུ་བཞག །གསང་སྔགས་མངོན་པའི་མཐུ་ཅན་འདིས། །སྲིན་པོའི་ཆ་ལུགས་ཅི་འདྲ་བར། ། ཡི་གེ་དེ་ཡང་དེར་བསྒྱུར་ཏེ། །གང་དེ་མངོན་སུམ་ལྷུམས་སུ་བཞག །རྡོ་རྗེ་ལྕགས་ཀྱུ་འོད་ཟེར་ལས། །རཀྵ་ཤྲཱི་ཧེ་རུ་ཀ །རུ་ཏྲ་མ་ཏྲ་ཧ་ཧ་ཧ་མ། བསྐྱེད་རྫོགས་འཇོམས་བྱེད་ཡི་གེ་ཡི། །མཐུ་ཡིས་བྱིན་བརླབས་བརྟན་པར་བྱས། །དངོས་མིན་རིག་པའི་སྐྱེས་ བུ་དེ། །རྡོ་རྗེ་ཡབ་ཀྱི་སྐུ་ལ་བསྡུས། །དྲག་ཤུལ་སྟོབས་ལྡན་སྐྱེས་བུ་དེ། །སྒྱུ་མ་རྡོ་རྗེ་ཆོ་འཕྲུལ་གྱིས། །སངས་རྒྱས་གདུལ་དཀའ་རྣམས་བཏུལ་ནས། །བདུད་དང་འཇིག་རྟེན་ལོག་པའི་ཆ། །བྱིས་པའི་སྤྱོད་པ་དེ་བོར་ནས། །ཐུགས་ནི་སྙིང་པོ་བྱང་ཆུབ་ལ། །དགོངས་པ་ ངེས་པར་འགྲེལ་ཏེ་བཞུགས། །སྤྲུལ་པ་རྡོ་རྗེ་འཛིན་རྒྱལ་པོ། །སྔར་བྱུང་རྒྱལ་ཚབ་སྐྱེས་བུ་ཡིས། །ལྷ་གནས་གསུམ་དུ་གྲགས་པ་ཡི། །གསང་མཛོད་ཆེན་པོ་དམ་པའི་ལུང་། །གསང་བ་འཛིན་པའི་བདག་པོ་མཛད། །དེ་ནས་ཡི་དགས་དྲག་པོ་དེ། །རང་གི་གནས་ སུ་འུན་པ་ལས། །རང་གི་གནས་དང་ལོངས་སྤྱོད་དང་། །འཁོར་རྣམས་མི་སྣང་མི་འདྲ་བ། །སྔོན་མ་མཐོང་བ་ཕལ་ཆེར་སྣང་། །ཁོ་ན་ཤིན་ཏུ་མ་རངས་ཏེ། །ཨེ་མའོ་བདག་གི་ཕྲུ་མ་འདི། །ཇི་ལྟར་འགྱུར་ཞེས་རྣམ་པར་རྟོག །དེ་ཚེ་ཉེ་གནས་དབང་མོ་ཡིས། ། རང་གི་ཁྱོ་བདག་ལོན་འུན་ཏེ། །ཨེ་མའོ་སྒེག་པོ་དཔའ་བོ་ཁྱོད། །གང་འདིར་ངན་དུ་རྟོག་པའི་ཚིག །འཁོར་གྱི་ནང་འདིར་གསུང་ངམ་ཅི། །དཔའ་བོ་ཁྱོད་ཀྱི་དགོངས་པ་གང་། །དེང་ཧུན་ཧན་ཕན་ཉོ་པ་ཏི། །ཁོ་ན་འམ་ཙ་སྨ་ར་ཙ། །དཔའ་པོ་སྒེག་པོ་ཞེའམ་ ཉིད། །ཀུན་ལན་ཏྲ་ཙོ་པུ་ཐྲ་ཐ། །གང་དུ་དེ་ཅི་ཇི་ལྟར་འཁྲུལ། །དེ་སྐད་ཚིག་ཏུ་ཧོན་པ་ལས། །མདངས་ལ་ཆགས་པས་འདུན་པ་དང་། །ཁོ་ནའི་རིགས་ཉིད་ངེས་འཛིན་པའི། །སྙམ་ནས་དགའ་བའི་ཐབས་སུ་བཟུང་། །དེ་ནས་དབང་མོ་བརྐམ་པ་ལས། །པུ་ཏྲ་མྱུ་གུ་ འཐོན་འབྱུང་བའི། །ཐབས་གསུམ་གྲག་པའི་སྒྲ་ཕྱུང་བས། །དཔལ་གྱི་རྔམ་སྐད་དྲག་པོ་ཡིས། །དྲག་པོ་དྲག་མོ་ལ་སོགས་བརྒྱལ། །དེ་ལས་སླར་ལོག་མཐོང་སྣང་བ། །འཇིགས་བྱེད་ཆེན་པོ་འབར་བ་ལ། །སྔོ་གནག་རྔམ་པའི་རལ་པ་ཅན། །དབུ་དགུ་ཕྱག་ ནི་བཅྭ་བརྒྱད་པ། །རྡོ་རྗེ་གཤོག་པས་བར་སྣང་ཁེབས། །བ་སྤུ་ལྕགས་ཀྱུ་བསྲེགས་འདྲ་བའི། །སྡོམ་དང་སྡིག་དང་སྨིགས་དང་སྦྲུལ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེབས། །ཐོད་སྐྱོགས་སྟི་ར་རྒྱུ་ཞགས་དང་། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །རྡོ་རྗེ་ མདུང་རྩེ་གསུམ་པ་དང་། །ཟ་མ་ཏོག་དང་རྡུལ་ཡབ་རྔ། །རི་རབ་སྤྱི་སྐོར་སྟོང་གསུམ་འཕེན། །ཀླུ་དབང་འབུམ་གྱིས་བརྒྱན་ཅིང་བཀླུབས། །དུས་མཐའི་བསྐལ་པ་མེ་ལྟར་འབར། །ཁྲོ་གཉེར་སྡང་མིག་འབར་བ་ཡི། །ཉི་ཤུ་རྩ་བདུན་སྤྱན་རས་གཟིགས། །ཞབས་ བརྒྱད་འབར་བས་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོ་ཁྲོ་བོར་གྱུར། །ལྷ་དང་བདུད་ལས་རྣམ་པར་གྲགས། །དེ་ནས་ཡི་དགས་དྲག་པོ་དེ། །ཁོ་ནའི་སེམས་རྟོག་རྟས་ནས་ཀྱང་། །ང་རྒྱལ་དྲག་པོའི་གཏུམ་སྐད་ཀྱིས། །འཁོར་གྱི་དབང་ཕྱུག་རྣམ་པར་བསྐུལ། ། རུ་ཏྲ་མ་ཏྲ་མ་ར་ཏྲ། །འདུ་འདུ་དབང་ཕྱུག་ཆེན་པོའི་ཚོགས། །ཀུན་དུ་རབ་ཏུ་དམ་ལ་འདུ། །གྲམ་གྲམ་དབང་ཕྱུག་ཆེན་པོའི་ཚོགས། །ཀུན་དུ་རབ་ཏུ་ལས་ལ་གྲམ། །ཐུད་ཐུད་དབང་ཕྱུག་ཆེན་པོའི་ཚོགས། །ཀུན་དུ་རབ་ཏུ་འདི་ལ་ཐུད། །དབང་ཕྱུག་ང་ཡི་ ཕྲུ་མ་ལ། །གང་འདིར་གདུག་པ་ཆེན་པོ་འདི། །ཁྱེད་ཀྱིས་བརླག་པའི་དུས་ལ་བབ། །གང་འདིར་བྱ་མི་བྱ་རྟོག་ན། །ཁྱེད་ནི་ཤིན་ཏུ་བརླག་མ་ཁད། །མཛའ་བོ་གང་ལ་བྱ་མི་བྱ་བ་ཡི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་ ན། །དེ་ལ་མཛའ་ཞེས་སུ་ཞིག་ཟེར། །རྒོལ་བ་གང་ལ་བྱ་མི་བྱ་བ་ཡི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་རྒོལ་བ་སྒྱུ་མ་ཡིན་པས་ན། །དེ་ལ་དཔའ་ཞེས་སུ་ཞིག་ཟེར། །དམ་ཚིག་གང་སྲུང་མི་སྲུང་བའི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་དམ་ ཚིག་སྒྱུ་མ་ཡིན་པས་ན། །དེ་ལ་དམ་པར་སུ་ཞིག་འདོགས། །ཐམས་ཅད་བྱ་མི་བྱ་བ་ཡི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་སྤྱོད་པ་སྒྱུ་མ་ཡིན་པས་ན། །དེ་ལ་བྱེད་ཅེས་སུ་ཞིག་ཟེར། །གང་ལ་གང་འདིར་གང་གི་ལས་རྣམས་དུས་ལ་བབ་ཅེས་ དབང་ཕྱུག་ཆེན་པོ་རྣམས་ལ་བསྐུལ་བས། བདུད་ཀྱི་གཟི་བྱིན་མ་བཟོད་དེ་བདུད་ཀྱི་ཆ་འཛིན་པའི་ལྷའི་བུ་བྱེ་བ་དུང་ཕྱུར་གྱི་དམག་ཚོགས་དང་དབང་ཕྱུག་ཆེན་པོ་རྣམས་ཤིན་ཏུ་དངངས་འཁྲུགས་རྔམ་ནས་རོད་རོད་པོར་གྱུར་ཏེ། མྱ་ངན་གྱི་དུག་ལོ་འཚུབས་པ་བཞིན་བདུད་ ཀྱི་ཕྲུ་མར་འདུས་ཏེ་བདུད་ཀྱི་རུ་མཚོན་ཕྱར། མཚོན་ཆའི་སྤྲིན་གཏིབས། བདུད་ཀྱི་སྒྱུ་འཕྲུལ་གྱི་དྲ་བ་བཀྲམ་སྟེ་བསོ་དང་ཆའི་སྒྲ་བསྒྲགས་ནས་སྤགས་པ་ལས། རྡོ་རྗེ་རྟའི་ཚོགས་ཀྱིས་རྡོ་རྗེ་སྟམ་པ་ནའི་སྟོབས་ཀྱིས་རྫུ་འཕྲུལ་མྱུར་བའི་འདུར་ཤུགས་དྲག་པོས་ ཁྲོ་བོ་ཐེག་ཆེན་ཀུན་ཀྱང་འདུར་ཐག་གཅོད་པའི་རྟའི་འདུར་གླུ་འདིས་རྣམ་པར་བསྐུལ་བ། ཧྲི་སྒེག་པོ་དཔའ་བོ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་འཇིགས་པར་བྱེད་པ་དང་། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པའི། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡི། ། གར་གྱི་ཕྱག་རྒྱ་འབར་བས་དབང་ཕྱུག་གནོན། །ཧྲི་མྱོས་བྱེད་སྟོང་བས་ལྷག་པར་འདོད་པའི་གཟུགས་སྟོན་ལ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་བས་ལྷག་པར་འཇིགས་གཟུགས་སྟོན། །ཞི་བའི་སྐུར་ཡང་ཚངས་པ་སྟོང་བས་ལྷག་པར་རབ་ཏུ་སྟོན། །ཐམས་ཅད་ དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད། །ཧྲི་རྣམ་པར་འདུལ་བའི་ངོ་མཐོན་ཐབས་ཀྱིས་གནོན་པས་གནོན། །ཧོ་ཧོ་ཧ་ཧ་ཧེ་ཧེ་ཧི་ཧི་དགྱེས་པའི་བཞད་མོས་ཁོང་། །དབང་ཕྱུག་ཐམས་ཅད་རབ་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དབང་ ཕྱུག་གནོན། །ཧྲི་རྩལ་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པ་ལས་གསུམ་གྲུབ་དྲོངས། །ཧྲི་རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་མཐུ་ཆེན་གནོན། །རུ་ཏྲ་མ་ཏྲའི་སྙིང་ལས་དཔལ་མོས་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་ཚངས་ པ་ནོན། །ཚངས་ལས་སྒྲོལ་མ་དྲོངས་ཤིག་སྨ་ར་ཐ། །ཧྲི་རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་དགའ་དབང་ནོན། །སྦྱོར་ཆེན་ཀུན་གྱིས་བདག་ལ་དགའ་དྲོངས་ཤིག །ཧྲི་རབ་ཀྱི་རྩལ་གྱི་སྟོབས་ཀྱིས་ངོ་མཐོན་རུ་ཏྲ་ནོན། །སྦྱོར་ཆེན་ཀྲོ་དྷི་ཤྭ་རི་དབང་མོ་དྲོངས་ཤིག་ རབ་དྲོངས་ཤིག །སྙིང་རྗེ་གང་ལ་བྱ་མི་བྱ་བ་ཡི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་སྙིང་རྗེ་སྒྱུ་མ་ཡིན་པས་ན། །དེ་ལ་སུ་ཞིག་སྙིང་རྗེ་ཟེར། །གདུལ་བྱ་གདུལ་བར་བྱ་མི་བྱ་བ་ཡི། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་བླ། །དེ་འདྲའི་གདུལ་བྱ་སྒྱུ་མ་ཡིན་ པས་ན། །དེ་ལ་གདུལ་བར་སུ་ཞིག་ཟེར། །ཧྲི་ཧ་ཧ་ཧོ་ཧོ་སྤྲུལ་རབ་ཏུ་སྤྲུལ། །ཀུན་དུ་རབ་སྤྲུལ་སྣང་བར་མཛོད། །གཏུམ་ཐུང་རྔམ་འཁྲུག་འབར་བར་མཛོད། །རྣམ་པ་མང་པོ་སྣ་ཚོགས་ཁྲོ་བོར་ལོག་པར་ལྟ་བ་ཡི། །ཁྲོ་བོ་སྣང་བའི་འགྲོ་རྣམས་རྣམ་མང་པོ། ། ཁྲོ་བོ་རྒྱུད་ཀྱི་མ་ལུས་ལུས་པ་མེད་པར་འདུལ་མཁས་པར། །རྒྱལ་བ་ཀུན་གྱི་ཐབས་མཆོག་སྒྱུ་མ་རབ་སྤྲུལ་རྣམ་པར་སྤྲུལ། །ཁྲོ་ལ་མ་གཡོས་ཡེ་ཤེས་བཞི་མཆོག་ཀུན་དུ་བཞེངས་ཤིག་བསྣམས། །རྣམ་པ་མང་པོ་སྣ་ཚོགས་འདོད་པ་སྣང་བའི་འགྲོ་བ་རྣམས། ། རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱིས་མ་ལུས་ལུས་པ་མེད་པ་འདུལ་མཁས་པ། །རྒྱལ་བ་ཀུན་གྱི་ཐབས་མཆོག་སྒྱུ་མར་རབ་སྤྲུལ་རྣམ་པར་སྤྲུལ། །སྤྱོད་ལ་མ་ཆགས་ཡེ་ཤེས་བདེ་མཆོག་ཀུན་དུ་མྱོང་མཛད་བཞེངས་ཤིང་རོལ། །རྣམ་པ་མང་པོ་སྣ་ཚོགས་ རྨོངས་པར་སྣང་བའི་འགྲོ་བ་རྣམས། །རྣམ་པ་མང་པོ་གཏི་མུག་རྒྱུད་ཀྱིས་མ་ལུས་ལུས་པར་འདུལ་མཁས་པ། །རྒྱལ་བ་ཀུན་གྱི་ཐབས་མཆོག་སྒྱུ་མས་རབ་སྤྲུལ་རྣམ་པར་སྤྲུལ། །མཉམ་ལ་མ་རྨོངས་ཡེ་ཤེས་མ་འདྲེས་ཡོངས་རྫོགས་བཞེངས་ཤིང་དགོངས་ ཞེས་ཁྲོ་མོ་མ་རངས་མི་བསྙེངས་དྲག་པོ་དགྱེས་པའི་སྒྲ་འབྲུག་སྟོང་དིར་བ་བྱུང་བས་བདུད་ཀྱི་ཆ་འཛིན་པའི་བདུད་བྱེ་བ་དུང་ཕྱུར་རྣམས་བག་བཞི་བསྐུམས་ཏེ་ཟིལ་གྱིས་ནོན། རུ་མཚོན་ལ་སོགས་པ་མཚོན་ཆའི་སྤྲིན་ཕུང་ནི་སྟོང་པ་ཉིད་དུ་སངས་པར་གྱུར། མི་ སྙན་པའི་ངག་རྣམས་ནི་མངོན་དུ་གྱུར་ཏེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒྲ་ནི་དི་རི་རི་སྒྲོགས་པར་གྱུར་ཏོ། །དུར་ཁྲོད་ཀྱི་བདག་པོ་རུ་ཏྲ་ནག་པོ་ལྟ་ཞིག་རང་གི་འཁོར་གྱིས་ཡོངས་སུ་བོར་ཏེ་རྗེ་བཙན་དམ་པ་དེ་ལ་སྐྱབས་སུ་དོང་། བློ་གྲོས་ཀུན་ གྱི་ཡུལ་དང་བྲལ། །ཡི་ཁོས་བསམ་པ་ཆད་ཅིང་ཐབས་བརླག་ནས་ཀུན་ནས་འཁྲུགས་ཏེ་རྣམ་པར་འཁམས་ནས་རང་གི་རུ་ཏྲ་ལྔ་ཡི་ས་བོན་མངོན་དུ་ཕྱུང་བས། རུ་ལུ་རུ་ལུ་བྷྱོ་ཞེས་བརྗོད། །མགོ་གསུམ་ལག་དྲུག་རྐང་བཞི་པ། །ཁྲོས་པའི་ཚུལ་དུ་གྱུར་ པ་ལས། །རྗེ་བཙན་རྡོ་རྗེ་སྲིན་པོ་དེས། །ཁོ་ན་ཉིད་དུ་དེར་མཛད་དེ། །བྱིན་བརླབས་ཡི་གེ་མི་ཕྱེད་པའི། །དབང་དུ་འཁོར་བའི་ས་བོན་ལྔ། །བྱས་ནས་ངག་གི་སྤྲུལ་པ་ཕྲོགས། །ཁོ་ན་ངག་གི་དབང་པོ་ཉམས། །དེ་ནས་དུར་ཁྲོད་བདག་པོ་དེས། །ར་ལ་ར་ལ་ བྷྱོ་བརྗོད་པས། །མགོ་དགུ་བཅྭ་བརྒྱད་ལག་ཏུ་གྱུར། །གང་དེར་རྗེ་བཙན་དམ་པ་དེས། །ངག་གི་སྤྲུལ་པ་ངེས་པར་བཅད། །ཡང་དེར་དུར་ཁྲོད་བདག་པོ་དེས། །ཧུ་ལུ་ཧུ་ལུ་བྷྱོ་བརྗོད་པས། །མགོ་བརྒྱད་བཅུ་དྲུག་ལག་ཏུ་གྱུར། །དཔལ་ཆེན་རྗེ་བཙན་སྲིན་པོ་དེས། ། ཁོ་ན་ཅི་འདྲ་དེར་མཛད་དེ། །དེར་ཡང་ངག་གི་བརྗོད་པ་བཅད། །གང་དེར་དུར་ཁྲོད་བདག་པོ་དེས། །ཧ་ལ་ཧ་ལ་བྷྱོ་བརྗོད་པས། །ཉི་ཤུ་རྩ་གཅིག་མགོ་བོ་ལ། །བཞི་བཅུ་རྩ་གཉིས་ལག་ཏུ་གྱུར། །ཡང་དུ་རྡོ་རྗེ་སྲིན་པོ་དེས། །དེ་ཅི་ཁོ་ནར་དེར་མཛད་ནས། །གང་ འདིར་སྨྲ་བའི་དབང་པོ་བཅད། །ཡང་དེར་ཁོ་ནར་དེ་ཉིད་ཀྱིས། །ར་ལི་ར་ལི་བྷྱོ་བརྗོད་པས། །ལུས་ནི་ཚད་མེད་ཆེན་པོ་ལ། །ནད་ཀྱི་བསྐལ་པ་ཚུབ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལས་འགྱེད། །རྗེ་བཙན་རྡོ་རྗེ་སྲིན་པོ་དེས། །ཁོ་ན་དེ་འདྲར་ཉིད་མཛད་ དེ། །ངག་ཕྲོགས་ངག་གི་སྤྲུལ་པ་ཆད། །དཔེར་ན་སྐྱེས་བུ་གང་ལ་ཞིག །ལྕེ་བཅད་ཁྲག་གིས་པོར་བ་བཞིན། །ཤིན་ཏུ་མྱོས་ཏེ་འགྱེལ་བར་གྱུར། །ཀུན་གྱིས་མངའ་བདག་ཆེན་པོ་དེས། །ས་མ་ཡ་ཧཱུཾ་གསུང་བསྒྲགས་པས། །སྔོན་བྱུང་དུས་ན་འབྲེལ་པ་ཡིས། ། སྲོག་གི་དབང་པོས་མ་བཟོད་དེ། །གང་དེར་མདུན་གྱིས་ཕྱོགས་པ་དང་། །རྩེ་གསུམ་ཁ་ཊྭཱཾ་འབར་བ་ཡིས། །བུ་ཏྲའི་རི་བོ་བཅོམ་དབང་གི། །ཕྱག་རྒྱས་རོལ་ཏེ་ཕྱལ་དུ་སྦྱངས། །ཉེ་གནས་དབང་གིས་མཚམས་སྦྱར་བའི། །རང་གི་དམ་པ་ལ་སོགས་པའི། །མཐའ་ ཐུག་མེད་པའི་སངས་རྒྱས་དང་། །དཔག་ཏུ་མེད་པའི་བྱང་ཆུབ་སེམས། །སྟུག་པོ་བཀོད་པའི་མཐོང་བའི་མཐུས། །ཐོག་མ་མེད་པའི་དུས་མཐའ་ནས། །ཞེན་པའི་མུན་ནག་སངས་གྱུར་ཏེ། །སྐྱེ་བ་དུས་མཐའ་མེད་རྙེད་དུ། །ལུས་བླངས་ལས་ནི་ཅི་སྤྱད་དྲན། །སྣམ་ དུ་བཏོན་ཏེ་ཞབས་དྲུང་འཁོད། །རབ་དགའ་བཏུད་ནས་གནོད་ཚུལ་དུ། །གང་དེར་ཤིན་ཏུ་ངུས་ནས་སྨྲེས། །ཨེ་མ་ཨེ་མའོ་ཨེ་མ་ཡང་། །དཔའ་བོ་ལྷ་རྗེ་ཐུགས་རྗེ་ཆུང་། །ཤིན་ཏུ་བདེ་བའི་གནས་གཅིག་ནས། །སྣམ་དུ་བཏོན་པ་ཐུགས་རྗེ་ཆུང་། །ད་ཡང་ཅི་ མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་བདེའོ། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུད་ཅིག །དེང་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ཡི་ལུང་བཞིན་རྗེས་སུ་སྒྲུབ། །གལ་ཏེ་བཀའ་བཞིན་མ་བགྱིས་སམ། །དམ་པའི་ལུང་ ལས་འགལ་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམས་ནས་ཚིག་པར་འགྱུར། །མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འབུལ་ལོ་ཚིས་མ་ཆུང་། །དབུས་སུ་མཆི་སྐལ་མི་ལྡན་གྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག ། ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲོན་ལ་སྩོལ། །ཉེ་གནས་གདུང་བའི་མ་སྲིང་རྣམས། །དེ་ནས་རྒྱལ་བའི་འབངས་ཡིན་གྱིས། །ཁྱེད་ནི་ཅི་བགྱི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་རྟག་པར་མྱུར་དུ་སྒྲུབས། །བདག་ཀྱང་དེང་ སྔོན་ལམ་ལོག་ལས་སྤྱད་པས། །དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་བརྒྱུད། །ད་ནི་ཐུགས་རྗེ་ལས་འཕྲོ་གཉིས་ཕྲད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་ཡིས། །རྗེས་སུ་བསྟན་པའི་བཀའ་ལ་ཉམས་ས་རེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་ བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་སིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་གམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་མོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་བརྩེ་བར་ གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་བཞིན། །དམ་པ་རྣམས་ལ་ངེས་པར་ཉེ་བར་གྱིས། །ཞེས་འཁོར་ཉེ་གནས་རྣམས་ལ་གདམས་ངག་བོར་ནས་དཔའ་བོ་ཆེན་པོ་ལ་སྐྱབས་སུ་དོང་སྟེ་བཀའ་ཆེ་བ་ཡོངས་སུ་བསྲུང་བའི་ཕྱིར་རང་རྟགས་སྲོག་གི་སྙིང་པོ་ ཕུལ་ཏེ་མནའ་དོར་རོ། །རུ་ལུ་རུ་ལུ་བྷྱོ་ཞེས་རང་གི་སྲོག་ལ་ཚད་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་གནང་བ་ནི་འདི་ལྟ་སྟེ། ཨོཾ་རུ་ལུ་རུ་ལུ་བྷྱོ་ཧ་ཞེས་བྱིན་གྱིས་བརླབས་ཏེ་བསྲེགས་སྦྱངས་བཏུལ་ནས་དགོངས་ཁྲལ་ཆུང་བར་བཞུགས་སོ། ། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་བདུད་ཡོངས་སུ་བཏུལ་བའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་དེའི་ཚེ་དེའི་དུས་ན་དབང་ཕྱུག་ཆེན་པོའི་ཚོགས་རྣམས་འདི་ལྟར་རྟོག་སྟེ། ཨེ་མའོ་དྲག་པོ་ཆེན་པོ་འདི། །འདི་ལྟར་མཐུ་ཆེ་བ། འདི་ལྟར་དྲེགས་པ། །འདི་ལྟར་གཏི་མུག་པ། །འདི་ལྟར་ཆགས་པ། འདི་ལྟར་ང་རྒྱལ་བ། འདི་ལྟར་གཏུམ་པ་འདི་དཔའ་བོ་ཆེན་པོ་འདིས་རྣམ་པར་ནོན། ངེས་པར་ཡང་དག་པར་ནོན། །ཀུན་དུ་རབ་ཏུ་ནོན་ཏོ་སྙམ་དུ་རྟོག་གོ །དེའི་ཚེ་དེའི་དུས་ན་དེ་དག་གི་ སེམས་ཀྱི་རྟོག་པས་རྟོག་པ་དྲག་པོ་རུ་ཏྲ་དེའི་སེམས་ཀྱིས་ཡོངས་སུ་ཤེས་ནས་སྨྲས་པ། ཀྱེ་ཉེ་གནས་དམ་པ་རྣམས་གང་དེ་ལྟར་མ་རྟོག་ཤིག །སྔོན་ཁོ་བོའི་ལས་ཀྱི་འཕྲོ་དང་འབྲེལ་བ་ཉེ་གནས་དམ་པ་ཀུན་གྱིས་བཤེས་གཉེན་དེ་དང་ཕྲད་པས་ལས་ཤེས་སོ། ། སྐྱེ་བ་ཤེས་སོ། །ལས་མཐོང་ངོ་། །སྐྱེ་བ་མཐོང་ངོ་། །ལས་མངོན་དུ་གྱུར་ཏོ། །སྐྱེ་བ་མངོན་དུ་གྱུར་ནས་རང་གི་ལས་ལ་རང་ཐག་ཁོས་པར་གྱུར། གང་སྐད་ཅིག་མར་བདེ་བ་ཆེན་པོའི་གཡུང་དྲུང་གི་ཕོ་བྲང་མཐོང་བས་གང་འདི་ལྟར་བུད་མེད་དག་སྦྲུམ་པའི་སྡུག་ བསྔལ་གྱིས་ཉེན་པར་གྱུར་པ་ན་འདི་སྙམ་དུ་སྡུག་བསྔལ་འདི་ནི་སྔོན་དུ་སྐྱེས་པ་བསྟེན་ཅིང་མང་དུ་སྤྱད་པའི་ལས་འབའ་ཞིག་ཁོ་ནའོ་སྙམ་དུ་ཡིད་ལ་བྱེད་པ་བཞིན་ཁོ་བོ་ཡང་ལས་འབའ་ཞིག་ལ་ཁོ་ཐག་ཆད་ནས་ཇི་ལྟར་རི་གཟར་རྩེ་ནས་རྦབ་འདྲིལ་བ་གང་གིས་མི་ ཟློགས་པ་བཞིན་གདུང་བ་ཆེན་པོའི་ཤུགས་ཀྱིས་འཐོན་པས་ཤིན་ཏུ་གདུང་བ་ཡིན་ཏེ། ཉེ་གནས་ཁྱེད་ཀྱང་རང་གི་ལས་ཡིད་ལ་གྱིས་ཤིག་དང་། གདུང་བའི་ཤུགས་རྦབ་ལྟར་འདྲིལ་བར་འགྱུར་རོ་ཞེས་སྨྲས་ནས་རྨ་ག་ཆད་པར་ངུས་ནས་ཤིན་ཏུ་སྨྲེས་ཏེ་ཡོངས་ སུ་གདུང་བའི་དོན་བཏོན་པ་འདི་ལྟ་སྟེ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཉི་ཟླ་འབུམ་བདལ་ཞིང་། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །འཇིག་རྟེན་གསུམ་གྱིས་ མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་ལོར་འཁྱམས། །སྔོན་ཚེ་ལས་ལོག་ སྲིད་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོད་འགྱོད། །དར་ཅིང་དྲེགས་པའི་ལས་དབང་དེ་བཙན་ནས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་འགྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པ་འཐིབས་ པོས་ཤེས་རབ་ལྡོངས། །འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་ཚུབ་མས་འཁོར་བར་གཡེངས། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ ལྷུང་། །སྡུག་བསྔལ་དྲག་པོ་མི་ཟད་ཆར་དུ་འབབ། །འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་། །སྡིག་པའི་ལས་དབང་དྲག་པོ་མེ་འབར་བས། །རྣམ་ཤེས་དབང་པོ་མྱུ་གུ་གདུངས་འགྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན། །བྱམས་མགོན་ཐུགས་ རྗེ་ཅན་གྱིས་བཟོད་ལགས་སམ། །བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་འདོད་ཁམས་རུ་ཏྲར་སྐྱེས། །སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ ཤུགས་ནི་ཆུ་བོའི་གཞུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློགས། །རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་། །ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས། །བདག་ནི་དེང་སྔོན་བསྐལ་པ་གྲངས་མེད་དུ། །འཁོར་བའི་བཙོན་ར་མུན་པར་ འཁྱམས་པ་ལ། །ཉེ་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས། །ལས་དང་ཉོན་མོངས་སྒྲིབ་པ་གཏན་སྦྱངས་ནས། །མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད། །ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ ངོམས་པའི། །ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་དེང་སྔ་གང་ན་བཞུགས། །ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུངས་ པའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམ་ཐག་ཕོངས་པའི་ང་རོ་གདོན་ལགས་ན། །བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན། །ནམ་ཞིག་འཆི་འཕོ་ལུས་དང་བྲལ་བའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་གྱི་དུས་ མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་འདྲ་གཅིག་པུ་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱིས། །གང་གི་ཕྱི་ཤོལ་དུས་ལ་མ་བཞེས་པར། །ད་ལྟ་ཉིད་དུ་བསྟུན་ཏེ་མངོན་སྤྱོད་མཛོད། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་ལ། །ཐོག་མ་ མེད་པའི་དུས་ནས་ལོག་བརྟགས་པས། །ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ། །བསྐལ་པ་གྲངས་མེད་སྐྱེ་བ་དེ་སྙེད་དུ། །གདོས་བཅས་ལུས་བླངས་གྲངས་མེད་ཞིག་འགྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་ བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲངས་ཤིང་སྐྱེ་ཤི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་གཅིག་ ཁོ་ན་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན། །དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས། །དོན་གྱི་ཡང་ཡེ་མྱ་ངན་འདས་ཟིན་ན། །ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་ བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཆུད། །མི་ཟད་སྡུག་བསྔལ་དྲག་པོ་འདི་ལྟ་བུ། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་ངན་རྒྱུད་བཅད་དེ། །ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ། །མ་རིག་ལོག་པ་ལས་ཀྱི་ དབང་བཙན་པས། །མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མའི་ཟེར་གྱིས་མི་སྟོངས་སམ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟོད་ན། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་མི་མཛད་དམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། ། ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ། །ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན། །ཐུགས་རྗེ་བསིལ་བའི་ཆར་རྒྱུན་མི་ འབེབས་སམ། །སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་འགྱུར་ན། །ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ། །ཁམས་གསུམ་འཁོར་བའི་གནས་སུ་སྦྱང་སྦྱང་ནས། །ནམ་ཞིག་རང་གི་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེ་ཅི་ འཚལ་དོན་མ་མཆིས། །བདག་ཉིད་ལས་འཕྲོ་བཙན་པས་བཞག་ན་ལྟ། །ཐུགས་རྗེ་ཞེས་ན་སུ་ལ་ཅི་ཞིག་བགྱི། །དཔའ་བོ་ཁྱོད་ལ་ཐུགས་རྗེ་སྟོབས་མངའ་ཞིང་། །སྔོན་བྱུང་འབྲེལ་པ་ལས་ཀྱི་འཕྲོ་བཙན་ན། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། ། སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ། །ཞེས་རང་གི་ང་རྒྱལ་གྱི་རི་བོ་བཅག་ནས་ལུས་སེང་གེར་མངོན་པར་སྤྲུལ་ནས་ཞབས་ཀྱི་གདན་ཁྲིར་ཕུལ་ལོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་ཐ་མ་དམན་པའི་གདུང་བ་ བཏོན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སྲིན་པོ་དེས་ལས་ཀྱི་སྲིན་པོ་དེ་ལོག་པར་ལྟ་བ་སུན་ཕྱུང་བས་ལས་ཀྱི་སྒྲིབ་པ་རྒྱུན་གཅད་པའི་ཕྱིར་སྤྱོ་བའི་བརྒྱད་ཆེན་པོས་རྣམ་པར་སྤྱོས་པ་ནི་འདི་ལྟ་སྟེ། སྡིག་ཅན་ལོག་པའི་སྟོབས་ལྡན་འདི། །ཐོག་མ་ མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འཁྱམས་པར་ངེས། །ཉེས་བྱས་རྩ་བ་རང་ཉིད་ལས། །ཐམས་ཅད་འབྱུང་བར་ཉེས་པར་ངེས། །བསྐལ་པ་གྲངས་མེད་དེ་སྙེད་དུ། །སྐྱེ་བ་མང་པོ་ལུས་བླངས་ནས། །གཟུགས་ཕུང་གྲངས་མེད་ཞིག་འགྱུར་ཞིང་། ། ཤ་རུས་སྟོང་གསུམ་འཇིག་རྟེན་ཙམ། །རྣག་ཁྲག་རྒྱ་མཚོར་འཁྱིལ་འགྱུར་ཡང་། །དོན་མེད་པར་ནི་ཆུད་ཟོས་པ། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །ད་ཙམ་དོན་གྱི་སངས་རྒྱས་ཟིན། །ལུས་རྣམས་ཡོངས་སུ་གཏོང་བ་ཡི། །མ་ ཆགས་སྟོབས་ལྡན་ཆེན་པོ་རྣམས། །བཀྲེས་པས་ཉེན་པའི་འགྲོ་བ་ལ། །ཤ་རུས་ཁྲག་ཙམ་བཏང་བས་ཀྱང་། །ཟག་མེད་རྣམ་ཐར་བདེ་ཐོབ་ན། །ཟབ་མོའི་དོན་ལྟ་སྨོས་ཅི་དགོས། །རང་ལུས་གཏོང་བར་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། ། ཁམས་གསུམ་འཁོར་བའི་ཁ་བརྒྱུད་ཅིང་། །ཟུག་རྔུའི་ནད་ཀྱིས་གཟིར་བ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པས་ཉེས་པར་ངེས། །མུན་པའི་ཀློང་དུ་འཁྱམས་པ་འདི། །ཁྱད་པར་རྨོངས་པས་ཉེས་པར་ངེས། །ཐར་མེད་འདམ་དུ་བྱིང་བ་ འདི། །འདོད་སྲེད་འདུན་པས་ཉེས་པར་ངེས། །བློ་ངན་ཚ་བས་གདུངས་པ་འདི། །ཚ་བའི་ལས་ཀྱིས་ཉེས་པར་ངེས། །སྡུག་བསྔལ་རི་བོས་ནོན་པ་འདི། །ང་རྒྱལ་བརྩེགས་པས་ཉེས་པར་ངེས། །འཁོར་བའི་རླུང་སྒོར་ལྷུང་བ་འདི། །ལས་ཀྱི་རླུང་གིས་ཉེས་པར་ངེས། ། རང་གིས་མནར་བའི་རུ་ཏྲ་ཁྱོད། །ཡེ་ནས་རྒྱལ་བའི་སྲས་ཡིན་ན། །སྲིད་པའི་འཁོར་ལོར་ཅི་སྟེ་འཁོར། །དེས་ན་རང་གི་ལས་ཡིན་ཏེ། །སེམས་ཉིད་ནམ་མཁའ་ལྟ་བུ་ལ། །གཟུགས་སྣང་གློ་བུར་སྤྲིན་གྱིས་བསྒྲིབས། །གཟུགས་སྣང་རྟོག་པ་རྣམ་སྦྱང་ཕྱིར། །ཤེས་ རབ་བསྐལ་པའི་རླུང་གིས་གཏོར། །དང་པོ་བཀའ་བསྒོ་ལོག་པས་ཉེས། །དེ་ནས་མངོན་པའི་རི་བོ་བརྩེགས། །དེ་ནས་ཡིད་བཞིན་ནོར་བུ་བསྲེགས། །ཐ་མར་དངོས་པོ་བཞི་སྤྱད་པས། །རྣལ་འབྱོར་ཐེག་པ་ཆེན་པོའི་དོན། །མ་རྟོགས་པ་དང་ལོག་པར་རྟོགས། ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཇི་བཞིན་མ་སྤྱད་ཕྲ་མེན་གྱིས། །ངན་འགྲོའི་ལས་ལམ་རྒྱུན་བཏགས་པས། །སྲིད་པ་ལོག་པའི་འབྲས་བུར་སྨིན། །ཨེ་མའོ་ལས་ངན་སྙིང་རེ་རྗེ། །ང་ནི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། ། ངན་འགྲོ་གནས་སུ་འཁྱམས་པ་འདི། །འཁོར་བའི་གནས་ནས་འདོན་པའི་ཕྱིར། །ལས་ངན་ལས་རྒྱུན་གཅད་པར་བྱ། །དངོས་པོར་སྨིན་པའི་སྡིག་པ་འདི། །རྡོ་རྗེ་ནམ་མཁའི་མཚོན་གྱིས་བསད། །ཤར་ཕྱོགས་ལམ་སྒོའི་འཇིག་རྟེན་ན། །ཡང་དག་ཐར་ ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་གདོལ་པ་ཅན། །ཁྱོད་ནི་དེ་བཞིན་ཉིད་ལ་སྒྲིབ། །ཡང་དག་ངེས་པའི་བློ་གྲོས་ཀྱིས། །ཁུངས་བཅད་རྩད་བཅད་བདག་ལས་བྱུང་། །བདག་འཛིན་བདག་གི་རྟོག་པ་ཡི། །ཕྱིན་ཅི་ལོགས་སྟོབས་བརྩོན་འགྲུས་ཀྱིས། ། གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོག་ཡིན་པས་ན། །བདག་མེད་ནམ་མཁའི་སྟོབས་ཀྱིས་གཞོམ། །དབང་སྒྱུར་གནོན་པའི་ཐབས་ཆེན་དང་། །གཅོད་པ་མངོན་པའི་མཐུ་ཅན་དང་། །གཟིར་བའི་བྱིན་གྱི་བརླབས་ཅན་གྱིས། །དུས་ གསུམ་བགེགས་ཀྱི་བདག་པོ་ནོན། །ཨ་ན་ཡ། མ་ཧཱ་ཤཱུ་ནྱ་ཏཱ། ཨ་ཀོ་ཏ་ཡ་ནཱྃ། སརྦ་པཱ་པཾ་མ་ཏང་ཁ་རུ་ཏྲ་ནཾ། སརྦ་པཱ་པཾ་ཁ་ཊྭཱཾ་ཀ་རུ་ཏྲ་ནྃ། ཐམས་ཅད་སྟོང་ཉིད་མ་སྐྱེས་པས། །བསད་པས་བསད་པ་མེད་པའི་ཕྱིར། །སྒྱུ་མ་སྦྱོང་བའི་ཆོ་འཕྲུལ་འདི། ། སྙིང་རྗེ་ཆེན་པོའི་དམ་ཚིག་གོ། །ངེས་པར་བསད་པའི་དམ་ཚིག་འདི། །དོན་སྟོན་བསད་པ་མ་ཡིན་ཏེ། །རྣམ་ཤེས་གཟུགས་བྲལ་རྡོ་རྗེར་བྱ། །དེ་ཉིད་སླར་ཕབ་དམ་ཚིག་མཆོག །རྣམ་ཤེས་ཧཱུྃ་གིས་བསྡུས་ནས་ནི། །ཁོ་ན་དེ་ཉིད་གཟུགས་ལ་དབབ། ། སྔོན་དུ་གནས་པའི་ཚུལ་བཞིན་དུ། །མཉམས་བདེ་བ་ཆེན་པོར་སྦྱངས། །རོ་ལངས་རྡོ་རྗེ་དམ་ཚིག་འདི། །རྒྱལ་བ་ཀུན་གྱི་ཐུགས་དམ་སྟེ། །རྡོ་རྗེ་མཚོན་གྱིས་གང་བསད་པ། །སྲོག་ནི་ལོག་རྟོག་རྡོ་རྗེར་ཤི། །ནམས་ཀྱང་ལྡང་བའི་དུས་མེད་པས། །སླར་སྐྱེ་བ་ དག་ག་ལ་ཡོད། །རྣམ་ཤེས་གཟུགས་དང་མ་བྲལ་ན། །འཁོར་བའི་གནས་ལས་རྣམ་ཐར་འཕགས། །འཆི་མེད་རྡོ་རྗེ་བྱང་ཆུབ་སེམས། །སྟོང་ཉིད་ཡེ་ཤེས་བདུད་རྩིའི་ཆུ། །དུག་ཆེན་འཐུངས་པ་ཀུན་གྱི་གསོས། །ཤི་བ་ཀུན་སློང་སྨན་པའི་མཆོག །ལང་ ཀའི་བདག་པོ་དེ་སྐད་ཅེས་བཀའ་སྩལ་པས། །རུ་ཏྲ་ནག་པོ་རྒྱུད་ཡོངས་སུ་བྱང་སྟེ་ལྷག་པའི་དོན་ངེས་པར་མཐོང་ངོ་། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་རྒྱུད་ཡོངས་སུ་སྦྱངས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་དེ་ཉིད་དུ་ངེས་པར་ ཕྱོགས་པའི་ཕྱིར་ཞབས་ཀྱི་འཁོར་ལོ་སྤྱི་བོས་བཏེགས་པའི་འདུན་པས་འདུན་ནས། འདི་སྐད་དུ་ཐམས་ཅད་དུ་བརྒྱུད་པ་རྣམ་པར་གྲགས་པ་སངས་རྒྱས་ཀུན་གྱི་དགོངས་པ་བསྐུལ་བ་ཞེས་བྱ་བའི་གླུ་འདིས་རྣམ་པར་བསྐུལ་ལོ། །ཨོྃ་ཆོས་ཀུན་རང་བཞིན་དག་པས་ན། ། བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིག་མཆོག་བདག་ཉིད་ནི། །སེམས་ཅན་འབྱམ་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་ བདག་སྐྱེད་ཅིག །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པའི། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་ གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་བདག་སྐུར་ཅིག །བདག་ནི་རྡོ་རྗེས་མངོན་དུ་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་དེང་ཉིད་བདག་དབང་བསྐུར། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་སྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་ རྒྱལ་པོར་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །གྲུབ་པ་ཕུན་སུམ་དབང་སྐུར་ཅིག །ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །དོན་ཀུན་རྡོ་རྗེ་ཉིད་དུ་གསལ། ། འདི་ནི་སངས་རྒྱས་གསུང་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་བསྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་བདག་གིས་བཅང་བར་བགྱི། །ཧཱུྃ་རྡོ་རྗེ་སེམས་དཔའི་དམ་ཚིག་དམ་པ་སྲུང་། །ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྤྱོན། །རིག་པའི་ རྒྱལ་པོ་བདག་ལ་བརྟན་པར་དགོངས། །གསང་བའི་དབང་ཕྱུག་བདག་ཉིད་གསོ་བར་གསོལ། །རྟོགས་པ་མཆོག་སྦྱིན་བདག་ལ་དགྱེས་པ་སྐྱེད། །འདོད་པ་ཀུན་ཞེན་བདག་ལ་ཆགས་པར་མཛོད། །དང་པོ་སངས་རྒྱས་མཉམ་ཉིད་ཐུགས་རྗེ་ཅན། །ལས་རྣམས་ཀུན་ལ་ བདག་སེམས་དགེ་བར་སྒྱུར། །དུས་གསུམ་བདེར་གཤེགས་བདག་གནས་ཐམས་ཅད་དུ། །རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔའ་བསྒྲུབས། །དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེས་བདག་ཡང་གཏན་དུ་མ་བཏང་ཞིག །ཀྱེ་རྡོ་རྗེ་ཆོས་དབྱིངས་ ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་མོ་སྟེ། །མ་ལུས་ཀུན་གྱི་འབྱུང་གནས་མཆོག །བདེ་བ་མཆོག་གི་དམ་པ་ལགས། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་སྐྱེད་མཛད་མ། །སེམས་ཅན་དོན་བསྒྲུབས་ཕྲིན་ལས་ལ། །ཐུགས་རྗེ་མཉམ་ སྦྱོར་གྲུབ་པར་མཛོད། །སངས་རྒྱས་ཡོན་ཏན་ཀུན་འབྱུང་ཕྱིར། །རིན་ཆེན་རྡོ་རྗེ་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །ལས་ཀྱི་རྡོ་རྗེ་བྱེད་གྱུར་ཅིག །ས་མ་ཡ་ཧོ་ཞེས་དམ་ཚིག་ཉེ་བར་བླངས་སོ། །ས་མ་ཡ་སྟྭཾ། ཞེས་དམ་ཀུན་དུ་བཅས་སོ། །དེ་ནས་ ཡང་དག་དངོས་མིན་པའི། །རྡོ་རྗེ་སྨེ་བ་བརྩེགས་པའི་སྲས། །བདུད་འདུལ་རྡོ་རྗེ་སྲིན་པོ་དེས། །རྡོ་རྗེ་ཤུགས་ཀྱི་དམ་པ་བྱིན། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མ་ཎ་ཌ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་རཾ་ཞེས་གདུལ་སྦྱོང་དྲག་པོའི་དཀྱིལ་འཁོར་དུ་སྦྱངས་སོ། །ཏ་ཀེཾ་ཏ་ ཀེཾ་ཕཊ། ཧ་ལ་ཧ་ལ་རྃ། ཏཱིཀྵྞ་ཏཱིཀྵྞ་ཁཾ་ཀྲོ་དྷ་ཀྲོ་དྷ་ཡཾ་ཞེས་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་སོ། །ཨོཾ་ཞེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཅུག་གོ། །མུཾ་ཞེས་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་བཞུགས་སོ། །ཧཱུྃ་ཞེས་རྩ་བ་བྱང་ཆུབ་སེམས་ཀྱི་ དཀྱིལ་འཁོར་དུ་གནས་སོ། །ཨི་དན་ཏི། ན་ར་གན་ཏེ། བ་རི་ཧྲྀ་ད་ཡེ། ནཱ་མ་བསྟི་ནཱཾ། ས་མ་ཡ་རཀྵ་སི། སི་ཏི་པི་ན་བཛྲ། ཨ་མྲྀ་ཏོ་ཏ་ཀཾ་ཞེས་དམ་ཚིག་དམ་པ་བྱིན་ནོ། །ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དམ་པ་བྱིན་ནོ། །ཨོཾ་བཛྲ་ཨ་མྲྀ་ཏ། ཨེ་ ཧྱེ་ཧི་སརྦ་མ་ན་ཧཱུྃ་ཧྲཱི་ཐ་ཞེས་དབང་དམ་པ་བྱིན་ནོ། །དེ་ནས་ཡང་ལས་ཀྱི་སྲིན་པོ་དེས་རང་གི་རིས་ཀྱི་ལྷ་ལ་གསོལ་བ་བཏབ་པ། སྔོན་ཚེ་གོང་ནས་འབྲེལ་བ་ཡི། །བདག་གི་ཉེ་གནས་གང་ལགས་པ། །ལས་འཕྲོ་དང་ནི་ཐུགས་རྗེ་ཡིས། །ད་ལྟ་ཉིད་དུ་འབབ་པར་ཤོག ། ཅེས་བསྐུལ་པས། དཔལ་རྡོ་རྗེ་སེམས་དཔའ་ནམ་མཁའི་དབྱིངས་ནས་ཉི་མའི་དཀྱིལ་འཁོར་ཧཱུྃ་གི་སྙིང་པོ་འོད་ཟེར་དང་བཅས་པས་ཁོ་ན་ཉིད་ཀྱི་སྙིང་གར་ཐིམ་པས་རང་གི་རིས་དམ་པ་ཉིད་དུ་ངེས་པར་གྱུར་ཏོ། །ཧྃ་ཞེས་མཐོང་བ་ཡོངས་སུ་དག་སྟེ་ཐམས་ཅད་མ་འདྲེས་ པ་དང་ཡོངས་སུ་རྫོགས་པར་མཐོང་ངོ་། །རྡོ་རྗེ་ཞེས་མིང་བཏགས་ནས། རྡོ་རྗེ་ཐེག་པའི་གསང་སྒོར་བཞག་གོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་སངས་རྒྱས་ཀུན་གྱི་དགོངས་པ་བསྐུལ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ ལས་ཀྱི་སྲིན་པོ་དེའི་ཉེ་གནས་འདུས་པའི་ཚོགས་ཕལ་པོ་ཆེ་རྣམས་རང་རང་གི་ལས་དག་པ་དང་། །སངས་རྒྱས་མང་པོ་མཐོང་བ་དང་། བྱིན་རླབས་ཀྱི་འོད་ཟེར་གྱིས་རྒྱུད་སྦྱངས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་རྒྱུད་དང་། སྐྱེ་བ་སྔ་ཕྱི་མཐའ་ཡས་པ་ དུས་གཅིག་ཏུ་གཤེགས་པར་འགྱུར་ཏེ། ཐེ་ཚོམ་ཆད་པའི་སྒོ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཤིན་ཏུ་ངུས་ནས་སྨྲེས་ཏེ་གསོལ་པ། གར་གྱི་དབང་ཕྱུག་གསན་ཅིང་དགོངས་སུ་གསོལ། །བདག་ཅག་རུ་ཏྲའི་མཐའ་ལ་ཞེན་པ་རྣམས། །ལུས་ དང་ལས་ཀྱི་འཁོར་བའི་དྲ་བ་འདི། །བཀའ་ཡི་གཏན་ཚིགས་ཞིབ་མོས་མ་བཀྲོལ་ཞིང་། །ཤེས་རབ་ཟབ་མོ་དམིགས་བུས་མ་ཕྱེ་བས། །རང་རིག་ཡེ་ཤེས་བློ་དང་མི་ལྡན་ཞིང་། །ངེས་པར་ལེགས་པའི་གྲོས་ཀྱིས་མཆོད་དེ། །གར་ཐབས་གློག་གི་ཞགས་པས་མ་ ཟིན་པས། །རྣམ་ཤེས་ལས་ཀྱི་རྒྱ་མཚོའི་དབས་བསྒྲིབས་ཏེ། །དེ་ཉིད་དེ་བཞིན་ཉིད་དུ་ངོ་མ་འཚལ། །གཏི་མུག་རང་སེམས་བདག་ཏུ་བཟུང་བས་ནོངས། །ཤིན་ཏུ་འགྱོད་པས་གནོང་པའི་ཚུལ་བཟུང་བས། །དཔའ་བོ་ཆེན་པོ་ཁྱོད་ལ་སྐྱབས་སུ་མཆི། །དངོས་པོ་སྦྱང་ ཕྱིར་བདག་ལུས་གདན་དུ་དབུལ། །ཐབས་མཁས་ཐུགས་རྗེས་ལུས་འདི་བཞེས་སུ་གསོལ། །ཞེས་རང་གི་ལུས་ཞབས་ཀྱི་གདན་ཁྲིར་ཕུལ་ལོ། །དེ་ནས་འགྲིན་ནག་པོ་ལ་སོགས་པ་ཀླུ་ཆེན་པོ་རྣམས་ཀྱིས་ངུས་ནས་སྨྲེས་ཏེ་གསོལ་པ། གཟི་བརྗིད་རྒྱལ་པོ་མངའ་ བདག་དགོངས་སུ་གསོལ། །སྲིད་པའི་དྲ་བར་འཁྱམས་པ་བདག་ཅག་རྣམས། །བཅིང་བ་ལྔ་ཡིས་ཀུན་དུ་བཅིངས་གྱུར་པ། །སུས་ཀྱང་མ་བཅིངས་བཅིང་བར་བྱེད་མེད་དེ། །བདག་ཏུ་འཛིན་པའི་རྣམ་རྟོག་ལས་ཀྱིས་བཅིངས། །སྣ་ཚོགས་ལུས་དང་འདུ་ཤེས་ གནས་ལ་སོགས། །བདག་འཛིན་གྲོང་ཁྱེར་གསུམ་གྱི་བཙོན་ར་འདིར། །འཁོར་བའི་བཙོན་ཆས་རྣམ་ཤེས་བཅིངས་པ་ལ། །བདག་ཏུ་འཛིན་པའི་མདུད་པ་མ་བཀྲོལ་བས། །ཀུན་དུ་བཅིངས་པའི་མདུད་པ་རྒྱུན་མི་འཆད། །མི་ཤིགས་དགྲོལ་བར་དཀའ་ཡི་ སྡུག་བསྔལ་ལས། །ཐུགས་རྗེའི་མདུད་དགྲོལ་ཐབས་ཀྱིས་དགྲོལ་དུ་གསོལ། །ཞེས་ལུས་སྐུའི་རྒྱན་དུ་ཕུལ་ལོ། །དེ་ནས་སྲིན་པོའི་རྒྱལ་པོ་ཤ་ཏྲང་གསེང་བུ་ལ་སོགས་པ་རྣམས་ཀྱིས་ཤིན་ཏུ་ངུས་ནས་སྨྲེས་ཏེ་གསོལ་པ། དཔའ་བོ་སྒེག་པོ་ཆེན་པོ་དགོངས་སུ་ གསོལ། །མྱ་ངན་གླིང་དུ་འཁྱམས་པའི་བདག་ཅག་རྣམས། །མེ་ཆེན་འབར་བས་གདུངས་ཤིང་སྲེག་འགྱུར་བ། །སུས་ཀྱང་མ་བསྲེགས་སྲེག་པར་བྱེད་མེད་དེ། །མི་ཟད་རྣམ་སྨིན་དྲག་པོ་ཉིད་ལས་བྱུང་། །ཞེ་སྡང་འབར་བས་རང་རྒྱུད་ བསྲེགས་པ་ལ། །བདག་འཛིན་ཁོང་ནས་འབར་བ་མ་བསད་པས། །ཀུན་དུ་སྲེག་ཅིང་གདུང་བ་རྒྱུན་མི་འཆད། །མི་ཟློགས་ཞི་བར་དཀའ་བའི་སྡུག་བསྔལ་ལས། །ཐུགས་རྗེ་བསིལ་བའི་ཆར་རྒྱུན་དབབ་ཏུ་གསོལ། །ཇི་ལྟར་ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །དེང་ ནས་བཟུང་སྟེ་དཔའ་བོའི་འབངས་སུ་མཆི། །ཞེས་སོ་སོའི་ཐོད་པ་ཁྲག་གིས་བཀང་བ་བསྟབས་སོ། །དེ་ནས་ལོག་སྲེད་ཅན་གྱི་ཚོགས་ཀྱིས་ཤིན་ཏུ་