Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ
Văn bản gốc(Tây Tạng)
Trang 20 / 20 (50.000 ký tự/trang)
འཇུག་པ་དང་། །ཟབ་དང་རྒྱ་ཆེ་དབྱེར་མེད་པ། །མི་ལྡོག་པ་ཡི་མངོན་གྱུར་པས། །ཁྱད་པར་འཕགས་པ་ཐེག་པ་ཆེ། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །དག་པ་དང་ནི་མ་དག་པའི། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །བསམ་པ་ཟག་མེད་ཚུལ་ ཐོབ་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །བླ་མེད་ཡེ་ཤེས་འབྱུང་བའི་གནས། །གསང་བ་དག་པ་དཀྱིལ་འཁོར་གྱི། །ཡེ་ཤེས་དམ་པ་བཀའ་སྩལ་མཛད། །ཚོགས་ཀྱི་འཁོར་ལོའི་གནས་ཉིད་དང་། །དཔའ་བོ་དང་ནི་དཔའ་མོ་དང་། །སྟོན་མོར་གྱུར་པ་ཉིད་དང་ ཡང་། །སྣ་ཚོགས་སྟོན་མོའི་རིམ་ཤེས་པས། །ཐབས་དང་ཤེས་རབ་གསང་བ་ཡིས། །མཆོག་ཏུ་གྱུར་པ་འདིར་བརྗོད་ཡིན། །འདིར་ནི་ནམ་མཁའ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བའི་ཆ་ལ་ཧཱུྃ་གནས་པ་ཉིད་དེ། འོག་ ཏུ་ཡྃ་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ཟླ་གམ་རྒྱལ་མཚན་སྔོ་ལྗང་གིས་མཚན་པའོ། །དེའི་སྟེང་དུ་རྃ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བ་དུ་མས་མཚན་པ་རྣམ་པར་བསམ་པར་བྱ་སྟེ། དཀྱིལ་འཁོར་བའི་ལྷ་རྣམས་ཐམས་ ཅད་ཐུན་མོང་དུ་བདུད་རྩི་མྱང་བར་བྱ་སྟེ། དེར་ཀྃ་ལས་བྱུང་བའི་ཐོད་པ་སྐྱ་བོ་གསུམ་གྱི་སྟེང་གི་བར་སྣང་གི་ཆར་ཨ་དཀར་པོ་ལས་བྱུང་བའི་པད་མའི་སྣོད་དུ་བལྟ་སྟེ། དེའི་ནང་དུ་བཀོད་པ་གུར་གུམ་དང་། སྨན་དང་། ག་པུར་དང་། པདྨ་དང་། མེ་ཏོག་སྟེ། མུ་བི་ཤུར་ མ་སྟེ། བདུད་རྩི་ལྔའི་ཆ་འོག་ཏུ་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ཁྱིའི་ཤ་དང་། སྣ་ཚོགས་པའི་ཤ་སྟེ། ཧ་དྷ་གོ་ཀུན་སྟེ་སོ་སོར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་སྒྱུར་བ་སྟེ། །ཧཱུྃ་བྷྲཱུྃ་ཏྲཱུྃ་ཧྲཱི་ཁྃ་སྟེང་གི་ཆ་འོ། །ཨྃ་ལཱྃ་མཱྃ་བྷཱྃ་ཧཱྃ་རྣམས་འོག་གི་ཆ་ལ་སྟེ་ཡང་ན་ ཕྱོགས་དང་མཚམས་ཀྱི་ཆའོ། །དེ་དག་ཁ་དོག་སོ་སོར་གསལ་བར་མ་འདྲེས་པར་བལྟ་སྟེ། རྡོ་རྗེ་ལས་བྱུང་བའི་འོད་ཟེར་དཔག་ཏུ་མེད་པ་དང་། དེའི་འོད་ཕྱིར་ལོག་པས་དེ་ཉིད་ཀྱི་ནང་དུ་ཐིམ་ནས་ཡི་གེ་གསུམ་མངོན་པར་བསྔགས་ཏེ། མེའི་དཀྱིལ་འཁོར་དེའི་འོད་འབར་ བ་རྣམས་ཀྱིས་དེ་དག་ཞུ་བར་གྱུར་པ་དང་། དག་ཅིང་སྐྱོན་མེད་པར་བྱ་བ་དང་། དཔེ་མེད་པའི་རོ་མཆོག་རྡོ་རྗེའི་མཐུ་དང་ལྡན་ཞིང་ཡོངས་སུ་སྨིན་པའི་བདག་ཉིད་དུ་མོས་པ་སྟེ། དེའི་སྟེང་དུ་ཡེ་ཤེས་དང་ལྡན་པའི་ཡི་གེ་ཨོྃ་དཀར་པོ་འབར་བ་དགོད་པར་བྱའོ། །དེའི་ འོད་ཀྱིས་དེ་བཞིན་གཤེགས་པའི་ཚོགས་རྣམས་དེའི་ནང་དུ་ཡོངས་སུ་ཐིམ་ནས། ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་ལས་འོད་སྤྲོ་བ་དང་བཅས་པས་མངོན་པར་བསྔགས་པ་འདི་ཉིད་འབྱུང་བ་དང་འཇུག་པ་དང་། གནས་པའི་ངོ་བོ་ཉིད་དུ་བཟླས་པར་བྱ་བ་དང་། རང་ཉིད་ཀྱི་ རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པས་རང་གི་སྙིང་གར་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་དམིགས་ཏེ། སྦྱང་བ་དང་། སྤེལ་བ་དང་། ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་བདུད་རྩི་ལས་བླངས་པའི་ཚུལ་དུ་ཡི་གེ་གསུམ་ཞུ་ཞིང་འདྲེན་པའི་འོད་ཟེར་དཔག་ཏུ་མེད་ པ་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པར་བྱོན་ཏེ་དེ་དག་སྔ་མ་དང་ཚུལ་གཅིག་ཏུ་གྱུར་པར་བལྟའོ། །དེ་ནས་ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་མ་ལྷ་མོ་ཁྲོ་བོའི་ཚོགས་དུ་མའི་སྣང་བར་གྱུར་པ་བར་སྣང་རབ་ཏུ་གང་བའི་ཚོགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་དང་བདག་དང་བཅས་པ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ནས་ཀྱི་འབྲུ་ཙམ་པ་དེའི་ལྟེ་ བ་ཧཱུྃ་དང་བཅས་པ་ལས་འོད་ཟེར་གྱི་སྦུ་གུས་དྲངས་ནས་བདུད་རྩི་གསོལ་བར་བྱའོ། །དེས་བདག་གི་ལུས་ཀྱི་ལྷ་དང་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་མཆོད་ཅིང་མཉེས་ཏེ་ཚིམ་པར་བལྟའོ། །འདིས་ནི་ཡེ་ཤེས་བདུད་རྩིའི་གནས། །བླ་མེད་ཁྱད་པར་འབྱུང་བ་ཉིད།། བདུད་རྩི་ཚིམ་ཁྱེད་མཆོག་གྱུར་བ། །བདེ་བ་ཆེན་པོས་གནས་པར་བྱ། །གང་ཞིག་བདུད་རྩིའི་རྣམ་པ་རུ། །རབ་འབབ་སྤྱི་བོ་ནས་རྟག་ཏུ། །ལྕེ་དབང་གིས་ནི་དེ་བཏུང་བ། །དེ་ལས་རྒ་ཤི་འཇིག་བྱེད་འགྱུར། །པདྨའི་སྡོང་པོ་ལས་ཇི་ལྟར། །ནུས་པ་ཆུ་ནི་འདྲེན་པ་ལྟར། །བཅུད་ རྣམས་ཉེ་བར་འཐུང་བྱས་པས། །སྟོབས་འགྱུར་རྣལ་འབྱོར་འཚོ་བར་བྱེད། །གང་དུ་ནང་གི་བདག་ཉིད་དུས། །དེ་ནི་གསང་བ་བསྟན་པའོ། །ནང་གི་བདག་ཉིད་ཅན་དུས་འགྱུར། །དེ་ནས་ཡེ་ཤེས་ཕྲིན་ལས་འབྱུང་། །ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་ ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ནང་གི་བདག་ཉིད་ཅན་གྱི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ནང་གི་བདག་ཉིད་ཅན་གྱི་དུས་ཞེས་བྱ་བ་འདི་ནི་གསང་བ་ཆེན་པོ་ཤིན་ཏུ་གསང་བ། ཤིན་ཏུ་ཕྲ་བའི་ བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ཉིད་རྣམ་པར་མི་རྟོག་པ། །ཆོས་ཉིད་ཡེ་ཤེས་ཆེས་ཕྲ་བས། །དེ་ཉིད་རྩ་ལས་རྒྱུ་བ་ཅན། །ཁོང་སྟོང་མེད་པའི་ངོ་བོ་ཉིད། །སེམས་ཅན་གྲོལ་བྱེད་ཡེ་ཤེས་ཡིན། །གསང་སྔགས་རྣལ་འབྱོར་དངོས་གྲུབ་སྟེར། ། ཞི་བ་དང་ནི་རྒྱས་པ་དང་། །དབང་དང་དགུག་པ་མངོན་སྤྱོད་ལ། །དྲག་པོ་འཆི་བྱེད་འཇོམས་པ་པོ། །ཡེ་ཤེས་མངོན་པར་གྲུབ་པ་སྟེ། །བཅོམ་ལྡན་དེ་ལ་ཞི་བ་གཅེས། །རང་རིག་དབྱིངས་སུ་དེ་བཞིན་གཤེགས། །མེ་ཏོག་དང་ནི་དྲི་བཞིན་དུ། །རྟེན་དང་བརྟེན་ པར་དབྱེར་མེད་པ། །དངོས་མེད་ངོ་བོ་གཅིག་པའི་བདག །གཡོ་བ་མེད་པར་ཀུན་ཏུ་གནས། །དེ་ཉིད་འགྲོ་སྙིང་རྣམ་དག་པ། །ཡེ་ཤེས་ཕྲ་བའི་ཚུལ་གནས་པ། །དམར་དང་ནག་དང་སེར་པོ་དང་། །དཀར་པོ་དེ་བཞིན་མདོར་བསྡུས་པ། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །ལུས་ ལས་འགྲོ་དང་འོང་བ་དང་། །གནས་པས་གཡོ་བར་བྱེད་པ་ནི། །ཉི་ཤུ་རྩ་བཞི་རིམ་བཞིན་དུ། །ཉིན་དང་མཚན་དུ་མངོན་པར་འབྱུང་། །དེ་ལས་སྲོག་དང་རྩོལ་བ་རུ། །ཐབས་དང་ཤེས་རབ་གཉིས་མེད་པས། །དབུ་མ་རུ་ནི་གནས་པ་ཡིན། །མི་གནས་དེ་ལས་རྟོག་པ་བྱུང་། ། དགེ་དང་མི་དགེའི་ལས་རྣམས་ལས། །འཁོར་བ་མངོན་པར་སྒྲུབ་པ་ཡིན། །རྟོག་པ་དག་ལས་རླུང་དག་སྟེ། །ཡེ་ཤེས་ཀྱིས་ནི་མྱ་ངན་འདས། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དག་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ རབ་ཏུ་དགྱེས་ཤིང་ཚིམ་པར་གྱུར་ཏོ། །འདི་ནི་ཐབས་ཀྱི་ཁྱད་པར་ལས་བྱུང་བ་རྡོ་རྗེ་གསང་བ་ཆེན་པོའི་ཏིང་ངེ་འཛིན་རབ་ཏུ་བསྟན་པ་འདི་ཉིད་དོ། །བདག་ཉིད་སེམས་དཔའ་གསུམ་བརྩེག་ཏུ། །གནས་པ་གསང་བ་འདི་འབྱུང་བའོ། །ཏིང་འཛིན་སེམས་དཔའི་ཆ་ལས་ནི། །འོད་ ཟེར་དཔག་མེད་ཕྱུང་ནས་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དཀྱིལ་འཁོར་འཁོར་ལོ་གསལ་བ་ལས། །འགྲོ་བ་ཀུན་ལའང་ཐབས་ལྡན་པའི། །དྲི་མ་མེད་པའི་རང་བཞིན་གྱི། །ཏིང་ངེ་འཛིན་དངོས་ལས་བྱུང་བ། །བདེ་བ་ཆེན་པོའི་རང་བཞིན་གྱི། །དཀྱིལ་འཁོར་འཁོར་ ལོར་གྱུར་ནས་ཀྱང་། །དེ་ཉིད་དུ་ནི་ཐིམ་བྱེད་པའོ། །ཤིན་ཏུ་ཕྲ་མོར་གྱུར་ནས་ནི། །ཙ་ན་ཀ་ཡི་འབྲུ་ཙམ་གྱི། །ཐིག་ལེ་འབར་བའི་དབུས་ཉིད་དུ། །དཀྱིལ་འཁོར་ལྷར་བཅས་གྱུར་པ་དག །རྟེན་དང་བརྟེན་པར་བཅས་པ་ལས། །བྱུང་བའི་འོད་ཟེར་དཔག་མེད་པས། །ངོ་བོ་ཉིད་ཀྱིས་གནས་ པ་དང་། །དམ་ཚིག་དག་གིས་བསྐུལ་བ་ན། །དེ་དག་ལས་བྱུང་འོད་ཀྱིས་ནི། །ནང་དུ་མ་ལུས་གང་བྱས་ཏེ། །དེས་ནི་ཀུན་དུ་མཐའ་ཡས་པར། །བ་སྤུའི་བུ་ག་ལས་བྱུང་བའི། །སྣང་བ་ཆེན་པོ་དཔག་མེད་པས། །འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཏེ། །སླར་ལོག་དེ་ཉིད་ལ་ཞུགས་ གྱུར། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །བདག་ཉིད་ཉེ་བར་བསྡུ་བའོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་དང་བཅས་པ་ཐིམ་པ་མངོན་དུ་གྱུར་པ་ལས་རང་གི་རིག་མའི་ཆོས་འབྱུང་གི་པདྨའི་གེ་སར་དུ་གྱུར་པའི་ཟེའུ་འབྲུའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའི་བཱུྃ་ལས་ གྱུར་པའི་རྡོ་རྗེ་རྩེ་ལྔ་པ་ནས་ཙམ་པའི་ལྟེ་བ་ལ་ཉི་མའི་གདན་དང་བཅས་པ་ལ་གནས་པའི་ཧཱུྃ་ལས་འཕྲོ་བའི་རིན་པོ་ཆེ་ཤིན་ཏུ་ཕྲ་བར་གྱུར་པ་ཉུངས་འབྲུའི་ཚད་ཙམ་དུ་ཡེ་ཤེས་ལྔའི་རང་བཞིན་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་འཕྲོ་བ་དང་བཅས་པ་སྟེ། དེ་ལྟ་བུའི་ཡུངས་འབྲུ་རིན་པོ་ཆེ་ དེ་དག་གི་དབུས་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལྔ་སོ་སོར་བསམ་སྟེ། དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་དཀྱིལ་འཁོར་བྱེ་བྲག་ཏུ་གྱུར་བ་དགོད་པར་བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བ་ལ་དབང་ཐོབ་པར་བྱ་བ་སྟེ་ཅིག་ཅར་རམ། རིམ་གྱིས་ཡང་དང་ ཡང་དུ་བསམ་གཏན་ལ་རྣལ་འབྱོར་དུ་བྱའོ། །དེ་དག་ཀྱང་རྣམ་པ་གསལ་ན་ལྷའི་སྐུ་དང་། སྒྲའི་དེ་ཁོ་ན་ཉིད་ཡིག་འབྲུ་ལ་གནས་པ་དང་། ཐིག་ལེའི་ངོ་བོ་ཕྱག་མཚན་དུ་གསལ་བ་འོད་ཀྱི་གོང་བུ་དང་བཅས་པ་ཡིན་ནོ། །འདི་ཉིད་སོ་སོར་རང་རིག་པའི་རང་བཞིན་བདེ་བ་ཆེན་ པོ་འདུས་པའི་ཆ་ལས་ཡོངས་སུ་སྤྲུལ་པ་ཉིད་ལ་སྤྲོ་བ་དང་བསྡུ་བས་གནས་པར་བྱའོ། །དེ་ལས་བརྟན་པ་ཉིད་དུ་གྱུར་བ་ན་སྨིག་རྒྱུ་དང་དུ་བ་ལྟ་བུ་ལ་སོགས་པའི་རྟགས་རྣམས་ངེས་པ་ཉིད་དུ་འབྱུང་བར་བྱེད་དོ། །དེ་ཉིད་ལ་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་སྒོ་ནས་ བསམ་གཏན་བྱའོ། །སོ་སོ་རང་གིས་རིག་གྱུར་བ། །ཡེ་ཤེས་ལྔ་ཡི་གཟུགས་གྱུར་པས། །བརྟན་དང་གཡོ་བའི་དངོས་ཀུན་གྱི། །མ་ལུས་ཁྱབ་པའི་བྱིན་བརླབ་ཅིང་། །ཡུལ་དང་དབང་པོ་རྣམ་སྦྱངས་པས། །འཇུག་དང་འབྱུང་དང་གནས་པ་དང་། །བདེ་བ་ཆེན་པོར་གྱུར་ པའོ། །གསང་བ་ཡེ་ཤེས་བསྡུས་པ་ལས། །ཡོངས་སུ་གསལ་བ་སྐྱོན་མེད་པ། །མྱུར་ཞིང་ཕན་ཚུན་མ་འདྲེས་ཕས། །སྒྲ་བཅས་ཕྲེང་སྔགས་བརྗོད་པར་བྱ། །འདི་ནི་གསང་བ་རྒྱལ་པོ་ཡི། །ལྷ་རྣམས་མཉེས་བྱེད་དངོས་གྲུབ་སྟེར་བའོ། །གསང་སྔགས་སྙིང་ པོ་སྐུ་གསུམ་གྱི། །སྙིང་པོ་ཡི་གེའི་ཚུལ་གནས་པ། །ཨཱ་ལི་ཀཱ་ལི་ཕྲེང་བ་ལས། །སྔགས་རྣམས་དབྱངས་དང་གསལ་བྱེད་ལས། །འབྱུང་ཞིང་འཇུག་པར་བྱེད་པ་ཡིན། །གནས་པ་ཡེ་ཤེས་ལམ་གྱུར་པ། །བདེ་གཤེགས་ཐུགས་ལས་མཉམ་གནས་པ། །ཚུལ་ གཅིག་པར་ནི་ལམ་གྱུར་པ། །འདི་ནི་གསང་བའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་ལ་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདི་ལྟ་སྟེ། །གསང་སྔགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་སྤྲོ་བ་དང་། སྡུད་པ་དང་། རབ་ཏུ་བྱུང་བ་རྡོ་རྗེའི་གནས་བྱིང་བ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཡང་ལུས་ལ་མི་གནས། ངག་ལ་མི་གནས་སེམས་ལ་མི་གནས་སོ། །ཆོས་གང་ཁམས་གསུམ་ན་མི་གནས་པ་དེ་ལ་སྐྱེ་བ་མེད་དེ་ འདི་ནི་ཡེ་ཤེས་འབྱུང་བ་རྡོ་རྗེའི་གནས་ཡིན་ནོ། །ཆོས་ཀུན་སྒྱུ་མ་རྨི་ལམ་ལྟར། །གསང་བའི་ཡེ་ཤེས་ཀུན་འབྱུང་བ། །མི་རྟོག་རྣམ་པར་མི་དམིགས་པས། །ཟག་པ་མེད་པའི་ཚུལ་འབྱུང་འགྱུར། །དེ་ལས་ཀུན་ཏུ་དགེ་བ་ཡི། །རང་བཞིན་དག་པའི་འོད་གསལ་དབྱིངས། ། སྤྲོས་མེད་མཁའ་ལ་ཀུན་ཁྱབ་པར། །རང་བྱུང་དྲི་མེད་ཚུལ་འདི་བསྟན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ ཅད་ཀྱི་དཀྱིལ་འཁོར་རབ་ཏུ་གསང་བ་བདུད་རྩི་དག་པར་སྟོན་པ་རྒྱལ་པོའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའོ།། །།དེ་ནས་དེ་བཞིན་གཤེགས་པའི་ཚོགས་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་གསང་བ་འཛིན་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལ་ཕྱག་ འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་བླ་ན་མེད་པའི་དངོས་གྲུབ་ཇི་ལྟར་ཡང་དག་པར་འདུག །གང་ན་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས་ བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་མཁྱེན་པ་དང་། ཁམས་གསུམ་ཇི་སྙེད་པ་དག་རང་གི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད་རྡོ་རྗེ་ལ་གནས་སོ་ཞེས་གསུངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ སླར་གསོལ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་དང་། ཁམས་གསུམ་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་དང་། རང་གི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་སྙིང་པོ་གང་དུ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡེ་ཤེས་རྡོ་རྗེའི་སྙིང་པོས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་དང་། ཁམས་གསུམ་པ་ཐམས་ཅད་རང་གི་སྐུ་དང་ གསུང་དང་ཐུགས་རྡོ་རྗེ་གསང་བ་སེམས་ཀྱི་རྒྱུད་སྙིང་པོ་ཡེ་ཤེས་ནི་ནམ་མཁའ་ལ་གནས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། ནམ་མཁའ་གང་ན་གནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེས་ གསུངས་པ། གང་ནའང་གནས་པ་མ་ཡིན་ནོ། །དེ་ནས་གཞན་ཡང་དངོས་གྲུབ་ཐོབ་པའི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པ། དེ་ལ་གསང་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་དངོས་གྲུབ་ཐ་མལ་པ་ གང་ཅི་ཡང་རུང་བ་ལ་འཚོལ་ཞིང་བསྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པ་ལ་སོགས་པ་དག་གི་དངོས་གྲུབ་དང་། མངག་གཞུག་པ་དོན་དུ་གཉེར་བའི་དངོས་གྲུབ་དང་། བུམ་པ་བཟང་པོའི་དངོས་གྲུབ་དང་། ས་འོག་གི་དངོས་གྲུབ་ དང་། རྒྱལ་སྲིད་ཀྱི་དངོས་གྲུབ་དང་། རྒྱས་པའི་དངོས་གྲུབ་དང་། དབང་དུ་བྱ་བའི་དངོས་གྲུབ་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སོགས་པ་རྣམ་མང་དོན་དུ་གཉེར་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གསང་བ་ཆེན་པོ་བླ་ན་མེད་པའི་ དོན་དུ་འཇིག་རྟེན་པའི་ལས་ཀྱི་དངོས་གྲུབ་ཕྲ་མོ་ལ་འདོད་པ་བསྐྱེད་པར་མི་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་ཏུ་གནས་པར་འགྱུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ པོས་ལུས་ཀྱི་དངོས་གྲུབ་ཀྱི་དམེ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ལུས་ཀྱི་སྤྱོད་པ་མ་ལུས་པ། །དེ་ཉིད་ཐམས་ཅད་ཡང་དག་པར། །སྐུ་ཡི་རྡོ་རྗེ་ལས་དབྱུང་བྱ། །དེ་ཉིད་མ་ལུས་དཀྱིལ་འཁོར་དུ། །སེམས་ཅན་ཁམས་རྣམས་ཐམས་ཅད་ལ། ། དྲི་མེད་ཕྲེང་བས་སྦྱར་བའི་དངོས། །རྟག་པར་དུས་གསུམ་ཀུན་ཏུ་ཡང་། །སངས་རྒྱས་སྐུར་ནི་བྱེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས། གང་གི་དངོས་གྲུབ་ཀྱི་དམ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། ། བརྗོད་པ་ཚིག་གི་ལམ་རྣམས་ལ། །གྲག་པ་སྒྲ་རྣམས་མ་ལུས་པར། །ཁམས་གསུམ་རྡོ་རྗེའི་གནས་ལ་ནི། །དྲི་མེད་ཡེ་ཤེས་དཀྱིལ་འཁོར་དུ། །སོ་སོ་ཡང་དག་རིག་པ་ཡི། །ཚིག་གི་དངོས་གྲུབ་བླ་ན་མེད། །ཡིད་ཀྱི་སྔགས་ནི་སྡོམ་པ་པོ། །དམ་ཚིག་ཤིན་ཏུ་འདའ་ དཀའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པས་སེམས་རྡོ་རྗེའི་དམ་ཚིག་དངོས་གྲུབ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ལས་ཕྱུང་ངོ་། །ཡིད་ཀྱི་རྟོག་པ་མ་ལུས་པ། །རྡོ་རྗེའི་རང་བཞིན་ཐམས་ཅད་ཀུན། །བསྟན་པའི་སྙིང་པོ་ གསང་བ་ཆེ། །རྡོ་རྗེ་ཡེ་ཤེས་དག་པ་ནི། །མི་ཕྱེད་གསུམ་ལྡན་འོད་གསལ་བ། །རྡོ་རྗེ་བྱང་ཆུབ་མངོན་བྱུང་བ། །ཐམས་ཅད་སྟོང་ཉིད་སྟོན་པ་ལས། །དམ་ཚིག་བཤད་པ་འདི་ཡིན་ནོ། །ཀུན་དུ་རྡོ་རྗེ་སེམས་དཔའ་ཡི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ ལ། །སྔགས་སློབ་པས་ནི་བསམ་གཏན་བྱ། །བསམ་གཏན་རྡོ་རྗེ་གསུམ་སྦྱོར་བའོ། །བཅོམ་ལྡན་འདས་ཀུན་དུ་མཛེས་དགའ་ཀུན་དུ་རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་འདུས་པ་དེ་དག་ཐམས་ཅད་དང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་རྨད་དུ་གྱུར་ནས། །ཨེ་མའོ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མའོ་གསང་བ་ཆེ་བཤད་པ། །གང་དུ་ལུས་དང་ངག་སེམས་མེད། །དེ་རུ་གཟུགས་ནི་རྣམ་པར་བསྒོམ། །རྡོ་རྗེ་ཆེན་པོའི་དབྱིངས་འབྱུང་བ། །དེ་ཉིད་ ཡང་དག་སྟོན་པར་མཛད། །ཅེས་གསོལ་ཏོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་ཀུན་གྱི་ཕྱག་བྱས་ནས། །རྡོ་རྗེ་གསུམ་གྱི་མཆོག་ཆེན་པོ། །རྡོ་རྗེ་གསུམ་གྱི་མཆོག་དབང་བསྒྱུར། །རིག་པའི་སྐྱེས་བུ་བསྒོམ་པ་ཡི། །དངོས་གྲུབ་ཀུན་ནས་བཤད་པ་མཛད། ། རིགས་ཀྱི་དཀྱིལ་འཁོར་མ་ལུས་པ། །གསང་བ་ཟབ་དང་རྒྱ་ཆེའི་དབྱིངས། །ཐབས་དང་ཤེས་རབ་འཁོར་ལོའི་གཙོ། །དངོས་གྲུབ་འདིས་ནི་བསྡུས་པ་ཡིན། །ཞེས་བཀའ་སྩལ་ཏོ། །དེ་ནས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་ཀྱི་ཆེད་དུ་བརྗོད་ པ་ཡང་དག་པར་བསྟན་པ། གང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མ་ལུས་པ་སྙིང་པོ་གཅིག་ཏུ་ཡང་དག་པར་གསུངས་པ་སྟེ། །འདི་ནི་བསོད་ནམས་ཐམས་ཅད་ཀྱི་འབྱུང་གནས། །ཕུན་སུམ་ཚོགས་པའི་ཁྱད་པར་ཡིད་བཞིན་གྱི་ནོར་ བུ་ཆོས་བླ་ན་མེད་པ་གསང་ཆེན་རྡོ་རྗེའི་ཐེག་པ། །ཕྱིར་རྒོལ་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མི་འཕྲོག་པ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་བར་རྫོགས་པར་བྱེད་པ། ལམ་ཐམས་ཅད་ཀྱི་རྒྱལ་པོ་ལས། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཐུབ་པ་ མེད་ཅིང་ཟིལ་གྱིས་མི་ནོན་པ་བདུད་ཀྱི་རིགས་མ་ལུས་པའི་གནས་ཀྱི་དཀྱིལ་འཁོར་རབ་ཏུ་འཇོམས་པར་བྱེད་པ། ཀུན་དུ་རྒྱུ་བའི་ལོག་སྲེད་ཅན་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བའི་ཡུལ་ཐ་སྙད་ཐམས་ཅད་ལས་རྣམ་པར་འདས་པ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་མཚུངས་པ་མེད་ཅིང་ཀུན་ལས་གོལ་བའི་དོན་ཏེ། གསང་བ་ཆེན་པོའི་ཚུལ་འདི་བསྟན་པའི་ཚེ། །སྤྱོད་པ་བླ་ན་མེད་པ་འདི་ཐོས་པའོ། །ལྷ་དང་མི་དང་ལྷ་མིན་དབང་པོ་དང་། །ཚངས་བརྩེགས་རྣམ་གྲོལ་འབྲས་ བུ་རབ་ཏུ་ཐོབ། །གཙང་མ་ལྷ་རྣམས་བྱ་བ་རབ་ཏུ་དགའ། །དབང་པོ་ཚངས་པ་བར་སྣང་མཁའ་ལ་གནས། །བདེ་བར་གཤེགས་ལ་ཤིན་ཏུ་མཆོད་པར་བྱས། །བྱང་ཆུབ་སེམས་དཔའ་བྱེ་བ་མཐའ་ཡས་པ། །བར་སྣང་གནས་ཏེ་རབ་ཏུ་དགའ་གྱུར་ཅིང་། །ཆུ་ཡི་སྤྲིན་ མེད་ཡིད་དུ་འོང་བ་དག །འགྲོ་བའི་དུག་སེལ་དྲི་ཞིམ་བདུག་པར་བྱེད། །ལྷ་ཡི་དབང་པོ་རབ་བསྒྱུར་རབ་དང་ཞི། །མཁའ་ལས་ལྷ་འཁོར་ཁྲག་ཁྲིག་དཔག་མེད་དང་། །རིམ་གྲོར་བཅས་པས་གོས་རྣམས་འཐོར་བར་བྱེད། །ཡིད་འོང་གོས་བརྒྱ་དག་གིས་གཏོར་བར་ གྱུར། །འདོད་པར་སྤྱོད་པའི་ལྷ་ཡི་བུ་མོ་དག །རི་རབ་སུམ་ཅུ་རྩ་དྲུག་རྡུལ་ཕྲན་གྱི། །གྲངས་མཉམ་དག་གིས་དགྱེས་པའི་རོལ་མོས་མཆོད། །གཟུགས་ལ་སྤྱོད་པའི་ལྷ་ཡི་བུ་མང་པོ། །རི་རབ་སུམ་ཅུ་རྩ་དྲུག་རྡུལ་མཉམ་པས། །ཀུན་ནས་དེ་བཞིན་གཤེགས་པ་ལ་ མཆོད་དེ། །རོལ་མོ་བརྡུང་བ་བྱེ་བ་ཁྲག་ཁྲིག་དག །རིག་པ་འཛིན་པའི་འཁོར་ལོ་དཔག་ཏུ་མེད། །དེ་སྙེད་གསང་བ་འཛིན་པའི་རྗེས་འབྲང་ཞིང་། །བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པ་སྟོན། །ཨེ་མ་སྒྲ་དབྱངས་ཡན་ལག་ཀུན་འབྱུང་བ། །ཀུན་དུ་བཟང་པོའི་རྣམ་ འཕྲུལ་དུ་མར་ཤར། །ཞིང་མཆོག་གཅིག་ན་བདེ་གཤེགས་བཞུགས་མཛད་པ། །ཞིང་རྣམས་དུ་མར་སྐུ་གཟུགས་རབ་ཏུ་བསྟན། །དེ་ཉིད་སངས་རྒྱས་སྟོང་ཕྲག་གཅིག་ཉིད་ལས། །སངས་རྒྱས་བྱེ་ཕྲག་སྟོང་ནི་གོང་དུ་བསྟན། །གསུང་གཅིག་གིས་ནི་རབ་ཏུ་གང་ བསྟན་པ། །བསམ་ཡས་གང་གཱའི་ཀླུང་གི་བྱེ་སྙེད་དུ། །ཚུལ་རྣམས་མི་ཟད་ཆོས་སྒྲ་སྒྲོགས་པར་མཛད། །དེ་སྙེད་གསང་བ་མཆོག་འདི་རྒྱས་པར་བཀང་། །གང་དུ་ཡེ་ཤེས་རྡོ་རྗེ་མི་འབྱུང་བའི། །ཏིང་འཛིན་གཅིག་པ་ངེས་པར་བཞུགས་ནས་ནི། །ཆོས་ཀྱི་ དབྱིངས་ལས་འབྱུང་བ་དུ་མ་ཡི། །ཏིང་འཛིན་སྒོ་ནི་ནམ་མཁའ་ཁྱབ་པར་འབྱུང་། །སངས་རྒྱས་སྐུས་ནི་ཞིང་ཁམས་ཁྲག་ཁྲིག་དག །ཡིད་འོང་སྣ་ཚོགས་ཁྱབ་པའི་ཡེ་ཤེས་སྐུ། །ཆོས་དབྱིངས་རྒྱ་ཆེན་ཡོངས་སུ་རྒྱས་བར་བཀང་། །བ་སྤུ་གཅིག་ལས་བདེ་ལྡན་འོད་ བཀྱེ་བ། །འགྲོ་བའི་ཉོན་མོངས་ཡིད་འོང་ཞི་བར་སྤྲོ། །ཞིང་གི་རྡུལ་ཕྲན་ཟད་པར་ནུས་འགྱུར་གྱི། །འདི་དག་བགྲང་བར་ཤེས་པར་མི་ནུས་སོ། །འཁོར་ལོས་སྒྱུར་བའི་དམ་པར་ལ་ལས་མཐོང་། །ལ་ལས་སངས་རྒྱས་མཚན་རབ་མངའ་བར་མཐོང་། །ལ་ལས་རིགས་དྲུག་ ཐུབ་པ་སྤྲུལ་པར་མཐོང་། །ཞིང་རྣམས་ལ་ལར་སྤྱོད་པ་མཆོག་མཛད་ཅིང་། །དག་ཅིང་རྐང་གཉིས་ཞི་བ་དམ་པ་མཐོང་། །དགའ་ལྡན་གནས་ན་མགོན་པོ་བཞུགས་པ་དང་། །རྒྱལ་ཚབ་བསྐོ་མཛད་ཉེ་བར་འཕོ་བ་བསྟན། །གཤེགས་དང་གཟིགས་པ་དེ་དག་རབ་ཏུ་བསྟན། ། ཞིང་རྣམས་བྱེ་བར་ཡུམ་གྱི་ལྷུམས་འཇུག་དང་། །ཞིང་རྣམས་ཀུན་དུ་སྐྱེ་བ་སྟོན་པ་ཉིད། །གཞོན་ནུ་རོལ་ཅིང་སྒྱུ་རྩལ་གནས་པས་མཁས། །ཕོ་བྲང་བཙུན་མོའི་ནང་ན་བཞུགས་པར་སྟོན། །འགྲོ་བའི་དོན་དུ་མགོན་པོ་ངེས་འབྱུང་ཞིང་། །དཀའ་ཐུབ་སྤྱད་ཅིང་དེ་ལས་ ལྡང་བར་སྟོན། །མི་གཡོ་གོ་འཕང་དུ་ནི་གནས་བྱས་ཤིང་། །བསམ་གཏན་བསྐུལ་བ་མཛད་དང་རྒྱལ་བ་ཐོབ། །རྒྱལ་བའི་དུས་ལས་བསླང་བ་འདི་དག་གིས། །གསང་བ་མངོན་པར་བྱང་ཆུབ་དེ་ཉིད་བསྟན། །བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་དུ་གཤེགས། །དེ་ཉིད་ བཅོམ་ལྡན་མངོན་པར་སངས་རྒྱས་ལ། །ས་ཡི་ལྷ་མོ་དགྱེས་པས་ཁྱབ་བྱས་ཤིང་། །བདུད་སྡེ་བཅོམ་པས་མི་འགྱུར་མཆོག་གི་གནས། །གསང་བ་འོག་མིན་འདི་ནི་ཡེ་ཤེས་ཡུལ། །གཉིས་མེད་རྡོ་རྗེའི་གནས་སུ་རྫོགས་སངས་རྒྱས། །ཆོས་ཀྱི་འཁོར་ལོ་དེས་ ལེགས་ལམ་བསྟན་པ། །མཚན་ཉིད་མེད་པའི་ཚུལ་དུ་གསང་བ་བསྟན། །རྒྱུད་སྡེ་ཡན་ལག་ཕྱི་ནང་གསང་བ་ཡི། །རྣམ་པ་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་དེ་བཞིན་གཤེགས་པས་ཚུལ་འདི་གསུངས། །སྟོང་པ་ཞི་བ་བདག་མེད་ མཚན་ཉིད་བྲལ། །ཆོས་ཉིད་རང་བྱུང་མཁའ་དང་མཚུངས་པ་ལས། །རྒྱལ་བས་དོན་དམ་རབ་ཏུ་མི་གནས་པ། །ཆོས་ཉིད་སྟོང་ཉིད་དེ་བཞིན་ཉིད་དུ་ནི། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལ། །རྒྱུ་རྐྱེན་འབྲས་བུས་གྲུབ་པ་ཡང་དག་ལམ། ། ཀུན་རྫོབ་སྤྱོད་ཡུལ་ཡིན་པར་རབ་ཏུ་བསྟན། །ཞིང་མང་མཐའ་ཡས་ཀུན་དུ་དེ་ཉིད་སྟོན། །སྒྱུ་མའི་མཁན་པོ་མཁས་པས་གང་དུ་ནི། །འགྲོ་བའི་གཟུགས་བརྙན་དུ་མ་སྟོན་པ་བཞིན། །དེ་བཞིན་སྟོན་པ་ཡེ་ཤེས་མཆོག་མཁྱེན་པ། །ཀུན་དུ་འགྲོ་བའི་དོན་དུ་རབ་ཏུ་ སྟོན། །ཐམས་ཅད་མ་ལུས་ཆོས་ཉིད་དེ་འདྲ་སྟེ། །མཚན་དང་མཚན་གཞི་མཉམ་པ་ཉིད་ཀྱིས་འདྲ། །མཚན་ཉིད་མེད་པ་ཆོས་རྣམས་ཀུན་གྱི་མཆོག །བདེ་བར་གཤེགས་པའི་ལམ་འདི་ཐོབ་འདོད་པས། །རྟོག་དང་རྣམ་རྟོག་མ་ལུས་སྤང་མེད་པས། །གསང་ཆེན་ ཚུལ་འདི་གང་གིས་སྤྱོད་པ་ནི། །དངོས་དང་དངོས་མེད་མཉམ་ཉིད་ཤེས་པར་གྱིས། །གང་དུ་རྣལ་འབྱོར་གྱི་དབང་ཕྱུག་དུ་མའི་སྤྱོད་ཡུལ་གསང་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་མཚུངས་པ་མེད་པར་སྤྱོད་པ་འདི་ལ་འདི་ལྟ་སྟེ། གསང་བ་ཆེན་པོ་བླ་ན་མེད་པའི་ ཚུལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ཚད་མེད་པ་རབ་ཏུ་སྤྱོད་པ། །གསང་བ་ཆེན་པོ་ཆོས་ཀྱི་ཚུལ། ཆོས་ཀྱི་དབྱིངས་ལྟ་བ་པོ་མེད་པ། ཆོས་ ཐམས་ཅད་ཤེས་པ་པོ་མེད་པར་ཡང་དག་པར་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་ཡང་དག་པར་ལྟ་སྟེ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་ཐོབ་པས་ཆོས་ཐམས་ཅད་ལ་ལུས་མེད་པར་རབ་ཏུ་མཐོང་བ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རྒྱ་མཚོ་ལ་མི་གནས་པའི་ཚུལ་བསྟན་པ་ཉིད་ དོ། །སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་རབ་ཏུ་ཞི་བ་ཉིད་ནམ་མཁའ་ལྟ་བུར་གནས་པ། འདུས་བྱས་ཀྱི་ཁམས་འདུས་མ་བྱས་སུ་མངོན་པར་སྤགས་པར་མི་བྱེད་ལ། འདུས་མ་བྱས་ཀྱི་ཁམས་འདུས་བྱས་སུ་སྒྲོ་བཏགས་པ་ཐམས་ཅད་ཀྱིས་རྣམ་པར་མི་རྟོག་ པར་གནས་པ་སྟེ། འདི་ཉིད་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པ། །བསོད་ནམས་ཡོངས་སུ་རྒྱས་པ་དག་པའི་ཞིང་། །སྣང་བའི་དཀྱིལ་འཁོར་དམ་པའི་འོད་ཟེར་ནི། །སྐྱེ་དགུ་ཀུན་གྱི་བློ་ཡི་འཆར་བྱེད་པ། །གང་དུ་སྐུ་གསུང་ཐུགས་ཀྱི་སྣང་བ་ནི། །རྣམ་པར་ གསལ་བ་སྒྲིབ་པ་མེད་པ་ཉིད། །ཆོས་རྣམས་ཀུན་ལ་ཡང་དག་རབ་འཇུག་ཅིང་། །ཆོས་ཀྱི་དབྱིངས་ལས་ཡེ་ཤེས་འབྲལ་མེད་པ། །ལུས་ངག་ཡིད་གནས་ཀུན་གྱི་རྗེས་འགྲོ་བའི། །སྐད་ཅིག་ཉིད་ལ་བསམ་གྱིས་མི་ཁྱབ་པའི། །སྐད་ཅིག་ཐོག་མཐའ་ མེད་པར་རབ་སྟོན་པ། །འདི་ནི་ཡེ་ཤེས་མི་ཟད་འབྱུང་གནས་ཀྱི། །ཚུལ་ལ་གནས་པ་གསག་བའི་སྤྱོད་ཚུལ་ལོ། །བརྟན་པས་ཀུན་དུ་རྟོག་པ་རབ་ཞི་བ། །འདི་ནི་མི་གནས་གསང་བའི་སྤྱོད་ཡུལ་འཐོབ། །སེམས་ཅན་རྒྱུད་ནའང་མི་སྤྱོད་མ་ཡིན་ཏེ། །འདི་ འདྲའི་ཡེ་ཤེས་དམ་པ་ཁོང་དུ་ཆུད། །དེ་ལ་ཀུན་དུ་རྟོག་དང་མི་རྟོག་མེད། །བློ་མཆོག་དེ་དང་འགྲོ་ཀུན་ཁ་ལོ་སྒྱུར། །རྣམ་པར་སྨིན་པས་གོས་མེད་ནམ་མཁའ་བཞིན། །འཇིག་རྟེན་ཐམས་ཅད་རྒྱུ་དང་བཅས་པས་ན། །ཆོས་རྣམས་ཀུན་དུ་རྒྱུ་མེད་བསྟན་པ་མིན། །འདི་ ཉིད་རབ་དང་འབྲིང་དང་ཐ་མ་ཡི། །ཕྱོགས་བཅུར་ཡེ་ཤེས་བཞུགས་པའི་བྱང་ཆུབ་ཚུལ། །གསང་བ་དམ་པའི་སྤྱོད་ཡུལ་འདི་བསྟན་པའོ། །ཆོས་ཐམས་ཅད་ཀྱི་གནས་ཡེ་ཤེས་ཀྱི་ཡུལ་སངས་རྒྱས་ཐམས་ཅད་ཀྱི་རབ་འབྱམ་ཚད་མེད་པའི་རྡོ་རྗེ་བཙུན་མོའི་བྷ་ག་ལས་ མངོན་པར་འབྱུང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོའི་དཀྱིལ་འཁོར་ལས། ཡང་དག་པའི་ཐུགས་རྗེ་ཆེན་པོའི་ངང་ལས་ཡེ་ཤེས་ཀྱི་སྤྲིན་རྡོ་རྗེས་ཀུན་དུ་ཁྱབ་པར་སྤྲོ་བ་དང་སྡུད་པའི་ཚུལ་གྱིས་གང་དུ་མི་གནས་ཤིང་ རང་འབྱུང་ཆེན་པོའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཆོས་ཀྱི་དབྱིངས་ནམ་མཁའ་དང་མཉམ་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་ངོ་བོ་ཉིད་དམིགས་སུ་མེད་པ་ཉིད་དུ་སྟོན་ཏོ། །དེ་ནས་དཔལ་རྡོ་རྗེ་འཛིན་པ་སངས་རྒྱས་ཐམས་ཅད་ཀྱི་འགྱུར་བ་མེད་པའི་ངོ་བོ་ ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་གསང་བ་མི་ཟད་པའི་ཚུལ་འདི་གསུངས་སོ། །གསང་བ་སྤྲོས་མེད་འགྱུར་བ་མེད་པའི་ངང་། །ཀུན་དུ་མ་སྐྱེས་སྐྱེ་མེད་དགའ་བའི་དབྱིངས། །བདེ་ཆེན་རོ་ མཉམ་རྒྱལ་བ་ཀུན་གྱི་གནས། །ཆོས་ཀུན་རང་བཞིན་ཡོངས་སུ་མཉམ་པ་ཉིད། །མངོན་པར་ཆགས་མེད་མི་གནས་ཡེ་ཤེས་ལས། །རློམ་སེམས་མེད་པའི་ཆོས་ཉིད་སྐྱེ་བ་མེད། །ཡེ་ཤེས་ཆོས་ཀྱི་སྒོ་ཡི་ཏིང་ངེ་འཛིན། །ནམ་མཁའི་ཆོས་ཉིད་འབྱམ་ཀླས་ཐོགས་ མེད་པ། །བྱང་ཆུབ་སེམས་ལྡན་བདེ་གཤེགས་སྤྱོད་ཡུལ་ཅན། །རྡོ་རྗེ་ལྟ་བུའི་གནས་ལས་བསྟན་པ་དང་། །ཕྱིར་མི་ལྡོག་པ་ཡེ་ཤེས་འབྱུང་གནས་ཉིད། །ཐམས་ཅད་མཁྱེན་པ་ཚད་མེད་འབྲས་བུའི་ཡུལ། །གྲངས་མེད་གཞལ་དུ་མེད་པའི་དོན་འབྱུང་བའོ། ། འདི་དག་ཀྱང་ཇི་ལྟར་རྟོགས་པར་བྱ་བ་ཡིན་ཞེ་ན། རྣམ་པར་འཕྲུལ་པའི་ས་ཁོང་དུ་ཆུད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་རྗེས་སུ་ཆགས་པ་མེད་པར་སྤྱོད་པ། ཉོན་མོངས་པ་མེད་པའི་ཆོས་ཀྱི་ཚུལ་ལ་ཆོས་སུ་རྟོགས་པས་གནས་པ་མེད་ པ་སེམས་བསྐྱེད་པ་ཤིན་ཏུ་ཡངས་པས་རྣམ་པར་ཐར་པའི་སྒོ་དུ་མར་རབ་ཏུ་ཐོབ་པ། ཡེ་ཤེས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུད་ལ་མཁས་པ། དོན་གཅིག་ནས་གཅིག་ཏུ་བསྟན་པ་རབ་ཏུ་འཇུག་པ་བླ་ན་མེད་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པར་རིག་ པར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བ་ཆེན་པོའི་རྒྱུད་འདིར་གསང་བའི་ཡི་གེ་དེ་དང་ལྡན་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གི་སྤྱོད་པའི་རྡོ་རྗེ་འདི་ལ་དད་ཅིང་བསྒོམ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་པས་ དེ་དག་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་ཡི་གེ་གསུམ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་དེ་དག་གི་གསང་ཆེན་གྱི་སྤྱོད་པ་རྡོ་རྗེ་ གང་ཡིན་པ་འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་པ། གསང་བའི་ཡི་གེ་གང་ཞིག་ལགས། དཔལ་རྡོ་རྗེ་འཛིན་པས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་གསང་ བ་ཆེན་པོའི་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཆེན་པོའི་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཆེན་པོའི་རྡོ་རྗེ་སྟེ། དེ་དག་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ ཅད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ཞིང་འདུད་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་ཡེ་ཤེས་སྟོན་མཛད་པས། །དེ་བཞིན་གཤེགས་ པ་ཀུན་གྱི་གནས། །གསང་བ་དམ་པ་བཀའ་སྩལ་ཏོ། །སངས་རྒྱས་ཀུན་གྱིས་མི་གསུངས་ཤིང་། །དོན་ཆེན་འབྲས་བུ་ལམ་གྱུར་པ། །དེ་བཞིན་གཤེགས་པ་གསང་བའི་རྒྱུད། །རྡོ་རྗེ་འཆང་གིས་སྦས་པ་ཉིད། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །འཇིག་ རྟེན་དུ་ནི་རྙེད་དཀའ་བ། །ཀུན་གྱི་རྩ་བར་གྱུར་པའི་མདོ། །གསང་བ་འདུས་པ་ཆེན་པོ་ཡིན། །དབྱིངས་གྱུར་ཁམས་གསུམ་གསང་བ་ཆེ། །དེ་ཉིད་བདེ་བར་འགྱུར་བསམས་པ། །རྡོ་རྗེ་གསུམ་གྱི་གནས་མཚན་པས། །ཏིང་འཛིན་རྡོ་རྗེ་ཁྱུ་མཆོག་ དགྱེས། །ཐབས་དང་ཤེས་རབ་དབྱེར་མེད་པ། །འདི་ནི་གང་ཞིག་གནས་བྱེད་པ། །བྱང་ཆུབ་སེམས་དཔའི་གྲགས་ཆེན་རྣམས། །ཞག་བདུན་གྱིས་ནི་ཕུན་ཚོགས་པའི། །སྐུ་གསུམ་དངོས་གྲུབ་འདིར་ཐོབ་འགྱུར། །བཅོམ་ལྡན་སྐུ་གསུང་ཐུགས་ གསང་བ། །རྡོ་རྗེ་བསྡུས་པའི་དཀྱིལ་འཁོར་ལ། །དྲི་མེད་ཡེ་ཤེས་འབྱུང་བ་ཡི། །ཁྱད་པར་མཆོག་འདི་ཕྱུང་བའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་པ། །ཆོ་ག་བཞིན་དུ་ཀུན་བསྒོམས་ན། །སྐད་ཅིག་ གིས་ནི་སངས་རྒྱས་འཐོབ། །གསང་བའི་དོན་འདི་འབྱུང་དཀའ་བའི། །བླ་མེད་བདེ་ཆེན་མི་འགྱུར་བ། །འདི་ནི་སྙིང་པོ་བསྡུས་པ་སྟེ། །གཞན་དུ་འབྱུང་བར་འགྱུར་བ་མིན། །འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཆེན་པོ་འདི་ལ་ སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གནས་ན་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་རྩོལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་དཔལ་གསང་བ་འདུས་བ་ལ་དགའ་བའི་བྱང་ ཆུབ་སེམས་དཔས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་དག་ཤིན་ཏུ་དཀོན་གྱུར་པ། །རྣམ་གྲངས་འདི་ན་བསྟན་པའི་ཚེ། །དེ་ཚེ་བྱང་ཆུབ་སེམས་དཔའ་རྣམས། །ཤིན་ཏུ་གདུང་བས་ཆེར་ནོན་ཏེ། །གསང་ཆེན་ བསྐལ་པ་ངན་གྱུར་ཅེས། །དུས་གཅིག་བསྟན་པ་ཉིད་གཅིག་དང་། །སྟོན་པ་གཅིག་ལས་གཞན་པ་ཡི། །སྤྱོད་ཡུལ་མ་གྱུར་དེ་ཡི་ཚེ། །ཇི་ལྟར་ཐབས་འདི་སྟོན་བྱེད་འགྱུར། །མིང་ཙམ་དུ་ཡང་མི་ཐོས་ན། །གཞན་ཅི་སྨོས་ལྟ་ག་ལ་དགོས། །དེ་ཉིད་ཀུན་ དུ་བསྒྲགས་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་སྐད་ཅེས་མ་ཟེར་ཅིག །ཡི་གེ་འདི་ཀུན་དང་ཐུན་མོང་སྟེ། །རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་དང་། མ་ཐོབ་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་གསང་བའི་ཡི་གེ་འདི་དག་མ་ཐོབ་ཅིང་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། །གསང་བའི་ཡི་གེ་ནི་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཅང་ མི་སྨྲ་བར་གནས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསང་བའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་མཉམ་པ་ཉིད་ལ་རྣམ་པར་དགོངས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ཡང་ བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བདག་པོས་འདི་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་ན་ཅང་མི་གསུང་བར་བཞུགས། །དེ་སྐད་ཅེས་གསོལ་པ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་འདི་ཅིའི་སླང་དུ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ལས་དམིགས་སུ་མེད་པའི་ཡི་གེའི་ ཚོགས་ལ་ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་བརྗོད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་སྙོམས་པར་ཞུགས་སོ། ། དེ་ནས་ལྷ་མོ་བཞི་དག་གིས། །ཚད་མེད་ཡེ་ཤེས་དག་པའི་ས། །ཡང་དག་བསྐུལ་བ་མཛད་པ་ལས། །དེ་བཞིན་ཉིད་ལས་བཞེངས་པར་འགྱུར། །དཔག་མེད་རྡོ་རྗེའི་ཚུལ་མཆོག་ལས། །འདོད་ཆགས་གནས་ལ་སྤྱོད་པ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ན། །བཙུན་མོའི་ཚོགས་དང་ལྷན་ཅིག་སྐྱེས། །དམ་ཚིག་འཁོར་ལོར་གནས་པ་ཡིས། །འདོད་པའི་ལོངས་སྤྱོད་ཉེར་ལྡན་པས། །གཉིས་མེད་བྱང་ཆུབ་སེམས་གནས་ཏེ། །དགྱེས་པ་ཡོངས་ སུ་སྤྱོད་པ་མཛད། །དེ་ནས་རྡོ་རྗེའི་ལུས་ཀྱི་ནི། །རྩ་ཡི་ཁོག་སྟོང་ཐམས་ཅད་དུ། །བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །ཡོན་ཏན་ཕྲིན་ལས་དམ་ཚིག་གི། །ཁུ་བ་བྱང་ཆུབ་སེམས་རྒྱུན་གྱིས།། ཀུན་ཏུ་ཁྱབ་པར་གྱུར་པ་ནི། །དཔེར་ན་བུམ་པ་ཆུས་གང་ལྟར། །ཤིན་ཏུ་བདེ་བས་རྒྱས་པར་གནས། །དེ་ཉིད་ཡེ་ཤེས་གྱུར་པའོ། །དེ་ནས་ཆོས་ཀྱི་དབྱིངས་གནས་པའི། །འགྲོ་བའི་ཕུང་པོ་ཇི་སྙེད་ཀུན། །སྐུ་གསུམ་དམ་ཚིག་ལས་བྱུང་བ། །དེ་ལ་ བདུད་རྩིའི་འོད་ཟེར་གྱིས། །གློག་གི་ཟེར་མ་ལྟར་འཕྲོ་བས། །ཤིན་ཏུ་བདེ་བར་རིག་ནས་ནི། །དེ་ནས་བརྩམས་ཏེ་སེམས་ཅན་ཁམས། །མ་ལུས་ལུས་པ་མེད་པ་ལ། །རྡོ་རྗེ་དཔལ་གྱི་རེག་བྱུང་བས། །ཡང་དག་མཆོག་ཏུ་བྱིན་བརླབས་ཤིང་། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཡེ་ཤེས་དྲི་མེད་དབང་བསྐུར་ཅིང་། །མ་ལུས་ཀུན་ཀྱང་ཀུན་ཏུ་བཟང་། །ཀུན་ཏུ་བཟང་པོའི་དཔལ་ཞེས་པར། །བླ་ན་མེད་པར་དབང་བསྐུར་ཏོ། །དེ་ལྟར་དབང་བསྐུར་ཙམ་གྱིས་ནི། ། ཐམས་ཅད་དེ་བཞིན་གཤེགས་པའི་སྐུ། །དགྲ་བཅོམ་ཡང་དག་རྫོགས་སངས་རྒྱས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན། །བདེ་ཆེན་ངོ་བོ་ཉིད་སྐུར་གྱུར། །རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྤྱོད་པ་མཐོང་ གྱུར་པས། །ཆོས་ཉིད་མཉམ་པ་ཉིད་མཐོང་ངམ། །སླར་གསོལ་བ་ནི་མཐོང་ལགས་སོ། །ཡེ་ཤེས་སྤྱོད་པ་རྡོ་རྗེ་ཆེ། །བདེ་བར་གཤེས་པ་མཐོང་ཞེས་གསོལ། །དེ་ལྟར་ཡང་དག་གྱུར་པའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀུན། །རྡོ་རྗེ་བཙུན་མོའི་ བྷ་ག་ལས། །མངོན་པར་བྱུང་ནས་འདི་སྐད་གསོལ། །གང་དུ་འདོད་ཆགས་ཆེན་པོ་ཡི། །ཡི་གེའི་ཚོགས་ཀྱིས་སངས་རྒྱས་ཀྱི། །བྱང་ཆུབ་རྗེས་སུ་རྟོགས་གྱུར་གང་། །དེ་ནས་བཅོམ་ལྡན་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །དེ་ནས་རིགས་ཀྱི་ བདག་པོ་ཡིས། །གསང་བ་མཆོག་ཏུ་བཀའ་སྩལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །དེ་སྐད་ཅེས་ནི་མ་ཟེར་ཅིག །དེ་ཉིད་ཅི་ཡི་ཕྱིར་ཞེ་ན། །ཆོས་རྣམས་ནམ་མཁའི་རྡོ་རྗེའི་གནས། །དེ་ཉིད་མཚུངས་ཕྱིར་སྟོང་པ་ཉིད། །རབ་ཏུ་མི་གནས་བདག་ཉིད་ ལས། །ཆོས་རྣམས་འོད་གསལ་དབྱིངས་གྱུར་པ། །དེ་ཉིད་ཡེ་ཤེས་འབྱུང་གནས་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཉམས་པ་ཉིད་སྤྱོད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་མ་དང་། ལྷ་མོ་དང་། ཁྲོ་བོའི་རྒྱལ་པོ་དུ་མ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདི་བགོ་ བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུ་ན་གནས་པ་མ་ལུས་ཤིང་ལུས་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་ པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དམ་ཚིག་རྡོ་རྗེ་འདི་ཉིད་ཟུང་ཅིག །ཁྱོད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སྙིང་པོ་དབང་ཕྱུག་གསང་བའི་རྒྱལ་པོ་ཞེས་བྱ་བར་དབང་བསྐུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་དེ་བཞིན་དུ་བགྱིའོ། །ཞེས་གསོལ་ནས། ཅང་མི་སྨྲ་བར་གྱུར་ཏོ། །གསང་བའི་རྒྱལ་པོའི་སྐུ་གཅིག་ལས། །ཞིང་ཁམས་མ་ལུས་སྣང་མཛད་ཅིང་། ། ཁམས་གསུམ་སྤྱོད་དང་སངས་རྒྱས་གྱི། །རྣམ་པ་དུ་མའི་སྐུར་བསྟན་མཛད། །དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་ཉིད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཡེ་ཤེས་མཉམ་པ་ཉིད་ལ་ དགོངས་ནས། ཅང་མི་གསུང་བར་གྱུར་ཏོ། །གསང་བ་འཛིན་པའི་གསུང་གཅིག་གིས། །འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཅིང་། །ཆོས་ཀྱི་ཚུལ་ནི་མི་ཟད་ལས། །རྒྱུན་མི་འཆད་པའི་འཁོར་ལོ་བསྐོར། །དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་འདི་ དཔག་ཏུ་མེད་པ་ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་། །དེ་བཞིན་གཤེགས་པའི་གསུང་མཉམ་པ་ཉིད་ལ་གནས་ནས། ཅང་མི་གསུང་བར་གྱུར་ཏོ། །རྡོ་རྗེ་འཆང་གི་ཐུགས་ཀྱི་ནི། །ཏིང་འཛིན་གཅིག་ཏུ་མ་བཞག་ནས། །ཏིང་ འཛིན་དུ་མའི་ཆོས་ཀྱི་སྒོ། །ཆོས་ཀྱི་དབྱིངས་དང་མཉམ་པར་འགྱུར། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་དམིགས་ ནས། ཅང་མི་གསུང་བར་གྱུར་ཏོ། །འདིར་སྣང་བ་ནི་གསུམ་སྟེ། །སོ་སོའི་སྐྱེ་བོའི་སྣང་བ་དང་། བྱང་ཆུབ་སེམས་དཔའི་སྣང་བ་དང་། དེ་བཞིན་གཤེགས་པའི་སྣང་བའོ། །གསང་བ་ནི་གསུམ་སྟེ། །སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ དང་། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། །ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཐམས་ཅད་མཁྱེན་པ་ནི་གསུམ་སྟེ། སྐུ་རྡོ་རྗེ་ཐམས་ཅད་མཁྱེན་པ་དང་། གསུང་རྡོ་རྗེ་ཐམས་ཅད་མཁྱེན་པ་དང་། ཐུགས་ རྡོ་རྗེ་ཐམས་ཅད་མཁྱེན་པའོ། །མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་གསུམ་སྟེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་དོ། །རྒྱུད་ཀུན་སྙིང་པོ་བསྡུས་པ་ཡི། །ཕྱག་ རྒྱ་ཆེན་པོའི་ངང་འབྱུང་བ། །གྲུབ་པ་རབ་ཏུ་མི་གནས་པས། །གསང་བའི་རྒྱལ་པོ་བསྟན་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ཆེན་པོ་བླ་ན་མེད་པ་མཆོག་ཏུ་མི་འགྱུར་བའི་གནས་རབ་ཏུ་ རྒྱས་པ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ནས། གསང་བ་བརྗོད་དུ་མེད་པའི་གནས་ལ་དགོངས་ནས། ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་དེ་དག་ དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་དུ་མེད་པའི་ཚོགས་དང་བཅས་པ་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་ པ་ལ་མངོན་པར་བསྟོད་དོ།། །།དུས་གསུམ་གྱི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་གནས་ཀྱི་ཞིང་ཁམས་རྡུལ་ཕྲ་རབ་སྙེད་བཞུགས་ཤིང་འཚོ་སྐྱོང་བ་ཐམས་ཅད་ཀྱི་གསང་ཆེན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཀུན་དུ་བཟང་པོ་ལ་སོགས་པ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་རྣམས་ཀྱི་དགོངས་པ་རབ་ཏུ་གསང་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ ཀྱི། ཤིན་ཏུ་གསང་བའི་གནས་ཀྱི་རྒྱལ་པོ། རྡོ་རྗེ་དཔལ་མཆོག་ཆེན་པོ་ངེས་པར་བརྗོད་པ། སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་འབྱུང་གནས། །རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་ པ་ཉིད། རྣམ་པར་རྒྱལ་བ་ཞེས་བྱ་བ་མཆོག་ཏུ་དབང་སྐུར་བར་བྱེད་པ། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའི་སྙིང་པོ། རིག་པ་འཛིན་པའི་སྡེ་སྣོད་རྒྱ་མཚོའི་གནས་ལས་མངོན་པར་བསྔགས་པ། རྟོག་པའི་རྒྱལ་ པོ་བདུན་པ་ཆོས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་དོན་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།། །།དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་ཆེན་པོར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། བོད་ཀྱི་ལོ་ཙྪ་བ་མར་པ་ལྷོ་བྲག་པ་ཆོས་ཀྱི་ བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།པཎྜི་ཏ་མཁས་པ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ་ཅིག་ཀྱང་ཡོད་པར་གདའོ།། །།ཨེ་མ་ཧོ་ཉི་ཟླ་ལྟར་གྲགས་ དཔལ་ལྡན་འདུས་པའི་རྒྱུད། །གསང་བ་རྣལ་འབྱོར་དཔལ་མཆོག་ཆེན་པོ་འདིས། །ཤིན་ཏུ་གསལ་བར་སྟོན་པ་ངེས་པ་ཉིད། །མ་འོངས་དུས་སུ་རྣལ་འབྱོར་དབང་ཕྱུག་མཆོག །རྣམ་བཞིའི་འཁོར་ལྡན་དབུས་སུ་འདི་གསལ་འགྱུར། ། བསྟན་པའི་སྒྲོན་མེ་ཉིད་དུ་འབྱུང་བའི་ཕྱིར། །སྐལ་ལྡན་རྣམས་དང་རྒྱུད་འདི་འཕྲད་པར་ཤོག །རྒྱུད་འདི་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་ཌོམ་བི་ཧེ་རུ་ཀས་གདན་དྲངས་གསུང་ངོ་རྫོགས་སོ།། །།