Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 091_རྒྱུད་འབུམ།_བ
Văn bản gốc(Tây Tạng)
Trang 17 / 18 (50.000 ký tự/trang)
།དགྲ་དཔུང་ཕྱོགས་སུ་བསྟན་ན་ནི། །དགྲ་གཡུལ་ཤིན་ཏུ་ཉེས་པར་འགྱུར། །བལ་བུ་འབྲས་བུ་སྔགས་རེར་བཅས། །བལ་བུ་ལེ་ལ་བརྒྱ་རྩ་བརྒྱད། །སྐུ་ཡི་དྲུང་དུ་ བསྲེགས་པས་ནི། །མི་ཡམས་ཕྱུགས་ནད་ཐམས་ཅད་འཆད། །སྐུད་པ་གཙང་མ་མདོག་དམར་པོ། །སྔགས་རེ་བཏབ་པའི་མདུད་པ་བདུན། །ཞལ་གཅིག་སྟེང་ཞལ་བཏགས་ནས་ནི། །ནད་པ་ལ་བཏགས་རིམས་ནད་ཞི། །སྔགས་རེ་མདུད་པ་ཉི་ཤུ་གཅིག ། མདུན་ཞལ་སྟེང་བཞག་བླངས་བཏགས་པས། །མཁའ་འགྲོ་འབྱུང་པོ་རོ་ལངས་གདོན། །དྲག་པོས་ཟིན་པ་འཇོམས་པར་བྱེད། །གལ་ཏེ་དེས་ཀྱང་མ་སོས་ན། །མདུད་རེ་བརྒྱ་རྩ་བརྒྱད་བརྗོད་ནས། །ཞལ་གཅིག་མདུན་ཞལ་དབུར་བཏགས་ཏེ། །བླངས་ཏེ་བཏགས་ ན་ངེས་པར་གྲོལ། །སྡུག་བསྔལ་ནད་པ་ཡུན་རིངས་གདུངས། །ཁྱིམ་དུ་འདྲེ་གདོན་འཇིགས་ཞུགས་ནས། །འབྲུ་རེ་སྔགས་རེ་ཐང་འབྲོམ་འབྲས། །སྐུ་མདུན་བརྒྱ་རྩ་བརྒྱད་གྲངས་ཏེ། །གོང་ལྟར་བསྒྲུབས་པའི་སྐུད་པ་ཡང་། །ལུས་ལ་བཏགས་ན་གྲོལ་བར་ ངེས། །མི་མཛའ་བ་དང་འཁྲུག་པ་དང་། །བྱད་སྟེམས་དྲག་པོ་བཟློག་པ་ལ། །སྐུ་ལ་སྤོས་དང་མེ་ཏོག་མཆོད། །བི་ནཱ་ཡ་ཡི་གཟུགས་མདུན་དུ། །བྲ་བོའི་འབྲས་བུ་དགྲ་མིང་བསྲེག །སྔགས་རེ་མདུད་པ་བརྒྱ་རྩ་བརྒྱད། །མདུད་ལྡན་གཡོན་གྱི་ཁྲོ་ཞལ་གདགས། ། ཞག་བཞི་ལོན་ནས་སྐུ་ལས་དགྲོལ། །མདུད་པ་རེ་རེའི་བར་དུ་ནི། །སྔགས་རེ་བརྗོད་ཅིང་བཅང་བར་བྱ། །བདག་ལ་སྡང་བྱེད་སྐྱབས་སུ་འོང་། །རྫས་དང་སྔགས་ཀྱི་ནུས་པའོ། །བརྩོན་པའི་བར་ཆད་བསལ་བ་ནི། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །མདུད་རེ་སྔགས་རེ་བརྒྱ་ རྩ་བརྒྱད། །མདུད་ནས་མདུད་བཞག་སྟེང་བཏགས་པ། །ཞག་གཅིག་ལོན་དགྲོལ་ལུས་བཏགས་ན། །ལས་རྣམས་བཀྲ་ཤིས་ཚུལ་དུ་འགྲུབ། །གང་ཞིག་བསྒྲིབས་པའི་གཤེགས་ལྡན་པས། །ལས་གང་འདོད་བཞིན་མི་འགྲུབ་ཅིང་། །དུས་དུས་བཀྲ་མི་ཤིས་བྱུང་ན། ། གཙང་སྦྲ་བུམ་ཆུ་བཟང་པོ་གཉིས། །བརྒྱ་རྩ་བརྒྱད་བགྲངས་རེ་རེ་བརྗོད། །དང་པོས་སྐུ་གཟུགས་བཀྲུ་བར་བྱ། །གཉིས་པས་བི་ནཱ་ཡ་ཀ་བཀྲུ། །བརྒྱ་རྩ་བརྒྱད་ཀྱིས་སྔགས་བཏབ་ནས། །རང་ཉིད་དེ་ནས་བཀྲུ་བར་བྱ། །བར་ཆད་བྱང་ནས་འདོད་ཀུན་འགྲུབ། །ཅི་ལྟར་ སྤྲུལ་པའི་གདོན་བསལ་ཕྱིར། །བྱི་ལའི་མགོ་རུས་ཐལ་བ་དང་། །ས་བཟང་ཆུ་གཙང་སྦྲུས་པའི་ས། །བྱི་ལ་ཡི་ནི་གཟུགས་བྱས་ཏེ། །སྐུ་ཡི་མདུན་དུ་བཞག་ནས་ཀྱང་། །ཁྲོ་ཞལ་གཡོན་པར་སྲད་བུས་གདགས། །རྟ་མགྲིན་སྔགས་ནི་སྟོང་ཕྲག་བྲབ། ། གཟུངས་བརྒྱ་བཟླས་པའི་རལ་གྲི་ཡིས། །དུམ་བུ་བརྒྱ་རྩ་བརྒྱད་དུ་གཏུབ། །དུམ་བུ་རེ་རེ་སྔགས་རེ་དང་། །དོང་གི་ནང་དུ་དོར་བར་བྱ། །དེ་དག་གནོད་པ་གཏན་དུ་སེལ། །མིག་ནད་སྣ་ཚོགས་མ་རུངས་ལ། །འབྲས་བུ་གསུམ་པ་ཞིབ་ཏུ་བཏགས། །སྦྲང་ དཀར་ཁྱེའུ་འཚོ་ནུ་ཞོར་བཅས། །བུ་བཙས་གསར་པའི་བུད་མེད་དང་། །ཁྱི་ཕག་དག་གིས་མ་མཐོང་བྱས། །ཐུམ་པོ་འཛུམ་པའི་ཞལ་ལ་བཏགས། །སྔགས་སྟོང་བཟླས་ནས་སྦྱར་བ་དེས། །མིག་ཏུ་བླུགས་ན་མིག་འབྲས་སྐྱེ། །མིག་ནད་ཐམས་ཅད་སེལ་བར་ བྱེད། །མིག་རྣོན་དག་ཀྱང་འཐོབ་པར་འགྱུར། །ལྷག་མ་མ་ཡིན་ཁྲོན་པའི་ཆུས། །ག་བུར་གུ་གུལ་ཆ་མཉམ་བསྐོལ། །ཁྱོར་གང་བལྡག་པར་འགྱུར་བ་དེ། །རྩ་བའི་ཞལ་གདངས་སྔགས་སྟོང་བཟླས། །བཀྲོལ་ནས་རིལ་བུ་བྱས་མིད་ན། །ཧ་ལ་ཧ་ ལའི་དུག་འཇོམས་འགྱུར། །གླང་པོ་དཀར་པོའི་གིའུ་ཝང་ནི། །མཐིང་བུམ་བཞག་ནས་སྐུ་ཡི་མདུན། །སྟོང་རྩ་བརྒྱད་བཟླས་ཡན་ལག་བསྐུལ། །དཔྲལ་བར་ཐིག་ལེ་བྱས་གྱུར་ན། །ལྷ་ཀླུ་འབྱུང་པོ་མི་རྣམས་དགའ། །ཁྱོ་ཤུག་མི་མཐུན་བརྟགས་པ་ལ། །དུར་ པའི་མཇུག་སྒྲོ་སྐུའི་མདུན་དུ། །སྟོང་བཟླས་ལག་ཏུ་བླངས་ན་འདུམ། །ཆུ་སྐམ་པ་འམ་ཆར་མེད་ན། །ལིང་གའི་དྲུང་དུ་སྐུ་བཞུགས་ལ། །ཆེར་མཆོད་ནས་ནི་སྐུའི་མདུན་དུ། །སྟོང་བརྗོད་ཆུར་སྐྱེས་ཆར་ཆེན་འབེབས། །གང་ཞིག་ཆར་ཆེ་རིང་ འདོད་ནི། །འགོག་པར་སྙོམས་ཞུགས་ཕྱག་རྒྱ་བཅིང་། །སྐུ་ཡི་མདུན་དུ་རྟག་པར་ནི། །ཨ་ཀ་རུ་ནག་བདུག་པ་སོགས། །མཆོད་པས་རྒྱུན་དུ་མཆོད་བྱ་ཞིང་། །བརྒྱད་ནས་ཉ་བར་སྔགས་སྟོང་བརྗོད། །མིག་གི་མངོན་ཤེས་བསྒྲུབ་པའི་ཕྱིར། །དྲི་ཞིམ་ དཀྱིལ་འཁོར་གྲུ་བཞི་ལ། །རྒྱལ་མཚན་བ་དན་ཁ་དོག་བཞི། །བླ་རེ་ཡོལ་བ་དཀར་པོ་ཡི། །དབུས་སུ་པདྨ་ལྔ་བྲིས་ཏེ། །རིང་བསྲེལ་ལྡན་པའི་སྐུ་གདུང་བཞུགས། །ཙནྡན་དཀར་པོའི་དྲི་ཆུ་དང་། །བདུག་པས་རྒྱུན་དུ་མཆོད་པར་བྱ། །བ་མདོག་སེར་ སྐྱའི་མར་གྱི་ནི། །སྒྲོན་མེའི་ཕྲེང་བས་མཆོད་པར་བྱ། །མན་ཤི་རི་ཀ་ཀུ་ཤུ་དང་། །པདྨ་དམར་དང་སྔོན་པོ་དང་། །རྒྱ་མཚོ་ཆབ་ཀྱི་དབུ་བ་དང་། །ཉ་རྐུན་ནག་པོའི་སྨྱུ་གུ་དང་། །མ་བརླབས་པ་དང་གུ་གུལ་དང་། །ཀུ་བ་ནས་དང་གིའུ་ཝང་དང་། །གུར་ གུམ་དམར་དང་སེར་པོ་དང་། །ཚ་བ་གསུམ་དང་ཆ་མཉམ་བརྡུངས། །དེ་རྣམས་ཕྱེད་ཚད་གླ་རྩི་དང་། །ག་བུར་སྩལ་ནས་རེ་རེའི་ཚད། །སྔགས་ནི་སྟོང་ཕྲག་རེ་རེའི་གྲངས། །སྐུ་ཡི་མདུན་དུ་བརྗོད་པར་བྱ། །དེ་ནས་དཀྱིལ་འཁོར་དབུས་བཞག་ནས། །སྔགས་ ཁྲིར་བཅས་ཏེ་ཉ་ལ་ནི། །ཟངས་ཀྱི་ཟ་མ་ཏོག་ཏུ་སྩལ། །སྐུ་ཡི་སྟེང་ཞལ་བཏགས་ནས་ནི། །མཆོད་པ་བྱས་ནས་གསོལ་བ་གདབ། །འཁར་བའི་ཐུར་མས་མིག་ཏུ་སྩལ། །ལིང་ཐོག་གམ་ནི་མཆི་མ་འཛག །སྤྲིན་དཀར་སྤྲིན་དམར་གཡོས་པ་དང་། །ཀླད་པ་ ན་དང་མིག་ནད་དང་། །གློ་བུར་ལོང་དང་ཐིབས་པ་སེལ། །ཉིན་གཉིས་བསྐུས་ན་ལུས་ཀྱི་ནད། །བཞི་བརྒྱ་རྩ་བཞི་སེལ་བར་འགྱུར། །གསུམ་པ་གདོན་རྣམས་འབྲོས་པར་འགྱུར། །བཞི་པས་སྒྲིབ་པ་ཐམས་ཅད་བྱང་། །ལྔས་ནི་རྩོད་པའི་གཡུལ་ལས་རྒྱལ། །དྲུག་ པས་རྨི་ངན་བྱད་སྟེམས་སེལ། །བདུན་པས་གློ་བུར་འཆི་བ་མེད། །བདུན་ཕྲག་གཉིས་ཀྱིས་དབང་ཕྱུག་འཐོབ། །གསུམ་གྱིས་འབྱུང་པོ་དབང་དུ་འགྱུར། །བཞི་པས་གནོད་སྦྱིན་ལྔ་པས་ཀླུ། །ལྔ་པས་ལྷ་མི་སྲིན་པོ་རྣམས། །དྲུག་པས་མཁའ་ལྡིང་རི་བདུན་ལྷ། །བདུན་ པས་ནག་པོ་ཆེན་པོ་འགྲུབ། །བརྒྱད་པས་མ་མོ་དགུས་གཏེར་མཐོང་། །བཅུ་པས་འགྲོ་བའི་སྨན་པར་འགྱུར། །བཅུ་གཅིག་ལྷ་མོའི་ཁང་པར་ཕྱིན། །བཅུ་གཉིས་རིག་འཛིན་དྲང་སྲོང་ཁྱིམ། །བཅུ་གསུམ་ཀླུ་ཡི་ཁང་པར་ཕྱིན། །བཅུ་བཞི་སུམ་ཅུ་གསུམ་པའི་གནས། ། བཅྭ་ལྔ་མཚན་མོ་ཀུན་མཐོང་སྟེ། །བཅུ་དྲུག་ཁམས་གཏེར་མཐོང་བར་ངེས། །བཅུ་བདུན་རྡོ་རྗེ་ས་གཞི་དང་། །རླུང་གི་དཀྱིལ་འཁོར་ཐོགས་པ་མེད། །བཅྭ་བརྒྱད་པ་ནི་ཉི་ལྟར་མགྱོགས། །བཅུ་དགུ་རྒྱལ་སྲས་ཀུན་མཐོང་འགྱུར། །ཉི་ཤུས་སྤྱན་རས་གཟིགས་ཉིད་ཀྱིས། ། ལུང་བསྟན་དམ་ཆོས་བཤད་པར་འགྱུར། །ཉི་ཤུ་གཅིག་གིས་གཟུགས་ཁམས་ཕྱིན། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ལོ་གཅིག་གིས་ནི་སངས་རྒྱས་ཀྱི། །ཞིང་ཁམས་དུ་མར་ཕྱིན་པ་དང་། །དམ་ཆོས་ཉན་དང་ཞིང་སྤྱོད་འགྱུར། །མིག་སྨན་སྦྱོར་བ་བླ་མེད་འདི། ། སངས་རྒྱས་མུ་སྟེགས་ཅན་ལ་གསང་། །དེ་ནས་གཞན་ཡང་བཤད་བྱ་བ། །སྣ་ཚོགས་སྨན་གྱི་སྦྱོར་བ་ཡིས། །བདག་དང་འགྲོ་བ་མ་ལུས་པའི། །འདོད་པའི་དོན་ཀུན་འགྲུབ་བྱེད་ཉོན། །ག་བུར་གླ་རྩི་གིའུ་ཝང་དང་། །གུར་གུམ་ཛཱ་ཏི་ལི་ཤི་དང་། །ཀ་ཏན་ལ་དང་སུག་ སྨེལ་དང་། །ཙནྡན་དཀར་དང་པདྨ་དང་། །གསེར་གྱི་མེ་ཏོག་ཨུཏྤལ་སྔོ། །རེ་རེ་ལ་ཡང་སྔགས་སྟོང་བཟླ། །སྦྲང་རྩི་དཀར་པོ་ལྷན་ཅིག་སྦྲུ། །དཀྱིལ་འཁོར་དབུས་སུ་སྐུ་ཡི་ཞལ། །དབུ་མ་ལ་ནི་གདགས་བྱ་སྟེ། །ཚེས་གཅིག་ནས་ནི་བཅུ་བཞིའི་བར། །ཉིན་རེ་སྔགས་ སྟོང་བརྗོད་པར་བྱ། །མཆོད་པ་རྒྱ་ཆེར་མཆོད་པར་བྱ། །བསྟོད་དང་གསོལ་བ་གདབ་པར་བྱ། །དགེ་སློང་དགེ་ཚུལ་དགེ་བསྙེན་གང་། །བཅྭ་ལྔའི་ཉིན་པར་ལྔ་སྟོང་བཟླ། །དེ་ནས་གཙང་མའི་སྣོད་བཞག་སྟེ། །དགོས་པ་གང་དང་གང་ལ་ཡང་། །ལྷ་ནི་དེ་དང་དེ་དག་ སྦྱར། །གང་ལ་བགེགས་ཀྱིས་གནོད་གྱུར་ནས། །པདྨ་གར་གྱི་སྔགས་ཀྱིས་བདུན། །འགོ་བའི་ནད་ཡམས་བསལ་བ་དང་། །ཧ་ལ་ཧ་ལའི་སྔགས་བཟླས་པས། །གོས་ལ་སོགས་པ་བདུག་པར་བྱ། །གཞན་དག་དགའ་བར་འདོད་པས་ནི། །ཡིད་ བཞིན་ནོར་བུའི་ཕྲེང་སྔགས་ཀྱིས། །མིག་གི་སྟེང་དུ་བྱུག་པར་བྱ། །རྒྱལ་པོ་རྒྱལ་མོ་ལ་སོགས་པ། །ཕོ་མོ་དབང་དུ་བྱ་འདོད་ན། །རྡོ་རྗེ་ཆོས་ཀྱི་ཕྲེང་སྔགས་ཀྱིས། །དཔྲལ་བར་ཐིག་ལེ་བྱ་བའོ། །མཛེ་ལ་སོགས་པའི་ནད་ལ་ནི། །སེང་གེ་སྒྲ་ཡི་ཕྲེང་ སྔགས་ཀྱིས། །ལུས་ལ་རེག་པ་བདེ་བར་བྱུག །ལོང་དུ་ཞུགས་པའི་ནད་ལ་ནི། །ཧ་རི་ཆེན་པོའི་སྔགས་དང་ཆུས། །རང་གི་ཁོང་དུ་བཏུང་བར་བྱ། །བྱད་སྟེམས་རིག་སྔགས་བཟློག་པ་ལ། །དོན་ཡོད་ཞགས་པའི་སྔགས་ཀྱིས་བདུག །དུག་ནད་སེལ་ལ་མགྲིན་ སྔོན་ཏེ། །སྒྲིབ་པ་སྦྱོང་བའི་དོན་དུ་ནི། །གདོང་བཅུ་གཅིག་པ་ཉིད་ཀྱིས་སྦྱར། །རྒྱལ་སྲིད་ཐོབ་པར་བྱེད་པ་ནི། །མགོན་པོ་པདྨ་རྒྱན་ལུང་ངོ་། །དེ་ནས་སྦྱོར་བ་བཤད་བྱ་བ། །འབྱུང་པོ་ཤ་ཟ་མཁའ་འགྲོ་དང་། །ལུས་སྲུལ་པོ་དང་བརྗེད་བྱེད་ཀྱིས། །ཉིན་གཅིག་ ནས་ནི་ཉིན་བདུན་བར། །གློ་བུར་བ་ཡི་རིམས་རྣམས་དང་། །རྟག་པའི་རིམས་དང་དྲག་པོའི་རིམས། །བརྟུན་བྱེད་ལ་སོགས་རིམས་རིགས་དང་། །གློ་བུར་བ་དང་རྟག་པའི་གདོན། །ནད་དྲག་པོ་ནི་ཇི་སྙེད་དང་། །དུག་རིགས་རིམས་དང་ལྦ་བ་དང་། །འབྲས་དང་ ལྷོག་པ་མེ་དབལ་དང་། །ཤུ་བ་རྔོ་དང་འབྲུམ་བུའི་རིགས། །ཕོལ་མིག་མེ་དབལ་བལ་ལྡོག་སོགས། །མངོན་དུ་གང་དང་གང་སྣང་ལ། །སྔགས་སྟོང་བཟླས་པའི་འཇིམ་པ་ནི། །སྐུ་ཞལ་དབུས་ལ་བཏགས་ནས་ནི། །མཆོད་པས་མཆོད་དེ་སྔགས་ཁྲི་བརྗོད། །ཚེས་ གཅིག་ནས་ནི་ཚེས་བརྒྱད་བར། །གསོལ་བ་ཡང་ནི་གདབ་བྱས་ནས། །ཚེས་དགུའི་སྔ་དྲོ་དགྲོལ་བར་བྱ། །བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད། །དྲི་བཟང་བྱུགས་པས་ནད་རྣམས་སེལ། །ཆོ་ག་དེ་ལྟར་ལྡན་པས་ནི། །སྣ་ནད་རུ་རྟ་འབྲུ་མར་བྱུག །ཡང་ན་གྲེ་བར་སྔགས་ བཅས་གདགས། །བྱིས་པ་གདོན་གྱིས་ཉེན་པ་ལ། །འབྲུ་མར་རམ་ནི་སྲད་བུ་བྱ། །དུད་འགྲོ་ལ་ནི་ཆུ་ཉིད་དམ། །ཡང་ན་སྲང་བུ་བྱ་བ་སྟེ། །རྩི་མར་དག་གིས་མཆོག་ཏུ་འགྱུར། །སྦྱོར་རྣམས་གང་དང་གང་ལ་ཡང་། །སྐུ་བྱད་མཚན་དཔེ་ལྡན་པ་ནི། ། མེ་ལོང་ནང་གི་གཟུགས་ལྟར་དམིགས། །གསོལ་བ་བཏབ་པས་འགྲུབ་པར་འགྱུར། །དང་པོ་སྐྱེ་མཆེད་དྲུག་ལྡན་སེམས། །ཐུན་མོང་རིགས་ཅན་སྲ་བའི་ཁམས། །གཉིས་པ་མོས་དང་ལྡན་པ་ནི། །ཐུན་མོང་ཀུན་དུ་ཞུགས་པའི་རིགས། །གསུམ་པ་རིགས་ པའི་རྟགས་ལྡན་པ། །རིག་འཛིན་གསང་སྔགས་འཆང་བའི་རིགས། །བཞི་པ་ལྷག་སེམས་མཐུན་ལྡན་ཞིང་། །གསང་སྔགས་སྔོན་དུ་གྱུར་བ་ཡི། །ལྔ་པ་བླང་དོར་མེད་པའི་སེམས། །དྲུག་པ་བདག་གཞན་དབྱེར་མེད་སེམས། །བདུན་པ་ཆོས་རྣམས་ རྒྱལ་བའི་སེམས། །བརྒྱད་པ་འཕགས་པའི་བདེན་པའི་སེམས། །དགུ་པ་རྟེན་འབྲེལ་ཟབ་སྣང་སེམས། །བཅུ་པ་མཚན་བྲལ་གྲུབ་པའི་སེམས། །བཅུ་གཅིག་མཚན་བྲལ་སྣང་བའི་སེམས། །བཅུ་གཉིས་ཆོས་ཀྱི་སྒོ་ཡི་སེམས། །བཅུ་གསུམ་ལྷག་པར་ འབྱུང་བའི་སེམས། །བཅུ་བཞི་ཤེས་བྱ་མཐར་ཐུག་སེམས། །རྒྱས་དང་གསལ་དང་ཁྱབ་པ་དང་། །རྟག་དང་འགྱུར་མེད་གྱ་ནོམ་པའི། །གནས་སྐབས་བཅུ་བཞིར་རབ་ཏུ་རྟོགས། །སེམས་རྟོགས་གྱུར་ནས་སངས་རྒྱས་ཆོས། །རྒྱུད་ཀུན་དུ་ནི་རྒྱལ་བས་བཤད། ། འོད་ཟེར་ལྕགས་ཀྱུ་ཁྱུད་མོའི་རི་ཡི་བར། །སྤྲོས་པས་ལྷ་འབུམ་ཕྲག་དགེ་ཀུན་སློང་སེམས། །དཀར་པོ་སྐྱེས་ནས་བྱང་ཆུབ་རིན་ཆེན་གླིང་། །ཐོབ་མཛད་བློས་བསྒྱུར་འདི་ནི་ངོ་མཚར་ཆེ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ ཞེས་བྱ་བ་ལས་སྐུ་ལ་རྟེན་པའི་སྦྱོར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་འཇིག་རྟེན་སྐྱོང་བའི་ཚོགས། །རྒྱ་ཆེན་རྣམས་ཀྱི་དཀྱིལ་འཁོར་གྱི། །ཤར་ལྷོ་མཚམས་ན་བཞུགས་པ་ཡི། །ཉ་ན་ཀ་ཞེས་ལ་སོགས་པ། །དྲང་སྲོང་ཚོགས་རྣམས་མགྲིན་ གཅིག་ཏུ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཨོཾ་ཀུན་མཁྱེན་ཡེ་ཤེས་ཉི་ལྟར་ལྷ། །མཚན་དཔེ་དུ་མས་བརྒྱན་མཛད་པ། །བདུད་ལས་རྒྱལ་བ་རྐང་གཉིས་མཆོག །འདྲེན་པ་རྣམས་ལ་ཕྱག་འཚལ་ལོ། །ཞི་བ་ཆགས་བྲལ་ འོད་གསལ་བ། །རྒྱུན་ཆད་མེད་པའི་འཁོར་ལོའི་ཚུལ། །སྐྱེ་རྒ་ན་འཆི་ལས་སྒྲོལ་ཞིང་། །རྣམ་དག་བསྒྲུབ་གསུམ་ཆོས་ཕྱག་འཚལ། །ས་ཆེན་ས་ཆེན་གཞན་རྣམས་ཀྱང་། །ས་ལ་འདྲེན་མཛད་ཚོགས་ཆེན་རྫོགས། །རྒྱུན་མི་འཆད་དུ་སྐུ་འབྱུང་བ། ། ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། །དེ་ནས་རྒྱལ་བ་ཀུན་གྱི་ཡབ། །དབང་ཕྱུག་ཆེན་པོ་མཆོག་གི་ལྷ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །འགྲོ་ལ་ཐུགས་བརྩེའི་སླད་དུ་ནི། །རིག་སྔགས་བླ་ན་མེད་པ་གསུང་། །སྔགས་དེ་ མྱུར་དུ་འགྲུབ་པ་དང་། །སྐོངས་དང་ངག་ལ་སེལ་བའི་ཕྱིར། །མེ་ཡི་ལས་ལ་བརྟེན་པའི་ཕྱིར། །སྦྱོར་བ་རིམ་པ་བཤད་དུ་གསོལ། །དེ་སྐད་གསོལ་ནས་དྲང་སྲོང་ཚོགས། །ཕྱག་འཚལ་བསྐོར་བ་བྱས་ནས་ཀྱང་། །མཆོད་པའི་ཆར་ཆེན་ཕབ་ པ་སྟེ། །ཐལ་སྦྱར་པུས་བཙུགས་ཕྱོགས་གཅིག་འཁོད། །དེ་ནས་རྒྱལ་སྲས་ཀུན་གྱི་ཡབ། །འགྲོ་བའི་གཉེན་གཅིག་འདྲེན་པའི་གཙོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་འདི། །ནན་ཏན་དུ་ནི་བཀའ་སྩལ་ཏོ། །ས་བཟང་དྲི་བཟང་ཆུར་བཅས་པས། ། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ། །འབྲས་ཕྱེ་བ་མར་འབྲུ་བཟང་རྣམས། །ཤིང་རྩི་ཤི་འམ་བརྒྱ་རྩ་བརྒྱད། །བསྒྲགས་པས་ནད་ཡམས་གནོད་པ་ཞི། །ནད་ལ་མར་ལྷག་ཉུང་ཞིག་བཏུང་། །ནད་གཟེར་གང་ཡང་འཇོམས་པར་འགྱུར། །ཡང་ན་ འབྲུ་མེན་ཕྱེ་མ་འམ། །ས་འམ་སྤྲ་ཚིལ་གཟུགས་བྱས་ཏེ། །སྲད་བུས་ཁྲོ་བའི་ཞལ་བཏགས་ནས། །རིག་སྔགས་བརྒྱ་རྩ་བརྒྱད་བརྗོད་དེ། །རལ་གྲིས་གཏུབས་ནས་སྦྱིན་སྲེག་བྱ། །བརྒྱ་ཕྲག་ལྔས་ནི་སྡང་བྱེད་ཉམས། །ཡང་ན་དུག་གིས་གཟུགས་ བརྙན་བཏུམ། །དུག་ཁྲག་ནིམ་པའི་ཤིང་ལ་བསྲེག །དྲུག་ཅུ་རྩ་བཞི་གྲངས་ཀྱིས་ནི། །ཚར་བཅད་པ་ཡི་དབང་དུ་འགྱུར། །འབྱུང་པོ་དྲག་པོ་ཞེན་པ་ལ། །གུ་གུལ་ཡུངས་ཀར་དེ་ལྟར་བསྲེག །བལ་པོ་སེའུ་ལྕུག་མ་ལ། །བུ་རམ་སྦྲང་རྩི་ ཞོ་མར་སྦག །སྐུ་ཡི་མདུན་དུ་བསྲེགས་པས་ནི། །འགོ་བའི་ནད་ཡམས་འཆད་པར་འགྱུར། །གུ་གུལ་དཀར་པོ་ཉི་ཤུ་གཅིག །བསྲེགས་ན་བྱང་ཆུབ་སེམས་དཔའ་འགུགས། །ཞོ་མར་སྦྲང་རྩི་ལུང་ཏང་ཤིང་། །ཉི་ཤུ་རྩ་གཅིག་སྐུ་མདུན་ བསྲེག །ས་ཆེན་རྒྱལ་སྲས་ཀུན་མཉམ་པའི། །རྫུ་འཕྲུལ་ཆེན་པོ་དེས་རྙེད་འགྱུར། །གང་གི་བསོད་ནམས་རྒྱས་འདོད་ན། །དྲི་བཟང་ཆུ་དང་ས་གཙང་ལ། །གྲུ་བཞི་ཁྲུ་གང་དཀྱིལ་འཁོར་བྱ། །དྲི་བཟང་ཤིང་ལ་ཁྲུ་གང་བརྩིག །མཉྫུ་ཤ་ཀ་ ཡུངས་ཀར་སྦྲང་། །འོ་མ་ཞོ་མར་ཨ་ཀ་རུ། །ཙནྡན་དཀར་པོ་དམར་པོ་དང་། །དྲི་ཞིམ་མཐོ་གང་ཚད་ཀྱི་ཤིང་། །འབྲུ་བཟང་ཚད་དང་བཅས་པ་དག །དང་པོར་སྔགས་སྟོང་བཟླས་ནས་ཀྱང་། །བརྒྱ་རྩ་བརྒྱད་དུ་བསྒྲགས་པ་ཡིས། །ཚེ་རིང་ནད་མེད་ རྒྱལ་སྲིད་འཐོབ། །སྟོང་གིས་འཇིག་རྟེན་པ་དག་འགྲུབ། །ཁྲིས་ནི་འདོད་པའི་ལྷ་ཡིན་ཏེ། །འབུམ་གྱིས་གཟུགས་ཁམས་མངོན་དུ་གྱུར། །ས་ཡས་རྒྱལ་སྲས་ཀུན་མཐོང་ཞིང་། །མངོན་ཤེས་དྲུག་དང་ལྡན་པར་འགྱུར། །བྱེ་བས་རྒྱལ་བ་ཀུན་མཐོང་ ཞིང་། །ཞིང་ཁམས་དུ་མ་སྤྱོད་པར་འགྱུར། །གཞན་ཡང་ཕྲན་ཚེགས་ལས་རྣམས་ལ། །ཅི་སྲིད་ཉི་ཤུ་རྩ་གཅིག་ནས། །བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱོར། །སྔགས་དང་ལྷ་ལ་སེམས་བརྟན་བྱ། །ནད་ཡམས་དྲག་པོ་བསལ་བ་ལ། །གཙོ་བོར་འབྲས་ བུ་གསུམ་བསྲེག་གོ། །གདོན་ཆེན་རྣམས་ནི་བསལ་བ་ལ། །གུ་གུལ་སྒོག་པ་རྔ་མོའི་ཤ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །རྨི་ལམ་ངན་དང་མཚན་མ་ངན། །ཕྲ་མོ་ནད་དང་གདོན་རིགས་ལ། །དཱུར་བ་ཡུངས་ཀར་མཆོག་ཏུ་བཤད། །འབྲུ་རྣམས་གང་དང་ གང་འདོད་ལ། །འབྲུ་རིག་དེ་ཉིད་སྦྱིན་སྲེག་བྱ། །ཆར་པ་དབབ་པར་འདོད་པས་ནི། །ཙམ་པ་ཀ་དང་རྣམ་གསུམ་དང་། །མངར་གསུམ་ནཱ་ག་གེ་སར་དང་། །དབང་པོ་ལག་གི་སྦྱིན་སྲེག་ནི། །ཅི་འདོད་ཆར་པ་འབབ་པར་འགྱུར། །གལ་ཏེ་བཅད་པར་ འདོད་པས་ནི། །ཐལ་བ་དེ་དང་ཡུངས་ཀར་གྱིས། །ནན་ཏན་ཕྱོགས་བཞིར་གར་དབང་གི། །སྔགས་ཀྱིས་ཡང་ཡང་གཏོར་བར་བྱ། །ཡུངས་ཀར་ཞོ་མར་སྦྲང་རྩི་དང་། །འབྲས་ཡོས་ཀྱིས་ནི་བྱིས་པ་སོས། །གདོན་ནམ་རིམས་ལས་འཇིགས་པ་དང་། །ཁྱིམ་ བསྲུང་བར་ནི་འདོད་པ་ཡིས། །པདྨ་དམར་པོའི་སྦྱིན་སྲེག་ནི། །ཉི་ཤུ་རྩ་གཅིག་ཁོ་ན་བྱ། །སེམས་བཟང་གཉུགས་རིང་འདོད་པས་ནི། །ཙནྡན་དཀར་པོའི་སྦྱིན་སྲེག་བྱ། །ཕྲན་ཚེགས་ཡམས་ནད་སེལ་བ་ལ། །ལོ་མ་ཙམ་གྱི་སྦྱིན་སྲེག་བྱ། །ཕྱུགས་ནད་སེལ་ བར་འདོད་པའི་ཚེ། །འོ་མ་མེ་ཏོག་དཀར་བཅས་བསྲེག །ནད་དང་གདོན་བཅས་སེལ་བ་ལ། །མངར་གསུམ་འབྲུ་བཟང་ག་པུར་བཅས། །དཱུར་བ་དཀར་པོའི་ཡམས་ཤིང་རྣམས། །བུད་ཤིང་འོ་མ་ཅན་རྣམས་ནི། །མེ་ཏོག་བཟང་པོའི་ཤིང་ལ་བསྲེག ། གདོན་ནད་ཞི་བར་འདོད་པས་ནི། །འབྲས་བུ་གསུམ་སོགས་ཤིང་རྣམས་བསྲེག །གདོན་ཕྲན་ལ་ནི་མངར་གསུམ་དང་། །དཱུར་བ་དཀར་པོ་བསྲེགས་པས་ཞི། །རྨི་ལམ་ངན་དང་ལྟས་ངན་གང་། །འབྲས་ཕྱེ་མར་སྔགས་སེལ་བར་བྱེད། །གོས་དང་སྣོད་ བཅད་རྫས་དང་ལུས། །གཞན་གྲིབ་ངན་པས་གོས་པ་ལ། །འབྲས་ཕྱེ་མར་དང་སྤོས་དཀར་དང་། །མེ་ཏོག་དཀར་པོ་བསྲེག་པར་བྱ། །ཏིང་ལོ་བྱིད་ཀྱི་མེ་ཏོག་བསྲེག །མིག་ནད་ཐམས་ཅད་སེལ་བར་བྱེད། །མ་སུ་ལི་མ་རྩ་བར་བཅས། །བསྲེག་ ན་རྣ་བའི་ནད་སེལ་འགྱུར། །ཙནྡན་གླ་རྩི་བ་མར་བསྲེགས། །སྣ་ཡི་ནད་རྣམས་ཐམས་ཅད་སེལ། །མུ་ཟི་གུ་གུལ་རི་ལུ་བསྲེགས། །སོ་དང་ལྕེ་ཡི་ནད་སེལ་འགྱུར། །སོ་ནཾ་ཛ་དང་ཀ་ཀུ་ར། །བསྲེགས་པས་སྐེ་ནད་འཇོམས་པར་བྱེད། །སྦྲང་རྩི་ཙནྡན་ཤ་ཀ་ ར། །བསྲེགས་པས་གློ་ནད་སེལ་བར་བྱེད། །འབྲས་བུ་གསུམ་དང་ཞོ་ཤ་ལྔ། །བསྲེགས་པས་སྙིང་ནད་སེལ་བར་བྱེད། །འུ་སུ་སྦྲང་དང་བྱི་དང་ཀ། །བསྲེགས་པས་མཆིན་པའི་ནད་སེལ་འགྱུར། །མེ་ཏོག་ཁ་དོག་ལྔ་བསྲེགས་ན། །ཕོ་བ་ ལ་སོགས་ནང་གྲོལ་ནད། །མ་ལུས་ཐམས་ཅད་ཞི་བར་བྱེད། །ལུས་མཛེས་པ་ཡང་ཐོབ་པར་འགྱུར། །ནོར་འདོད་པས་ནི་སེང་ལྡེང་མེར། །བ་སེར་ཞོ་དང་མར་བསྲེག་བྱ། །གོས་མདོག་གང་དང་གང་འདོད་ལ། །དེ་དང་མཚུངས་པའི་མེ་ཏོག་དང་། ། སྲད་བུ་སོར་ནི་བཅུ་གཉིས་པ། །ཤིང་མདོག་དེ་དང་མཐུན་པ་ཡི། །དྲི་ཞིམ་དག་ལ་བསྲེག་པར་བྱ། །རྙེད་འགྱུར་ཐེ་ཚོམ་མི་བྱའོ། །པྲི་ཡང་ཀུ་དང་ཀ་ལིང་ཀ། །པདྨའི་ཟེ་བ་ཡལ་སྡོང་ལ། །བསྲེགས་ཅིང་གསོལ་བ་གདབ་པ་ནི། །གཏེར་གྱི་ལོངས་ སྤྱོད་རྒྱས་པར་འགྱུར། །འབྲས་དང་མྱུ་གུའི་འབྲས་བུ་སོགས། །བསྲེག་ན་ལོངས་སྤྱོད་བརྟན་པར་འགྱུར། །དན་ཌོད་པ་ལ་འབྲས་བུ་གསུམ། །བརྒྱ་བསྲེགས་བུ་དང་བུ་མོ་འཕེལ། །འབྲས་ཡོས་འཕེལ་བར་འདོད་པས་ཀྱང་། །སྤྲི་ཀ་ཛ་ཏི་མེ་ཏོག་ དཀར། །བ་དཀར་འོ་མ་ཞོ་མར་བཅས། །བསྲེགས་པས་འཁོར་དང་དམག་དཔུང་འཕེལ། །དེ་འབུམ་གྲངས་ཀྱིས་རྒྱལ་སྲིད་འཐོབ། །མངར་གསུམ་བིལ་བའི་འབྲས་བུ་ལ། །འབུམ་གྱིས་རང་ཉིད་རྒྱལ་པོར་འགྱུར། །སྔགས་མཐུ་རྒྱས་པའི་དོན་ དུ་ནི། །ནིམ་པའི་ཤིང་ལ་མར་དང་ནི། །ཡུངས་ཀར་དཀར་པོ་སྦྲང་བཅས་ལ། །བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། །གང་གིས་རྒྱལ་པོ་འཁོར་དང་བཅས། །དབང་དུ་བྱ་བར་འདོད་པ་ཡིས། །ཡུངས་ཀར་རྒྱལ་བའི་ཡུངས་ཀར་བཅས། །རྒྱ་སྲན་ དྲུག་ཏུ་བསྲེག་པར་བྱ། །གནོད་སྦྱིན་མོ་རྣམས་དབང་འདོད་ན། །མྱ་ངན་མེད་པའི་ཡམ་ཤིང་ལ། །འབྲས་བུ་གསུམ་དང་གུར་གུམ་ནི། །སྟོང་ཕྲག་གཅིག་ཏུ་བསྲེག་པར་བྱ། །གནོད་སྦྱིན་ཚོགས་དབང་བྱེད་པ་ལ། །འབྲས་བུ་གསུམ་པའི་ཤིང་ལ་ ནི། །འབྲས་བུ་གསུམ་དང་གུ་གུལ་ལ། །སྟོང་ཕྲག་གཉིས་སུ་བསྲེག་པར་བྱ། །ལྷ་རྣམས་དབང་དུ་བྱ་འདོད་པས། །ཨ་རུར་ཡི་ཤིང་ས་ར་ལ། །འོ་མ་ཞོ་མར་སྦྲང་རྩི་ལ། །སུམ་སྟོང་བསྲེགས་པས་ལྷ་དབང་འགྱུར། །བུད་ མེད་དབང་དུ་འདོད་པས་ནི། །ཏིལ་དང་འབྲས་སོགས་ཕུབ་མ་ལ། །འབྲས་དང་རང་བྱུང་བརྒྱ་རྩ་བརྒྱད། །བསྲེགས་པས་བཟང་མོ་དབང་དུ་འགྱུར། །བྱིས་པ་དབང་དུ་འདོད་པས་ནི། །པྲི་ཡང་ཀུ་ཡི་སྦྱིན་སྲེག་བྱ། །ལས་རྣམས་གང་དང་གང་ལ་ ཡང་། །དེ་དང་མཚུངས་པའི་སེམས་ཀྱིས་སྦྱོར། །ཞི་བ་ཞི་བའི་ཡིད་ཀྱིས་ཏེ། །སྐལ་བཟང་བློ་ནི་རྒྱས་པ་ལ། །ཆགས་དང་འདུན་སེམས་ལྡན་པས་ནི། །དབང་དུ་འགྱུར་ལ་ཐེ་ཚོམ་མེད། །ཁྲོ་དང་བཅས་པའི་ཡིད་ཀྱིས་ནི། །དྲག་པོའི་ལས་སུ་ འགྱུར་བ་ཡོད། །བརྟན་པོ་དལ་འབྱོར་ལྡན་པའི་བློ། །རྒྱུན་རྟག་གསལ་བ་ཡོད་གྱུར་པས། །ཅི་ལྟར་བསམ་པ་དེ་འགྲུབ་ཀྱི། །གཞན་དུ་ཡང་ནི་དེ་ལྟར་མིན། །མིག་ལ་སྐྱོན་ཞུགས་ལུས་ཀྱི་ནི། །དངོས་གང་གསལ་བར་བལྟ་བ་ལྟར། །བླ་མ་དང་ནི་ བྲལ་གྱུར་ན། །སྔགས་ཀྱི་བྱིན་བརླབས་སྣང་བ་མེད། །ལུས་ངག་ཡིད་ཀྱི་སྒོ་ནས་ཀྱང་། །རྣམ་པ་ཀུན་དུ་བླ་མ་ལ། །སྨོད་པ་འབད་དེ་སྤང་བར་བྱ། །སྨད་པས་དམྱལ་སོགས་ངན་འགྲོར་འགྲོ། །བླ་མའི་ངག་ལས་བྱུང་བ་དང་། །ཏིང་འཛིན་སྔགས་དང་ཕྱག་ རྒྱ་མཆོད། །ཨོྃ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བསང་གཏོར་དང་ཀུ་ཤ་དགྲམ་པའི་སྔགས་སོ། །ཨོྃ་ཛྭཱ་ལ་ཛྭཱ་ལཱ་ན་ལཱརྐ་སྭཱ་ཧཱ། །སྦར་བའི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ཎཱཾ། ཨོྃ་ཨགྣ་ཡེ་ཨཱ་དཱི་པྱ་ཨ་བི་ཤ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ ཡ་སྭཱ་ཧཱ། །མཆོད་མར་གྱི་སྔགས་སོ། །ཨོྃ་སརྦ་པཱ་པྃ་ད་ཧ་ན་བཛྲཱ་ཡེ་སྭཱ་ཧཱ། །ཏིལ་གྱི་སྔགས་སོ། །ཨོྃ་སརྦ་སཾ་པཱ་དེ་སྭཱ་ཧཱ། །ཞོ་དང་ཟན་དམ་པའི་འོ། །ཨོྃ་བཛྲ་བྷ་སྨིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །ཨུཏྤ་ལ་ལོ། །ཨོྃ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱི་འོ། །ཨོྃ་བཛྲ་ཨ་ པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའོ། །ཨོྃ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ལག་པན་གྱིའོ། །ཨོྃ་བཛྲ་མཱ་ལེ་པུཥྤ་ཡེ་སྭཱ་ཧཱ། མངར་གསུམ་དང་དཀར་གྱིའོ། །ཨོྃ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོྃ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། །སྲན་མ་མ་ཤའི་འོ། །ཨོྃ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། ཨོྃ་ བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམ་བཱ་རའོ། །ཨོྃ་ཏི་ཏི་པྲི་མི་སྭཱ་ཧཱ། །བྱང་ཆུབ་ཤིང་ངོ་། །ཨོྃ་བཛྲཱ་རྠཱ་ཡ་སྭཱ་ཧཱ། །ནྱ་གྲོ་དྷའོ། །ཨོྃ་བཛྲ་ནཾ་ཀཱ་ཡ་སྭཱ་ཧཱ། ཨ་མྲའིའོ། །ཨོྃ་ཨཱཿཧྲཱིཿཧཱུྃ། ཐམས་ཅད་དུ་བསང་བའོ། །ཆུས་ནི་དག་པར་བྱེད་པ་དང་། །རྡུལ་སོགས་མུན་པ་ཞི་བར་ བྱེད། །ཞི་བ་ཆུ་ཡི་དཀྱིལ་འཁོར་བར། །དཀར་པོ་ཟླུམ་པོ་ཁོ་ནའོ། །སས་ནི་རྩྭ་ཤིང་འབྲུ་མེ་ཏོག །སྐྱེད་དང་དངོས་པོ་རྒྱས་པར་བྱེད། །རྒྱས་པའི་ས་ཡི་དཀྱིལ་འཁོར་ལྟར། །སེར་པོ་གྲུ་བཞི་པ་ནའོ། །རླུང་གིས་སྡུད་དང་འབྱེད་པ་དང་། །དབང་དུ་བྱས་ནས་གཡོ་བར་ བྱེད། །དབང་ལ་རླུང་གི་དཀྱིལ་འཁོར་ལྟར། །ཟླ་གམ་དམར་པོའི་ཁ་དོག་གོ། །མེས་ནི་སྨིན་ཅིང་སྲེག་པ་དང་། །དྲག་ཤུལ་གྱིས་ནི་ཡལ་བར་བྱེད། །དྲག་པོ་གྲུ་གསུམ་མེའི་དཀྱིལ་འཁོར། །ནང་དམར་རྒྱབ་ནི་ནག་པོར་བྱ། །མཁའ་ལ་ཉི་མ་ཤར་བ་ནི། །མུན་པའི་ སྒྲིབ་པ་ཞི་བར་བྱེད། །ཞི་ལ་ཤར་དུ་བལྟས་པ་སྟེ། །དཔལ་ལྡན་གོས་ཀྱང་དཀར་པོའོ། །ཉི་མ་བྱང་དུ་འགྲོ་བའི་ཚེ། །དངོས་པོ་རྒྱས་པར་འགྱུར་བའི་ཕྱིར། །རྒྱས་པ་བྱང་དུ་བལྟས་བྱ་བ། །གོས་ནི་སེར་རམ་ལྗང་གུ་ཤིས། །ཉི་མ་ཐལ་ནས་མཚན་མོ་ནི། །དབང་དུ་དངོས་ པོ་འགྱུར་བའི་ཕྱིར། །དབང་ལ་ནུབ་ཕྱོགས་བལྟས་པ་དང་། །གོས་ཀྱང་དམར་སེར་རབ་ཏུ་ཤིས། །ཉི་མ་ལྷོར་འགྲོའི་དུས་སུ་ནི། །ཤིན་ཏུ་གྲང་བའི་ཆུ་ཡིས་ནི། །རྩྭ་སོགས་དངོས་རྣམས་བསད་ནས་ཀྱང་། །དེས་དང་འཐོར་དང་དེངས་པ་དང་། །སྐབས་དང་གཡར་ དང་དུབ་བ་དང་། །རབ་ཏུ་གཡོས་དང་བཅས་པར་འགྱུར། །མངོན་སྤྱོད་ལྷོ་ཡི་ཕྱོགས་བལྟས་ནས། །གོས་ཀྱང་སྔོ་དང་ནག་པོ་བྱ། །ཙམ་པ་ཀ་དང་པུ་ཏི་ཀ། །ལག་སྐྱེས་པདྨ་དཀར་པོ་དང་། །ཀུ་མུད་དཀར་པོ་ཟླ་སེང་རྣམས། །ཆུ་གཙང་དང་བར་བཅས་པ་དག ། ཞི་བའི་ལས་ལ་མཆོད་པར་བྱ། །མཉྫུ་ནཱ་ག་བི་ཤ་རི། །སུ་མུ་ལེ་དང་ཨ་སྤྲས་དང་། །གསེར་མདོག་ཆེན་པོ་ཆུ་དུང་དང་། །ཙིའུ་ལེ་སེར་དང་པདྨ་སེར། །ཆུ་བོ་ཆེན་པོ་ཆུར་བཅས་པ། །རྒྱས་པའི་ལས་ལ་བསྔགས་པའོ། །མུ་ཙི་ན་དང་མན་དུ་དམར། ། ལོ་ཡི་ཆེ་དང་ཉ་ཤ་རྣམས། །སིན་དྷུ་ར་དང་པདྨ་དམར། །ཀུ་མུ་ད་རིགས་དམར་པོ་རྣམས། །ལུ་མའི་ཆུ་དང་བཅས་པ་སྟེ། །དབང་གི་ལས་ལ་མཆོད་པར་བྱ། །ཨུཏྤལ་ཀྵེ་པ་ལ་ཀ་དང་། །ཨུད་ཁྱེ་པ་དང་མ་མི་ཤི། །ཛུ་མོད་སྦྱིན་ལ་མགོ་བོ་དང་། །ཕག་རྣ་དཎྜོཏ་ པ་ལ་རྣམས། །ཁྲོན་པའི་ཆུ་དང་ལྷན་ཅིག་ཏུ། །མངོན་སྤྱོད་ལས་ལ་མཆོད་པར་བྱ། །སཱ་ལུ་དཀར་པོ་ཟན་དང་ཞོ། །པྲི་ཀ་སྤོས་ནི་ཞི་བ་ལ། །སཱ་ལུ་དམར་པོའི་ཟན་འོ་མ། །ཙནྡན་དམར་པོ་དབང་ལ་འོ། །གྲོ་དང་མ་ས་བསེར་བའི་ཟན། །ཧུ་ལུ་ཀ་ནི་རྒྱས་པ་ལའོ། ། ནས་དང་བྲ་བོའི་ཟན་གུ་གུལ། །བཙོས་པའི་ཤ་དང་ལྷན་ཅིག་སྟེ། །དྭག་པོའི་ལས་དེ་ཞལ་ཟས་དང་། །བདུག་སྤོས་བྱེ་བྲག་ཤེས་པར་བྱ། །རྩི་མར་དང་ནི་ཨ་བ་སེའི། །སྡོང་བུར་ལྡན་པའི་མར་མེ་ནི། །ཞི་བའི་ལས་ལ་ཤིན་ཏུ་ཤིས། །ཡང་ན་པད་དཀར་སྡོང་བུའོ། ། ཏིལ་ལམ་ཤིན་ཏུ་དངས་མ་དང་། །ས་རི་ཧ་ཡི་སྡོང་བུ་ནི། །རྒྱས་པའི་ལས་ལ་ཤིན་ཏུ་ཤིས། །ཡང་ན་བ་ཡི་ལག་གི་ཆ། །ན་ཀེ་ལ་ཡི་མར་དང་ནི། །པདྨ་དམར་པོའི་མར་དང་ནི། །དབང་གི་ལས་ལ་ཤིན་ཏུ་ཤིས། །ཡང་ན་བ་ཡ་མ་རིའོ། །ཡུངས་དང་ཙི་ལ་མར་དང་ནི། ། ཙི་ཏྲའི་སྡོང་བུ་མར་མེ་ནི། །ཡང་ན་གསོ་མའི་ཤུན་པ་ཡིས། །མདོག་དམར་དལ་ཞིང་གསལ་བ་ནི། །གངས་རིའི་རྩེ་ལྟར་དཀར་འབར་བ། །བར་བྲེ་སྨྲ་གུལ་སྤོས་དཀར་དྲི། །ཞི་བའི་ལས་ནི་འགྲུབ་པར་འགྱུར། །མདོག་དམར་གཡོ་ཞིང་མོག་པ་ལ། །ཉི་མ་ཐལ་ཀའི་རི་ རྩེ་འདྲ། །ཤིབ་སྒྲ་མ་ལི་ཀ་ལའི་དྲི། །དབང་གི་ལས་འགྲུབ་ཐེ་ཚོམ་མེད། །མདོག་སེར་མིག་གཡོ་དངས་པ་ལ། །ཉི་མ་ཤར་བའི་རི་ལྟར་འབར། །ལྷ་པ་སྒྲ་ཙམ་པ་ཀ་ཡི་དྲི། །རྒྱས་པའི་ལས་འགྲུབ་ཐེ་ཚོམ་མེད། །ལེ་བརྒན་མདོག་ལྡན་འཁྱིམ་ཞིང་སྨུག །ཧུར་ སྒྲ་རུལ་དྲི་བྲོ་བ་དང་། །ནགས་ཀྱི་རི་བོ་ལྟར་འབར་བ། །མངོན་སྤྱོད་ལས་ལ་འགྲུབ་པར་འགྱུར། །འཇིག་རྟེན་ཏིང་འཛིན་ལྡན་གྲུབ་པའི། །དྲང་སྲོང་རིགས་ལ་དཔག་མེད་ཀྱང་། །མེ་ཡི་ལྷ་ནི་བཞི་བཅུ་བཞི། །སྦྱིན་སྲེག་ལས་ལ་སྤང་བར་བྱ། །འཇིག་རྟེན་འདས་པའི་ཏིང་ འཛིན་ཅན། །བཅུ་གཉིས་གྲངས་ནི་གཟུང་བར་བྱ། །གཉའ་ན་ཀ་དང་ས་བི་ཀི། །ཏུཀྵུ་སེའུ་མྱ་སྱེ་ཏྲོ་དང་། །ལྟོ་བ་ཡིད་སྐྱེས་ཁྲོ་བོ་དང་། །དམར་པོ་མྲྀ་ཏ་ཆོ་མ་ལི། །བྷི་སུ་ཡ་ཀི་བཅུ་གཉིས་པོ། །ཕན་འདོགས་ལ་སོགས་ལས་ལ་སྦྱར། །ཞི་བའི་སྦྱིན་སྲེག་ཐལ་ བས་ནི། །འབྱུང་པོ་ཕྲ་མོ་ཞི་བར་བྱེད། །དབང་གི་ཐལ་བས་འབྱུང་པོ་འཆིང་། །རྒྱས་པས་འདོད་པའི་ལས་སྦྱིན་བྱེད། །རི་བོའི་རྩེ་ལ་གཏོར་བར་བྱ། །དྲག་པོས་འབྱུང་པོ་སེལ་བར་བྱ། །ལམ་གྱི་གཞུང་དུ་གཏོར་བར་བྱ། །ཞི་དང་དབང་གི་ཞིང་ཕྱོགས་དང་། །ར་བ་ སྐྱེད་མོས་ཚལ་དུ་གཏོར། །དག་པར་བྱེད་པས་ཆུ་བོ་ལྟར། །རྒྱས་པ་ཉི་མའི་དཀྱིལ་འཁོར་དང་། །གང་བར་བྱེད་པ་རྒྱ་མཚོ་ལྟར། །སྦྱིན་སྲེག་གིས་ནི་ལྷ་མཉེས་ཤིང་། །སྔགས་བསྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ། །དྲང་སྲོང་ཚོགས་རྣམས་ཐམས་ཅད་དང་། །དྲི་ཟའི་ ཚོགས་རྣམས་ཐམས་ཅད་དང་། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་ནི། །སྦྱིན་སྲེག་གིས་ནི་རབ་དགའ་ནས། །རྣལ་འབྱོར་གྲོགས་བྱེད་བསྲུང་བ་དང་། །སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་། །ནད་མེད་ལོངས་སྤྱོད་རྒྱས་པ་དང་། །བསམ་པ་བཞིན་དུ་འགྲུབ་ པར་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས་མེ་ལ་བརྟེན་པའི་སྦྱོར་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེ། །རྫུ་འཕྲུལ་འཁོར་ལོ་ཞེས་བྱ་བ། །མཁའ་ལ་ཡི་གེ་སྤྲུལ་ནས་ནི། ། འགྲོ་དོན་སྣ་ཚོགས་མཛད་པ་ཞིག །འཁོར་བཅས་དཀྱིལ་འཁོར་དེར་ལྷགས་ནས། །ཕྱག་འཚལ་བསྐོར་བ་དུ་མ་བྱས། །མཆོད་པའི་སྤྲིན་གྱིས་རྒྱས་པར་མཆོད། །ཕྱོགས་གཅིག་འཁོད་ནས་སྟོན་པ་ལ། །མགྲིན་གཅིག་གསུང་ནི་སྙན་པ་ཡིས། །འདི་སྐད་ཚིག་ནི་གསོལ་ བ་འདེབས། །ཨོྃ་མཚན་དང་དཔེ་བྱད་བརྒྱན་པའི་སྐུ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ། །རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ། །གང་ལ་མཁོ་བ་དེའི་གཙོ་བོ། །འདྲེན་པ་གཟུགས་བརྙན་དུ་མ་འཆང་། ། སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྐུ། །བདེ་བ་ཆེ་ལ་ཕྱག་འཚལ་ལོ། །མི་འགྱུར་རྣམ་དག་བྱང་ཆུབ་ལམ། །ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། །སྟོབས་དང་མི་འཇིགས་བརྩོན་མཛད་པ། །ཆོས་རྣམས་ལྷུན་གྲུབ་སྐུ་ཕྱག་འཚལ། །རྣམ་དག་རྒྱ་མཚོར་ལྡན་རྣམས་ལ། ། ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་ནས། །ཞིང་ཁམས་རྒྱ་མཚོ་སྤྱོད་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྔགས་དང་རྫས་དང་ཕྱག་རྒྱའི་རིམ། །སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིར། །ཐེག་པ་ཀུན་ལས་ཁྱད་པར་དུ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ། ནན་ཏན་སྒྲུབ་པ་སྨོས་ཅི་དགོས། །སྔགས་དང་ཕྱག་རྒྱ་འཆང་བས་ཀྱང་། །ནད་དང་གནོད་སེལ་བསྐལ་པ་ཡི། །སྒྲིབ་རྣམས་འབྱང་བས་ཁྱད་པར་འཕགས། །དབུལ་པོ་རིགས་དང་དམན་པ་ཡང་། །ཞུགས་མ་ཐག་ནས་བདེ་ལྡན་ཞིང་། །ཅུང་ཟད་གྲུབ་ནས་ནུས་མཐུ་ནི། ། དཔག་མེད་འབྱུང་བས་ཁྱད་པར་འཕགས། །མགོན་པོ་བཅོམ་ལྡན་རྫོགས་སངས་རྒྱས། །དཔལ་ཆེན་ཡེ་ཤེས་ཀུན་གྱི་མཛོད། །འོད་ཟེར་ཉི་མ་འབུམ་གཟི་ཅན། །འགྲོ་བ་འདྲེན་གཙོ་དད་དཔོན་གྱི། །མགོན་པོ་སྤྱན་རས་གཟིགས་དབང་གི། །སྔགས་དང་ཕྱག་རྒྱར་བཅས་པ་ཡིས། ། འགྲོ་ལ་སྣ་ཚོགས་ཕན་དོན་དུ། །ཅི་ལྟར་འགྱུར་མཛད་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་ཐུབ་པ་ཆེ། །པདྨའི་སྤྱན་གདངས་འཛུམ་མཛད་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འགྲོ་ལ་ཕན་ཕྱིར་འདི་སྐད་གསུངས། །དགེ་བྱེད་ཕྱག་རྒྱ་སྔགས་དང་བཅས། །འགྲོ་ལ་ ཕན་ཕྱིར་ཞུས་པ་ནི། །ལེགས་སོ་རྫུ་འཕྲུལ་འཁོར་ལོ་ཆེ། །ཤེས་རབ་འཆང་བ་ཁྱོད་ལེགས་སོ། །སེམས་དཔའ་ཆེན་པོ་དེ་ཕྱིར་ངས། །ཁྱོད་ལ་ངོ་མཚར་ལེགས་པར་བཤད། །ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན། །ལེགས་པར་ཟུང་ལ་རྒྱ་ཆེར་སྤྲོས། །རས་སམ་གྲོ་ག་ཤིང་ཤུན་ གང་། །འཇམ་ཞིང་ནག་རིས་མེད་པ་ལ། །གུར་གུམ་གིའུ་ཝང་སེན་རྩི་དང་། །ཙནྡན་གྱིས་ནི་ཕྱག་རྒྱ་བྲི། །པདྨ་འདབ་བརྒྱད་མུ་ཁྱུད་བཅས། །འོད་དང་ལྡན་པ་བྲི་བར་བྱ། །དྷ་ར་དྷ་ར་དང་པོ་སྟེ། །གཉིས་པར་དྷི་རི་དྷི་རི་སྤྲོ། །གསུམ་པ་དྷུ་རུ་དྷ་རུ་སྟེ། །ཨིཊྚེ་བིཊྚེ་བཞི་ལྔ་པ། །ཙ་ ལེ་ཙ་ལེ་གཉིས་བྲིའོ། །པྲ་ཙ་ལེ་གཉིས་དྲུག་པར་རོ། །ཀུ་སུ་མེ་དང་ཀུ་སུ་མ། །བདུན་པ་བྲིས་ཏེ་བརྒྱད་པ་ལ། །བ་ལེ་ཨི་ལི་མི་ལི་བྲི། ཨོྃ་མི་ཙི་ཏི་ཛ་ལམ་དང་། །སྭཱ་ཧཱ་ར་བཅས་པ་དབུས་སུའོ། །ཕྱག་འཚལ་བཅས་སྔགས་མཐའ་མར་བྲི། །རབ་རྫོགས་སྔགས་ཀྱིས་ལྷར་ དམིགས་ནས། །གཙང་མའི་མཆོད་པས་མཆོད་བྱ་སྟེ། །སྔགས་སྟོང་བརྗོད་ནས་ལུས་ལ་གདགས། །འདི་ནི་བསྲུང་བའི་མཆོག་ཏུ་འགྱུར། །ནད་དང་ཡམས་དང་གདོན་རྣམས་དང་། །འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས། །རིག་སྔགས་བཟློག་ན་ཁྱད་པར་དུ། །རྡོ་རྗེ་དཀར་པོ་ རྩེ་ལྔ་ལ། །འོད་ཀྱི་ར་བ་ཟླུམ་པོ་ཡི། །རི་མོ་གཉིས་དང་བཅས་པ་བྲི། །རྭ་རྣམས་ལ་ནི་ཧཱུྃ་གཉིས་པར། །རིག་སྔགས་བཟློག་དང་བཅས་པ་བྲི། །ལྟེ་བར་ཨོྃ་ཧྲཱིཿསྭཱ་ཧཱའི་བར། །བདག་ཉིད་བསྲུང་ཞེས་བྲི་བར་བྱ། །མུ་ཁྱུད་དང་པོར་བྲི་བར་བྱ། །གཟིགས་དབང་ཡིད་བཞིན་ནོར་སྔགས་སོ། ། གཉིས་པར་གདོང་བཅུ་གཅིག་པའི་སྔགས། །གསུམ་པར་པདྨ་གར་དབང་གི། །སྔགས་རྣམས་གཡས་སུ་བསྐོར་བར་བྱ། །གལ་ཏེ་ནད་ཡམས་བཟློག་པ་ལ། །འདབ་བརྒྱད་པདྨ་མུ་ཁྱུད་གསུམ། །སྔོན་ལྟར་ཡི་གེ་བཀོད་པ་ལ། །མུ་ཁྱུད་གཉིས་པར་སྤྱན་གྱི་སྔགས། །གསུམ་པར་ རྟེན་འབྲེལ་སྔགས་བྲིས་ནས། །ལུས་སམ་མགུལ་དུ་ཐོགས་པས་ནི། །ནད་རིམས་དང་ནི་ལྷོག་འབྲུམ་སོགས། །རླུང་གིས་རྡུལ་བཞིན་སེལ་བར་འགྱུར། །དེ་ནས་ཚིག་དེ་ཐོས་མ་ཐག །ལྷ་མིན་བུ་མོ་ནད་བདག་མོ། །ས་ཏུ་དེ་བི་ཞེས་བྱ་བ། །བཞེངས་ཏེ་ཐལ་མོ་སྦྱར་བྱས་ཏེ། ། བུ་མོ་ཁྲིས་ནི་མགྲིན་གཅིག་ཏུ། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །རྗེ་བཙུན་འགྲོ་བའི་གཉེན་གཅིག་པོ། །མགོན་པོ་སངས་རྒྱས་བཅོམ་ལྡན་འདས། །བདག་གི་སྔགས་འདི་གང་འཛིན་པ། །གལ་ཏེ་འབྲུམ་ནད་བྱུང་ན་ནི། །བདག་ནི་སེམས་ཅན་དམྱལ་བར་འགྲོ། ། དམ་བཅས་འདི་ནི་དྲན་པར་བྱ། །ཏྲེ་བ་ལ་བྱའི་ཀ་ཀ་བ་ནི་ཏ། །སུ་མ་ཡ་བི་ལཱ་ས་ཀ་ཀ་ར་ནི། །ཀི་ཤུན་པཉྩ་ཏྲ་ལི་ཧེ་ན་ཡི། །ཀེ་ན་ཀ་ཏ་ཙ་ར་ཎི། །ཡ་མི་རྣན་ད་མ་ན་ཙ། །ཡ་མི་བར་ནད་བུར་དྭ། །དྭ་ཙ་པིད་ཏྲ་ཙིཏྟྲ་ནད་དམ། །ས་སྟུ་དེ་ཝི་མེ་བྷ་བ། །ལྷ་མོས་དེ་སྐད་གསོལ་མ་ཐག ། མགོན་པོས་འདི་སྐད་བཀའ་སྩལ་ཏོ། །ཨོྃ་ཨོྃ་བྷ་བིཏ་བིཏྟི་མི་ཏི། ག་ཙནྡྲ་ཀ་ར་ནི། ཨ་མུ་ཀ་སྱ་ཀ་སྱ། ལོ་ཧི་ཏ་གྃ་དྷ་པ་རཀྵ་ཀུ་རུ་སྭཱ་ཧཱ། བྱིན་བརླབས་ལྡན་པའི་སྔགས་དེ་ནི། །རྒྱུན་དུ་བཟླས་པས་འགྲུབ་པར་འགྱུར། །ཨོྃ་ཧ་ན་སེ་རཱུ་པ་དྷ་རི་སྭཱ་ཧཱ། སྲད་བུ་མཉམས་དཀར་པོ་ལ། །ཉི་ཤུ་རྩ་གཅིག་ མདུད་པར་བྱ། །བཞི་བརྒྱ་རྩ་བཞི་བཟླས་ནས་ཀྱང་། །ལུས་སམ་མགུལ་དུ་གདགས་པར་བྱ། །ཀྲཾ་ཧི་ཏི་ཀ་ཏི་ག་ཏྲ་ཐ་པྲ་གཤིག །ཏ་ཐཱ་ཡོ་ཐཱ་ཙ་ལ་ཧེ་ཧུྃ་ཧཱུྃ་ཕཊ། སྲན་མ་རྡོག་པོ་རེ་རེ་ལ། །བརྒྱ་རྩ་བརྒྱད་བརྒྱད་བཟླས་པ་ཡི། །འབྲུ་བདུན་ཐུམ་པོར་བྱས་པ་ཞིག །དྲི་བཟང་བཅས་ལ་མགུལ་དུ་ཐོགས། ། ཡམས་ནད་ཀུན་དང་འབྲུམ་ནག་ནད། །ཤིན་ཏུ་གདུག་པ་ཀུན་སེལ་འགྱུར། །དེ་ནས་རིག་སྔགས་འཆང་བ་མོ། །དཔལ་ཕྲེང་མས་ནི་འདི་སྐད་གསོལ། །བདག་གི་རིག་སྔགས་འདི་ཟློས་པ། །རིམས་ནད་ཀུན་དང་བྲལ་བར་འགྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རི་ཎི་ཀཱ་ཡ། ན་མོ་བཛྲ་མཱ་ར་བི་ཛ་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོྃ་བཛྲེ་བཛྲེ། མ་ཧ་བཛྲེ། སརྦ་བྷཱི་ར་ཐཱ། ཧ་ན་ཧ་ན་བཛྲ། སརྦ་ཛྭ་ར་པྲ་ཤྲ་མ་ན་ཡེ་སྭཱ་ཧཱ། མི་སྐྲ་མི་རུས་སླེ་ཏྲེས་དང་། །གུ་གུལ་ཡུངས་ཀར་སྒོག་སྐྱ་དང་། །ཤིང་ཀུན་གླ་རྩི་འཁོར་ལོ་ནི། །རྩིབས་ཕྱེད་ ཕྱོགས་བཞིར་ཧྲཱིཿཡིག་བྲི། །མཚམས་བཞིར་བྲིས་ཏེ་དབུས་སུ་མིང་། །སྔགས་འདི་མུ་ཁྱུད་དང་པོ་ལ། །གཉིས་གདོང་བཅུ་གཅིག་པ་ཡི་སྔགས། །བྲིས་ནས་ལུས་སམ་མགུལ་དུ་ཐོགས། །ནད་རིམས་ཐམས་ཅད་སེལ་བ་དང་། །རྣལ་འབྱོར་ཀུན་དང་ལྡན་པར་འགྱུར། །དེ་ནས་སྤྱན་རས་གཟིགས་ དབང་གིས། །འགྲོ་བའི་དོན་དུ་འདི་སྐད་གསོལ། །རང་འབྱུང་ཅན་གྱི་རས་ལ་ནི། །སེན་རྩིའི་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་གསུམ་དང་ལྡན་པ་བྲི། །རྩིབས་བཞི་ཧྲཱིཿལ་གཡོན་སྐོར་དུ། །ཧྲཱིཿགྷི་ཝ་ཤིཾ་ཀུ་རུ་ཧྲཱིཿ། །མུ་ཁྱུད་དང་པོར་མགོན་པོ་ནི། །པདྨ་གར་དབང་སྔགས་བྲིའོ། །གཉིས་པ་ཨུཏྤལ་ དམར་པོ་ཕྲེང་། །གསུམ་པ་ལྕགས་ཀྱུ་ཉི་ཤུ་གཅིག །དབུས་སུ་བྃ་ཡིག་ཧྲཱིཿར་བཅས་བྲི། །ལྷ་དམ་ཉིད་ཀྱང་དམ་བྱེད་ན། །འགྲོ་བ་གཞན་ལྟ་སྨོས་ཅི་དགོས། །གསོལ་དང་བཀྲ་ཤིས་བརྗོད་པ་དང་། །བགེགས་ཀྱི་གནོད་པ་སེལ་འདོད་པས། །རྩེ་གསུམ་རྡོ་རྗེ་རྒྱ་གྲམ་སྟེ། །དབུས་སུ་སྤྱན་རས་ གཟིགས་དབང་མགོན། །པདྨ་གཙུག་ཏོར་སྔགས་བྲིའོ། །རྭ་རྣམས་ཀུན་ལ་ཧཱུྃ་ཡིག་ནི། །བགེགས་མིང་ཨུད་ཙ་ཏ་ཡིས་བསྐོར། །མུ་ཁྱུད་དང་པོ་སྤྱན་རས་གཟིགས། །ཧ་ལ་ཧ་ལའི་སྔགས་བྲིའོ། །གཉིས་པ་ཁྲོ་བོ་རྟ་སྐད་སྔགས། །གསུམ་པར་བགེགས་དགྲའི་སྔགས་བྲིས་ལ། །དེ་རྒྱབ་མེ་ ཡི་ཕུང་པོ་བྲི། །གང་ཞིག་འཁོར་ལོ་འདི་བྲིས་པས། །སྲེད་མེད་བུ་ལྟར་མཐུ་ཆེ་བ། །གདུག་པ་ཅན་ཡང་འཐོར་བྱེད་ན། །ཕྲན་ཚེགས་དབྱེར་བ་སྨོས་ཅི་དགོས། །གང་ལ་སེར་སྣ་རྣམས་ཆགས་ཤིང་། །ལོངས་སྤྱོད་འཕེལ་བར་མི་འགྱུར་ན། །ཕུན་སུམ་ཚོགས་ལྡན་དཔལ་འཕེལ་ཕྱིར། །སྐྱོབ་ པའི་ཕྱག་རྒྱ་བཤད་པར་བྱ། །རྒྱལ་པོ་འམ་ནི་དགེ་འདུན་ལ། །གཙང་ལྡན་རས་བཟང་བླངས་ནས་ཀྱང་། །དག་པར་བཀྲུས་ཏེ་དྲི་བཟང་བྱུག །ལེགས་པར་བརྒྱན་ནས་ཐིག་བཏབ་སྟེ། །གུར་གུམ་དང་ནི་གླ་རྩི་ཡིས། །པདྨ་འདབ་མ་བཅུ་དྲུག་བྲི། །ཕྱོགས་བཞིར་འདབ་མར་དཔལ་བེའུ་སྟེ། ། མཚམས་བཞིར་ཡིད་བཞིན་ནོར་བུ་བྲི། །མཚམས་བརྒྱད་ལ་ནི་ཡི་གེ་གཾ། །ཨོྃ་དང་བཛྲ་ད་ཀེ་ཧཱུྃ། །ཡི་གེ་དྲུག་གིས་བསྐོར་བར་བྱ། །མུ་ཁྱུད་དང་པོར་མི་བཤོལ་སྔགས། །གཉིས་པ་གདོང་བཅུ་གཅིག་པའི་སྔགས། །གསུམ་པ་ཨུཏྤལ་ཕྲེང་བ་སྟེ། །ཡང་ཏོག་རྩེ་འམ་མཛོད་བཞག་ནས། །གསོལ་ བཏབ་མཆོད་ན་ལོངས་སྤྱོད་འཕེལ། །བུད་མེད་གང་ཞིག་བུ་འདོད་པས། །དེ་བཞིན་པདྨ་འདབ་བརྒྱད་པ། །ཕྱོགས་བཞིར་ཧྲཱིཿནི་མཚམས་སུ་དྲང་། །དབུས་སུ་ཁྱེའུ་ཡི་གཟིགས་ཤིག་བྲི། །ཕྱོགས་བཞིར་ཡིད་བཞིན་ནོར་བུ་བྲི། །སྔགས་བུ་སྩོལ་བཅས་བྲི་བར་བྱ། །མཚམས་བཞིར་ ཨོྃ་དང་ཨ་མ་ར། །ཛཱི་ཝ་ན་ཏཱི་ཡེ་སྭཱ་ཧཱས་བསྐོར། །མུ་ཁྱུད་དང་པོ་སྤྱན་རས་གཟིགས། །པདྨ་རྒྱན་ལུང་ཅན་གྱི་སྔགས། །གཉིས་པར་གདོང་བཅུ་གཅིག་པའི་སྔགས། །གསུམ་པར་ཨུཏྤལ་དམར་པོའི་ཕྲེང་། །འོད་འཕྲོ་རྟག་པར་མཆོད་པ་དང་། །ཕུལ་དུ་བྱུང་བའི་བསྟོད་པས་བསྟོད། ། གསོལ་བ་འདེབས་ཤིང་སྔགས་བཟླས་ན། །བུ་སྩོལ་འགྱུར་ལ་ཐེ་ཚོམ་མེད། །བསྲུང་དང་ནོར་འཕེལ་དབང་བྱེད་དང་། །བུ་སློང་བ་ཡི་ཕྱག་རྒྱ་ནི། །སྨིན་དྲུག་སྣར་མ་རྒྱལ་ལ་བྲི། །ལྷག་མ་རྣམས་ནི་ཅི་བདེར་བྲི། །གང་ཞིག་སེམས་སྟོར་ཡིད་མི་དགའ། །གློ་བུར་ཡི་མུག་ སྐྱེ་འགྱུར་ན། །པདྨ་འདབ་མ་བཞི་པ་ཡི། །དབུས་སུ་རང་གཟུགས་མཚན་མ་བྲི། །འདབ་མར་རྡོ་རྗེ་མདོག་བཞི་པ། །གདོང་བཅུ་གཅིག་པའི་སྔགས་ཀྱིས་བསྐོར། །མུ་ཁྱུད་ལ་ནི་སྤྱན་རས་གཟིགས། །དོན་ཡོད་ཞགས་པའི་སྔགས་བྲིའོ། །གཉིས་པར་རྡོ་རྗེ་ཕྲེང་བ་བྲི། །དེའི་རྒྱབ་ འོད་ཀྱི་ཕྲེང་བ་བྲི། །རྟག་པར་མཆོད་ཅིང་གསོལ་བ་གདབ། །ནད་སེལ་ཚེ་རིང་བསོད་ནམས་འཕེལ། །གང་ཞིག་ཤེས་རབ་འདོད་པས་ནི། །དཔལ་བེའུ་རྒྱལ་པོའི་དུ་མར་ནི། །ཏྲི་ཡིག་རྒྱབ་ཏུ་སྔགས་འདིས་བསྐོར། །ཨོྃ་དང་ཀཱ་ལ་དེ་ཀ་ལ། །མ་ནི་སྭཱ་ཧཱ་ཞེས་པ་བྲི། །དེ་རྒྱབ་མུ་ཁྱུད་ འཁོར་བ་ལ། །མགྲིན་པ་སྔོན་པོའི་རྩ་སྔགས་བྲི། །དེ་རྒྱབ་འོད་ཀྱི་ར་བ་བྲི། །གང་གིས་འདི་འཆང་མཆོད་པ་ལ། །ནད་དང་གནོད་པ་ཀུན་བྲལ་ཏེ། །དུག་དང་རིམས་ནད་འཇོམས་པ་དང་། །ཤེས་རབ་མྱུར་དུ་འཕེལ་བར་འགྱུར། །ཡུལ་དུ་ལོ་ཐོག་ཉམས་པ་དང་། །ཐོག་འབྲུག་སེར་བ་རྒོད་པ་ དང་། །ཀླུ་དང་ས་བདག་གནོད་པ་སྟེ། །དེ་བས་ལ་སྦྱོར་བ་བཤད་པར་བྱ། །ཤིང་ཀུན་དཀར་པོ་མཉམས་པ། །ཉམས་དགའི་སྦྱོར་བ་ཉི་རིམ་ལ། །རྡོ་རྗེ་རྩེ་མོ་བཅུ་གཉིས་པ། །མིག་སྨན་གྱིས་ནི་བྲི་བར་བྱ། །གྲྭ་རྣམས་ལ་ནི་ཧཱུྃ་ཡིག་ལ། །ཨོྃ་དང་ཛི་ནི་ཏི་ཏི་ཏེ། །ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་ བསྐོར། །མུ་ཁྱུད་དང་པོ་མགོན་པོ་ཆེ། །གདོང་བཅུ་གཅིག་པའི་སྔགས་ཕྲེང་བྲི། །གཉིས་པར་ཐུགས་རྗེ་ཆེན་པོ་མགོན། །མི་བཤོལ་བ་ཡི་སྔགས་ཀྱིས་བསྐོར། །གསུམ་པར་རྡོ་རྗེ་ཕྲེང་བ་དང་། །མེ་ཡི་འོད་དང་ལྡན་པར་བྲི། །ཕྱག་རྒྱ་འདི་ནི་བསྟན་ཙམ་གྱིས། །ཀླུ་ཡི་རྒྱལ་པོ་མཐུ་ལྡན་ རྣམས། །འཁོར་དང་བཅས་ཏེ་ལུས་སྐམས་འགྱུར། །གང་གི་ཁྱིམ་དུ་གདོད་པ་དང་། །མ་ཧེ་རྟ་སོགས་ཡམས་ནད་ཅན། །བསལ་བའི་ཐབས་ཀྱི་ཕྱག་རྒྱ་ནི། །བརྟན་པར་དྲང་སྲོང་ཚོགས་རྣམས་ཉོན། །ཀོ་བི་ད་རིའི་ཤིང་ལ་ནི། །ཁྲུ་གང་ཁྲུ་གཉིས་དབྱིབས་གྲུ་བཞི། །གས་གྲུགས་ཆག་སོགས་མེད་ པ་ལ། །ཤིན་ཏུ་སྲབ་འཇམ་སོར་གཉིས་རྔམས། །ཤིང་དེ་ལ་ནི་རྟ་བབས་གཟུགས། །འཁོར་ལོ་གདུགས་དང་བཅས་པ་ཡི། །བརྩེགས་པའི་གཡས་ཟུར་དང་པོ་ནི། །རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ། །གཉིས་པ་ཨུཏྤལ་དམར་པོའོ། །གསུམ་པ་འཁོར་ལོ་རྩིབས་བརྒྱད་སེར། །བཞི་པར་པདྨ་དཀར་ པོའོ། །གཡོན་ཟུར་དང་པོར་པདྨ་དམར། །གཉིས་པ་ཨུཏྤལ་སྔོན་པོའོ། །གསུམ་པར་ནོར་བུ་བཞི་རྒྱ་གྲམ། །ནང་ཁང་དུ་ནི་པདྨ་བྱ། །འདབ་མ་བརྒྱད་པ་འོད་ལྡན་པའོ། །ལྟེ་བ་དང་ནི་འདབ་བརྒྱད་ལ། །ཨོྃ་དང་པི་ཤཱ་ཙི་པརྞ། །ཤ་བ་རི་སརྦ་བྱཱ་དྷི། །པྲ་ཤ་མ་ནི་སྭཱ་ཧཱ་ཞེས། །བཾཿཡིག་ལ་ནི་ བསྐོར་བར་བྲི། །མུ་ཁྱུད་དང་པོ་སྤྱན་རས་གཟིགས། །གདོང་བཅུ་གཅིག་གི་སྔགས་བྲིའོ། །གཉིས་པར་ཆོས་ཀྱི་གཙུག་ཏོར་གྱི། །རྩ་བའི་ཕྲེང་སྔགས་བྲི་བར་བྱ། །རྒྱ་སྐྱེགས་དང་ནི་མཚལ་ཡིན་ཏེ། །དེ་ལ་ཤིང་སྤྱིན་བྱུག་པར་བྱ། །མཆོད་དང་གསོལ་གདབ་སྔགས་དག་ནི། །བདུན་སྟོང་ རེ་རེ་བརྗོད་བྱས་ནས། །སྒོ་གོང་ལ་གདགས་བྱུང་འཇུག་ཚེ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །རྟ་ཕྱུགས་ཡམས་ནད་མ་ལུས་ལ། །རིག་པའི་ལྷ་མོའི་ཚོགས་བཅས་པའི། །འཇིག་རྟེན་མགོན་གྱི་རིག་སྔགས་མཐུས། །མྱུར་དུ་སེལ་བར་མནན་པ་དང་། །བཟློག་དང་བཅིང་བར་མཛོད་ ཅེས་བརྗོད། །ཕྱུགས་བདག་ཆེན་པོས་སྐྱོང་བ་ལྟར། །གླང་པོ་རྟ་བོང་མ་ཧེའི་ཚོགས། །བརྟན་ཞིང་ནད་དང་གནོད་པ་མེད། །ཤིན་ཏུ་འཕེལ་ཞིང་རྒྱལ་བར་འགྱུར། །དེ་ནས་ཡང་དག་བཤད་བྱ་བ། །དམག་དཔུང་ཆེན་པོ་འཇིགས་པ་ལ། །ཁྱད་པར་དུ་ནི་སྐྱོབ་པ་ཡི། །ཕྱག་རྒྱ་སྦྱོར་བ་མཉན་པར་ གྱིས། །ཡུང་བས་རས་སམ་ཤིང་ལ་ནི། །པད་དཀར་སྟེང་དུ་ཁ་ཊྭཱཾ་དང་། །རལ་གྲི་འོད་མ་བྲི་བར་བྱ། །དེ་ལ་གདུ་བུ་གསུམ་གྱིས་བསྐོར། །དང་པོ་གདོང་བཅུ་གཅིག་པའི་སྔགས། །གཉིས་པ་སེང་གེ་སྒྲ་ཡི་སྔགས། །གསུམ་པར་ཧ་ཡ་ཆེན་པོའི་སྔགས། །དེ་རྒྱབ་མེ་ཡི་ར་བ་བྲི། །འདི་ལ་གསོལ་ བ་བཏབ་ནས་ནི། །གཡུལ་ངོར་ཁྱེར་ཏེ་ཞུགས་པ་གང་། །དགྲ་དཔུང་ཆེན་པོ་འབྲོས་འགྱུར་ཏེ། །རང་ཉིད་གཡུལ་ལས་རྒྱལ་བར་འགྱུར། །ལོངས་སྤྱོད་ཕྱིར་ནི་བྱང་བལྟས་བྲི། །དབང་བྱེད་པ་ནི་ནུབ་ཏུ་སྟེ། །གཡུལ་བཟློག་པ་ནི་ལྷོར་བལྟས་བྲི། །ལྷག་མ་རྣམས་ལ་ཤར་བལྟས་བྲི། །དཀར་ སེར་དམར་དང་སྔོ་བ་ཡི། །དབྱེ་བས་ཟས་དང་གོས་ཤེས་བྱ། །འཛུམ་དང་རྔམ་དང་དགོད་དང་ཁྲོ། །བཞིན་གྱི་རྣམ་པ་བཤད་པ་ཡི། །སྔགས་དང་སྔགས་ཀྱི་འོད་ཕྲེང་དང་། །ལྷ་ཡི་ཁ་དོག་དབྱེ་བ་དང་། །སྣོད་ལ་སོགས་པའི་དབྱེ་བ་དང་། །རྒྱན་ཡང་དེ་ལྟར་ཤེས་པར་བྱ། ། ཀུན་ཀྱང་རིན་ཆེན་པདྨའི་གདན། །ཁ་དོག་སྣ་ཚོགས་ལྡན་པར་ནི། །སྔགས་ཀྱིས་ཡིག་འབྲུའི་ལྷ་རྣམས་བཞུགས། །སྔགས་རྫོགས་ནས་ནི་སྔགས་སུ་དམིགས། །གང་གིས་ཕྱག་རྒྱ་འཆང་བྱེད་ལ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །རིག་པའི་ལྷ་མོའི་ ཚོགས་རྣམས་དང་། །འཇིག་རྟེན་འདྲེན་པའི་ཚོགས་བཅས་དང་། །སྤྱན་རས་གཟིགས་དབང་ཚོགས་ཆེན་དང་། །ཁྲོ་བོ་ཚོགས་བཅས་མ་ལུས་དང་། །འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས། །ཅི་འདོད་ལས་རྣམས་མ་ལུས་པའི། །གྲོགས་དང་དཔུང་དུ་བྱས་ནས་ནི། །ཚུལ་བཞིན་ དུ་ནི་བསྒྲུབ་པ་ལ། །བརྩོན་འགྲུས་གང་དང་གང་གིས་ཀྱང་། །ཐེ་ཚོམ་དུ་ནི་མི་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ལས་ཕྱག་རྒྱ་ལ་བརྟེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མཁའ་ལ་གཤེགས་པ་ཡི། །རིག་པ་འཛིན་པའི་ དྲང་སྲོང་མཆོག། །མཚན་དཔེ་དུ་མ་རྒྱས་པ་ཆེ། །ཉི་མའི་གོང་བུ་ཞེས་བྱ་བ། །དྲང་སྲོང་རྗེ་དཔོན་ཚོགས་ཀྱི་མཆོག །འགྲོ་དོན་རྫོགས་མཛད་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་མགོན་པོ་ལ། །སངས་རྒྱས་ཚིག་གིས་འདི་སྐད་གསོལ། །ཨོྃ་འོད་ཟེར་དུ་མ་ཐེར་ཟུག་གི། །སྲིད་ འདམ་སྟུག་པོ་སེལ་བྱེད་རྒྱལ། །ཡོན་ཏན་ཡེ་ཤེས་ཀྱིས་བརྒྱན་སྐུ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །གསུང་སྙན་ཡན་ལག་བརྗོད་བྲལ་ཆོས། །བག་ཆགས་རི་བོ་སྙིལ་མཛད་རྒྱལ། །སྐྱེ་འགག་བྲལ་སྟོན་སྡེ་སྣོད་གསུམ། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། ། སྐྱེ་འགག་གནོད་བྲལ་མཉམ་བཞག་པ། །ཏིང་འཛིན་ཤེས་རབ་འཕེལ་མཛད་རྒྱལ། །ཡེ་ཤེས་གཟིགས་པ་མཐའ་ཡས་ཐུགས། །མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ། །སྣ་ཚོགས་སྨན་དང་སྔགས་སྦྱར་ནས། །ལྷ་ཡི་གོང་བུའི་རིལ་བུ་ནི། །འཇིག་རྟེན་འཇིག་རྟེན་འདས་པ་ ཡི། །དངོས་གྲུབ་མ་ལུས་རྫོགས་པ་ཡི། །ཐུགས་རྗེའི་ཉི་མ་ལྷམ་མཛད་བའི། །མགོན་པོ་པདྨས་བཤད་དུ་གསོལ། །འགྲོ་རྣམས་མ་རིག་འདམ་ལ་ཞེན། །སྲིད་པའི་ཐག་པས་རྒྱ་གྲམ་བཅིངས། །འདོད་ཆགས་ཞེ་སྡང་མུན་པས་གཡོགས། །ང་རྒྱལ་ཕྲག་དོག་ཆུ་བོས་གཡེངས། །ངན་ རྟོག་ལོག་ལམ་གཡང་སར་ལྟུང་། །བག་མེད་སེར་སྣའི་དུག་གིས་མྱོས། །སྡིག་པའི་གྲིབ་མས་རྣམ་པར་རྒྱས། །བག་ཆགས་འཐུག་བོའི་རི་བོས་མནན། །མགོན་པོ་ཁྱོད་ནི་ཐུགས་རྗེས་ངལ་བ་མེད། །ཉེས་པའི་རྒྱ་མཚོ་བསལ་བའི་ཕྱིར། །ཤེས་རབ་ཐབས་འབྱུང་བཤད་དུ་ གསོལ། །དེ་ནས་འཇིག་རྟེན་མགོན་པོ་རྗེ། །ཐུགས་རྗེ་ཐུགས་དཔལ་མངའ་བ་ཡི། །ཐུགས་དམ་རྫོགས་པའི་འབྲས་བུ་བཅས། །ཁྱད་པར་གསུང་འདི་བཀའ་སྩལ་ཏོ། །མཐའ་དག་གཟུགས་སྒྲ་ཐོས་པ་དང་། །རྫུ་འཕྲུལ་བསྒྱུར་དང་གཞན་སེམས་ཤེས། །འདས་དང་མ་འོངས་ དོན་ཤེས་དང་། །མཐའ་ཡས་ཤེས་དྲུག་ལས་སྤྱོད་པ། །དངོས་དང་རྟགས་དང་ཆ་མཐུན་གྱིས། །རྣམ་པ་བཅྭ་བརྒྱད་དག་ཏུ་འགྱུར། །ཕྲ་དང་ཡང་དང་མཆོད་པར་བྱ་བ་དང་། །བདག་པོར་གྱུར་དང་དབང་དུ་འགྱུར་བ་དང་། །གར་ཡང་ཕྱིན་ཡང་འདོད་དགུར་ལྡན་པ་དང་། །དགའ་མགུར་ གནས་ཏེ་དབང་ཕྱུག་ཡོན་ཏན་ནོ། །རྣམ་པ་བརྒྱད་ཀྱིས་དཔེར་བྱ་ཡིས། །ལོངས་སྤྱོད་དབང་དང་ལུས་ལ་དབང་། །ཚེ་ལ་དབང་དང་རྐང་མགྱོགས་དང་། །ཆུ་ལ་མི་འབྱིང་མཁའ་ལ་འགྲོ། །ས་འོག་འགྲོ་དང་མི་སྣང་བ། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །དངོས་པོ་གང་དང་ གང་བསྒྲུབ་རྣམས། །རིལ་བུ་ལས་ནི་འབྱུང་འགྱུར་གྱི། །གཞན་ནི་མྱུར་དུ་འགྲུབ་མི་འགྱུར། །བྱང་ཆུབ་སེམས་དཔའི་རིལ་བུ་ནི། །མཚམས་མེད་ལ་སོགས་བྱེད་པས་ཀྱང་། །རྙེད་མ་ཐག་ཏུ་དངོས་གྲུབ་འགྱུར། །ཉེ་དང་དབང་ལྡན་ལྷ་ཡི་སྲས། །མ་མོས་དབང་དུ་བྱེད་ གྱུར་ན། །འབྱུང་པོ་ཤ་ཟ་ལྷ་མིན་མི། །མ་མོ་མཁའ་འགྲོ་འབྱུང་པོ་ཀླུ། །དུད་འགྲོ་ལ་སོགས་རྫོགས་གཟུགས་ཅན། །སེམས་ཅན་གཞན་ལྟ་སྨོས་ཅི་དགོས། །དངོས་གྲུབ་བཟང་པོ་འདོད་པ་ཡིས། །ཁྱད་པར་རིལ་བུས་འདི་བསྒྲུབ་བྱ། །གིའུ་ཝང་དང་ནི་ལིག་ བུ་མིག །ལྡོང་རོས་བཟང་པོར་སྦྱར་བ་ཡི། །རིལ་བུ་རྒྱ་སྲན་ཚད་བྱས་ནས། །སྣོད་གཙང་ནང་དུ་གཞག་པར་བྱ། །སྐུ་ཡི་མདུན་དུ་སྔགས་བརྗོད་ན། །སྔན་ཆད་མ་མཐོང་སྣང་བའམ། །སྒྲ་ཐོས་སམ་ནི་བདེ་གཤེགས་གཟུགས། །ཡིད་ འོང་མངོན་དུ་བྱུང་བ་སོགས། །མར་ངོ་གསུམ་གྱིས་འབྱུང་བར་འགྱུར། །དེ་ནས་ཟླ་བ་གཟས་བཟུང་ཚེ། །ཅི་འབྱོར་མཆོད་དེ་སྙིམ་པར་བཅུག །བཟླས་བརྗོད་བྱས་ནས་ཉི་ཤར་ན། །དུ་བར་འཐུལ་དང་དྲི་ཅན་འགྱུར། །དུད་འཐུལ་ལུས་ལ་བྱུགས་པས་ཀྱང་། །སྣང་ བ་དང་འོད་གཟུགས་ཅན་དང་། །འཛམ་གླིང་ཕྱོགས་རྣམས་རྒྱུ་བ་དང་། །ལོངས་སྤྱོད་ཆེ་དང་ལྡན་འགྱུར་ཏེ། །ཤི་འཕོས་ནས་ནི་དགའ་ལྡན་གནས་སུ་སྐྱེ། །དྲི་མ་ཙམ་གྱིས་ལུས་བྱུགས་ཀྱང་། །འགྲོ་བ་ཐམས་ཅད་དབང་བྱེད་ཅིང་། །ཐོས་པ་འཛིན་ཅིང་སྒྱུ་རྩལ་མཁས། ། ཤི་ནས་འཛམ་གླིང་འདི་ཉིད་དུ། །ལྕང་ལོ་ཅན་གྱི་གནོད་སྦྱིན་ནི། །འཁོར་ལ་གཞོན་ནུའི་རིགས་སུ་སྐྱེ། །ཡང་ན་མི་ཡི་རྒྱལ་པོའམ། །གླང་པོ་ཉིད་དུ་སྐྱེ་བར་འགྱུར། །འབར་བ་ལུས་ལ་བསྐུས་ན་བལྟ། །རིག་སྔགས་འཆང་ལུས་ཉི་ཤར་མདོག །བསྐལ་པར་གནས་ ཏེ་འདོད་དགུར་སྤྱོད། །འཇིག་རྟེན་ཀུན་དུ་ཐོགས་མེད་རྒྱུ། །མཁའ་ལྡིངས་འོག་ཆུ་བྲན་འགྲོ། །སངས་རྒྱས་ཀུན་ནས་ཕྱིན་ནས་ཀྱང་། །དབང་པོར་གནས་ཏེ་རྒྱལ་པོར་གནས། །སྤྲུལ་པའི་རྫས་ཀྱིས་བདེ་གཤེགས་མཆོད། །འདོད་ནས་ཤི་འཕོས་འཇིག་ རྟེན་ཁམས། །གཞན་འདས་སངས་རྒྱས་དག་ཏུ་སྐྱེ། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །བདག་ཉིད་ཡིད་དུ་འོང་འདོད་ཕས། །གུར་གུམ་ག་པུར་གླ་རྩི་དང་། །གིའུ་ཝང་བསྲེགས་ནས་སྔགས་སྟོང་བཟླས། །བརྡུངས་ཏེ་ཕྱེ་མར་བྱས་ནས་ཀྱང་། །སྔགས་ སྟོང་བཟླས་ཏེ་ཆུ་གཙང་གིས། །རིལ་བུ་རྒྱ་སྲན་ཚད་བྱས་ནས། །རེ་རེ་ལ་ཡང་སྟོང་སྟོང་བརྗོད། །རླུང་དང་ཉི་མས་མ་རེག་པ། །བསྐམས་ནས་སྣོད་གཙང་གཞག་པར་བྱ། །རིལ་བུ་ཙམ་ཅིག་མུར་ན་ཡང་། །རྒྱལ་པོ་བློན་པོ་འཁོར་བཅས་ཀྱིས། །མཐོང་ན་བུ་བཞིན་ གཟིགས་པས་ན། །ཐ་མལ་སྐྱོ་བོ་སྨོས་ཅི་དགོས། །ནོར་རྣམས་གཞན་གྱིས་སྟེར་བ་དང་། །བསྒོ་བ་ལ་ནི་ངག་བཙན་འགྱུར། །ག་པུར་གུར་གུམ་གིའུ་ཝང་དང་། །ཙནྡ་ན་གནད་བརྡ་དང་། །གླ་རྩི་དག་སྟེ་ཆ་མཉམ་དུ། །རེ་རེ་སྔགས་སྟོང་བཟླས་ནས་སུ། །བརྡུངས་ ཏེ་རིལ་བུ་བྱས་པ་ད་ག །གཡོན་པའི་ཞལ་ལ་གདགས་པར་བྱ། །བདུན་ནས་ཉ་ཡི་བར་དུ་ནི། །སྔགས་བཟླས་པ་དང་མཆོད་པ་བྱ། །བདུགས་པས་ནད་དང་གདོན་རྣམས་སེལ། །མིག་ལ་བྱུགས་པས་རྒྱལ་པོ་དང་། །རྒྱལ་མོ་བུ་དང་བུ་མོ་དང་། །བློན་པོ་ལ་སོགས་དབང་ དུ་འགྱུར། །ཁར་བཅུག་ཙམ་གྱིས་གྲོལ་བར་འོང་། །གདམས་པ་ཐམས་ཅད་དོན་ཡོད་འགྱུར། །སྤྱི་བོར་བཏགས་ན་བྱད་སྟེམས་དང་། །གཡུལ་ལས་ཤིན་ཏུ་རྒྱལ་བར་འགྱུར། །གལ་ཏེ་ཕྱེ་མས་བདུགས་པས་ཀྱང་། །སྡིག་པ་ཐམས་ཅད་བྱང་འགྱུར་ཏེ། །ཀུན་ གྱི་མཐོང་དང་དགའ་བ་དང་། །གཟི་བྱིན་འཕགས་པ་ཀུན་གྱིས་མཆོད། །ག་བུར་གླ་རྩི་གུར་གུམ་དང་། །ཙནྡན་གླ་རྩི་ཀ་ཀོ་ལ། །སྤོས་ཀྱི་རྒྱལ་པོ་པདྨ་དང་། །ཨུཏྤལ་སྔོ་དང་ཙནྡན་དམར། །རེ་རེ་ལ་ཡང་སྟོང་སྟོང་བཟླས། །ཆ་མཉམ་ཕྱེ་མ་གིའུ་ཝང་བཅས། །རིལ་ བུ་ཙ་ན་ཀ་ཚད་བྱ། །གྲིབ་སྐམས་བྱས་ནས་ལུས་ལ་འཆང་། །གླིང་བཞི་ཀུན་ཁྱབ་རྒྱལ་སྲིད་འཐོབ། །ཀྲ་ཀུ་ལ་ཡི་ཐང་ཆུ་དང་། །ལྡོང་རོས་བེད་དང་ཨུཏྤལ་སྔོ། །རྒྱ་མཚོ་ལྦུ་བ་གིའུ་ཝང་དང་། །ཡུངས་དང་སྐྱེར་པ་གུར་གུམ་དང་། །ག་བུར་དང་ནི་གླ་རྩི་ གསུམ། །རེ་རེ་ལ་ཡང་སྔགས་སྟོང་བཟླ། །དེ་ནས་སྐུ་ཡི་མགུལ་བཏགས་ཏེ། །སྟོང་བཟླས་དྲིལ་ནས་རིལ་བུ་བྱ། །མིག་ནད་སེལ་ན་ཆུ་དང་སྦྱར། །སོ་ནད་ལ་ནི་ཀ་ཀ་རུ། །རྣ་བའི་ནད་ལ་རུ་རྟ་སྟེ། །ཨུཏྤལ་མུ་ཏིག་མིག་ནད་ལ། །གྲེ་བའི་ནད་ལ་ བ་ཤ་ཀ། །གློ་ནད་ལ་ནི་བ་ལེ་ཀ། །ཤ་ཀ་ར་ཡི་ཐང་དང་སྦྱར། །རླུང་ནད་ལ་ནི་མར་དང་སྦྱར། །མཁྲིས་ནད་ལ་ནི་ཏིག་ཏ་དང་། །བད་ཀན་ལ་ནི་སྒ་དང་སྦྱར། །མཛེ་ནད་ལ་ནི་དུག་མོ་ཉུངས། །མ་ཞུ་བ་ལ་ཁ་རུ་ཚྭ། །སྐྲངས་ནད་རྣམས་ལ་ཐུག་ པོ་ཆེ། །བགེགས་དང་ཡམས་ནད་སེལ་བ་ལ། །གུ་གུལ་དང་བཅས་བདུག་པར་བྱ། །རིལ་བུའི་ཡོན་ཏན་མཐའ་ཡས་ནི། །ནམ་ཡང་བརྗོད་པར་མི་ནུས་སོ། །གུ་གུལ་ལ་ནི་སྟོང་བཟླས་པའི། །རིལ་བུས་བགེགས་ཚོགས་སེལ་ བར་བྱེད། །ཀེ་སུ་རྩ་དང་སྡེའུ་གཤེར་དང་། །བ་ལ་ཏ་ཀ་ཚ་བ་གསུམ། །སེར་པོ་མུ་ཟི་ཕྱེ་མ་རྣམས། །སྦྲང་རྩི་དང་བཅས་རིལ་བུ་བྱ། །པདྨ་གར་དབང་སྔགས་སྟོང་བཟླས། །ཟོས་པ་ཙམ་གྱིས་ལུས་རྒྱས་ཏེ། །ནད་དང་གདོན་དང་དགྲས་མི་ ཚུགས། །འདོད་རྣམས་ཐམས་ཅད་གྲུབ་པར་འགྱུར། །ཏ་ཀའི་རྩ་བ་བ་རུ་ར། །སྐྱུ་རུ་ར་དང་ཏི་ལ་ཏིལ། །མཉམ་བྱས་སྲིན་བྱའི་ཁྲག་དང་ནི། །རིལ་བུ་བྱས་ལ་མིག་ལ་བྱུག །ཀླུ་དང་ཡི་དགས་ཁང་པ་དང་། །ས་འོག་ཐམས་ཅད་མཐོང་ བར་ངེས། །བྱིས་པ་ཟླ་བ་གསུམ་པའི་ལྕེ། །ཉིན་གཅིག་སྤོས་པོར་ནང་དུ་གཞུག །གཉིས་པ་ར་འོ་གསུམ་དང་འབྱུང་། །བཞི་པ་རིལ་བུ་ཚིལ་ཆེན་བཙོ། །ལྔ་པ་སྦྲང་རྩི་ནང་དུ་སྟེ། །དྲུག་པ་དངུལ་ཆུའི་ནང་དུ་བཞག །བདུན་པ་རིགས་ངན་ ཐོད་པར་ནི། །བྱི་ལའི་ཁྲག་གིས་བསྐུ་ལ་གཞག །སྐམས་ནས་བྱ་དང་སྤྱང་ཀུའི་ཤ། །ལྷན་ཅིག་རང་གི་ཁར་བཅུག་ན། །དེ་མ་ཐག་ཏུ་མི་སྣང་འགྱུར། །གཞན་ཡང་ཡོན་ཏན་དཔག་ཏུ་མེད། །ལྡོང་རོས་གྱེན་དུ་བཅས་པ་དང་། །ཛ་ཏི་ལོ་མ་ ས་བོན་བཅས། །རིལ་བུ་སྔགས་སྟོང་བཟླས་པ་ཡིས། །བར་སྣང་ལ་ནི་འགྲོ་བར་ངེས། །བནྡུ་མ་དང་ཀིར་མ་དང་། །མ་ཀ་རི་དང་སུ་མི་ཏམ། །བྲ་པན་ཏ་མའི་རིལ་བུ་ནི། །ཉི་ཟླ་གཟས་བཟུང་དུས་སུ་མིད། །ཤེས་རབ་ཕུལ་དུ་འབྱུང་བ་སྟེ། ། ཐོས་པ་འཛིན་འགྱུར་སྨོས་ཅི་དགོས། །གིའུ་ཝང་སྭ་ཧཱ་ཙི་ན་དང་། །སྲེ་ཏ་སྦྲང་གི་རིལ་བུ་བྱ། །སྔགས་སྟོང་བཟླས་ནས་ཁར་བཅུག་ན། །འདས་པའི་དོན་རྣམས་ཤེས་པར་འགྱུར། །གིའུ་ཝང་སུག་པ་ཕྱེ་མ་དང་། །བ་ར་སྭཱ་ཏ་ཧ་སུ་རི། །ཨ་ར་ ཧུ་རི་སྦྲང་རྩིར་བཅས། །རིལ་བུ་བྱས་ནས་སྔགས་སྟོང་བཟླ། །མིད་པས་མ་འོངས་དོན་རྣམས་ཤེས། །གཞན་ཡང་ནད་འདོན་བྱེད་པ་ཡི། །རིལ་བུ་ཆེན་པོ་བཤད་པར་བྱ། །རྒྱལ་དང་རྣམ་རྒྱལ་ན་གུ་ལ། །ཀན་དྷ་ན་གུ་ལི་དང་ནི། །རུ་ཎི་ཨ་པ་ ཡ་བ་ནི། །ཨི་པ་ཡ་ན་ཏ་ག་ར། །གན་དྷ་ག་དང་པྲི་ཡང་ཀུ། །འཁོར་ལོ་ཆེ་དང་འཁོར་ལོ་དང་། །བིཥྞུ་ཀ་ཊི་དེ་བཞིན་དུ། །སོ་མ་ར་ཙ་ཨུན་ན་ཏི། །རེ་རེ་ལ་ཡང་སྔགས་ཕྲེང་དང་། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དེ་ནས་བརྡུངས་ཏེ་སྦྲང་ དང་བཅས། །བྱིས་པ་ལ་ནི་དཔུང་པར་ཏེ། །བུ་འདོད་མོ་ལ་མགུལ་བར་གདགས། །འདི་བཏགས་པ་ཡི་དེ་མ་ཐག །འཇིགས་པ་བརྒྱད་དང་ནད་ལས་གྲོལ། །བ་མར་ཤུ་དག་བ་ལྕིར་བཅས། །ལྕགས་ཀྱི་སྣོད་དུ་བཙོས་པ་ཡི། །རིལ་བུ་ཨ་མྲའི་ འབྲས་བུ་ཙམ། །སྔགས་འདི་སྟོང་ཕྲག་བརྒྱད་བརྗོད་དེ། །ཕྱིས་ནི་ཉི་ཤུ་གཅིག་བརྗོད་ནས། །སྔ་བར་མིད་པས་ཤེས་རབ་འཕེལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་ཤུདྡྷེ་མྲྀ་ཏཾ། བ་ལ་བརྡྷ་ནི་སྭཱ་ཧཱ། སྲོད་དང་ཐོ་རངས་དགེ་སྦྱོང་དང་། །དལ་སྨྲ་གསོང་པོ་དུལ་བག་ཅན། །ཁྲུས་ལ་དགའ་ཞིང་དྲི་བཟང་བསྟེན། །སྤྱོད་ལམ་རབ་ཞི་ཁྲོ་བ་མེད། །རྟག་ཏུ་བསྔགས་བརྗོད་བརྩེ་སེམས་ཅན། །སྤྱན་རས་གཟིགས་ཉིད་ལ་ ཆེར་དང་། །གདུང་བག་གདོང་ལ་མཆི་མ་ཅན། །ལུང་ཐོབ་བླ་མར་རབ་དགའ་བའི། །སྐྱེས་མཆོག་དེ་ལ་རབ་དགེ་ཞིང་། །འཇིག་རྟེན་སྐྱོང་གི་ལྷ་རྣམས་དང་། །འབྱུང་བ་ལ་སོགས་སྨོས་ཅི་དགོས། །རྟག་པར་རང་གི་ཡིད་ལ་ནི། །སྙིང་པོ་གསང་ སྔགས་བཅང་བར་བྱ། །ཉེ་བའི་སྙིང་པོ་ལུས་དག་པའི། །ལྷ་ཡང་རང་ལ་ཉེ་བར་བྱེད། །རྩ་བའི་སྔགས་རྣམས་བརྗོད་མང་བ། །ཁྲི་དང་འབུམ་དང་ས་ཡ་དང་། །ས་ཡ་གསུམ་དང་དྲུག་བརྗོད་དེ། །ཁ་ཅིག་ལ་ཡང་བཞི་དང་ནི། །ལྔ་ཙམ་གྱིས་ནི་དེ་གྲུབ་ ཡིན། །ལས་ལ་སྦྱར་བ་བདུན་དང་ནི། །བཅུ་བཞི་ཉི་ཤུ་རྩ་གཅིག་དང་། །བརྒྱ་དང་དེ་བཞིན་སྟོང་གིས་རྫོགས། །དེ་མ་ཐག་ཏུ་ཆུ་ཡིན་ཏེ། །ཅུང་ཟད་བ་ནི་མར་གྱིས་བྱ། །བརྟན་པར་གྱུར་པ་ཀ་ར་སྟེ། །ཆེས་བརྟན་པ་ལ་སྲད་བུ་ཡིན། ། སྨན་དང་སྔགས་ཀྱིས་སེལ་བྱེད་དེ། །རིལ་བུས་རིང་དུ་སྐྱོང་བྱེད་ཡིན། །སྔགས་སྒྲུབ་པ་ལ་མི་མོས་པའོ། །མདུན་དུ་རྩོམ་ན་དེ་དག་རྣམས། །དེ་སྐད་གསུངས་པའི་དེ་མ་ཐག །རྡོ་རྗེ་སྙིང་པོ་ཉི་འོད་དང་། །པད་དཀར་རིན་ཆེན་སྙིང་པོ་དང་། །པད་ སྤྱན་གཟིགས་ཀྱི་སྙིང་པོ་དང་། །ཡེ་ཤེས་དབང་ཕྱུག་པད་དབང་ཕྱུག །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །རང་རང་སྡེ་དཔུང་སྡེར་བཅས་པ། །འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས། །འཇིག་རྟེན་དབང་ལ་ཆེར་དམིགས་ནས། །མཆོད་པའི་ ཚོགས་རྣམས་བཀྲམ་བྱས་ཏེ། །རིན་ཆེན་རིགས་ལས་འཁྲུངས་པ་ཡི། །མཆོད་པ་ནམ་མཁའ་གཏོས་པར་བཀང་། །རོལ་མོ་དུ་མ་ལྷབ་ལྷུབ་དང་། །སིལ་སྙན་ལྷ་ཡི་ཚོགས་རྣམས་ཀྱིས། །སྤྲིན་མཛེས་ཚོགས་རྣམས་རབ་འཁྲིགས་ལྟར། །བཀོད་པ་ མཐའ་ཡས་བཤམ་བྱ་སྟེ། །དེ་ནས་བྱང་ཆུབ་སེམས་དཔའི་ཚོགས། །མགོན་གྱུར་ཡེ་ཤེས་མངའ་བ་རྣམས། །སྤྱན་རས་གཟིགས་དབང་གསུང་སྙན་ལ། །ཡི་རང་སྐྱེས་ནས་མཚན་ཆེན་བརྗོད། །སྤྱན་རས་གཟིགས་དབང་མཆོག་བརྟན་ཆེ། །འཇིག་ རྟེན་དབང་པོ་དབང་ཕྱུག་ཆེ། །པདྨ་སེམས་དཔའ་པད་འབྱུང་ཆེ། །རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །དག་པ་ཆེན་པོ་ཆོས་རྒྱལ་གཙོ། །བློ་གྲོས་ཆེན་པོ་སེམས་དཔའ་ཆེ། །པདྨ་འཆང་དང་པདྨ་དཔའ། །པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། །པདྨ་ལས་ བྱུང་དམ་པའི་ཡིད། །པདྨ་གསལ་མཛད་དགའ་མཛད་པོ། །པདྨའི་རྡོ་རྗེ་པདྨའི་སྐུ། །ཁྱོད་མཆོག་སྤྱན་ལ་ཕྱག་འཚལ་ལོ། །སྣང་བ་ཀུན་ཆེན་ཐབས་པོ་ཆེ། །ཆེ་མཉམ་དགའ་བ་དགོངས་པ་ཆེ། །དཔའ་བོ་ཆེན་པོ་བརྟན་ཆེན་རྒྱལ། །བདེ་བ་ཆེན་པོ་ཁྱོད་ ཕྱག་འཚལ། །བསམ་ཆེན་མཁྱེན་ཆེན་ཐེག་ཆེན་པོ། །རྣལ་འབྱོར་ཆེན་པོ་མེས་པོ་ཆེ། །བདེ་སྩོལ་བདེ་མཛད་དགའ་མཛད་ཆེ། །པདྨ་རྒྱས་ཞལ་ཕྱག་འཚལ་ལོ། །ཆོས་མངའ་དོན་མངའ་པདྨ་རྒྱལ། །དག་པ་ཆོས་མངའ་ཆོས་མཆོག་འཛིན། །རྨད་འབྱུང་ ཆེན་ལྡན་ཆོས་རབ་འཆང་། །ཆོས་ཀྱི་ཚོགས་ཁྱོད་ཕྱག་འཚལ་ལོ། །སངས་རྒྱས་སེམས་དཔའ་མཆོག་སེམས་དཔའ། །རིན་ཆེན་སེམས་དཔའ་ཆོས་སེམས་དཔའ། །དམ་ཚིག་སེམས་དཔའ་ལས་སེམས་དཔའ། །ཀུན་མཁྱེན་སེམས་དཔའ་ཁྱོད་ཕྱག་ འཚལ། །འཇིག་རྟེན་དཔའ་བོ་དཔའ་བོ་མཆོག །རྣམ་པར་གཟིགས་གཙོ་སྐྱོབ་མཛད་ཆེ། །འཇིག་རྟེན་གསལ་མཛད་འཇིག་རྟེན་དོན། །འཇིག་རྟེན་མགོན་པོ་ཕྱག་འཚལ་ལོ། །འཇིག་རྟེན་ཡི་གེ་ཁ་དོག་ཆེ། །ཡི་གེ་ཆེ་མཚུངས་ཡིག་དྲུག་མཆོག ། ཡི་གེའི་རང་བཞིན་ཡི་གེ་གཟིགས། །ཡི་གེ་འཁོར་ལོ་ཁྱོད་ཕྱག་འཚལ། །པདྨའི་ཕྱག་རྒྱ་པདྨའི་ལག །ལེགས་སོ་སྦྱིན་མཛད་དབུགས་སྦྱིན་བའོ། །སངས་རྒྱས་ཚོགས་དེ་སངས་རྒྱས་ཆོས། །སངས་རྒྱས་ཆེ་ཁྱོད་ཕྱག་འཚལ་ལོ། །ཚད་མེད་ཆེ་སྐུ་ སངས་རྒྱས་སྐུ། །གཟུགས་བཟང་འཆང་ལྡན་རྡོ་རྗེ་གཟུགས། །གཟི་བརྗིད་ཆེ་མཆོག་ཆོས་སྣང་བ། །སྣང་བར་མཛད་ཁྱོད་ཕྱག་འཚལ་ལོ། །གཙོ་མགོན་རྒྱལ་པོ་པདྨའི་དཔལ། །ཆོས་ཀྱི་དཔལ་མགོན་འདྲེན་མཛད་པ། །ཚངས་པའི་མགོན་ཆེན་ཁྱབ་འཇུག་ མགོན། །ཚངས་པའི་སྲས་ཁྱོད་ཕྱག་འཚལ་ལོ། །ཆེར་གསལ་གཙོ་བོ་སྣང་པ་མཆོག །འོད་ཆེན་མཛད་པ་རང་གསལ་མཛད། །སྣང་བ་ཆེན་པོ་ཀུན་གསལ་མགོན། །སྣང་བ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་ཅན་སྤྱན་པོ་ཆེ། །ཆོས་ཀྱི་ སྤྱན་ཏེ་གཟིགས་པ་ཆེ། །ཏིང་འཛིན་ཆེན་པོ་ཡེ་ཤེས་མཚོ། །རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ། །འདྲེན་པའི་གཙོ་བོ་དབང་སྒྱུར་གཙོ། །མཁས་པ་ཆེན་པོ་སངས་རྒྱས་སྲས། །རྒྱལ་ཐབས་མཉེས་པ་ཁྱུ་མཆོག་ཆེ། །སངས་རྒྱས་དཔག་མེད་ཕྱག་འཚལ་ལོ། །དྲག་པོ་ ཆེན་པོ་རྟུལ་ཆེན་པོ། །ཧ་ལ་ཆེན་པོ་སེང་གེ་སྒྲ། །མགྲིན་སྔོན་གར་གྱི་དབང་ཕྱུག་གཙོ། །ཡེ་ཤེས་གཙུག་ཏོར་ཕྱག་འཚལ་ལོ། །དེ་ལྟར་མིང་བརྒྱ་རྩ་བརྒྱད་གང་། །འཆང་ལ་ནད་མེད་བགེགས་མེད་དེ། །དཔལ་འབྱོར་འཇིག་རྟེན་དབང་ཕྱུག་མཐོང་། ། ཡང་ཡང་ལྷར་སྐྱེ་མྱ་ངན་འདའ། །དེ་སྐད་གསུངས་ནས་བློ་ལྡན་རྣམས། །རང་རང་སྟན་ལ་མངོན་པར་འཁོད། །དེ་ཚེ་ཕྱོགས་བཅུ་རྣམ་པར་གཡོས། །བདུད་རིགས་ཐམས་ཅད་མོག་པོར་གྱུར། །དེ་ནས་གཟུངས་ཀྱི་དབང་ཕྱུག་གིས། །བྱང་ཆུབ་ སེམས་དཔའི་ཚོགས་རྣམས་ལ། །རྟོགས་པའི་ཡེ་ཤེས་ངོ་བོ་ཉིད། །ང་ཡི་མཚན་ཉིད་འདི་གསུངས་སོ། །ཀུན་དུ་བཟང་པོའི་སྤྱོད་ཡུལ་ཅན། །དཀར་ལམ་བཅུ་པ་རྣམ་སྤྲོ་བ། །སེམས་ཅན་གང་དུ་འདོད་སྦྱོར་བའི། །རིགས་ནི་རིགས་ཆེན་ཐམས་ཅད་ པའོ། །ལུས་ངག་ཡིད་བཅུ་སྤྱོད་བཅུ་ནི། །རྒྱུན་མི་ཆད་དུ་སྦྱོར་མོད་ཀྱང་། །རགས་པ་ཡི་ནི་གཟུགས་བརྙན་མཐུས། །སྔགས་སྦྱོར་གསང་སྔགས་འཛིན་པ་ཡི། །ལྷ་ལ་གོམས་པ་ལྷ་མཐོང་ངམ། །མངོན་ཤེས་དང་པོ་སེམས་གསལ་བས། །མཁའ་མཉམ་ སེམས་ཀྱི་རྫུ་འཕྲུལ་ཆེ། །སེམས་སྣང་རིག་པ་འཛིན་པའི་ས། །མཚན་མ་ཕྲ་བ་ལ་སོགས་པའི། །མངོན་ཤེས་འཇིག་རྟེན་གསལ་མ་ཐོངས། །འཇིག་རྟེན་འདས་པའི་སྙིང་པོ་སྟེ། །བརྟན་པའི་ཡེ་ཤེས་ལས་བྱུང་བའོ། །དམ་ཚིག་སྡོམ་པ་མཁའ་མཉམ་ སྤྱོད། །སེམས་དང་སེམས་དཔའ་དབྱེར་མེད་དང་། །ཞི་ལམ་སྒྲོ་སྐུར་ཆད་པ་དང་། །སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ། །བཞི་བཞི་ལྷུན་གྱིས་གྲུབ་པ་དང་། །རྟེན་འབྲེལ་ཟབ་དོན་མངོན་གྱུར་པ། །འཇིག་རྟེན་འདས་པའི་རིགས་ཀུན་མཆོག །མཚན་མེད་ཏིང་ འཛིན་ལ་གནས་ནས། །རྩོལ་བཅས་གཞན་དོན་སྒྲུབ་པ་དང་། །རྩོལ་མེད་ཤུགས་ཀྱིས་བདེ་འབྱུང་དང་། །ངེས་ཚིག་ཆོས་དོན་སྤྲོས་པའི་མཐའ། །རྫུ་འཕྲུལ་དུ་མ་སྤྱོད་ཡུལ་ལ། །རིགས་ཆེན་ཡོངས་སུ་གྲུབ་པའི་ས། །མཁའ་སྤྱོད་ཕུན་སུམ་ཚོགས་ལྡན་ཅིང་། །སེམས་ ཀྱི་སྣང་བ་དུ་མར་སྒྱུར། །དངོས་རྣམས་སྤྲོས་སྤང་བསྡུ་སྤྱོད་པ། །རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིས། །ཆོས་སྐུ་ཀུན་སྣང་ཀུན་དུ་འོད། །བདེ་སྐུར་སྣང་བ་པདྨའི་སྤྱན། །ཡི་གེ་འཁོར་ལོ་སྤྲུལ་ཚོགས་ཆེ། །མཚོན་བྱ་མཚན་ཉིད་རྡོ་རྗེ་འཛིན། །ཟག་མེད་ཡེ་ཤེས་བླ་མའི་ས། །འདུ་ འབྲལ་མེད་པའི་བདེ་ཆེན་ས། །དེ་ལྟར་དྲུག་ནི་སངས་རྒྱས་ཀྱི། །ས་ཆེན་བླ་མེད་མཐར་གནས་སོ། །ངོ་བོ་སྤྲོས་མེད་ཆོས་སེམས་པ། །གསང་སྔགས་བསྒྲུབ་པའི་རྒྱུ་གཅིག་གོ། །སེམས་ཅན་སེམས་སྙོམས་བྱང་སེམས་འཛིན། །ངེས་པར་སྒྲུབ་པའི་རྒྱུ་གཉིས་སོ། །སེམས་ ཅན་མི་གཏོང་ཚུལ་ཁྲིམས་བསྲུང་། །སྔགས་དོན་མི་སྤོང་ཉིད་དང་གསུམ། །རང་གིས་སྔགས་བསྒྲུབ་གཞན་གྱིས་སྔགས། །བར་མི་གཅོད་དང་འགྲོ་བ་ལ། །བྱམས་པ་བསྒྲུབ་དང་སྙིང་རྗེ་བསྒྲུབ། །གྲུབ་པར་བྱེད་པའི་རྒྱུ་བཞིའོ། །དབེན་པ་བསྟེན་དང་འདུ་འཛི་སྤོང་། །ཐོས་པ་ བསམ་ཞིང་དེ་དོན་སྤྱོད། །ཕྱི་རོལ་སྔགས་སྤོང་ཞེ་སྡང་སྐྱུང་། །དེ་དག་སྔགས་སྒྲུབ་རྒྱུ་ལྔའོ། །དད་པ་འདུན་པ་གསོལ་བ་དང་། །ཕྱི་ནང་སྔགས་ལ་མི་སྤྱོད་དང་། །སྤྲོས་མེད་སྟོན་པའི་གཞུང་འཇུག་དང་། །ཐེག་ཆེན་མདོ་གཞུང་འཛིན་པ་དང་། །སྔགས་གཞུང་ཚོལ་བ་མི་སྐྱོ་དང་། །དགེ་ སྤྱོད་བརྩོན་དང་དྲུག་པའོ། །བཟླས་དང་སྦྱིན་སྲེག་མཆོད་གཏོར་བརྩོན། །ཕྱི་རོལ་དཀའ་ཐུབ་གདུང་མེད་དང་། །སྣོད་བཅུད་འོག་མིན་གནས་ལྷ་དང་། །བུ་མོ་ཕ་རོལ་ཕྱིན་ཡུལ་ལྷ། །འགྲོ་བ་མི་བསླུ་ཆོས་མི་འབྱེད། །ཐེག་དམན་མི་ལེན་པ་དང་བདུན། །ཉན་ཐོས་རང་རྒྱལ་ བློ་ལྡན་དང་། །རིག་འཛིན་རྫུ་འཕྲུལ་ཐེ་ཚོམ་མེད། །ལྷ་དང་བླ་མའི་བསྙེན་བཀུར་དང་། །དབང་བསྐུར་ལུང་ནོད་སྤྲོ་བ་དང་། །སེར་སྣ་མེད་དང་གཏོང་ལ་དགའ། །གསང་བ་དགའ་ཞིང་མི་གཡེངས་དང་། །གཟི་བརྗིད་དབང་ཆེའི་ལུས་ཐོབ་དང་། །གྲགས་ཀུན་བློ་ ལྡན་བརྒྱད་པོར་བལྟ། །སྐུར་པ་མེད་ཅིང་བདེན་པར་སྨྲ། །བག་ཡོད་ཚུལ་འཆོས་སྤངས་པ་སྟེ། །བརྒྱད་པ་དེ་ཡང་བསྒྲུབ་པའི་རྒྱུ། །རྒྱུ་མེད་འབྲས་བུ་ག་ལ་སྲིད། །གང་ཞིག་ལྕགས་ཀྱུས་བཟུང་བས་གཉིས་རེ་ནས། །ཀླུ་ཕྲུག་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས། ། ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ། །རྟག་པར་འཆང་ན་གནས་སྒྱུར་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་ཐུབ་པ་ཆེས། །བློ་ལྡན་རྣམས་ལ་བཀའ་སྩལ་པ། །ལེགས་སོ་ལེགས་སོ་སེམས་དཔའ་ཆེ། །གང་དག་དེ་དག་དེ་བཞིན་དུ། ། བདེ་འདོད་རྣམ་པར་གཡེང་བ་དང་། །དེས་ནི་སྡུག་བསྔལ་མྱ་ངན་འདས། །གདུང་བ་ཆགས་སྡང་འཁྲུག་པ་དང་། །དེས་ནི་ལོག་པའི་ཆོས་འདོར་ཡང་། །དགེ་སྦྱོང་ལོག་ལྟས་ཚངས་པའི་གདོན། །སྔགས་ལོག་སྤྱོད་བྱེད་རིག་འཛིན་གདོན། །གདུལ་ དཀའ་དག་ལ་རྒྱུན་རིངས་སོ། །སྐྱེ་ངན་འཇིགས་ཕྱིར་བློ་ཟབ་སྤྱོད། །གང་གི་ཁྱིམ་དུ་རྒྱུད་འདི་ཡོད། །བྲི་དང་བཀླག་དང་མཆོད་པ་དང་། །རིམ་གྲོ་ཆེད་དུ་གསལ་བྱེད་དང་། །བཀྲ་ཤིས་ཚེ་རིང་དཔལ་འབྱོར་སྐྱེ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དག་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་དུ་མ་དང་། ཉན་ཐོས་ཀྱི་ཚོགས་ཐམས་ཅད་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། སྦྱོར་བ་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་རྫོགས་སོ།། །།རིག་པའི་འབྱུང་གནས་རིག་པའི་འོད་ཟེར་གྱིས་ཤེས་རབ་པདྨ་རྒྱས་པའི་ཁ་ཆེའི་ཡུལ་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཆེན་པོར་པཎྜི་ ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་ཞེས་བྱ་བ་དང་། བོད་ཀྱི་ལོཙྪ་བ་ཀྱུ་ར་དགེ་སློང་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱཱ་མོ་གྷ་པཱ་ཤ་ཧྲྀ་ད་ཡཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ ལོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པོ་ཏ་ལ་ཀའི་རིའི་རྩེ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ས་མ་ལ་དང་། ཏ་མ་ལ་དང་། ཙམ་པ་ཀ་དང་། མྱ་ངན་མེད་པ་དང་། ཨ་ ཏི་མུཀྟ་ཀ་ལ་སོགས་པ་མང་པོ་དང་། སྣ་ཚོགས་པའི་རིན་པོ་ཆེའི་སྡོང་པོས་ཡང་དག་པར་བརྒྱན་པར་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཕྲག་བཅྭ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་། གནས་གཙང་མའི་ལྷའི་བུ་ སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོར་བྱས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་བའི་ལྷ་ང་ས་ལ་བཙུགས་ཏེ། གང་བཅོམ་ལྡན་འདས་ལ་དེ་ཡིས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་ཞལ་འཛུམ་པར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། གང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་ན་འཇིག་རྟེན་རྣམ་པར་གཟིགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། འཇིག་རྟེན་གྱི་དབང་པོ་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བདག་གིས་བླངས་ཏེ། གང་ཡང་བདག་གིས་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་གཙོར་བྱས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་མང་པོ་ཡང་འདུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཡོད་ ཞགས་པའི་ཡེ་ཤེས་ཀྱི་གཙོ་བོའི་ཏིང་ངེ་འཛིན་བཅུ་པ་བརྒྱ་སྟོང་བདག་གིས་རབ་ཏུ་རྙེད་དོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་ས་གཞིའི་ཕྱོགས་གཅིག་ཏུ་རབ་ཏུ་སྤྱོད་པ་ལས་རྟོག་པར་བྱ་སྟེ། བཅོམ་ལྡན་འདས་དེའི་ཚེ་ས་ཕྱོགས་དེ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་རིས་གཙོར་བྱས་པའི་ལྷའི་བུ་སྟོང་ཕྲག་བཅུ་གཉིས་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པའི་དོན་དུ་གནས་པར་འགྱུར་རོ། །གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་རབ་ཏུ་སྤྱོད་ན་བཅོམ་ལྡན་འདས་སའི་ཕྱོགས་གཅིག་པོ་དེ་མཆོད་རྟེན་དུ་ འགྱུར་རོ། །སེམས་ཅན་གང་དག་དོན་ཡོད་ཞགས་པའི་སྙིང་པོ་ཉན་པ་དེ་དག་ནི་སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་མཆོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པས་བདག་གིས་དགེ་ བའི་རྩ་བསྐྱེད་པར་འགྱུར་རོ། །གང་ཁ་ཅིག་བཅོམ་ལྡན་འདས་སྡིག་པའི་སྐྱོན་བྱེད་པ། སྡིག་པའི་ཆོས་ཐམས་ཅད་ལ་ཡང་དག་པར་སྤྱོད་པ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་ལ་སྨོད་པ། མནར་མེད་པ་ལ་གཞོལ་བ། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ལ་སྨོད་པ་པོ་དེ་གལ་ཏེ་འགྱོད་པར་གྱུར་ཅིང་སླན་ཆད་གཅོད་ཅིང་སྡོམ་པར་གྱུར་ན། བཅོམ་ལྡན་འདས་དེས་རེ་ཞིག་དེ་ཉིད་སྨྱུང་བར་གནས་པ་གཅིག་གིས་དེ་བཟླས་ན་དེའི་སྐྱེ་བ་འདིའི་ལས་ཡོངས་སུ་དག་ ཅིང་ཡོངས་སུ་ཟད་པར་འགྱུར་རོ། །ཕྱིར་བཟློག་པར་འགྱུར་རོ། །རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། དེའི་ཕྱིར་ཁྲག་ཏུ་འཁྲུ་བའམ། ཚད་པའམ། ལག་པ་ན་བའམ། རྐང་པ་ན་བའམ། མགོ་ན་བའམ། ཧ་ལ་ཧ་ལ་ཡིས་བཏགས་པའམ། མཛེའམ། རྐང་ཤུའམ། འབྲུམ་བུ་ཕྲ་མོའམ། ལྷོག་པའམ། འབྲས་སམ། བྱེའུ་འབྲས་སམ། གཡན་པའམ། མཚན་བར་རྡོལ་བའམ། འབྲུམ་བུའམ། བརྗེད་བྱེད་དམ། ཁྱབ་པར་ན་བའམ། གསོད་པའམ། འཆིང་ བའམ། བརྡེག་པའམ། བསྡིགས་པའམ། མི་སྙན་པར་བརྗོད་པའམ། མདོར་བསྡུ་ན་བཅོམ་ལྡན་འདས་ལུས་ཀྱི་ན་ཚའམ། སེམས་ཀྱི་སྡུག་བསྔལ་ལམ། རྨི་ལམ་ངན་པ་མཐོང་བས་དེའི་ལས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ། །སྔར་ཉིད་ནས་དག་པའི་ སེམས་དད་ཅིང་ལྷག་པར་མོས་པ་རྣམས་ཤིན་ཏུ་ཡོངས་སུ་བྱང་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་འཁོར་བཞི་པོ་དང་། རིགས་བཞི་པོས་ཇི་སྙེད་དུ་བདག་ལ་སྒྱུ་དང་གཡོས་ཀྱང་། མཆོད་པར་བྱེད། གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཉན་པར་བྱེད་པ་དང་། དོན་ འཛིན་པར་བྱེད་པ། འཆང་བར་བྱེད་པ། ཀློག་པར་བྱེད་པ། འདྲི་བར་བྱེད་པ། འདྲིར་འཇུག་པར་བྱེད་པ། ཀུན་ཆུབ་པར་བྱེད་པ། སེམས་ཅན་གཞན་རྣམས་ཉན་དུ་འཇུག་པར་བྱེད་པའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣ་བུག་ཏུ་གཏུགས་ཏེ་ཟློས་པར་ བྱེད། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ་དང་། དོར་བ་མེད་པ། གཟུགས་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། སྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་ལྔ་དང་བྲལ་བའི་ སྦྱོར་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ། །དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བརྒྱ་སྟོང་གིས་ཞལ་སྟོན་པར་འགྱུར་རོ། །ཁྱེད་ཀྱིས་བཟླས་པས་སྡིག་པ་བཤགས་པར་འགྱུར་རོ། །ཇི་སྙེད་པོ་ཏིར་བྲི་བ་བྱས་ནས་ཁྱིམ་དུ་བཞུགས་སུ་གསོལ་བར་བྱའོ། །བཅོམ་ ལྡན་འདས་མང་པོས་ཅི་བྱ་སྟེ། ཕན་ཚུན་འགྲན་པས་ཉན་པའམ། རྗེ་དཔོན་གྱིས་འཇིགས་པས་སམ། གཞན་གྱི་རྗེས་སུ་འཇུག་པས་སམ། གཞན་སྨད་པར་བྱ་བའི་ཆེད་དུ་ཉན་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱིན་གྱིས་བརླབས་སུ་མཁས་པས་ ཤེས་པར་བྱའོ། །དེ་དག་གི་རྣ་བུག་ཏུ་དེའི་སྒྲ་གྲགས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། གང་ལ་ལའི་སྐྱེས་བུས་ཙནྡན་ནམ། ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་ཞིང་བརྒྱད་ཅིང་རྔོ་བའམ། ས་ལ་གཞིབས་ནས་བདག་ཉིད་ལ་བྱུགས་ན། དེ་ལ་ ཙནྡན་ནམ། ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་བའམ་བརྒྱ་དཔས་དེ་ལྟར་དྲི་འཕོ་བར་མི་འགྱུར་རོ། །ཡང་དྲི་ཞིམ་པོའང་དེ་ཉིད་དོ། །བཅོམ་ལྡན་འདས་དེ་ལྟར་ཁོ་ནར་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་འདི་ལ་ཡང་གང་ལ་ལ་ཞིག་ གིས་འཕྱ་ཞིང་སྨོད་པ་དང་། སྔ་མ་ལྟར་ཇི་སྙེད་བདག་ལ་སྒྱུ་དང་གཡོས་མཆོད་པ་བྱེད་པ་དེ་དག་ནི་བཅོམ་ལྡན་འདས་དམུ་རྒོད་ཀྱི་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འདོད་པས་དཀའ་བར་འཛིན་པར་བརྗོད་དེ་ཕྱི་མ་ལའང་ངོ་། །གང་དང་ གང་དུ་སྐྱེས་པ་དེ་དང་དེ་རུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་མི་འབྲལ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཉིད་དུ་བྱེད་དོ། །གང་ཡང་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པའི་ཁ་ཅིག་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱས་ཏེ། ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་ པར་ཡོངས་སུ་