Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 091_རྒྱུད་འབུམ།_བ
Văn bản gốc(Tây Tạng)
Trang 8 / 18 (50.000 ký tự/trang)
ད་བྱས་ན། །སྟོབས་བཅུ་མངའ་བའི་སྐུར་འགྱུར་སྣང་བ་ཐོབ་ཅིང་རྣམ་དག་ཡོན་ཏན་འབྱུང་གནས་འགྱུར། །འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་ རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་ གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་རང་གི་སྙིང་པོ་སྨྲས་པ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ །ཧ་ན་ད་ཧ། པ་ཙ་ཧཱུཾ་ཕཊ། དེ་ནས་གཟུངས་སྔགས་ འདི་བཤད་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཏེ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་སྐྲག་ནས་ཉམ་ཐག་པའི་སྐད་ཕྱུང་ངོ་། །དཀྱིལ་འཁོར་ཆེན་པོར་འདུས་པ་ཐམས་ཅད་ཀྱང་ཧ་ཧ་ཞེས་འཛེར་ཏོ། །ལྷ་ལ་སོགས་པ་རིག་སྔགས་འཆང་ཆེན་པོ་རྣམས་ཀྱིས་ཀྱང་ རྒྱན་གྱི་ཆར་ཆེན་པོ་ཕབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་འཛུམ་བཞིན་དུ་རྡོ་རྗེ་འཆང་ལ་གཟིགས་ནས་བཀའ་སྩལ་པ། སྡང་བ་སེལ་བ་འཁོར་འདི་དག་ཧ་ཅང་སྐྲག་པར་མ་བྱེད་ཅིག །རྡོ་རྗེ་འཆང་གིས་གསོལ་པ། བཅོམ་ལྡན་འདས་བདག་གི་གཟུངས་འདི་ནི་མཆོག་ ཏུ་གསང་བ་ལགས་སོ། །རིག་སྔགས་ཐམས་ཅད་ཀྱི་མཆོག་དང་། བགེགས་ཐམས་ཅད་ཟློག་པ་དང་། སྡང་བ་ཐམས་ཅད་སེལ་བ་དང་། དམ་པ་སྩོལ་བ་དང་། འབྱོར་པ་སྩོལ་བ་དང་། སྡང་བ་རྣམས་དགའ་བར་བགྱིད་པ་དང་། ཐོས་ན་དོན་མཆིས་པ་དང་། བརྗོད་ ན་དོན་མཆིས་པ་དང་། བསྙེན་བཀུར་བགྱིས་ན་དོན་མཆིས་པ་དང་། སྟོབས་སྐྱེད་པ་དང་། གཟུགས་བཟང་བར་བགྱིད་པ་དང་། སྤོབས་པ་སྐྱེད་པ་དང་། དབང་ཕྱུག་ཐོབ་པར་བགྱིད་པ་དང་། ནོར་དང་ལྡན་པར་བགྱིད་པ་དང་། དབང་བགྱིད་པ་དང་། སྡང་བ་འཇོམས་པ་ དང་། སྡང་བ་འཇིག་པར་བགྱིད་པ་དང་། དུག་སེལ་བ་དང་། རྒྱལ་བར་བགྱིད་པ་དང་། དགའ་བར་བགྱིད་པ་དང་། མཆོག་ཏུ་དགའ་བར་བགྱིད་པ་དང་། དང་བར་བགྱིད་པ་དང་། ང་རྒྱལ་འཇོམས་པ་དང་། ཕ་རོལ་ཕམ་པར་བགྱིད་པ་དང་། སྡིག་པ་ཞི་བར་བགྱིད་ པ་དང་། ནོངས་པ་བགྱིས་པ་སྦྱོང་བ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་བར་བགྱིད་པ་དང་། མཚམས་མ་མཆིས་པ་ཟློག་པ་དང་། རྨི་ལམ་ངན་པ་ཞི་བར་བགྱིད་པ་དང་། བཀྲ་མི་ཤིས་པ་ཞི་བར་བགྱིད་པ་དང་། དཔལ་སྐྱེད་པ་དང་། སྐལ་བ་ བཟང་པོ་ར་བགྱིད་པ་དང་། སེམས་ཅན་ཐམས་ཅད་དགའ་བར་བགྱིད་པ་དང་། གཞན་ལ་དབང་བགྱིད་པ་དང་། ཅི་འཚལ་བ་སྩོལ་བ་དང་། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིད་པ་དང་། ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། དུས་ཀྱི་ གནོད་པ་རབ་ཏུ་ཞི་བར་བགྱིད་པ་ལགས་ཏེ། གཡུལ་ཆེན་པོ་དང་། མི་ནད་ཆེན་པོ་དང་། རྩོད་པ་ཆེན་པོ་དང་། མི་མ་ལགས་པ་ལ་སོགས་པ་འཇིགས་པ་དང་། སྡང་བ་དང་། བྱད་སྟེམས་དང་། རོ་ལངས་ཀྱི་སྦྱོར་བ་ཆེན་པོ་དང་། སྐྲོད་པ་དང་། སྲོག་ འཇིག་པའི་ཚེ་དང་། འཇིགས་པ་ཆེན་པོ་བྱུང་བ་ན་ནང་པར་ལངས་ནས་ལུས་ཁྲུས་བགྱིས་ལ། གོས་དཀར་པོ་འཚལ་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་གདོང་དུ་ལྟ་ཞིང་ལན་བདུན་བརྗོད་ན། བརྗོད་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ ལས་ཐར་བར་འགྱུར་ཞིང་གྲུབ་པ་ཆེན་པོ་ཡང་ཐོབ་པར་འགྱུར་ལ། ཐམས་ཅད་དུ་ཡང་རྒྱལ་བར་འགྱུར་ཏེ། སེམས་ཅན་རྣམས་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་ནི་གཟུངས་ཆེན་མོ་འདི་ལས་ལྷག་པ་མ་མཆིས་སོ། །དེ་ནས་འཁོར་ཐམས་ཅད་ ངོ་མཚར་དུ་གྱུར་ནས་རྡོ་རྗེ་འཆང་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་འཇིགས་པ་དགྱེས་པ་ཆེ། །རྡོ་རྗེ་སྙིང་པོ་སྟོབས་པོ་ཆེ། །རྡོ་རྗེ་འཁྲུགས་པ་ཞགས་པ་ཆེ། ། རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །རྡོ་རྗེ་ཧཱུཾ་གི་ཧཱུཾ་ལགས་ཏེ། །རྡོ་རྗེ་ས་འོག་འཇིགས་པ་པོ། །ཆགས་པའི་རྡོ་རྗེ་ཆགས་པ་ཆེ། །ཆགས་པའི་ཞགས་པ་མགྱོགས་པ་ཆེ། །ཕྱག་དམར་ཕྱག་ནི་རིང་བ་སྟེ། ། སྤྱན་དམར་སྤྱན་དང་ལྡན་པ་ལགས། །རྡོ་རྗེ་མཐོན་ཀ་མཐོན་ཀ་ཆེ། །མཐོན་མཐིང་དབུ་སྐྲས་བརྒྱན་པ་ལགས། །རལ་གྲི་སྔོན་པོ་རལ་གྲི་ཆེ། །དཀྱིལ་འཁོར་སྔོན་པོའི་དཀྱིལ་འཁོར་ཅན། །མཐོན་ཀའི་སྤྱན་ཏེ་དབུ་སྔོ་བ། །འོད་ཆེན་མཐོན་ཀའི་འོད་དང་ ལྡན། །རྡོ་རྗེ་སྔོན་པོ་སྟོབས་མི་མཚུངས། །རྡོ་རྗེ་སྤྲོ་བའི་སྟོབས་པོ་ཆེ། །ཁྲོ་བོའི་རྡོ་རྗེ་ཁྲོ་བོ་ཆེ། །སེལ་མཛད་ཁྲོ་བོའི་རྒྱགས་པ་སེལ། །ཁྲོས་པའི་སྤྱན་ནི་རབ་ཏུ་བསྟོད། །ཁྲོ་བོ་བགེགས་རིགས་སེལ་བར་མཛད། །གཞུ་བསྣམས་ཞགས་པ་བསྣམས་ པ་སྟེ། །རྡོ་རྗེའི་མདངས་ནི་ངེས་པར་འགུམས། །དབྱུག་ཐོགས་རྡོ་རྗེའི་རལ་གྲི་བསྣམས། །རྡོ་རྗེའི་ཞགས་པས་རབ་ཏུ་འཇོམས། །རྡོ་རྗེའི་འཁོར་ལོ་འཁོར་ལོ་ཆེ། །འཇིགས་པའི་སྒྲ་སྒྲོགས་རབ་ཏུ་ཁྲོ། །སྣ་ཚོགས་སྐུ་སྟེ་ཐིག་ལེས་བྲིས། །གཟི་བརྗིད་སྐྱེད་ པ་གྲགས་མཛད་པ། །བཟོད་པར་དཀའ་བ་རེག་མི་བཟོད། །སྡིག་དང་བགེགས་རྣམས་གཅོད་མཛད་པ། །དྲག་པོ་ཆེན་པོ་རྡོ་རྗེ་ཁྲོ། །སྒྱེལ་བྱེད་དྲག་པོ་སྒྱེལ་བར་མཛད། །གཏིང་དཔག་དཀའ་བ་རིང་དུ་གཤེགས། །རིན་ཆེན་རྒྱ་མཚོ་རབ་ཏུ་དགའ། །རྒྱ་ མཚོ་ལྷུན་པོའི་དཔུང་དང་ལྡན། །དམ་པའི་ཏི་སེ་ལྷུན་པོའི་རྩེ། །གད་རྒྱངས་ཆེན་པོས་བཞད་པ་པོ། །སྤྱོད་ཡུལ་བསྐལ་པ་གྲངས་མེད་གསུམ། །རིག་སྔགས་འཆང་མཆོག་རྡོ་རྗེ་ཅན། །རིག་སྔགས་འཆང་ཆེན་མངའ་བདག་ལགས། །ན་བཟའ་ལྕང་ལོ་རྩ་ དམར་གསོལ། །མཐོན་ཀ་ན་བཟའ་མཐོན་ལ་དགྱེས། །སྲིན་པོ་སྲུང་པོ་དྲག་པོ་སྟེ། །མེ་ཏོག་ཕྲེང་བའི་རྒྱན་ལ་དགྱེས། །ཉི་མ་ཆེན་པོ་ཉི་མའི་འོད། །འོད་ཟེར་བརྒྱ་ཕྲག་རབ་ཏུ་འགྱེད། །གྲོལ་མཛད་མགོན་པོ་སྟོན་པ་པོ། །རབ་མཆོག་རབ་མཆོག་ རྣམས་ཀྱིས་མཆོད། །མགྲིན་ཆེན་མགྲིན་པའི་མདོག་སྔོ་བ། །མགུར་བཟང་ཞལ་བཟང་དམ་པ་ལགས། །ཅོད་པན་ཆེན་པོ་རྡོ་རྗེའི་འོད། །ཕུན་སུམ་ཚོགས་ལྡན་སེམས་དག་པ། །ཡེ་ཤེས་ཆེ་ལྡན་བསྲུང་བ་ཆེ། །རླུང་མར་ལགས་ཏེ་སྤྱོད་ཡུལ་རིང་། །གཙོ་བོ་ སྒྲོལ་མཛད་ཕ་རོལ་གཤེགས། །འཇིགས་ལས་གྲོལ་བ་རབ་འཇིགས་པ། །རྒྱལ་ཆེན་གཙུག་ན་ནོར་བུ་ཐོགས། །མཚོན་ཆ་ཆེན་པོ་སྣ་ཚོགས་མཚོན། །འཇིག་རྟེན་གསུམ་གྱི་ཚུལ་ཆེན་གཅིག །གསུམ་གཟིགས་རྩེ་གསུམ་གཙུག་པུད་གསུམ། །འདོད་ པའི་ལྷ་སྟེ་སྣང་ཆེན་མཚན། །ཟ་བ་པོ་སྟེ་འཇིགས་པར་མཛད། །མཐོ་བ་སྐུ་མཆོག་ཞལ་གསུམ་པ། །ཚམ་ཚོམ་མེད་དེ་སྲིད་ལས་བྱུང་། །རྟག་པ་སྐར་དགྱེས་དུས་འབྱོར་པ། །རྒྱུ་སྐར་རྒྱལ་རིགས་འཕེལ་བར་མཛད། །རྒྱལ་པོ་སྔགས་འཆང་ཆེན་པོ་སྟེ། ། བགེགས་ཀུན་དབང་ཕྱུག་མཁས་པ་ལགས། །བཻ་ཌཱུརྱ་ལྟར་དྲི་མེད་སྐུ། །མཛེས་ཤིང་སྟོབས་བསྐྱེད་སྣ་ཚོགས་སྟོབས། །དགའ་བ་སྐྱེད་པ་དགའ་བར་མཛད། །དཀོན་མཆོག་གསུམ་པོ་འཛིན་པའི་མཆོག །ལྷ་ཆེན་དཔའ་བོ་ཆེན་པོ་སྟེ། །བརྟན་པོ་ དཔའ་བོ་ལྷམ་མེ་བ། །བདེ་བ་ཆེན་པོ་འཆིང་བ་གཅོད། །དམ་དུ་འཆིང་བའི་རྩལ་མངའ་བ། །མཚོན་ཆ་ཆེ་ཚོགས་ཅོད་པན་ཅན། །རིག་སྔགས་འཆང་བའི་ཚོགས་དགའ་བ། །པདྨ་ཆེན་པོའི་ཕྱག་རིང་བ། །པདྨ་ལས་བྱུང་པདྨའི་མཆོག །ནག་པོ་ ཆེན་པོ་འབྱུང་པོ་ཆེ། །གཏུམ་ཆེན་ཐོག་ཐོག་ཆེན་པོ་སྟེ། །རླུང་ཆེན་བཞད་མོ་འབྱུང་བ་དང་། །རྡོ་རྗེའི་མཚོན་ཆ་བརྒྱ་རྫོགས་པ། །རྟུལ་ཕོད་ཐུབ་དགའ་བརྩོན་པ་སྟེ། །འབྱུང་པོ་ཆེན་པོའི་ཚོགས་ཀྱི་རྗེ། །ཞི་བ་དབང་པོ་རྡོ་རྗེའི་མཚོན། །བྲག་གི་རྩེ་མོ་རྣམ་པར་ འགེམས། །རྒྱལ་བའི་སྲས་པོ་གཟུགས་ཆེ་བ། །རྡོ་རྗེ་ཡིས་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེའི་ལྕགས་མདས་བསྲེག་མཛད་པ། །རྡོ་རྗེའི་མདས་ནི་རྣམ་པར་སྦྱོང་། །རྡོ་རྗེ་དོན་ཡོད་རྡོ་རྗེའི་དབང་། །རྡོ་རྗེ་དབང་པོ་རྡོ་རྗེའི་རྩལ། །ཡེ་ཤེས་དག་པ་ཐེག་པ་ཆེ། །ཐབས་ བརྙེས་སྙིང་རྗེ་ཆེན་པོ་ལགས། །རྡོ་རྗེ་ཆེན་པོ་རྩེད་མོ་ཅན། །སྤྱན་བཟང་རྣམ་པར་གཟིགས་པ་པོ། །རྡོ་རྗེ་དྲིལ་བུ་རྣམ་དག་སྤྱན། །མཛའ་བོ་སྡུག་པ་དམ་ཚིག་མཁྱེན། །རྡོ་རྗེ་ཆེན་པོ་མགོན་པོ་པ། །རྡོ་རྗེ་ས་འོག་འཇིགས་པར་མཛད། ། རྡོ་རྗེ་ཆེན་པོ་གད་རྒྱངས་སྒྲོགས། །མེ་ཏོག་ཆུན་པོ་འོད་གསལ་བ། །དག་པ་ཟས་གཙང་སྲས་ཀྱི་སྲས། །དེས་པ་སྐལ་བཟང་གཙང་བ་ལགས། །སྣ་ཚོགས་ཅན་ཏེ་ལྷ་ཀུན་མཆོག །རྡོ་རྗེའི་དཔུང་གི་དཀྱིལ་འཁོར་ལྡན། །རྡོ་རྗེ་གཙུག་སྡུག་ཤེས་རབ་ཅན། །རྡོ་རྗེའི་ བཀོད་པ་རབ་ཏུ་མཛེས། །མཛེས་པ་ཤིན་ཏུ་རྣམ་པར་དག །བསྐལ་པའི་རླུང་ཆེན་ལྟ་བུ་ལགས། །དཔའ་བོ་གསང་བ་ཆེན་པོ་འཆང་། །རིག་སྔགས་འཆང་གི་མཆོག་གིས་རྗེད། །གསང་བ་པོ་སྟེ་གསང་བ་གསུང་། །སྐྱེས་པ་བུད་མེད་ཚོགས་དགའ་བ། །རྡོ་རྗེ་ ཐོག་ཐོག་སྒྲ་ཆེན་སྒྲོགས། །རྡོ་རྗེའི་སྒྲ་སྟེ་རྣམ་པར་འཇོམས། །རྡོ་རྗེའི་ལྕགས་ཀྱུ་དགྱེས་པ་ཆེ། །རྡོ་རྗེ་འབར་བ་ཆེར་འབར་བ། །ནོར་བུས་སྤྲས་པའི་ན་བཟའ་གསོལ། །སྤོས་དང་མེ་ཏོག་ཕྲེང་གིས་བརྒྱན། །དབུ་ཡི་སྙན་ཆ་གདུབ་ཀོར་བཏགས། །སངས་རྒྱས་ བསྟན་པ་སྟོན་པ་པོ། །རྒྱལ་པོ་སངས་རྒྱས་ཀུན་དང་མཉམ། །དབང་ཕྱུག་ཆེན་པོ་གྲགས་པ་ཆེ། །དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན། །སངས་རྒྱས་དཀྱིལ་འཁོར་སྟོན་པ་པོ། །དབུ་རྒྱན་ཅོད་པན་ཀུན་ནས་བཅིངས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ལགས། ། དེ་ལྟར་རྡོ་རྗེ་དབང་ཕྱུག་མགོན། །མཚན་བརྒྱ་རྩ་བརྒྱད་དག་གིས་བསྟོད། །དེ་ནས་རྡོ་རྗེ་དོན་ཡོད་པས་གསུངས་པ། །རྡོ་རྗེ་གསང་བས་བརྒྱན་པ་ཡི། །རྡོ་རྗེ་མཚན་རྩ་བརྒྱད་པ་འདི། །མིང་ནི་རྡོ་རྗེ་དོན་ཡོད་འབྱུང་། །སྡང་བ་ཐམས་ཅད་ཟློག་བྱེད་པ། །མིང་ནི་བརྒྱ་རྩ་བརྒྱད་ པ་འདི། །དད་པ་གང་ཞིག་འཆང་བྱེད་པ། །གྲུབ་པ་ཐམས་ཅད་ཐོབ་འགྱུར་ཞིང་། །ཉེས་པ་ཀུན་ལས་རྣམ་པར་འགྲོལ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར། །ལག་ན་རྡོ་རྗེའི་ཡོན་ཏན་ཆེ། །གང་ཞིག་ནང་པར་ལངས་ནས་བརྗོད། །དེ་ནི་སྡིག་པ་ ཀུན་ལས་འགྲོལ། །ངན་སོང་ཀུན་ལས་ཐར་བར་འགྱུར། །གསང་སྔགས་ཐོག་མར་སྨོས་པ་འདི། །སུ་ཞིག་ནང་པར་ལངས་ནས་འདོན། །རྒྱལ་པོ་བློན་པོ་གྲོང་ཁྱེར་བ། །གཉེན་རྣམས་ཀྱང་ནི་དགའ་བར་འགྱུར། །བསྟོད་པའི་མཆོག་འདི་སུ་འདོན་པ། །འཇིག་རྟེན་ཐམས་ ཅད་དེ་དབང་འགྱུར། །སྡིག་པ་ཐམས་ཅད་ཟད་པ་དང་། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཇི་ལྟར་འདོད་པ་དམ་པ་ཡི། །བདེ་བ་དེ་ཡིས་འཐོབ་པར་འགྱུར། །གང་ཞིག་ནང་པར་ལངས་ནས་ནི། །ལག་ན་རྡོ་རྗེའི་དྲུང་དུ་བརྗོད། །དེ་ནི་ཇི་ལྟར་འདོད་པ་དང་། ། ལྡན་འགྱུར་འདི་ལ་ཐེ་ཚོམ་མེད། །མིང་བརྒྱ་རྩ་བརྒྱད་འདོན་པ་ལ། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །འཇིགས་བྱེད་རྒྱལ་པོ་རྣམས་ཀྱིས་ཀྱང་། །ཟིལ་གྱིས་མནན་པར་མི་ནུས་སོ། །ཤེས་རབ་ཅན་ནི་གང་ཞིག་གིས། །མིང་བརྒྱ་རྩ་བརྒྱད་མཆོག་བཏོན་ ན། །གཟུགས་བཟང་སྟོབས་ནི་སྐྱེ་བ་དང་། །བདེ་བ་འཕེལ་བ་དེ་ཡིས་འཐོབ། །གང་ཞིག་མིང་བརྒྱ་རྩ་བརྒྱད་འདི། །ངེས་པར་གནས་ཤིང་གཙང་མར་འདོན། །མདོར་ན་ཡོན་ཏན་རྒྱས་པ་ཡི། །བདེ་བ་དེ་ཡིས་འཐོབ་པར་འགྱུར། །འཕགས་པ་ལག་ན་རྡོ་རྗེའི་ མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་འཇམ་དཔལ་ གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཕྱོགས་བཅུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མ་ལུས་པར་ཁྱབ་ཅིང་མཆོག་ཏུ་རྨད་དུ་བྱུང་བ་རྣམ་པར་དག་པའི་བློ་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པའི་སྐུ། ཞབས་རྟེན་གྱི་པདྨ་ལ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་དང་ཅོད་པན་གྱི་རྩེ་མོས་གཏུགས་ པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ངན་སོང་གི་འགྲོ་བ་སྣ་ཚོགས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བྷོ་མ་ཧཱ་མ་ཎི་རུ་ཙི་ར་ཀ་ལཱ་པ། བི་ཙི་ཏྲ། མུཀྟ་དཱ་མ། ཨ་ལཾ་ཀྲྀ་ཏ་ཤ་རཱི་ར། པ་ར་མ་སཏྭ་མོ་ཙ་ཀ་ ཏ་ཐཱ་ག་ཏ་མ་ཧཱ་དྷརྨ། ཀོ་ཥ་དྷ་ར། པྲ་བ་ར་དྷརྨ། ལབྡྷ། བི་ཛ་ཡ། སུ་ར་ཏ། སཾ་བྷོ་ག་ཨུ་པ་དེ་ཤ་ཀ། ཀླེ་ཤ་ག་ར། པྲ་ཤ་མ་ཀ། ཤཱུནྱཏཱ་སྭབྷཱ་བ། ཨ་ནུ་སྭ་རི། མ་ཧཱ་བོ་དྷི་སཏྭ་བ་ར། བར་ཏ། བ་ར་ཎ་ད་ད། ཨོཾ་མ་ཧཱ་པཱ་ཤ་པྲ་ས་ར། ཨ་ས་མ་ས་མ། ཨནནྟ་ས་མ། ས་མནྟ་བྷ་ དྲ། ས་མནྟ་སནྡྷ་ར། ས་མནྟ་ཨཱ་ཀ་ར། ས་མནྟ་པྲ་ས་ར། ས་རས་ར། ཧེ་ཧེ། མཉྫུ་ར་བ། མ་ཧཱ་བཛྲ་མ་ཧཱ་ཁཌྷ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བིར་ཛ་བིར་ཛ། ཀརྨ་ཨ་བ་ག་མ་ཀ །ཀུ་རུ་ཀུ་རུ། དྷུ་རུ་དྷུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། དྷ་དྷ་དྷ་དྷ། དྷུ་དྷུ་དྷུ་དྷུ། མ་ཧཱ་མ་ཧཱ་མ་ཧཱ་མ་ཧཱ། མོ་ཧ་ཡ་མོ་ཧ་ཡ། བྷོ་བྷོ། བྷཱི་མ་བྷཱི་མ། ནཱ་ད་ནཱ་ད། ས་ར་ས་ར། མ་ཧཱ་བོ་དྷི་ས་ཏྭ། མོ་ཙ་ཡ། མ་མ་ནཱ་ཐ་མ་ནུ་སྲྀ་ཏ། ཨ་པཱ་ཡ་དུཿཁཾ། སུ་ཁཾ། མ་ཧཱ་ཀཱ་རུ་ཎི་ཀཱ། ཨ་ནཱ་ཐོ་ཧཾ། དུཿཁི་ཏོ་ཧཾ། ས་ར་ཛོ་ཧཾ། ཨུ་བ་དྲུ་ཏོ་ཧཾ། ཨ་བི་བིཀྟོ་ཧཾ། མཱ་ར་ན་དྷརྨོ་ཧཾ། ཏྭ་ན་བྷ་ ག་བཱཾ། དུཿཁི་ཏཱ་ནཱཾ། སུ་ཁཾ་ད་དཱ། ཨ་ནཱ་ཐཱ་ནཱཾ། ས་ནཱ་ཐ་ཀ་ར། ས་ར་ཛ་སཱཾ། བི་ར་ཛ་སྐ་ར། ཨུ་པ་དྲུ་ཧཱ་ནཱཾ། སྭ་ར་ཨུ་པ་དྲ་བ་པྲ་ཤ་མ་ཀ། ཨ་བི་བི་ཀ་ཏཱ་ནཱཾ། ཀུ་ཤ་ལ་སཾ་བྷ་ར། པ་རི་པཱུ་ར་ཡི་ཏཱ། ཀུ་སིདྷཱ་ནཱཾ། མ་ཧཱ་བིརྱ་དྷ་ཏཱ། མཱ་ར་ཎ། དྷརྨི་ཎ། མ་མ་ཏི། པ་དཱ་དཱ་ཏཱ། མ་མ་ བི་བྷ་ག་བཱ་ན། ནཱ་ཐོ་བྷ་བ། ཤ་ར་ཎཾ། པ་རཱ་ཡ་ཎཾ། ཏྲ་ཏཱ། སརྦ་དུཿཁཱ་ནི། མེ་པྲ་ཤ་མ་ཡ། སརྦ་ཀླེ་ཤ་ར་ཛཱིཾ་སི་མི། ཨ་བ་ན་ཡ། སརྦ་སཾ་སཱ་ར་ཨུ་པ་དྲ་བ། དུཿཁཱ་ནི་མེ་ནཱ་ཤ་ཡ། སརྦ་ཀུ་ཤ་ལ་དྷརྨ་པ་རི་པཱུ་རམྨེ། ཀུ་རུ། སརྦ་ཀརྨ། ཨཱ་བ་ར་ཎ། ཀླེ་ཤ་པ་ར་བ་ཏ་ མེ་བི་ཀི་ར། མ་ཧཱ་བོ་བྷི་སཏྭ་སི་བི་དྷི། བཱིརྱ་པཱ་ར་མི་ཏཱ། ཡོ་ག་མྨེ། སནྣི་ཡོ་ཛ་ཡ། ཨ་ར་ཎ་དྷརྨ། བི་རཱ་ག་བི་ར་ཛ། སཉྫ་ཧ། པྲ་ཛ་ཧ། དྷ་རི་ཎི། ས་མ། ཁ་ས་མ། ཛ་ལ་ནི་དྷི་ས་མ། མེ་རུ་ས་མ། མ་ཧཱ་བོ་དྷི་སཏྭ་པ་ར་ད་སྭཱ་ཧཱ། རིག་སྔགས་དོན་ཀུན་སྒྲུབ་པ་ འདི། །འཇམ་པའི་དབྱངས་ཀྱིས་བཤད་པ་ན། །དེ་མ་ཐག་ཏུ་སེམས་ཅན་རྣམས། །སྐྱེ་དང་རྒ་བ་ཟད་པར་འགྱུར། །ངན་འགྲོ་ཐམས་ཅད་ཞི་གྱུར་ནས། །བདུད་ཀྱི་སྡེ་རྣམས་རབ་ཏུ་འདར། །ལྷ་རྣམས་ཐམས་ཅད་རབ་ཏུ་དགའ། །ལོག་འདྲེན་རྣམས་ནི་སྐྲག་པར་ གྱུར། །སྡིག་པ་ཞི་བར་བྱེད་པ་ཡི། །གཟུངས་འདི་བཤད་པའི་མོད་ལ་ཡང་། །གྲངས་མེད་ཕྲག་ནི་དུང་ཕྱུར་སྙེད། །འཁོར་བའི་བཙོན་ར་དག་ནས་ཐར། །འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། །འཇམ་པའི་དབྱངས་ནི་རབ་བསྒྲགས་ཤིང་། །གང་ཚེ་རིག་སྔགས་ བཤད་པ་ན། །བྲག་དང་ནགས་དང་ཚལ་དུ་བཅས། །རྒྱུ་བ་དང་ནི་མི་རྒྱུ་བའི། །ས་གཞི་དེ་ཡི་ཚོ་ན་གཡོས། །སངས་རྒྱས་འོད་ཀྱི་སྣང་བ་ཡིས། །ས་ཡི་སྟེང་ཡང་ཁྱབ་པར་གྱུར། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །སྲིན་པོ་མི་བཟད་གཟུགས་ཅན་རྣམས། ། སྟོབས་བཅུ་ལྡན་ལ་ཕྱག་འཚལ་ཞེས། །སྐད་ཕྱུང་ཚིག་ནི་མཐུན་པར་སྨྲས། །ལྷ་རྣམས་ཞི་བའི་ཆ་ལུགས་ཅན། །ཐམས་ཅད་ཡིད་ནི་དགའ་གྱུར་ནས། །གང་ན་རྡོ་རྗེ་རལ་གྲི་ཆེ། །དེ་ཡི་དྲུང་ལྷགས་སྨྲས་པ་ནི། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེའི་མཆོག ། འཇམ་པའི་དབྱངས་ནི་སྟོབས་ཆེན་ལ། །ཤུགས་སྟོང་ལྡན་པ་རྒྱལ་བ་ཅན། །བགེགས་ཀྱི་ཡུལ་འཁོར་རབ་འཇོམས་པ། །སྔགས་འཆང་གསང་སྔགས་ཆེན་པོ་འཆང་། །སྣ་ཚོགས་གཟུགས་ཅན་མི་ཡི་བདག །ཤིན་ཏུ་སྟོབས་ལྡན་གཟུགས་མཛེས་འཇིགས། །དྲག་ པོ་དྲག་པོ་རབ་འཇོམས་པ། །གཟི་བརྗིད་གཟི་བརྗིད་མངའ་བའི་དཔལ། །དཔལ་ལྡན་མཉམ་པ་མེད་པའི་དཔེ། །རྡོ་རྗེ་ཅན་ཏེ་སྙིང་སྦྱོང་བ། །མི་ཤེས་པ་ཡི་རབ་རིབ་སེལ། །སྒེག་པའི་ཆ་ལུགས་མཆོག་མངའ་བ། །སྐྱེ་དགུའི་བདག་པོ་སྒེག་པར་དགྱེས། །གཞུ་ སྟོབས་ཅན་ལ་ཕྱག་རིང་བ། །ཉོན་མོངས་དགྲ་རྣམས་སེལ་བར་མཛད། །མཛེས་པ་ན་བཟའ་སྣ་ཚོགས་གསོལ། །མེ་ཏོག་ཕྲེང་རྒྱན་སྣ་ཚོགས་ཅན། །སྤྱན་བཟང་དབུ་ནི་མཛེས་པ་སྟེ། །དགྱེས་ཤིང་ན་བཟའ་མཛེས་པར་གསོལ། །འཇམ་པའི་དབྱངས་དེ་རབ་ཏུ་ བཞད། །དཀར་ནག་འབྱེས་པའི་སྤྱན་མངའ་བ། །ཧ་ཧའི་སྒྲ་ནི་གྲགས་པར་བསྒྲགས། །རབ་ཏུ་དང་བས་བསྟན་པ་དགའ། །རྒྱ་ཆེན་གསེར་གྱི་མདོག་དང་ལྡན། །རྒྱ་མཚོའི་སྙིང་པོའི་སྤྱོད་ཡུལ་ཅན། །ཚུལ་མཁྱེན་ཚུལ་ལྡན་འཇིགས་པ་སྟེ། །སྡང་ བའི་སྙིང་ནི་འཇིགས་པར་མཛད། །ཆ་ལུགས་སྔོ་ལ་ས་སྐྱོང་བ། །ལྷ་ཡི་བདག་པོ་དགའ་བར་མཛད། །འདོད་པའི་ལྷ་སྟེ་འདོད་སེལ་བསྟན། །རྒྱལ་པོའི་འཇིག་རྟེན་ས་འཛིན་པ། །བརྟན་པོ་རྣམས་ལ་བརྟན་པར་གྲགས། །ཡོན་ཏན་དག་གིས་ཕྱོགས་སུ་བཞད། །བཏུད་ པ་ཡིས་བཏུད་ཕྱག་བགྱིས་པ། །རྟག་ཏུ་མཆོད་ཅིང་རྗོད་པ་ལགས། །སྟོབས་པོ་ཆེ་ལ་ཤུགས་ཆེ་བ། །ཕྱག་རིང་གཡུལ་ཆེན་མངའ་བ་པོ། །སྒེག་ཆེན་རྡོ་རྗེ་དམ་པ་སྟེ། །འཛེམ་ཤེས་རབ་བསྲུང་ངོ་ཚ་ཤེས། །དཀྱིལ་འཁོར་ཆེན་པོའི་སྙིང་པོའི་མཆོག །དཀྱིལ་ འཁོར་ཆེན་པོ་སྟོན་པ་པོ། །དཀྱིལ་འཁོར་ཆེན་པོར་གྲགས་པ་སྟེ། །དཀྱིལ་འཁོར་ཆེན་པོ་མཛད་པ་ལགས། །དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན། །ཞབས་ལ་རྗེད་པའི་ཚེགས་དང་ལྡན། །ཧ་ཧ་སྭཱ་ཧཱའི་བདག་ཆེ་བ། །མཆོད་པ་ཆེན་པོ་ས་དང་ མཉམ། །ཧཱུཾ་གིས་འཇིགས་མཛད་འཇིགས་པ་སྟེ། །འཇིགས་པའི་འོད་ཀྱིས་གསལ་བ་པོ། །ལྷ་དང་ལྷ་མིན་རྣམས་ཀྱིས་བཏུད། །དེ་བཞིན་མཆོད་ཅིང་རི་མོར་བགྱིད། །ཞབས་འབྲིང་གང་རྒྱངས་ཆེན་པོ་ཅན། །རླུང་དྲག་མུན་པ་སེལ་མཛད་པ། །འཇིག་རྟེན་ གསུམ་དུ་སྙན་པར་གྲགས། །གནོད་སྦྱིན་སྲིན་པོས་བསྙེན་བཀུར་བ། །དྲག་པོ་དཀར་མཛད་བདེ་འབྱུང་བ། །མདའ་བདག་གཙུག་གི་ནོར་བུ་ཅན། །འཛུམ་ཞིང་སྒེག་པར་ཀུན་ཏུ་སྟོན། །སྤྱོད་པ་ས་ལྟར་བརྟན་པ་ལགས། །ནོར་བུའི་དཀྱིལ་འཁོར་འོད་ མཛེས་པ། །ཉི་མ་གསལ་བ་ལམ་མེ་བ། །ཉི་མའི་འོད་འདྲ་འཇའ་ཁུགས་བཞིན། །ཐ་ལེར་ཞུགས་ཤིང་རྒྱ་ཆེར་བཞད། །མཐོང་ན་དགའ་ཞིང་དགའ་བར་མཛད། །ནོར་སྦྱིན་དེ་བཞིན་གསང་སྔགས་སྦྱིན། །དབང་ཕྱུག་སྦྱིན་ཞིང་རྒྱལ་སྲིད་སྦྱིན། ། གཟུགས་སྦྱིན་དེ་བཞིན་སྟོབས་སྦྱིན་པ། །དཔལ་ལྡན་དཔའ་མཛད་བགེགས་གནོན་རི། །ཀུན་ཏུ་རྨོངས་པ་སེལ་བར་མཛད། །འདུས་པའི་ནང་དུ་གདན་གཤེགས་པ། །ཞབས་ལ་མཆོད་པའི་ཚོགས་བསགས་པ། དཔུང་རྒྱན་སྙན་ཆ་གདུབ་ཀོར་ཅན། །ནོར་བུའི་ རྒྱན་གྱིས་བརྒྱན་པ་སྟེ། །རྒྱུ་དང་མི་རྒྱུ་འགྲོ་བའི་སྒྲོན། །རབ་རིབ་སེལ་བར་མཛད་པ་པོ། །སྟོན་པ་སྟོན་མཛད་སྐྱོང་མཛད་པ། དབང་པོ་མངའ་བདག་དམག་གི་མཆོག །འཇིགས་པ་སེལ་བར་མཛད་པ་སྟེ། །འཇིགས་པ་མེད་པའི་གནས་སྦྱིན་པ། །དཀར་བ་ སྔོ་བ་འོད་བཟང་བ། །མགྲིན་སྔོན་གྱི་ནི་སྟོན་པ་ལགས། །ཇི་ལྟར་འདུལ་བ་འདུལ་འགྱུར་བ། །དེ་བཞིན་ཆ་ལུགས་རབ་ཏུ་སྟོན། །ཤེས་རབ་རལ་གྲིས་འདེབས་པར་མཛད། །སྟོང་ཉིད་ཆོས་ནི་ལྷུར་འཛིན་པ། །བྱམས་པ་མཆོག་དང་ཐ་མ་མཁྱེན། །རྣམ་པར་ གྲགས་པ་གསན་པ་ངེས། །རིག་སྔགས་འཆང་བ་རྣམས་ཀྱིས་བསྟོད། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །ཤིན་ཏུ་རྣམ་རྒྱལ་འཁོར་ལོས་སྒྱུར། །འཇིགས་མེད་བློ་གྲོས་ཤེས་རབ་ཅན། །དེ་བཞིན་གཤེགས་པ་ཆོས་འཛིན་པ། །མགུར་བཟངས་འདུལ་ མཛད་ཞི་བ་སྟེ། །ཞི་བའི་ལམ་ནི་སྟོན་མཛད་པ། །ལྷ་དང་ལྷ་ཡིན་བཅས་པས་བཀུར། །སེམས་ཅན་ཐམས་ཅད་འཇིགས་མེད་མཛད། །སེམས་ཅན་ཀུན་ལ་རབ་སྟོན་པ། །བརྟན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་རྣམས་ཀྱི་བློ་ལ་མཁས། ། སྲེད་མེད་བུ་སྟེ་དྲག་ཤུལ་སྟོབས། །མེ་ཡི་འོད་དང་འདྲ་བ་སྟེ། །བྱིས་པ་སྐུ་མཆོག་མཆོག་སྦྱིན་པ། །རྩེད་མོ་རོལ་མོ་སྟོན་པར་མཛད། །ཕྱག་རྒྱ་མཛད་ཅིང་གསང་སྔགས་མཛད། །བདག་གིར་མི་འཛིན་རྡུལ་མེད་བརྟན། །མཁའ་འདྲ་དཔེ་མེད་སྨྲ་མཁས་ པ། །བདུད་དཔུང་ངེས་པར་འཇོམས་པ་པོ། །མི་མཆོག་བརྩོན་པ་བསྐྱོད་དུ་མེད། །དེ་བཞིན་ཐུབ་མེད་རྣམ་པར་རྒྱལ། །བརྟན་པོ་སངས་རྒྱས་དེ་བཞིན་གཤེགས། །མྱ་ངན་མེད་ཅིང་གནས་པ་མེད། །འཇོམས་མེད་ཚིག་བཟང་ཆ་ལུགས་བཟང་། །དཔའ་ བོ་དགྲ་རྣམས་རབ་འཇོམས་པ། །ཚན་ཆེན་ངེས་འཇོམས་རྣལ་འབྱོར་པ། །འདོད་པ་གནོད་པ་ཁྱབ་པར་གཤེགས། །མགོན་པོ་རྒྱལ་བའི་སྲས་ཀྱི་མཆོག །གཤིན་རྗེ་ཕམ་མཛད་སྐྱེ་དགུ་བསྲུང་། །ལས་དང་ཉོན་མོངས་རབ་བསྲེག་པ། །སྟོན་མཛད་ ཉོན་མོངས་སེལ་བ་ལགས། །ལེགས་པ་ཁྱོད་ཀྱི་མཆོག་གི་མཚན། །བརྒྱ་རྩ་བརྒྱད་པ་རབ་གསལ་ཞིང་། །དད་པ་སྐྱེད་པར་བྱེད་པ་འདི། །ལྷ་མཆོག་རྣམས་ཀྱིས་རབ་ཏུ་བཤད། །བགེགས་ཆེན་དང་ནི་ལོག་འདྲེན་དང་། །གནོད་སྦྱིན་ལྷ་མིན་སྲིན་པོ་དང་། །མདངས་ འཕྲོག་གཏུམ་པོ་རྒོད་རྣམས་ཀྱིས། །དེ་རིང་ལེགས་པར་བསྟོད་པར་གྱུར། །འཇམ་དཔལ་རྡོ་རྗེ་མཆོག་གིས་རབ། །བསྒྱིངས་པས་བལྟས་པའང་བདེ་བར་གྱུར། །དེ་དག་ཀུན་ལ་བལྟས་ནས་ཀྱང་། །འདི་སྐད་དུ་ནི་ཤིག་སྨྲས་པ། །ཁྱེད་ཀུན་རྟག་ཏུ་བགེགས་མེད་ ཅིང་། །ངེས་ལེགས་ཐར་པ་ཐོབ་གྱུར་ལ། །འཇིགས་མེད་བཀྲ་ཡང་ཤིས་པར་ཤོག །ང་ལ་འཇིགས་པར་མ་སེམས་ཤིག །དེ་ནས་རབ་ཏ་ཆེར་བཞང་ཅིང་། །འབྲུག་ཆེན་སྒྲ་ནི་སྒྲོགས་པ་ཡི། །དེ་བཞིན་གཤེགས་པ་ཞལ་གསལ་བས། །ཤར་ཕྱོགས་ གཟིགས་ནས་བཀའ་སྩལ་པ། །ཀྱེ་མ་གསང་སྔགས་མཆོག་གི་ཡུལ། །སེམས་ཅན་གཏི་མུག་བསལ་བའི་ཕྱིར། །སེམས་ཅན་རྣམས་ཀྱེ་བསོད་ནམས་ཚོགས། །ཤིན་ཏུ་རྒྱས་པ་བྱུང་བར་གྱུར། །ཀྱེ་མ་བསོད་ནམས་ཆེར་བྱས་པའི། །སེམས་ཅན་ རྣམས་ནི་རབ་སྦྱང་ཕྱིར། །དམ་པ་སྦྱིན་པའི་གྲུབ་པའི་གཟུངས། །འཇམ་པའི་ཀློག་གིས་རབ་ཏུ་བཤད། །ལ་ལ་གང་ཞིག་མཉམ་བཞག་ནས། །སྡུག་བསྔལ་ཐམས་ཅད་སེལ་བ་ཡི། །གྲུབ་པའི་གཟུངས་འདི་འདོན་པའམ། །ཡང་ན་ཉན་ཏམ་སེམས་ཀྱང་རུང་། ། དེ་ཡི་དོན་ཀུན་འགྲུབ་འགྱུར་ཞིང་། །སྡུག་བསྔལ་ཀུན་ལས་ཐར་བར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་ཡིས་ངེས་པར་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་ས་ཆེན་ཡང་། །རིང་པོར་མི་ཐོགས་དེ་ཡིས་འཐོབ། །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ས། །རབ་དགའ་ཤིན་ཏུ་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་དེ་བཞིན་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ས་ཆེན་དམ་པ་དེ་དག་ཀྱང་། །གང་ཞིག་ངེས་གནས་འདོད་པ་ཡི། །སེམས་ ཅན་ཆེན་པོས་མི་ཐོགས་པར། ཆེ་ཟད་ནས་ནི་ཐོབ་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་དང་། །སེམས་ཅན་ཀུན་ལ་སྡུག་པ་དང་། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །རིག་སྔགས་འཆང་ཀུན་བསྐྱེད་པ་དང་། །སྡིག་པ་ ཐམས་ཅད་ཞི་བྱེད་ཅིང་། །བཀྲ་ཤིས་མཆོག་ཏུ་དགེ་བ་ཡི། །མིང་བརྒྱ་རྩ་བརྒྱད་ཡིད་འོང་འདི། །སོར་མོ་བཅུ་ཡི་ཐལ་སྦྱར་ནས། །འཇམ་པའི་དབྱངས་ཀྱི་མདུན་འདུག་ལ། །ཤིན་ཏུ་དང་བའི་སེམས་ཀྱིས་སུ། །ནང་པར་ལངས་ནས་སུ་བརྗོད་པ། །དེ་ལ་རིག་སྔགས་ འཆང་ཀུན་དང་། །དེ་བཞིན་ལྷ་ཡི་བདག་པོ་རྣམས། །གནོད་སྦྱིན་སྲིན་པོ་མང་པོ་དག །རྟག་ཏུ་ཡང་ནི་སྲུང་བར་བྱེད། །དེ་བཞིན་གཤེགས་པའི་སྲས་ཀུན་དང་། །དེ་བཞིན་གཤེགས་པ་ཉིད་རྣམས་དང་། །དེ་བཞིན་རྡོ་རྗེའི་མཚོན་འཆང་རྣམས། །དེ་ལ་ངེས་ པར་སྲུང་བར་བྱེད། །དེ་ནི་སངས་རྒྱས་སྐུར་བཞུགས་ཤིང་། །མཉམ་པར་གཞག་པར་སྣང་བར་འགྱུར། །གནོད་སྦྱིན་ལྷ་ཡི་བདག་པོ་རྣམས། །བགེགས་དང་ལོག་འདྲེན་ཆེན་པོ་དག །དགའ་ཞིང་བསམ་པ་དམ་པ་ཡིས། །རྒྱང་མ་དག་ནས་ཕྱག་ཀྱང་འཚལ། ། དེ་ཕྱིར་བགེགས་རྣམས་དགའ་གྱུར་པས། །འཚེ་བར་བྱེད་ཀྱང་མི་ནུས་སོ། །ལན་ཅིག་བཀླགས་ན་ཚངས་ཆེན་དང་། །བསོད་ནམས་མཉམ་པ་ཐོབ་པར་འགྱུར། །ཤེས་རབ་ཆེན་པོ་གང་ཞིག་གིས། །ཉིན་རེ་མཚན་མཆོག་བརྗོད་བྱས་ན། །དྲི་མ་མེད་ཅིང་ རབ་དག་ལ། །རབ་ཏུ་འོད་གསལ་སྒྲ་སྙན་དང་། །སེམས་ཅན་ཐམས་ཅད་དགའ་བ་ཡི། །ཡིད་དུ་འོང་བའི་གནས་ཀྱང་འཐོབ། །མཚུངས་པ་མེད་ཅིང་སྟོབས་བསྐྱེད་ལམ་མཆོག་འགྲོ་བ་དང་། །འོད་གསལ་དམ་ཚིག་ཅན་གྱི་ལྷ་རྣམས་ཀྱིས་བསྟོད་ཅིང་། །ཡིད་ འཕྲོག་ལྷ་དང་ལྷ་མིན་ཚོགས་ཏེ་འདུན་པ་ཡི། །གཟུངས་འདི་རྒྱལ་བ་རྣམས་ཀྱིས་ལེགས་པར་གསུངས་པ་ཡིན། །འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནཱི་ནཱ་མཱ་ཥྚོཏྟ་ར་ཤ་ཏ་ཀ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མྲྀ་ཏ་བིནྡུ་ཛ་བ་མ་ཧཱ་སུ་ཁ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བ་ཚིམ་པར་མཛད་ནས་བཀའ་སྩལ་པ། ཡོན་ཏན་རིན་པོ་ཆེའི་ཚོགས་ཅན་ཁྱོད་ཀྱི་གཟུངས་སྔགས་འདི་ཕྱུང་བས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་བསྐྱེད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་གང་ལ་ལ་གཟུངས་སྔགས་འདི་ཐོས་པ་དེ་ནི་དེ་བཞིན་ གཤེགས་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྤྱན་སྔར་དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་རོ། །གང་ལ་ལའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ཡང་སྒྲིབ་པ་དང་བྲལ་བར་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དམ། ཚེས་བཅོ་ལྔ་ལ་སྨྱུང་བར་འདུག་ཅིང་གསོ་སྦྱོང་དང་ལྡན་པར་བྱས་ཏེ། སྤོས་དང་། བདུག་པ་དང་། མར་མེ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། བྱུག་པ་ལ་སོགས་པས་མཆོད་ལ་བསྐོར་བ་བྱས་ནས་བཟླས་བརྗོད་བྱས་ན་དམ་པ་ཅི་འདོད་པ་ཐོབ་པར་འགྱུར་ཏེ། སྡིག་པ་ ཐམས་ཅད་དང་སྡུག་བསྔལ་བ་དང་། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྤོས་ལ་སོགས་པས་མཆོད་དེ་བཟླས་བརྗོད་བྱས་ན་རྨི་ལམ་དུ་སྟོན་པར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་ སུ་རྫོགས་པར་བྱེད་ཅིང་། ཉོན་མོངས་པ་དང་སྡུག་བསྔལ་བ་ཐམས་ཅད་སེལ་བར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་ཐོད་ཆེན་པོ་ས་གསུམ་གྱི་དབང་ཕྱུག་དང་ཐབས་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེའི་ནང་ནས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བ་ལ་བཏུད་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །བྱང་ཆུབ་སེམས་དཔའི་ཚུལ་ཆེ་བ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཆོས་དབྱིངས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་ལས་ངེས་ པར་གྲོལ། །ཉོན་མོངས་ངས་དྲི་མ་ཀུན་སེལ་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །སྐྱོན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ལམ་སྲང་གཅིག་བུའི་ཚུལ་སྟོན་ཅིང་། །ཐེག་པ་གཅིག་པུའི་ཚུལ་གཅིག་པ། །ཐེག་པ་ཆེན་པོའི་ཚུལ་བརྙེས་ཏེ། །ཐེག་པ་དག་པ་ཁྱོད་ཕྱག་ འཚལ། །སྣང་བ་ཆེན་པོ་སྣང་བ་བརྙེས། །ཡོན་ཏན་དཀྱིལ་འཁོར་འཇིག་རྟེན་བདག །ཟླ་བ་བཞིན་དུ་འོད་དཀར་བ། །འཇིག་རྟེན་འདས་པ་ཁྱོད་ཕྱག་འཚལ། །ཐེག་པ་ཆེན་པོ་དག་པ་ཆེ། །སངས་རྒྱས་ཐེག་པ་རྟོག་གྱུར་ཅིང་། །རྡོ་རྗེའི་དཀྱིལ་འཁོར་རྣམ་གྲགས་པ། ། རྡོ་རྗེ་ཆེན་པོ་ཁྱོད་ཕྱག་འཚལ། །དཔའ་བོ་ཆེན་པོ་བདུད་ལས་རྒྱལ། །དར་བ་ཆེན་པོ་ཉོན་མོངས་ཆོམས། །བགེགས་ཐུབ་གཤིན་རྗེ་ཐུབ་པ་སྟེ། །རིན་ཆེན་དྲ་བ་ཁྱོད་ཕྱག་འཚལ། །ཟླ་བ་ཆེན་པོ་ཉི་མ་ཆེ། །ལྷུན་པོ་ཆེན་པོ་དབང་ཕྱུག་ཆེ། །ལྷ་ཆེན་མགོན་པོ་ཆེན་པོ་སྟེ། ། འབྱོར་པ་ཆེན་པོ་ཁྱོད་ཕྱག་འཚལ། །སྒྲིབ་པ་ཐམས་ཅད་གཅོད་མཛད་ཅིང་། །སྒྲིབ་པ་ཐམས་ཅད་སེལ་མཛད་པ། །ཀུན་མཁྱེན་ཡོན་ཏན་བདག་ཉིད་ཆེ། །རྣམ་སེལ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་ཡུལ་ཞུགས་པ་སྟེ། །ཆོས་ཀྱི་སྤྱོད་ཡུལ་གཤེགས་པ་ ལགས། །ཡེ་ཤེས་དབང་ཕྱུག་ཡེ་ཤེས་ཆེ། །སྲེད་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མཛེས་ཡོན་ཏན་སྙིང་པོ་མཁྱེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །སངས་རྒྱས་ལམ་སྟེ་དོན་ཡོད་ཆེ། །ཡེ་ཤེས་དག་པ་ཁྱོད་ཕྱག་འཚལ། །བསྟེན་པ་གནས་པ་ དབང་དག་པོ། །བདེ་མཛད་ཐུགས་ཀྱང་ཞིབ་སྟེ། །ཡངས་པ་དྲི་མེད་ཤེས་རབ་ཅན། །སྣང་བ་དག་པ་ཁྱོད་ཕྱག་འཚལ། །ཟབ་ཅིང་བརྟན་ལ་རྣམ་པར་གནོན། །ཞི་ལ་འཇིག་རྟེན་དག་པར་མཛད། །སྟོན་པ་སྐྱབས་འོས་སྲིད་གསུམ་ན། །དཔའ་བཙན་ ཁྱོད་ལ་ཕྱག་འཚལ་ལོ། །སྐལ་བ་ཆེན་པོ་ཉོན་མོངས་བཅོམ། །འཁོར་བའི་དཀྱིལ་འཁོར་འཇོམས་པ་སྟེ། །ཞི་བ་ཞི་མཛད་བདེ་འབྱུང་བ། །ཆུ་བོ་ཞི་མཛད་ཁྱོད་ཕྱག་འཚལ། །ཐར་པའི་རྒྱུ་སྟེ་ཆོས་ལུགས་ཆེ། །བདེ་འགྲོར་གནས་པ་དྲི་མ་མེད། །རྣམ་དག་ཐུགས་མངའ་ ཞི་བ་མཁྱེན། །ཉེས་སེལ་ཁྱོད་ལ་ཕྱག་འཚལ་ལོ། །རྩེ་མོ་ཡངས་པར་རྣམ་པར་གྲགས། །སྔགས་ཆེན་མང་པོས་འདུལ་མཛད་པ། །སྙིང་པོ་ཆེན་པོ་དཀྱིལ་འཁོར་མཆོག །དཀྱིལ་འཁོར་མཁྱེན་པ་ཁྱོད་ཕྱག་འཚལ། །སྡུག་བསྔལ་གསུམ་སེལ་གསུམ་གྱི་མཆོག ། དཀོན་མཆོག་གསུམ་དང་སྤྱོད་ཡུལ་འདྲ། །རྣམ་གསུམ་མཁྱེན་པ་རྙེད་པའི་བདག །རྣམ་ཐར་གསུམ་ཁྱོད་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི། །འབྱོར་པ་བརྙེས་ཤིང་མཉམ་ཉིད་བརྙེས། །བསྐལ་པ་དག་ནི་གྲངས་མེད་པར། །ཚོགས་ཆེན་ བསགས་པ་ཁྱོད་ཕྱག་འཚལ། །ས་ལ་གནས་པ་ས་ཆེན་བརྙེས། །ས་ཡི་འབྲས་བུ་ཕུན་སུམ་ཚོགས། །ཡང་དག་ས་འཛིན་ལས་བྱུང་བ། །ཡེ་ཤེས་ས་ཁྱོད་ཕྱག་འཚལ་ལོ། །ཏིང་ངེ་འཛིན་ལ་མངའ་བརྙེས་པ། །ཉེས་གསུམ་སྤངས་ཤིང་སྡིག་པ་སེལ། ། ཏིང་འཛིན་མཁྱེན་ཅིང་རྒྱ་ཆེ་བ། །མཉམ་པ་ཉིད་མཉམ་ཁྱོད་ཕྱག་འཚལ། །མགོན་པོ་ཆེན་པོ་སྣང་བ་ཆེ། །སྡུག་བསྔལ་ཆེན་པོའི་དྲི་མ་སེལ། །ཞི་གྱུར་མ་ལུས་ཞི་མཛད་པ། །ཡོན་ཏན་ཕ་མཐའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་མཚུངས་གསུང་ལྡན་པ། །ཆོས་ ཀུན་ཞི་བ་ཕུན་སུམ་ཚོགས། །དཀོན་མཆོག་གསུམ་རིགས་དཔེ་མེད་པ། །རིན་ཆེན་མཐའ་ཡས་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆེན་པོ་དྲི་མེད་མཆོག །རྡོ་རྗེའི་མཚོན་བསྣམས་སྡིག་མི་མངའ། །ནམ་མཁའ་མ་ལུས་ཡུལ་དང་ལྡན། །ཡེ་ཤེས་སྤྱོད་ཡུལ་རྒྱ་མཚོ་མངའ། ། དེ་བཞིན་གཤེགས་དང་ཡུལ་གཅིག་པ། །སེལ་བ་པོ་སྟེ་དྲི་མ་སྦྱོང་། །ཤེས་རབ་ཆེན་པོ་རྒྱལ་བའི་སྲས། །སྲེད་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེའི་དཀྱིལ་འཁོར་རྡོ་རྗེའི་མཆོག །རྡོ་རྗེས་འདུལ་བ་རྡོ་རྗེ་འཆང་། །རྡོ་རྗེ་རྩལ་ཅན་རྣམས་ཀྱི་རྩལ། །རྡོ་རྗེ་སྣང་བ་ཁྱོད་ ཕྱག་འཚལ། །རིན་ཆེན་ཆེན་པོ་རིན་ཆེན་བློ། །རིན་ཆེན་རྡོ་རྗེ་འོད་ཆེ་བ། །རིན་ཆེན་འོད་མཛེས་རིན་ཆེན་འབྱུང་། །རིན་ཆེན་བསྟན་པ་སྲུང་མཛད་པ། །སྟོང་པ་ཉིད་ཀྱི་ཡུལ་བརྙེས་པ། །ཡེ་ཤེས་སྟོང་པ་ཉིད་ཀྱིས་སྟོན། །སྟོང་ཉིད་ལོངས་སྤྱོད་ཡུལ་དང་ལྡན། །སྟོང་ཉིད་ མཆོག་ཁྱོད་ཕྱག་འཚལ་ལོ། །ཤེས་རབ་མཚུངས་མེད་ཤེས་རབ་ཅན། །དགེ་བ་རྣམ་དག་ས་དང་བྲལ། །ཆོས་གཅིག་ལས་བྱུང་སྣང་པ་པོ། །འཇིག་རྟེན་འདས་པའི་ཚུལ་ཆེན་ལགས། །འཇིག་རྟེན་སྣང་མཛད་སྨྲ་མཁས་པ། །འཇིག་རྟེན་ཆོས་ལས་རྣམ་པར་ འདས། །འཇིག་རྟེན་མཁྱེན་པའི་ཡོན་ཏན་བརྙེས། །བརྒྱན་པར་མཛད་པ་དཀྱིལ་འཁོར་དག །ཉེས་པ་མ་ལུས་སེལ་བ་སྟེ། །ཕལ་ཆེན་སྐྱེ་བོ་ཀུན་ལ་ཕན། །ས་འཛིན་རྣམ་པར་གྲགས་པ་པོ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །དགའ་མཁྱེན་དགའ་ ལ་ལོངས་སྤྱོད་པ། །དགའ་བའི་རིག་མཆོག་རྣམས་ཀྱི་མཆོག །དགའ་བར་མཛད་པའི་རྟོག་པ་ཅན། །དགའ་ལ་སྣང་བ་ཁྱོད་ཕྱག་འཚལ། །སྒེག་ཆེན་འཇོམ་ཞིང་དགོངས་པར་ལྡན། །རྣམ་པར་སྒེག་ལ་སྤྱོད་པ་བརྟན། །རྡོ་རྗེའི་རིག་པ་སྒེག་པའི་མཆོག །སྒེག་ ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་མཆོག །རྡོ་རྗེ་མཆོག་གི་དཀྱིལ་འཁོར་ཆེ། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །བླ་མེད་མཆོག་ཁྱོད་ཕྱག་འཚལ་ལོ། །དཔའ་བོ་བྱང་ཆུབ་སེམས་དཔའི་མཆོག །སྒྲིབ་པ་ཐམས་ཅད་སེལ་ མཛད་ལ། །རྡོ་རྗེའི་དཀྱིལ་འཁོར་འཁོར་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །རྡོ་རྗེའི་བསྟན་པ་རྣམ་གྲགས་པ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཀྱེ་མ་འབྱོར་ཆེན་སྣང་བ་ཡི། །དཀྱིལ་འཁོར་རྒྱལ་བའི་དཀྱིལ་འཁོར་བ། །གང་ཞིག་མིང་ བརྒྱ་རྩ་བརྒྱད་པ། །འདི་དག་སོ་སོར་རྗོད་བྱེད་ན། །ང་ནི་ཉེས་པ་ཀུན་ཟློག་ཅིང་། །རྟག་ཏུ་དེ་ཡི་ཕྱི་བཞིན་འབྲང་། །ནང་པར་ལངས་ནས་གཙང་མ་ཡིས། །སྒྲིབ་པ་ཐམས་ཅད་སེལ་བ་ལ། །བློ་ལྡན་གང་ཞིག་སྟོད་བྱེད་པ། །དེ་ཡི་སྡིག་པ་མེད་པར་ འགྱུར། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག །ནང་པར་ལངས་ནས་རྗོད་བྱེད་པ། །སྡང་བ་ཐམས་ཅད་དེ་དབང་འགྱུར། །བགེགས་རྣམས་ཀྱིས་ཀྱང་ཡོངས་སུ་གཏོང་། །སྡིག་པ་དག་པ་འཐོབ་པ་དང་། །དེ་བཞིན་བསོད་ནམས་འཕེལ་བ་དང་། །ཡེ་ཤེས་རྒྱ་མཚོ་ ལོངས་སྤྱོད་ཅིང་། །ས་མཆོག་ཆེན་པོ་ཐོབ་པར་འགྱུར། །གང་ཞིག་ངེས་པར་གནས་བྱས་ལ། །མིང་བརྒྱ་རྩ་བརྒྱད་མཆོག་འདོན་པ། །དེས་ནི་འབྱོར་ཆེན་སངས་རྒྱས་ས། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །རྒྱུད་ཆེན་ལྡན་ཞིང་བློ་ཆེ་བ། །གང་ཞིག་ མིང་མཆོག་འདོན་པ་ནི། །རྡོ་རྗེའི་དཀྱིལ་འཁོར་བསྟན་པ་ལ། །རིང་པོར་མི་ཐོགས་འཇུག་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཀྵི་ཏི་གརྦྷ་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་ སྙིང་པོ་ལ་ཕྱག་འཚལ་ལོ། །ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱེ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། དེ་ནས་ཡོན་ཏན་སྦྱིན་པ་ཡི། །གཟུངས་འདི་བཤད་མ་ཐག་ཏུ་ཡང་། །རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི། །ཏི་སེའི་གངས་བཅས་གཡོས་པར་གྱུར། ། ས་ཡི་སྙིང་པོ་ཚོགས་དབང་ལ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྨྲས། །སྐལ་ལྡན་ཆེན་པོ་ལེགས་སོ་ལེགས། །ས་སྟེང་ཁྱོད་ཀྱིས་ཡངས་པར་བྱས། །ཁྱོད་ཀྱི་གཟུངས་ནི་རྣམ་གྲགས་ཤིང་། །ཡོན་ཏན་དཔག་མེད་ཚོགས་བསྐྱེད་པ། །སེམས་ཅན་ཀུན་གྱི་སྡུག་ བསྔལ་དང་། །ཉེས་པ་ཟློག་བྱེད་ཐོས་པ་ནི། །འཁོར་བར་རབ་ཏུ་རྒྱུ་བ་ན། །ཉེས་པ་ཀུན་གྱིས་མི་གོས་ཏེ། །ཇི་ལྟར་འདམ་གྱི་པདྨ་དག །འདམ་གྱི་ཉེས་པས་མི་གོས་བཞིན། །ལུས་ཅན་དག་ལས་སུ་ཡང་རུང་། །ཁྱོད་ཀྱི་གསང་སྔགས་འཆང་བྱེད་པ། །དེ་དག་ལས་ ནི་གཅིག་ཙམ་ཡང་། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །མཁས་པ་གང་ཞིག་གཟུངས་སྔགས་མཆོག །ཐོས་ནས་མོས་པར་བྱེད་པ་ནི། །ངེས་པར་ཡོན་ཏན་ཐམས་ཅད་ཀྱང་། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་ཐམས་ཅད་ལྡན་པའི་འཁོར། །ལངས་ཏེ་ ས་ཡི་དབང་ཕྱུག་པོ། །ས་ཡི་སྙིང་པོ་ས་མཆོག་ལ། །མིང་བརྒྱ་རྩ་བརྒྱད་སྨྲས་པ་ནི། །ས་ཡི་སྙིང་པོ་གཙོ་བོ་ཆེ། །གློག་འགྱུ་ལྟ་བུའི་སྤྱན་མངའ་བ། །ཅོད་པན་ཅན་ཏེ་ས་བསྙེས་པ། །ཕུན་སུམ་ཚོགས་ལྡན་འབྱོར་པ་མཆོག །རིག་ལྡན་རིག་མཛད་མཆོད་པའི་ གནས། །གཙོ་བོ་དགེ་སྦྱོང་སྟོན་པ་པོ། །གཞི་བཅས་ལྡན་པའི་རླུང་གི་ཚུལ། །སྭཱ་ཧཱའི་བློ་ལྡན་སྙིང་རྗེའི་རབ། །ཐམས་ཅད་མཁྱེན་པའི་ཉི་མའི་མཆོག །སྙིང་པོ་སྙིང་པོ་མཁྱེན་པར་གྲགས། །གསང་སྔགས་རོལ་ཅིང་རྒྱ་ཆེར་རོལ། །ས་ཡི་དབང་ཕྱུག་གར་ཐབས་ ཅན། །སྒེག་པོ་ཞལ་བཟང་གར་མཁན་ལྡན། །འབྲས་བུ་མངོན་སུམ་སྟོན་པ་པོ། །རབ་འབྱོར་བློ་གྲོས་སྙིང་པོ་མཁྱེན། །སྙིང་པོ་བརྙེས་པ་འཇིགས་པ་མེད། །མགོན་པོ་སངས་རྒྱས་གཟུགས་མངའ་བ། །ཤེས་རབ་ཀྱིས་ནི་མ་ལུས་གཟིགས། །འདོད་ཆགས་ ལ་སོགས་སྐྱོན་བསལ་ཅིང་། །གར་ཐབས་ཆེན་པོ་སྟོན་པ་པོ། །སྟོན་པ་དཔག་བསམ་ཤིང་དང་འདྲ། །ནམ་མཁའི་དབང་ཕྱུག་གསུང་སྙན་པ། །ཉི་མ་ཆེན་པོ་ཉིད་ཡིན་ཏེ། །དབང་ཕྱུག་ཆེན་པོ་འབར་བས་བསྐོར། །ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ། ། ས་ཡི་དབང་ཕྱུག་སྤྱོད་ཡུལ་ཅན། །ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོད་ཆེ། །ཡོན་ཏན་རྒྱ་མཚོའི་གངས་ཆེན་མཚོ། །ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག །ཐབས་ཚུལ་ཟབ་ལ་མཁས་པ་སྟེ། །ཐེག་པ་ཆེན་པོ་ འཇིགས་པ་མེད། །མཆོད་པ་ཆེན་པོ་སྒྲ་ཆེ་བ། །ཟླ་ལྟར་གྲགས་པའི་དཀྱིལ་འཁོར་ཅན། །རྡོ་རྗེ་འཆང་ཆེན་མཚན་བརྒྱ་བ། །རྡོ་རྗེ་དཀྱིལ་འཁོར་མེ་ཏོག་ཐོད། །བློ་གྲོས་ཆེན་པོ་ཕྱག་རིང་བ། །པདྨ་ཆེན་པོ་སྟོབས་པོ་ཆེ། །གསང་སྔགས་ཆེན་ པོ་ཚོགས་ཆེན་པོ། །ས་གཞི་ཆེན་པོ་ལྷུན་པོ་ལགས། །ལག་ན་རྡོ་རྗེ་ཡོན་ཏན་ངེས། །ནོར་བུའི་མེ་ཏོག་ཐོད་ཀྱིས་བརྒྱན། །མཉམ་ཉིད་འབྱམ་ལ་ལོངས་སྤྱོད་པ། །རྒྱ་ཆེན་ཞིང་གི་རྒྱ་མཚོ་ཅན། །རྡོ་རྗེའི་འོད་མངའ་རྡོ་རྗེ་ལྡན། །ས་ཡི་བདག་པོ་ལྷུན་པོ་བཞིན། །ས་ ལ་ལོངས་སྤྱོད་ལོངས་སྤྱོད་བཟང་། །མཚོན་ཆ་གཡོ་བ་ཕུན་སུམ་ཚོགས། །རབ་འབྱམ་སྣོད་ནི་རྣམ་པར་གྲགས། །སྨྲ་མཁས་རྡོ་རྗེ་རབ་འཇོམས་པ། །སྤྱན་རྩ་ཡིད་ཙམ་དམར་བ་སྟེ། །མེ་ཏོག་སྔོན་པོའི་ཐོད་ཀྱིས་བཅིངས། །སྤྲོ་བ་ཆེན་པོ་ཕྱག་རིང་བ། །བརྟན་པོ་བརྟན་ ལ་བདེ་སྦྱིན་པ། །དེད་དཔོན་དཔལ་བཟང་ཆེན་པོ་སྟེ། །གངས་ཅན་ལྷུན་པོ་ལྟ་བུ་ལགས། །དབང་པོ་གཤིན་རྗེའི་རྒྱལ་ཆེན་དང་། །བཙན་པོ་ཁྱབ་འཇུག་སྟོབས་དབང་ཕྱུག །འཇིག་རྟེན་མཆོག་རིགས་སངས་རྒྱས་ཚངས། །དེ་བཞིན་ཉིད་ཚུལ་སྤྱོད་ཡུལ་ཅན། །རིན་ ཆེན་ཏོག་སྟེ་ཆེར་བཞད་པ། །དགྱེས་པ་ན་བཟའ་སྣ་ཚོགས་གསོལ། །གཟིགས་པ་རིང་བ་སྤྱན་ཡངས་པ། །ནམ་མཁའ་བཞིན་དུ་ཐོགས་པ་མེད། །ཐོགས་པ་མི་དཔོགས་རིན་ཆེན་གཙུག །སྲིད་གསུམ་འདོད་པ་མེད་པའི་རྒྱུ། །དུལ་བ་ཉོན་མོངས་དྲི་མ་བསལ། ། དག་པ་གཙང་བ་གསོ་སྦྱོང་ཅན། །རྣམ་པར་གནོན་པའི་གཡུལ་ལས་འདས། །ལྗང་མདོག་སྐྱབས་མཛད་སྙིང་རྗེ་ཆེ། །སྟོབས་ཀྱིས་གྲགས་པ་རྒྱ་ཆེ་བ། །བསམས་ན་ཤེས་པའི་སྤྱོད་ཡུལ་ཅན། །དཔའ་བོ་སེང་གེ་འཇིགས་པར་བྱེད། །སྡང་བ་རྣམས་ཀྱི་སྙིང་ འཇོམས་པ། །མངའ་བདག་གྲགས་པ་ཡུལ་དང་ལྡན། །དགའ་བ་རྒྱ་ཆེན་རབ་འབྱུང་བ། །རིགས་མཁྱེན་རིགས་ཀྱི་སྙིང་པོ་མཁྱེན། །རིགས་ཀུན་དུ་ནི་མཆོད་པ་ལགས། །རྒྱལ་པོ་རིགས་མཆོག་སྐྱེད་པའི་རྟེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེ་ས་འོག་ རབ་གྲགས་པ། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །མངོན་པར་འཕགས་པ་ཁྱབ་པ་མཆོག །མགྲིན་བཟང་ནད་དང་བྲལ་བ་ལགས། །སྐྱོང་མཛད་སྟོན་པ་དག་པ་སྟེ། །སངས་རྒྱས་ལམ་ནི་རབ་སྟོན་པ། །གྲོལ་བ་སྨིན་མཛད་འདུད་པར་མཛད། །དཀྱིལ་ འཁོར་མ་ལུས་རྣམས་ཀྱིས་བརྒྱན། །རབ་ཞུགས་དཀྱིལ་འཁོར་རྣམས་ལ་མཁས། །རྡོ་རྗེའི་སློབ་དཔོན་ཡོན་ཏན་རྟེན། །གྲུབ་པ་སྦྱིན་བ་རྣམ་དག་མཆོག །ཚུལ་དང་ཚུལ་མིན་རྟོགས་པ་པོ། །དཀྱིལ་འཁོར་རྩ་སེར་མངའ་བ་སྟེ། །འོད་ཟེར་ལྗང་གུའི་འོད་དང་ ལྡན། །སེར་ལ་ན་བཟའ་སེར་པོ་མནབས། །དཀྱིལ་འཁོར་མ་ལུས་ཀུན་གྱིས་བརྒྱན། །སྤྱན་རྩ་དམར་བ་ཟླ་བའི་དཔལ། །ནོར་བུ་སྣ་ཚོགས་འོད་འབྱུང་བ། །རྡོ་རྗེ་བརྒྱ་ཡི་སྟོབས་ཀྱིས་སྤྲོ། །མཉམ་ཉིད་མཉམ་པ་དྲི་མ་མེད། །སྐུ་ཡང་དག་ཅིང་ན་བཟའ་དག །དག་ པ་མཁྱེན་ཅིང་དག་པར་ལྡན། །དག་པའི་ཆོས་མངའ་སྣང་བ་སྟེ། །འབྱུང་ལྡན་སྲེད་པ་སེལ་མཛད་པ། །འཁོར་བ་ཟད་མཛད་ཤེས་རབ་ཅན། །ཚུལ་ཤེས་ཚུལ་ལ་སྤྱོད་ཡུལ་བ། །རྡོ་རྗེ་རྒྱ་མཚོའི་སྙིང་པོ་ལགས། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འབྱུང་ལྡན་ རབ་འབྱམ་ཤེས་རབ་ཅན། །མ་ལུས་གྲགས་པའི་འོད་བཟང་བ། །ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་རྣམ་པར་འདྲེན། །དཔག་ཏུ་མེད་པ་དཔག་མེད་རྫོགས། །ཁྱད་པར་འཕགས་པའི་ཡུལ་ལ་གནས། །ཟབ་ཅིང་གསལ་བའི་གཙོ་བོ་སྟེ། །ཟླ་ བའི་དཀྱིལ་འཁོར་འོད་ཟེར་བསིལ། །དགའ་དང་དང་བ་སྐྱེད་པ་སྟེ། །ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་བ། །རླུང་གི་དྲག་ཤུལ་ལྟ་བུར་དྲག །དྲག་པོ་ལགས་ཏེ་དྲག་སེལ་གཙང་། །རྒྱལ་བར་བྱེད་ཅིང་རྒྱལ་བ་ཞི། །རྒྱལ་བའི་དཔལ་མཛད་དགའ་བར་མཛད། ། ལྷུན་པོ་ཏི་སེ་མ་ལ་ཡས། །སྤྱོད་ཡུལ་ཟབ་མོ་ནོན་པ་སྟེ། །རིན་ཆེན་རྡོ་རྗེ་སྙིང་པོ་ཆེ། །ས་གཞིའི་སྤྱོད་ཡུལ་མངའ་བ་ལགས། །རིན་ཆེན་བྲག་ལས་བྱུང་བའི་འོད། །རྡོ་རྗེའི་དཀྱིལ་འཁོར་དག་གིས་བརྒྱན། །དེ་བཞིན་གཤེགས་ལ་ལྷུར་དགྱེས་པ། ། ཤུགས་དྲག་དཔལ་གྱི་གཞི་རྟེན་ལགས། །རབ་གསལ་དཔལ་མཛད་གཙང་མ་སྟེ། །ཕྱོགས་བཅུའི་དབང་ཕྱུག་དབང་ཕྱུག་ཆེ། །དེ་ལྟར་རྡོ་རྗེ་འཆང་ཆེན་ལ། །མིང་བརྒྱ་རྩ་བརྒྱད་མཆོག་རྣམས་ཀྱིས། །རྡོ་རྗེ་སེམས་དཔས་བསྟོད་ནས་ནི། །རྡོ་རྗེ་ ས་གསུམ་དབང་མཆོག་སྨྲས། །ཡོན་ཏན་སྙིང་པོ་ཤེས་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་མཆོག་བརྗོད་ཅིང་། །ཉེས་པ་ཟློག་པ་འདི་ལས་གཞན། །ས་ཡི་སྟེང་ན་ངས་མ་མཐོང་། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །ཐམས་ཅད་འགྲུབ་བྱེད་དགའ་བ་སྟེ། ། སྡིག་པ་ཐམས་ཅད་སེལ་བ་དང་། །དྲི་མ་ཀུན་བྲལ་ཡོན་ཏན་ངེས། །དེ་ཕྱིར་སྒྲིམ་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་འདོད་པའི་མིས། །མིང་བརྒྱ་རྩ་བརྒྱད་དགེ་བ་འདི། །རྟག་ཏུ་ཡང་ནི་བརྗོད་པར་གྱིས། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །བསམ་ པ་ཀུན་དང་འབྱོར་པ་ཡི། །གནས་མཆོག་བླ་ན་མེད་པ་སྟེ། །དཔལ་ཡོན་རྒྱ་ཆེན་སྦྱིན་པ་ཡིན། །ཡིད་ནི་ཤིན་ཏུ་དང་བ་ཡིས། །ས་ཡི་སྙིང་པོའི་མཚན་གསལ་བ། །འདོད་པ་ཐམས་ཅད་རབ་བསྒྲུབ་པའི། །ཡོན་ཏན་མཆོག་ནི་གང་བརྗོད་དང་། །དཔལ་ ཡོན་རྒྱ་ཆེན་འཛིན་པ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །མི་ནི་གང་ཞིག་རྗོད་བྱེད་པ། །སྡུག་བསྔལ་ཀུན་ལས་མྱུར་དུ་འགྲོལ། །འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་ཨཥྚ་ཤ་ཏ་ཀན། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དང་བའི་སེམས་ཀྱིས་སུ། །ཐུབ་ལ་མགོ་བོས་ཕྱག་ འཚལ་ཏེ། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །མཚན་རྣམས་འདིར་ནི་བརྗོད་པར་བགྱི། །གཟུགས་མཛེས་གཟུགས་དང་ལྡན་པ་སྟེ། །གཟུགས་རྣམས་ཀུན་གྱི་བླ་ན་མེད། །མཚན་རྣམས་ཐམས་ཅད་ཀུན་ཏུ་རྫོགས། །འཇམ་དཔལ་དཔལ་གྱི་དམ་པ་ ལགས། །བསམ་གྱིས་མི་ཁྱབ་བསམ་དང་བྲལ། །མཐུ་རྩལ་བསམ་ཡས་རྨད་དུ་བྱུང་། །སྐུ་གསུང་ཕྲིན་ལས་བསམ་མི་ཁྱབ། །དེ་བཞིན་ཐུགས་ཀྱང་བསམ་མི་ཁྱབ། །སྟོང་ཉིད་བསྒོམས་པའི་བདག་ཉིད་ཅན། །སྟོང་པའི་ཆོས་དང་ཡང་དག་ལྡན། །སྟོང་པ་ཉིད་ལ་ ལྷག་པར་མོས། །སྲིད་པ་གསུམ་པོ་སྟོང་པར་སྟོན། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ས་རྣམས་ཀུན་གྱི་བདག་དང་ལྡན། །སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །སེམས་ཅན་ཀུན་གྱིས་ཕྱག་བགྱིས་པ། །ངན་འགྲོ་ཀུན་དང་དེ་བཞིན་དུ། །མུ་སྟེགས་ ཅན་རྣམས་ཐམས་ཅད་འཇོམས། །ཕས་ཀྱི་རྒོ་ལ་བ་ཚར་གཅོད་པ། །སྨྲ་བའི་སེང་གེ་མི་ཡི་མཆོག །དུལ་ཞིང་ཉོན་མོངས་རྣམས་དང་བྲལ། །སྒྲིབ་པ་དྲི་མ་ཀུན་མི་མངའ། །སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ། །གྲོལ་ཞིང་འཇིག་རྟེན་གྲོལ་མཛད་པ། ། རལ་པ་མུན་ཛ་བརྟུལ་ཞུགས་ཅན། །ཚངས་པ་ཚངས་པའི་གནས་ན་བཞུགས། །བགྲང་ནོར་ཐོགས་ཤིང་ཕྱག་མཁར་བསྣམས། །དག་ཅིང་དག་ལ་རྣམས་དང་ལྡན། །འཇམ་པའི་དབྱངས་ཅན་མངའ་དབང་མཛད། །པདྨ་ལས་འཁྲུངས་པདྨའི་སྤྱན། །པདྨའི་ཟེ་ བའི་ཁ་དོག་འདྲ། །བཞུགས་པའི་གདན་ཁྲི་པདྨ་ལགས། །གཙང་མ་ཨུཏྤལ་སྔོན་པོ་བསྣམས། །བསམ་དག་ཞི་བའི་ཐུགས་དང་ལྡན། །ཁྱོད་ནི་སངས་རྒྱས་རང་སངས་རྒྱས། །ཁྱོད་ནི་དང་པོའི་སངས་རྒྱས་ལགས། །རྫུ་འཕྲུལ་ལྡན་ཞིང་མངའ་དབང་བརྙེས། ། བདེན་པ་བཞི་དག་སྟོན་པ་པོ། །འཇིག་རྟེན་སྐྱོང་བ་སྤྱན་སྟོང་མངའ། །ཁྱོད་ནི་དབང་ཕྱུག་སྐྱེ་དགུའི་བདག །ཁྱོད་ནི་ཞི་བའི་སེམས་ཅན་རྣམས། །ཀུན་གྱི་མངའ་བདག་ཡོན་ཏན་གཙོ། །ཁྱོད་ནི་ཁྱུ་མཆོག་སྐྱེ་དགུའི་གཙོ། །ཐུ་བོ་དེ་བཞིན་ཚེ་རབས་དགོངས། ། རྣམ་པར་འདྲེན་དང་འདུལ་མཛད་པ། །རྒྱལ་སྲས་རྒྱལ་བ་ཉིད་ལས་འཁྲུངས། །འོད་ཟེར་སྟོང་ལྡན་ཉི་མ་ཁྱོད། །ཟླ་བ་དང་ནི་ཕུར་བུའང་ཁྱོད། །རྣམ་ཐོས་བུ་དང་ཆུ་ལྷའང་ལགས། །དབང་ཕྱུག་ཆེ་ཁྱོད་ཁྱབ་འཇུག་ཁྱོད། །ཀླུ་ཡི་རྒྱལ་པོ་མཐའ་ཡས་ཁྱོད། ། དེ་བཞིན་སྡེ་དཔོན་སྐེམས་བྱེད་ལགས། །ལྷ་མིན་དབང་པོ་ཐགས་ཟངས་རིས། །མིག་དམར་གཟའ་ལག་པ་བ་སངས། །སྤེན་པ་དཔའ་བོ་ལྷ་ཀུན་ལགས། །ལྷ་རྣམས་ཀུན་གྱིས་ཕྱག་བགྱིས་པ། །འཇིག་རྟེན་ཆོས་ཀྱི་དྲི་མ་བྲལ། །ཁྱོད་ནི་འཇིག་ རྟེན་གང་ཟག་མཆོག །འཇིག་རྟེན་མཁྱེན་པ་འཇིག་རྟེན་རིག །ཡེ་ཤེས་ཅན་གྱི་དམ་མཆོག་པ། །དམ་པ་སྦྱིན་དང་གནས་དང་སྐྱབས། །བདུད་ཀྱི་ལས་ཀྱིས་ཡོངས་མི་རྫི། །ཁ་ན་མ་ཐོ་མི་མངའ་ཟབ། །དགེ་བའི་བཤེས་གཉེན་ཀུན་ཏུ་གྲགས། །ཁྱོད་ནི་སྨན་པ་ཟུག་ རྔུ་འབྱིན། །མི་འདུལ་ཁ་ལོ་སྒྱུར་བའི་མཆོག །བློ་གྲོས་ལྡན་ཞིང་རྟོགས་དང་ལྡན། །བློ་དང་ལྡན་ཞིང་མཁས་པ་ལགས། །ཁྱོད་ནི་བསོད་ནམས་དཔག་བསམ་ཤིང་། །བྱང་ཆུབ་ཡན་ལག་མེ་ཏོག་བརྒྱན། །རྣམ་གྲོལ་འབྲས་བུ་ཕུན་སུམ་ཚོགས། །ལུས་ ཅན་ཀུན་གྱི་མཆོག་ཏུ་གྱུར། །ཡིད་དུ་འོང་ཞིང་ཡིད་འཕྲོག་པ། །སྡིག་པ་མི་མངའ་ཚངས་པར་སྤྱོད། །ཁྱོད་ནི་མཇུག་རིངས་གཟའ་མཆོག་ལགས། །ཁྱོད་ནི་དྲང་སྲོང་ཐུབ་པ་མཆོག །ཁྱོད་ནི་རྒྱལ་ཚབ་དབང་བསྐུར་བ། །ས་བཅུའི་མངའ་བདག་གཙོ་བོ་ལགས། ། དེད་དཔོན་འགྲོ་བ་རྣམས་ཀྱི་གཙོ། །མྱ་ངན་འདས་པ་མཆོག་སྟོན་བཞིན། །ཁྱོད་ནི་ནམ་མཁའ་ས་ཆུ་བཞིན། །ཁྱོད་ནི་མེ་དང་རླུང་ལྟ་བུ། །ཁྱོད་ནི་ཡིད་བཞིན་ནོར་བུ་ལྟར། །སེམས་ཅན་རེ་བ་ཀུན་རྫོགས་མཛད། །འབྱུང་པོ་ཀུན་གྱིས་ཕྱག་བགྱིས་པ། ། རིན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱིས་ནི་བཀའ་སྩལ་པ། །ཨོཾ་བཱ་ཀྱེ་དྃ་ན་མཿསྭཱ་ཧཱ། ཇི་སྐད་སྨོས་པའི་མཚན་རྣམས་དང་། །རིག་སྔགས་བཅས་པར་འཛིན་ན་ནི། །སྡིག་འགྱུར་རྣམ་དག་རབ་ཏུ་ཐོབ། །བརྒྱ་ལས་རྩ་བརྒྱད་ལྷག་པའི་མཚན། ། སྐྱེས་བུ་དུས་གསུམ་སུ་ཀློག་པ། །དེ་འདོད་བསམ་དགུ་ཡིད་བཞིན་དུ། །གདོན་མི་ཟ་བར་འགྲུབ་པར་འགྱུར། །བཟང་པོའི་མཚན་རྣམས་དྲན་ན་ནི། །མཚམས་མེད་སྐལ་བ་མཉམ་པ་ཡི། །ལས་རྣམས་མི་བཟད་གང་བྱས་པ། །དེ་དག་ཐམས་ཅད་མྱུར་དུ་བྱང་། ། འཇིག་རྟེན་ཕ་རོལ་འཕོ་བ་དང་། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ། །སེམས་ཅན་དག་པས་དྲན་བྱས་ན། །འཇམ་པའི་དབྱངས་ཀྱང་ཐོབ་པར་འགྱུར། །བློ་དང་ལྡན་པས་དྲན་བྱས་ཏེ། །ངེས་པར་གནས་ནས་སུ་ཀློག་པ། །སངས་རྒྱས་ཉིད་ནི་འདོད་ན་ཡང་། །ཐོབ་འགྱུར་ འདི་ལ་ཐེ་ཚོམ་མེད། །འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་ གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་བྱམས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏན་ཛ་ཡ། ཧ་ ར་ཧ་ར། མཻ་ཏྲི་ཨ་བ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷེ། བྷ་ར་བྷ་ར། མ་ཧཱ་བོ་དྷི་མཎྜ་བཱི་ཛེ། སྨར་སྨར། ཨསྨ་ཀཾ་ས་མ་ཡ་བོ་དྷི་བོ་དྷི། མ་ཧཱ་བོ་དྷི་སྭཱ་ཧཱ། རྩ་བའི་གསང་སྔགས་སོ། །ཨོཾ་མོ་ཧི་མོ་ཧི། མ་ཧཱ་མོ་ཧི་སྭཱ་ཧཱ། སྙིང་པོའོ། །ཨོཾ་མུ་ནི་མུ་ནི་སྨ་ར་ སྭཱ་ཧཱ། ཉེ་བའི་སྙིང་པོའོ། །གཟུངས་འདི་ཉན་པ་ཙམ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་སེམས་པ་དང་། བསྒོམ་པ་ཙམ་གྱིས་གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་ གྱུར་པ་ན། བདག་གིས་སེམས་ཅན་དེ་ངེས་པར་བཙལ་བར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དགས་དང་། བྱ་རྣམས་ཀྱི་རྣ་ཁུང་དུ་སྒྲོགས་པར་བྱེད་ན། དེ་དག་ཀྱང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་བོ། །འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ངན་སོང་གི་དྲི་མས་ཀྱང་མི་གོས་སོ། །མའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་ བའི་རྒྱལ་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་ལོངས་སྤྱོད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་དེ་བསྐྱུད་པར་མི་བགྱི་ལགས་སོ། །ངེས་ པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས། དེ་ཇི་ལྟར་གྱུར་ཀྱང་རུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མཎྜ་ལ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་ བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་གྲུ་འཛིན་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། བྱང་ ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ནས་ཆོས་ གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་ འདས་ཀྱིས་བདག་ལ་སྐབས་ཕྱེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དཀྱིལ་འཁོར་བརྒྱད་པ་བགྱིད་པར་འཚལ་ན་དེས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཤིན་ཏུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དུས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་མཚུངས་པ་མེད་པའི་ཡེ་ཤེས་སྒྲུབ་པའི་ཕྱིར་རིགས་ཀྱི་བུ་ཁྱོད་སྤོབས་པ་སྐྱེས་པ་ནི་བཟང་སྟེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ སྙིང་པོ་གང་བརྗོད་པ་ཙམ་གྱིས་མཚམས་མེད་པ་ལྔ་འབྱུང་ཞིང་དངོས་གྲུབ་ཐམས་ཅད་ཀྱང་ཐོབ་པར་འགྱུར་བ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་ཉོན་ཅིག །ཨོཾ་མ་ཧཱ་ཧཱུཾ་མ་ཧཱ་བཱི་ར་སྭཱ་ཧཱ། སྙིང་པོ་འདིས་ནི་དབུས་ཀྱི་བཅོམ་ལྡན་འདས་མཆོད་དོ། །ཨོཾ་ཧྲཱི་ཧཱུཾ་པདྨ་པྲི་ཡ་ སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ། །ཨོཾ་མཻ་ཧཱ་རཱ་ཎ་སྭཱ་ཧཱ། བྱམས་པའི་སྙིང་པོའོ། །ཨོཾ་ཨཱ་ཀཱ་ཤ་གརྦྣཱ་ཡ་སྭཱ་ཧཱ། ནམ་མཁའི་སྙིང་པོའོ། །ཨོཾ་སྭཱ་ཧྲི་རཱ་ཡ་ཛྭ་སྭཱ་ཧཱ། ཀུན་ཏུ་བཟང་པོའི་སྙིང་པོའོ། །ཨོཾ་ཀུ་རུ་བྷ་ན་ར་ཧ་སྭཱ་ཧཱ། ལག་ན་རྡོ་རྗེའི་སྙིང་པོའོ། །ཨོཾ་ཤྲཱི་ཨཾ་རཾ་ག་སྭཱ་ཧཱ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོའོ། །ཨོཾ་ནི་སྭཱ་རཾ་བྷ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྙིང་པོའོ། །ཨོཾ་ཀྵི་ཏི་ཧ་རཱ་ཛཱ་སྭཱ་ཧཱ། སའི་སྙིང་པོའི་སྙིང་པོའོ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ སྙིང་པོ་དེ་བཞིན་གཤེགས་པ་དང་ལྡན་པ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་གྱི་མདུན་དུ་ལན་ཅིག་བརྗོད་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀྱིལ་འཁོར་བརྒྱད་ པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཨ་མྲྀ་ཏ་བྷ་བ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ ཁབ་བྱང་ཆུབ་ཀྱི་ཤིང་དྲུང་ན། འཁོར་རྣམ་བཞི་དང་། ལྷ་དང་། མི་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །དེ་ནས་འཁོར་རྣམས་ཀྱི་ནང་ནས་ཁྱིམ་བདག་བཟང་སྐྱོང་གིས། བཅོམ་ལྡན་འདས་ཀྱི་འཁོར་རྣམ་པ་བཞི་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ། སྤོས་དང་། སྨན་དང་། ཞལ་ཟས་ཀྱི་མཆོད་པ་ཆེན་པོ་བཤམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཟའ་བ་དང་། བཅའ་བ་དང་། བཏུང་བ་འདི་རྣམས་སེམས་ཅན་རྣམས་ཀྱི་དོན་དུ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ བཅོམ་ལྡན་འདས་ཀྱིས་བདུད་རྩི་འབྱུང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞལ་ཟས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྃ་དཀར་པོ་ལ་ཆོས་ཐམས་ཅད་རྡུལ་དང་བྲལ་བའོ་ཞེས་བྱ་བའི་སྒྲ་བྱུང་བས་ཞལ་ཟས་ཀྱི་དྲི་མ་དག་པར་གྱུར་ཏོ། །ཡང་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་བསམས་ཏེ། ཞལ་ཟས་ལྷའི་བདུད་རྩི་དང་། ཡོ་བྱད་དུ་གྱུར་ཏོ། །ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཞེས་པས་འཕགས་པ་དང་སེམས་ཅན་ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཕྱག་རྡོ་རྗེ་ལྟར་བྱས་ཏེ་གཟུངས་འདི་གཟུངས་སོ། །ཨོཾ་སརྦ་དྷརྨ་ཏཱ་བཛྲ་སིདྡྷ་ཧཱུཾ། ཨོཾ་ཨ་མྲྀ་ཏ་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭཱ་ལ་ ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་གཟུངས་འདི་བརྗོད་མ་ཐག་ཏུ་མཆོད་པའི་ཞལ་ཟས་ཀྱིས་མཆོད་ནས། འཕགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཐམས་ཅད་བདེ་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་བཟང་སྐྱོང་གིས་བཅོམ་ལྡན་འདས་ཀྱི་སྤྱན་ སྔར་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བྱིན་གྱིས་བརླབས་ཀྱི་མཐུ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས། འཕགས་པ་ཐམས་ཅད་ཀྱི་ ཕོ་བྲང་དང་། སེམས་ཅན་ཐམས་ཅད་ཀྱི་གནས་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ཁྱབ་པ། བརྗོད་ཀྱིས་མི་རྫོགས་པ་འབྱུང་ཞིང་རྒྱས་པར་གྱུར་ཅིག །སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་ བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་ཆོས་ཀྱི་སྦྱིན་པ་དང་། བདག་གི་ཟང་ཟིང་གི་སྦྱིན་པ་འདིས་བདེ་བ་དང་། དགའ་བར་ གྱུར་ཅིག །བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཁྱིམ་བདག་བཟང་སྐྱོང་ལེགས་སོ། །དཀའ་བའི་སྤྱོད་པ་འདི་ལྟ་བུ་བྱེད་པ་ལེགས་སོ། །ངའི་འཁོར་ལྷ་དང་མི་རྣམས་ཀྱིས་ཀྱང་འདི་ལྟར་མཆོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དང་། ཁྱིམ་བདག་བཟང་སྐྱོང་རྗེས་སུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་དགའ་བར་གྱུར་ཏོ། །བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། ༄༅༅། །ཡི་དགས་ཁ་ནས་མེ་འབར་བ་ལ་སྐྱབས་མཛད་པ་ཞེས་བྱ་བའི་གཟུངས། དེའི་ཚེ་བཅོམ་ལྡན་འདས་ཡུལ་སེར་སྐྱ་ན་དགེ་འདུན་གྱི་གནས་ན། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་གྲངས་མེད་པས་ཡོངས་སུ་བསྐོར་པ་ལ་ཆོས་སྟོན་ཏོ། ། དེའི་ཚེ་ན་ཚེ་དང་ལྡན་པ་དགའ་བོ་བས་མཐའ་ཞིག་ན། ཆོས་ཡིད་ལ་བྱེད་ཅིང་དྲན་པ་མངོན་དུ་བཞག་ནས་འདུག་ལ། དེའི་ནུབ་མོ་ནམ་གྱི་ཆ་སྨད་ལ་ཡི་དགས་ཁ་ནས་མེ་འབར་བ་ཞེས་བྱ་བ་གཟུགས་བྱད་མི་སྡུག་པ། ཤིན་ཏུ་རིད་ཅིང་སྐེམས་པ། ཁ་ནས་མེ་འབར་བ། མགྲིན་པ་མོ་ཁབ་ཙམ་དུ་ཕྲ་བ། སྐྲ་འཛིངས་པ། སེན་མོ་དང་མཆེ་བ་རིང་བ་རྣ་བ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་དགའ་བོའི་དྲུང་དུ་འོངས་ནས། དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ད་སྟེ་ཞག་བདུན་ན་ཚེའི་དུས་བྱས་ཏེ་ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ། ཞེས་སྨྲས་སོ། །དགའ་བོས་དེས་སྨྲས་པ་དེ་ཐོས་ནས་ཤིན་ཏུ་འཇིགས་སྐྲག་སྟེ། ཡི་དགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཚེའི་དུས་བྱས་ནས་ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་བ་འདི་ཐབས་ཅི་བྱས་ན་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་བར་འགྱུར། དེ་ནས་ ཡི་དགས་དེས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱོད་ཀྱིས་སང་གི་ཉི་མ་ལ་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་བརྒྱ་སྟོང་སྙེད་ལ་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མ་རེ་རེའི་ཞལ་ཟས་མཆིས་པ་ ཕུལ་ཏེ། ཁོ་བོའི་ཕྱིར་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན་ཚེ་རིང་ཞིང་ཡི་དགས་ཀྱི་སྡུག་བསྔལ་དང་བྲལ་ཏེ་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དེའི་ཚེ་དགའ་བོས་ཡི་དགས་ཁ་ནས་མེ་འབར་བ། ལུས་མི་སྡུག་པ། ཤིན་ཏུ་རིད་ཅིང་སྐེམས་པ་དང་། ཁ་ནས་མེ་ འབར་བ་དང་། མགྲིན་པ་མོ་ཁབ་ཙམ་ལ་སྐྲ་འཛིངས་པ་དང་། སེན་མོ་དང་མཆེ་བ་རིང་ཞིང་རྣོ་བ་ཡང་མཐོང་ལ། ཡིད་དུ་མི་འོང་མི་འདོད་པའི་ཚིག་ཀྱང་ཐོས་ནས། ལུས་སྐྱི་བུང་ཞེས་བྱེད་པ་ཙམ་དུ་འཇིགས་སྐྲག་ནས་འདུག་པ་ལས་ལངས་ཏེ་མྱུར་བར་བཅོམ་ལྡན་ འདས་ག་ལ་བ་དེར་སོང་ངོ་། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལུས་འདར་བཞིན་དུ་སྡུག་བསྔལ་གྱིས་གདུངས་པའི་དཔུང་གཉེན་མཛད་དུ་གསོལ་ཞེས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་བས་མཐའ་ཞིག་ན་ཆོས་ཡིད་ལ་བགྱིད་ཅིང་མཆིས་པ་ལས། ཡི་དགས་ཁ་ནས་མེ་འབར་བ་ཞེས་བགྱི་བ་དེ་བདག་ལ་འདི་སྐད་མཆིའོ། །ཁྱོད་ད་སྟེ་ཞག་བདུན་ན་ངེས་པར་ཚེའི་དུས་བྱས་ཏེ་ཡི་དགས་ཀྱི་ཁམས་སུ་སྐྱེ་བར་ འགྱུར་རོ་ཞེས་མཆིའོ། །བདག་གིས་དེ་ལ་ཐབས་ཅི་བགྱིས་ན་ཡི་དགས་ཀྱི་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་བར་འགྱུར་ཞེས་དྲིས་ན། དེས་བདག་ལ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་ལ་ སོགས་པ་བརྒྱ་སྟོང་སྙེད་ལ་ཞལ་ཟས་མཆོག་དམ་པ་ཕུལ་ན་ཚེ་རིང་བར་འགྱུར་ཞེས་མཆི་ན། བཅོམ་ལྡན་འདས་བདག་གིས་ཇི་ལྟ་བུར་ཡི་དགས་དང་དྲང་སྲོང་ལ་སོགས་པ་དེ་སྙེད་ཀྱི་ཁ་ཟས་འབྱོར་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ འཇིགས་པར་མ་བྱེད་ཅིག་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་དང་དྲང་སྲོང་ལ་སོགས་པ་ལ་ཁ་ཟས་དང་། གཏོར་མ་མང་པོ་འབྱོར་པའི་ཐབས་ང་ལ་ཡོད་ཀྱིས་ཡིད་བློང་བར་མ་བྱེད་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་ དགའ་བོ་ལ་བཀའ་སྩལ་པ། ང་ལ་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་དབང་དུ་གྱུར་པའི་འོད་ཟེར་རྣམ་པར་རྒྱལ་བའི་ཤུགས་ཞེས་བྱ་བ་ཡོད་དེ། གང་ཞིག་གིས་གཟུངས་འདི་བརྗོད་ན་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དང་། བྲམ་ཟེ་ དང་དྲང་སྲོང་ལ་སོགས་ཏེ་མང་པོའི་ཁ་ཟས་དང་གཏོར་མ་མཆོག་དམ་པར་འགྱུར་ཏེ། དེ་དག་ལ་སོགས་པ་གཅིག་ཀྱང་ཁ་ཟས་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མས་བཅལ་བའི་བྲེ་བདུན་བདུན་སྙེད་ཐོབ་པར་འགྱུར་རོ། །དགའ་བོ་ང་ཡང་བྲམ་ཟེར་གྱུར་པ་ན་བྱང་ ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། དེ་བཞིན་གཤེགས་པ་དབང་སྒྱུར་ཡོན་ཏན་ཞེས་བྱ་བ་ལས་གཟུངས་འདི་ཐོས་པས་ན། དེའི་དབང་གིས་ཡི་དགས་ཚད་མེད་པ་སྙེད་དང་། དྲང་སྲོང་མང་པོ་ལ་ཁ་ཟས་དང་། གཏོར་མ་བྱིན་བྱིན་པར་གྱུར་ཏེ། ཡི་ དགས་ཀྱི་ཁམས་སུ་སྐྱེས་པ་དེ་དག་སྡུག་བསྔལ་ལས་རྣམ་པར་གྲོལ་ནས་མཐོ་རིས་ཀྱི་ལྷར་སྐྱེས་པར་གྱུར་ཏོ། །དགའ་བོ་ཁྱོད་ཀྱིས་གཟུངས་འདི་ཟུང་ཤིག །བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་གཟུངས་ སྔགས་འདི་བཀའ་སྩལ་ཏོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཚེ་རིང་བར་འདོད་དམ་བསོད་ནམས་ཆེ་ཞིང་འཕེལ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བར་འདོད་ན་ནི་རྟག་ཏུ་སྔ་དྲོའི་དུས་སམ། ཡང་ན་དུས་ཐམས་ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ་མེད་དོ། །སྣོད་གཙང་མའི་ནང་དུ་ཆུ་གཙང་མ་བླུགས་ལ། ཆན་ནམ། ཕྱེའམ། ཁུར་བ་ལ་ སོགས་པ་ཆུང་ཟད་ཅིག་བཏབ་སྟེ། ལག་པ་གཡས་པ་སྣོད་ཀྱི་སྟེང་དུ་བཞག་ལ་གཟུངས་འདི་ལན་བདུན་བསྔགས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་ གཤེགས་པ་རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་ཡི་དགས་ཐམས་ཅད་ཀྱི་སྐྱེ་བ་མང་པོའི་སེར་སྣ་བྱས་པའི་མི་དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་ཡི་དགས་མང་པོ་བྱད་གཟུགས་མི་སྡུག་པ་བཅོམ་ཞིང་གཟུགས་དང་མཚན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་ གཤེགས་པ་སྐུ་འབྱམ་ཀླས་ཀྱི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་ཡི་དགས་མང་པོའི་སྐོམ་པ་སྤངས་ཤིང་ཚིམ་པར་འགྱུར་ཏེ། སྦྱིན་པའི་གནས་ཡིད་བཞིན་དུ་ཟ་བ་དང་ཆོག་ཅིང་འགྲངས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བ་ལ་ཕྱག་ འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་དང་བྲལ་བའི་མཚན་ནས་བརྗོད་པའི་བྱིན་གྱིས་བརླབས་ཀྱིས་ཡི་དགས་མང་པོའི་འཇིགས་པ་ཐམས་ཅད་དང་བྲལ་ཏེ། ཡི་དགས་ཀྱི་ཁམས་ཐམས་ཅད་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་ པ། རིགས་ཀྱི་བུ་ལ་སོགས་པས་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་དེ། བྱིན་གྱིས་བརླབས་པའི་འོག་ཏུ་སེ་གོལ་ལན་གསུམ་བྱས་ཏེ། གཏོར་མའི་སྣོད་བླངས་ནས་ལག་པ་བརྐྱང་སྟེ། ས་གཙང་མར་བླུག་པར་བྱའོ། །དེ་ལྟར་གཏོར་མ་སྦྱིན་ པར་བྱས་ན་ཕྱོགས་བཞི་ནས་ལྷགས་པའི་ཡི་དགས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་སོ་སོ་ནས་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མས་བཅལ་བའི་བྲེ་བདུན་བདུན་ཐོབ་པར་འགྱུར་རོ། །ཁ་ཟས་དེ་དག་ཡི་དགས་ཀྱིས་ཡིད་བཞིན་དུ་ཟ་བ་དང་། ཆོག་ འགྲངས་པ་དང་། ཡི་དགས་ཀྱི་ཁམས་སྤངས་པ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དགའ་བོ་གལ་ཏེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་རྟག་ཏུ་གཟུངས་འདིས་ཁ་ཟས་ལ་བསྔགས་ཏེ། ཡི་དགས་ ལ་སྦྱིན་པ་བྱིན་ན་བསོད་ནམས་ཚད་མེད་པ་སྙེད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་ཁྱད་པར་མེད་དེ། ཚེ་རིང་བ་དང་། བསོད་ནམས་དང་། མདངས་དང་། སྟོབས་སྐྱེ་ཞིང་ འཕེལ་བ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང་། མི་དང་མི་མ་ཡིན་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་མ་རུངས་པ་ཐམས་ཅད་ཀྱིས་གཙེ་ཞིང་གནོད་པར་བྱེད་མི་ནུས་པ་དང་། གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན་པར་ འགྱུར་རོ། །གལ་ཏེ་གང་ཞིག་བྲམ་ཟེ་དང་དྲང་སྲོང་ལ་སྦྱིན་པ་བྱེད་འདོད་ན་ཁ་ཟས་ཡོངས་སུ་དག་པ་སྣོད་གཅིག་གི་ནང་དུ་བཀང་སྟེ། གཟུངས་སྔགས་འདི་ལན་བདུན་བཟླས་ཏེ་འབབ་ཆུ་གཙང་མར་གཏོར་ན། དེ་ལྟར་བྱས་པས་ལྷ་རྫས་ཀྱི་ཞལ་ཟས་ མཆོག་དམ་པར་འགྱུར་ཏེ། དེས་ན་བྲམ་ཟེ་དང་། དྲང་སྲོང་དེ་དག་ཀྱང་སྔགས་ཀྱིས་བཏབ་པའི་ཟས་ཐོབ་ནས། སྔགས་ཀྱི་བྱིན་གྱིས་སོ་སོ་ནས་སྔོན་ཆད་ཅི་དང་ཅི་ལ་དགའ་ཞིང་མོས་པའི་དགེ་བའི་རྩ་བའི་བསོད་ནམས་ཡོངས་སུ་འགྱུར་བས། སོ་སོ་ནས་མཐུན་པར་ དུས་གཅིག་ཏུ་དེ་ལ་ཚེ་རིང་བ་དང་། མདངས་དང་སྟོབས་སུ་ལྡན་ཏེ་བདེ་ཞིང་སྐྱིད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །གཞན་ཡང་མི་དེ་སེམས་བསམ་པ་བཞིན་དུ་མཐོང་ཞིང་ཐོས་པའི་སྒོ་ནས་ཡོངས་སུ་དག་ཅིང་ཤེས་པ་མི་ནོར་བ་དག་ཚངས་པ་ལྷའི་སྤྱོད་པ་མཆོག་ དང་ལྡན་ཞིང་ཡོངས་སུ་རྫོགས་པར་འགྱུར་རོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ལ་མཆོད་པ་བྱས་པའི་བསོད་ནམས་དང་འདྲ་སྟེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གནོད་པ་བྱེད་མི་ནུས་པར་འགྱུར་རོ། །གལ་ ཏེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱེད་པར་འདོད་ན། སྤོས་དང་། མེ་ཏོག་དང་། ཞལ་ཟས་དམ་པ་ལ་གཟུངས་སྔགས་འདི་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། དཀོན་མཆོག་གསུམ་ལ་དབུལ་བར་བྱའོ། །དེ་ནས་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་དེས་ཕུལ་བའི་ཞལ་ཟས་དེ་ལྷ་རྫས་ཀྱི་ཞལ་ཟས་སུ་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་བྱས་པར་འགྱུར་རོ། ། དེས་ན་བསྟོད་པ་དང་། གསོལ་བ་བཏབ་པ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་དང་ལྡན་པར་འགྱུར་ཏེ། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོངས་པར་འགྱུར་རོ། །ལྷ་མང་པོས་རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དགའ་བོ་ཁྱོད་ཀྱིས་འདིའི་རྗེས་སུ་ཆོས་བཞིན་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཐོས་པར་བྱ་བའི་ཕྱིར་ཡོངས་སུ་རྒྱས་པར་སྟོན་ཅིག་དང་། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ། །ཡི་དགས་ཁ་ ནས་མེ་འབར་བ་ལ་སྐྱབས་མཛད་པའི་གཟུངས་རྫོགས་སོ།། །།༄༅། །ཡི་དགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཡུལ་སེར་སྐྱ་ ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་ཚོགས་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཀུན་དགའ་བོ་དབེན་པར་འདུག་སྟེ། ནང་དུ་ཡང་དག་འཇོག་ ཅིང་རྩེ་གཅིག་ཏུ་ཡིད་ལ་བྱེད་པས་ཆོས་མངོན་སུམ་དུ་བྱེད་པ་ན། མཚན་མོ་ནམ་གྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དགས་མོ་ཁ་འབར་མ་འདུག་ནས་སྨྲས་པ། ཀྱེ་ཀུན་དགའ་བོ་ཁྱོད་གནངས་འཆི་བར་འགྱུར་ཏེ། ཡི་དགས་ཀྱི་གནས་འདིར་སྐྱེ་བར་འགྱུར་རོ། །ཀུན་དགའ་བོས་ སྨྲས་པ། བརྟེན་པའི་ཐབས་ཅི་ཡོད། ཡི་དགས་མོས་སྨྲས་པ། ཀུན་དགའ་བོ་གལ་ཏེ་ནང་པར་ཡི་དགས་གང་གཱའི་ཀླུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ལ་ཡི་དགས་རེ་རེ་ལ་ཡང་ཟས་དང་སྐོམ་ཡུལ་མ་ག་དྷཱའི་བྲེ་བོ་ཆེ་བདུན་བདུན་ཙམ་བྱིན་ཏེ། བྲམ་ཟེའི་དྲང་ སྲོང་འབུམ་ཡང་ཚིམ་པར་བྱས་ལ། བདག་གི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་བར་འགྱུར་ལ། བདག་ཀྱང་ཡི་དགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀུན་དགའ་བོས་ ཡི་དགས་མོ་ཁ་འབར་མ་རིད་ཅིང་མདོག་ངན་ལ་ལུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྟོ་དང་ཁ་སྐོམ་པ། རལ་བའི་ཕུང་པོ་གཡེངས་པ། སྤུ་དང་སེན་མོ་རིང་བ་མཐོང་སྟེ། ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས། སྐྲག་ཅིང་དངངས་ཏེ། སྤུ་ཟིང་ཞེས་ བྱེད་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང་། ཤིན་ཏུ་མྱུར་བའི་ཤུགས་ཀྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག་འགུམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་གིས་ཡི་དགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ་ཞེས་མཆི་ན། བདག་གིས་ ཐབས་ཅི་མཆིས་ཞེས་སྨྲས་ན། དེའི་མཆིད་ནས་གལ་ཏེ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟ་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་གང་གིས་ཁྱོད་ཡི་དགས་རྣམས་དང་། བྲམ་ཟེའི་ དྲང་སྲོང་རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱིས་མ་འཇིགས་ཤིག །ཀུན་དགའ་བོ་ཐམས་ཅད་དུ་འོད་དང་ལྡན་པ་རྒྱལ་ཆེན་ཤུགས་ལྡན་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པ་ཙམ་གྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག