Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 082_རྒྱུད་འབུམ།_ཆ

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
ངོས་པོའི་ཚུལ་རྟོགས་པས། །ཕུང་པོར་ངེས་པར་སྐྱེས་པ་ཡིན། །སྲིད་པ་སྐྱེ་བའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་རྣམ་པ་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་གི་གཉེན་གྱིས་
གསུངས། །དེ་དག་སྒྲིབ་པ་རྣམ་སེལ་སོགས། །ཀུན་གྱིས་ཐོས་ཤིང་ཁོང་ཆུད་ལ། །ལེགས་སོ་ལེགས་སོ་ཞེས་བརྗོད་ཅིང་། །ངོ་མཚར་གྱུར་ཅིང་རྨད་བྱུང་བའི། །དགོངས་པ་ཅང་ནི་མི་གསུང་བཞུགས། །འདི་དག་ཆོས་ཀུན་རབ་ཏུ་ཞི་ཞིང་གཉིས་མེད་པ། །
ཕྱོགས་བཅུ་ཀུན་ནས་སྣང་བའི་རྒྱལ་བ་དེ་བཞིན་གཤེགས། །དུས་གསུམ་སེམས་ཅན་ཁམས་རྣམས་འདུལ་བའི་དབང་བསྐུར་བ། །ལམ་རྒྱུད་མ་ལུས་གནས་ལས་གྲོལ་བྱེད་མཆོག་འདིར་རྒྱལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་
གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་གྱི་ཁམས་བསྐྱེད་པ་དང་བསྡུ་བའི་དོན་བསྟན་པའི་ལེའུ་སྟེ་བདུན་ཅུ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །
གསང་བ་དཔལ་ལྡན་བྱང་ཆུབ་སེམས། །སྲིད་ཞི་མཉམ་པར་སྡུད་མཛད་པ། །འབར་བ་དྲག་པོས་ཚུལ་འདི་གསུངས། །དཔལ་ལྡན་ཡིད་བཞིན་ནོར་བུའི་གནས། །སྤྱོད་པ་སྦྱིན་པའི་ཚུལ་བསྟན་པ། །གསང་བ་འགྲོ་བའི་དགོས་འདོད་སྐོང་། །ནོར་སྟེར་ལྕམ་དྲལ་

འདིར་བསྟན་པའོ། །ཛཱྃ་ཀྵྦིྃ། འཕགས་པ་ཡིད་བཞིན་ནོར་བུའི་མདོག །ཞལ་གསུམ་ཕྱག་དྲུག་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་སྤྲས་པ། །སྐུ་མདོག་ལས་བྱུང་རིགས་འཕྲོ་བས། །དོན་གྲུབ་རྒྱལ་པོས་དབུ་བརྒྱན་པ། །གཡས་པ་སྔོ་
ཞིང་གཡོན་དམར་བ། །དང་པོ་གཉིས་ཀྱིས་ནེའུ་ལེ་ཡི། །ཁ་ནས་སྐྱུག་བྱེད་ནོར་བུ་འཛིན། །གཡས་གཡོན་གཞན་གྱིས་རྒྱལ་མཚན་དང་། །བཱི་ཛ་པུ་ར་རིན་ཆེན་གྱི། །བཟང་པོའི་སྣོད་བཅས་འཛིན་པར་བསམ། །དེ་ལས་གསང་བ་བདུད་རྩིའི་ཆུ། །རྩ་ལམ་ལག་
མཐིལ་བརྒྱུད་ནས་ནི། །དབུལ་བ་མཁས་པ་དག་གིས་བྱ། །ཉིན་རེ་ཞིང་དུ་མཆོད་བྱས་ནས། །དེ་ལ་དངོས་གྲུབ་ངེས་སྟེར་བྱེད། །འཕགས་མ་ནོར་ལྡན་མ་བསྐྱེད་པ། །ཞལ་གསུམ་ཕྱག་དྲུག་གུར་ཀུམ་མདོག །གཡས་དཀར་གཡོན་དམར་ལྗང་སྤྱན་གསུམ། །
དང་པོ་པི་ཙུ་ད་ལ་དང་། །གཡོན་པས་འབྲུ་ཡི་སྙེ་མ་འཛིན། །ལྷག་མས་བུམ་པ་པདྨ་སྣོད། །ཡིད་བཞིན་ནོར་བུ་དཔལ་བེའུ་འཛིན། །འདི་ནི་རིན་ཆེན་སྣ་ཚོགས་པའི། །ཕྲེང་བ་འོད་འཕྲོ་བསམ་པར་བྱ། །དེ་ལས་སྤྲོ་དང་བསྡུ་བ་ནི། །གནོད་སྦྱིན་མོ་ནི་རྣམ་མང་པོ། །
ཟླ་བ་བཟང་དང་རབ་བཟང་མ། །བདེ་སྦྱིན་མ་དང་སྟོབས་ཆེན་མོ། །ལྷ་མོ་བཀྲ་ཤིས་སྦྱིན་པ་མོ། །དཔལ་སྦྱིན་མ་དང་དོན་གྲུབ་མ། །རབ་དགྱེས་བདེ་སྦྱིན་མི་འཁྲུགས་མ། །ཡང་དག་རྒྱན་མ་འདི་རྣམས་ཏེ། །འཁོར་ལོས་ཡོངས་སུ་ལེགས་བསྐོར་མ། །རིན་ཆེན་
གཞལ་ཡས་ཁང་གནས་པའི། །ལྷ་མོ་རྣམས་ལ་དུས་གསུམ་དུ། །བསྲེག་སྤོས་དབུལ་ཞིང་ཕྲིན་ལས་གཞོལ། །འདི་ནི་གསང་བ་མ་ལུས་པའི། །གནོད་སྦྱིན་མོ་ཡི་རྟོག་པར་གསུངས། །འདི་ལས་འདའ་བར་བྱེད་པ་ནི། །གསང་བ་ཚུལ་གནས་མ་ཡིན་ན། །
དེ་ནས་བཅོམ་ལྡན་དེ་བཞིན་གཤེགས། །འཇིག་རྟེན་དབང་ཕྱུག་རྒྱལ་བ་ཡི། །གསུང་གི་རྣམ་པར་འཕྲུལ་པ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །འདི་ཉིད་དེ་མ་ཐག་ཕྱུང་ནས། །ཡེ་ཤེས་དམ་པ་བཀའ་སྩལ་ཏོ། །ཧྲིཿཤིན་ཏུ་དབེན་ཞིང་རབ་ཏུ་ཉམས་དགའ་

བར། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱ། །དེ་ཉིད་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བའི་དཀྱིལ་འཁོར་རབ་ཏུ་བསྒོམ་པར་བྱ། །དེ་ཡི་དབུས་གནས་ས་བོན་དམར་པོར་འཕྲོ། །དེ་ལས་སྤྲོ་བསྡུའི་འོད་ཀྱི་སྣང་བ་
ལས། །མ་ལུས་འགྲོ་ཚོགས་ལེགས་པར་སྦྱངས་ནས་ནི། །དག་པར་བྱེད་པའི་ས་བོན་ལ་ཞུགས་ཏེ། །པདྨ་གེ་སར་འོད་བཅས་ཡོངས་གྱུར་པས། །སྐད་ཅིག་དེ་ལས་རྗེ་བཙུན་སྤྱན་རས་གཟིགས། །ཞལ་གསུམ་ཕྱག་དྲུག་པདྨ་རཱ་གའི་མདངས། །གཡས་པ་
ཀུནྡ་ཨུཏྤལ་སྔོ་འདྲ་གཡོན། །རིན་ཆེན་སྣ་ཚོགས་རྒྱན་སྤྲས་ཐུགས་རྗེ་ཅན། །དང་པོ་གཉིས་ཀྱིས་ཡེ་ཤེས་རིག་མ་ལ། །རྡོ་རྗེ་སེ་གོལ་སྦྱོར་བས་འཁྱུད་པར་མཛད། །བར་མས་པདྨ་སྡོང་བུ་ནོར་བུ་འཛིན། །ཐ་མས་རལ་གྲི་འཁོར་ལོ་བསྣམས་པའོ། །དར་གྱི་ཅོད་པན་སྣ་
ཚོགས་ཀྱིས་བརྒྱན་མཛེས། །དེ་ཡི་ཐུགས་ཀར་ཟླ་བ་ལ་གནས་པ། །རང་སྲོག་ས་བོན་ཧྲིཿཡིག་རྣམ་པར་བསམ། །དེ་ཡི་འོད་ཟེར་མ་ལུས་ཚོགས་འཕྲོས་པས། །འགྲོ་བ་མ་ལུས་དོན་ནི་ཕུན་ཚོགས་པའོ། །རྟོག་པའི་རྙོག་མ་མ་ལུས་སེལ་བྱེད་པ། །ཐུབ་པའི་དབང་
པོ་ཕྱོགས་མཚམས་རབ་འཕྲོས་པས། །སྣ་ཚོགས་ནོར་བུ་འགྲོ་བའི་དོན་མཛད་ནས། །སླར་འདུས་རང་ལ་ཕྱུང་བའི་དཀྱིལ་འཁོར་པའི། །འཁོར་ལོའི་ལྷ་ཚོགས་དུ་མ་བསམ་པར་བྱ། །རྡོ་རྗེ་ཆེན་པོའི་སྙིང་པོ་ཡི། །ཁ་དོག་དཀར་པོ་རྣམ་པར་བསམ། །ཧཱུྃཿའོད་ཀྱི་སྤྲིན་
གྱིས་ཤིན་ཏུ་འབར། །ཟླ་བའི་འོད་ཟེར་བཞིན་དུ་བསིལ། །གནས་བཞི་དག་ཏུ་སྦྱོར་བ་ཡི། །དེ་མ་ཐག་ཏུ་འབྱུང་བར་བྱེད། །ལན་གསུམ་ལེགས་པར་བསྒོམས་པས་ནི། །སྐྱུག་པ་དག་ཏུ་རྣམ་བསམས་ནས། །ནམ་མཁའ་གང་བའི་དུག་ཀུན་ཡང་། །དེ་མ་ཐག་ཏུ་མེད་པར་
བྱེད། །འདི་ནི་དངོས་ཀྱི་དུག་ཞི་བར་བྱེད་པའོ། །ཨཱཿ འབྲས་དང་ཕོལ་མིག་འབྲུམ་བུ་དང་། །གང་གཞན་ནད་དུ་བཤད་པ་རྣམས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །བསམ་པ་ཙམ་གྱིས་མེད་པར་འགྱུར། །པདྨ་འབར་བ་འདབ་བརྒྱད་པ། །དེ་ཡི་དབུས་སུ་དུག་བསམས་

ནས། །འོད་ཟེར་ལྔ་ནི་རྫོགས་པར་སྤྲོ། །དུག་བསྡུ་བ་ནི་ཁ་དོག་ནག །བསྐུལ་བའི་ཞི་བྱེད་དཀར་པོ་ཡིན། །བསམ་གཏན་གནས་ནི་གསང་བ་གང་། །ཡེ་ཤེས་དྲི་མེད་གསང་ཆེན་ཡིན། །དེ་ལ་འདིས་ནི་ཉེ་བའི་དུག་ཐམས་ཅད་དྲང་བའི་སྙིང་པོའོ། །གང་དུས་
བདག་ཀླུ་ལས་གྱུར། །གནོད་པ་ངན་པ་བྱུང་གྱུར་པ། །འདིས་ནི་སྐད་ཅིག་དག་གིས་ཀྱང་། །ངེས་པར་ཞི་བར་བྱེད་པ་ཡིན། །དཔལ་ལྡན་སེང་གེ་སྒྲ་སྦྱོར་བས། །གདུག་པའི་འཚེ་བ་ཞི་བྱེད་པ། །པད་སྡོང་ཐོད་པ་བདུད་རྩི་བཅས། །དེ་ནི་མེ་ཏོག་རབ་བཀང་བ། །ཏྲི་ཤཱུལ་
ས་གསུམ་གནས་ལས་སྐྱོབས། །རྒྱལ་པོ་རོལ་པའི་ཚུལ་བསྟན་པའོ། །ཐུགས་རྗེས་དུག་སེལ་བར་མཛད་པ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོའི་རྡོ་རྗེ་
གསུམ་གྱི་གསང་བ་གསང་བ་གསུམ་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུངས་པའོ། །ནམཿས་མནྟ་ཀཱ་ཡ་བཱ་ཀྩི་ཏྟ་བཛྲཱ་ནཱཾ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ། ཙཀྲ་བིརྟི། བིཙཱུར། ཞུཥྵཱིཥ་བི་ཛ་ཡ། ཙཀྲ་བི་རྟིཿ། བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཨ་མུ་ཀྃ་མཱ་ར་ཡ་ཕཊ། དེ་
ནས་འདི་ནི་གསུངས་ཙམ་གྱིས། །རིག་པའི་རྒྱལ་པོ་རྗེས་སུ་དྲན། །སངས་རྒྱས་རྡོ་རྗེ་སྐུ་གསུམ་ལ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས། །ཞགས་པ་རྡོ་རྗེ་ལྕགས་ཀྱུ་འཛིན། །སངས་རྒྱས་འགུགས་པ་དམ་ཚིག་ཡིན། །སངས་རྒྱས་སྐུ་གསུམ་སྦྱོར་བ་ཡིན། །འཁོར་ལོ་ཆེན་པོའི་སྦྱོར་
བ་ཡིས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །རྟག་ཏུ་ངེས་པར་འགུགས་པར་འགྱུར། །འདི་ནི་ཡེ་ཤེས་མེ་སྦྱོར་བས། །སྤར་བའི་དངོས་གྲུབ་གནས་ཐོབ་བྱེད། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྡོ་རྗེ་ལྕགས་ཀྱུའི་འོད་ཟེར་གྱིས། །སྔགས་
རྣམས་ཐམས་ཅད་འགུགས་པའི་མཆོག །རྡོ་རྗེ་ལས་བྱུང་ཐམས་ཅད་པ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །རབ་ཏུ་མཛེས་མའི་མཆོག་རྣམས་ཀྱིས། །སྙིང་གར་རྡོ་རྗེ་འབར་བར་སྦྱར། །རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ངེས་པར་རྟག་ཏུ་འགུགས་པར་འགྱུར། །སྐུ་གསུང་

ཐུགས་ཀྱི་རྡོ་རྗེའམ། །རང་སྔགས་དོན་གྱི་ཡོན་ཏན་གྱིས། །གཙུག་ཏོར་འཁོར་ལོས་སྒྱུར་སྦྱོར་བས། །བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག །རྡོ་རྗེ་ཅན་གྱིས་བྱ་བ་སྟེ། །འདི་ནི་རྡོ་རྗེ་མ་ལུས་པའི། །བྱང་ཆུབ་སྲུང་བའི་དོན་ཆེན་བྱ། །བཅོམ་ལྡན་
འདས་ཀྱི་སྐུ་ཡེ་ཤེས་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་རྟ་མགྲིན་དུ་བསྒོམ་པ། །ཁྲོ་བོའི་འོད་ཟེར་མང་པོ་དག །ཐམས་ཅད་དུ་ནི་རྣམ་པར་འཕྲོ། །ཀླུ་རྣམས་མ་ལུས་
ཞབས་ཀྱིས་མནན། །མཐོང་བ་དང་ནི་རེག་པ་དང་། །ཁ་རླངས་དུག་རྣམས་ཞི་བྱེད་པ། །ཀླུ་རྣམས་ཀྱིས་ནི་རྒྱན་དུ་བྱས། །ཁ་དོག་འབར་བ་དམར་བའི་སྐུ། །རྫོགས་སངས་དཔག་མེད་དབུ་རྒྱན་ཅན། །བསམས་ན་རྡོ་རྗེ་ཅན་འདི་མཉེས། །འདི་ནི་ཡེ་ཤེས་རྡོ་རྗེ་ཅན། །ཁྲོ་བོ་ཀུན་གྱི་དམ་ཚིག་
སྟེ། །གསང་བ་ཉེ་བར་བསྟན་པ་ཡིན། །དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་ཚེ་དཔག་ཏུ་མེད་པ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་པདྨོ་འབྱུང་བའི་ཁྲོ་བོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་རབ་ཏུ་ཕྱུང་ངོ་། །ཨོཾ་ནམཿས་མནྟ་ཀཱ་ཡ་བཱ་ཀྩི་ཏྟ་
བཛྲཱ་ཎཱཾ། ཨོཾ་ཤྲཱི་བཛྲ་ཀྲོ་དྷ་པ་དྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་བ་ཧཱུྃ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དེ་ནས་འདི་ནི་གསུངས་ཙམ་གྱིས། །ཆོས་ཀྱི་རྡོ་རྗེ་ཆེ་མཆོག་སྐྱེས། །དེ་ནས་འཇིགས་ཤིང་བརྒྱལ་བར་འགྱུར། །ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན། །མཁའ་དབྱིངས་དུག་གིས་ཡོངས་གང་བ། །རྡོ་རྗེ་ཧ་ལ་ཧ་ལ་
འོད། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ཡིས། །དུག་རྣམས་སྐད་ཅིག་གིས་མེད་བྱེད། །རྡོ་རྗེ་རྟ་མཆོག་བསྐྱེད་པ་འབྱུང་བ་རྡོ་རྗེས་གསུངས་སོ། །ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །སངས་རྒྱས་གཟུགས་ནི་རབ་བསྒོམས་ལ། །རྡོ་རྗེ་བདུད་རྩི་བཅུད་
གྱུར་མཆོག །འབར་བའི་འོད་ཟེར་འཕྲོ་བ་ཅན། །རྡོ་རྗེ་སྤྲིན་ནི་ཀུན་དུ་འཁྲུགས། །ཁྲོས་ཤིང་ཁྲོ་བཅས་གནག་པ་དང་། །མཆེ་བ་རབ་ཏུ་རྣོ་བ་ནི། །རྔ་སྒྲའི་དམ་ཚིག་དབུ་བརྒྱན་པ། །བསྒོམས་ན་ཁྲོ་བོ་མཆོག་འདི་མཉེས། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱིས། །འདའ་བར་དཀའ་བའི་

དམ་ཚིག་ཡིན། །བཅོམ་ལྡན་འདས་སྐུ་རྡོ་རྗེའི་དམ་ཚིག་གི་འོད་ཟེར་སྟུག་པོའི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁྲོ་བོ་མི་འཆི་གསང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིག་འདི་རབ་ཏུ་ཕྱུང་ངོ་། །ཨོཾ་ཨཱཿཧཱུྃ། ཨོཾ་ཨཱཿ
བིགྷྣཱ་ནྟ་ཀྲྀཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ཕུར་བུ་རབ་ཏུ་བསྒོམ། །འབར་བ་མེ་སྟག་འཕྲོ་བ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་ལ་གདབ་བྱ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །གདུག་ཅིང་ཁྲོ་བ་ཚར་གཅད་ལ། །སངས་རྒྱས་གཟུགས་ཀྱི་
དངོས་གྱུར་པ། །རྡོ་རྗེའི་སྦྱོར་བས་བྱས་པ་ན། །སྤྱི་བོ་དང་ན་མགྲིན་པ་དང་། །སྙིང་ག་ནས་ནི་རྐང་པའི་བར། །རྡོ་རྗེ་ཕུར་བུས་རབ་ཏུ་བསྒོམ། །དམ་ཚིག་འདི་ལས་འདའ་མི་བྱ། །འདི་ནི་ཕུར་བུའི་རྣམ་པར་འཕྲུལ། །བསམ་གཏན་རྡོ་རྗེ་ཕུར་བུ་ཡིས། །སངས་རྒྱས་དག་ཀྱང་ངེས་པར་
འདེབས། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཕུར་བུས་བཏབ་ན་མེད་པར་འགྱུར། །མི་ཡི་རུས་པའི་ཕུར་བུ་ནི། །རྡོ་རྗེ་སྐུ་ཡི་ཕུར་བུ་སྟེ། །གཏི་མུག་གནས་ལ་གདབ་པར་བྱ། །ཕོ་རླུང་དག་པའི་གནས་གྱུར་པའོ། །སེང་ལྡེང་རྩ་ལི་ཕུར་བུ་ནི། །རྡོ་རྗེ་གསུང་གི་ཕུར་བུ་སྟེ། །འདོད་
ཆགས་གནས་ལ་གདབ་བྱ་བ། །མོ་རླུང་དག་པའི་གནས་གྱུར་པའོ། །ལྕགས་ལས་བྱས་པའི་རྡོ་རྗེ་གཅེས། །རྡོ་རྗེ་ཐུགས་ཀྱི་ཕུར་པ་སྟེ། །མ་ནིང་རླུང་ནི་གནས་གྱུར་བྱེད། །ཞེ་སྡང་གནས་ལ་ངེས་གདབ་ཡིན། །དངོས་པོ་ཐ་དད་འཛིན་པ་ཡི། །ཡེ་ཤེས་སྐུ་གསུམ་འཇིག་བྱེད་
འགྱུར། །རྡོ་རྗེ་སེམས་དཔའ་མཉམ་བཞག་པ། །རྡོ་རྗེ་གསུམ་གྱི་སྐུ་ཡི་མཐར། །རིག་མའི་བྷ་གའི་དཀྱིལ་འཁོར་གནས་གྱུར་པ། །དེ་དག་གསལ་བར་དམིགས་ནས་ནི། །ལྷ་རྣམས་གནད་ལ་དབབ་བྱ་བ། །བྱིན་རླབས་ཤིན་ཏུ་མྱུར་འདོད་པས། །འོད་འཕྲོ་འཁྲུག་ཅིང་མདངས་
ལྡན་པའི། །གཟུགས་བརྙན་རྡོ་རྗེ་ཕུར་བུ་ཡི། །བྷ་ག་ལ་ནི་ངེས་གདབ་པ། །འདི་ཉིད་སྐུ་གསུང་ཐུགས་གྱུར་པའི། །རྡོ་རྗེ་ཕུར་བུའི་སྦྱོར་བ་ཅན། །སྐུ་གསུང་ཐུགས་གསུམ་ལྷ་བསྐྱེད་པ། །གནས་གང་དུ་ནི་སྙོམས་འཇུག་པས། །ཕུར་བུས་གདབ་པར་གྱུར་པ་ཡིན། །གསང་བའི་པདྨ་

ཉམས་དགའ་བར། །རྡོ་རྗེ་ཕུར་བུ་ལིང་ག་ཡི། །བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །བདུད་རྩི་འབབ་པས་ཕུར་གདབ་ཡིན། །བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། །རང་གི་ཕྱག་རྒྱའི་བྷ་གར་ནི། །བདེ་བས་ཕུར་བུ་ངེས་པར་འདེབས། །དེ་ཡི་དེ་མ་ཐག་ཏུ་ཡང་། །ཕུང་
པོ་ཁམས་དང་སྐྱེ་མཆེད་དང་། །ལུས་ཀུན་ལ་ནི་གནས་གྱུར་པའི། །ལྷ་རྣམས་བདུད་རྩིའི་ཆ་དག་ཏུ། །ངེས་པར་ཞུ་བས་དེ་ལས་བསྐུལ། །ཤིན་ཏུ་ཞུ་བར་གྱུར་པ་ལས། །བྱང་སེམས་བདེ་བའི་ཁུ་བ་དག །སྣང་བ་དཀྱིལ་འཁོར་བདག་ཉིད་དེ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་
ཆེ། །ཕུར་བུས་བཏབ་ན་ངེས་པར་འཆི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །གསང་བའི་ཚུལ་ལ་གནས་པ་ཡིས། །རྩ་རླུང་བྱང་ཆུབ་སེམས་རྣམས་ནི། །བདེ་སྟོང་གཉིས་མེད་གྱུར་པས་ན། །འཆི་བ་ཞེས་ནི་བརྗོད་པ་ཡིན། །ཕྱི་རོལ་ནད་གདོན་ཉོན་མོངས་དག །བདུད་བཞི་བཅོམ་པས་
ལྡང་བར་འགྱུར། །གསང་བ་དམ་པ་བསྡུས་པ་ཡིས། །སྙིང་པོ་མཆོག་ཏུ་འབྱུང་བ་ཉིད། །རྡོ་རྗེ་ཕུར་བུ་བསྟན་པ་གདབ་པར་བྱ་བའི་ཏིང་ངེ་འཛིན་བསྟན་པའོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །འགྲོ་བའི་གནོད་པ་ཞི་བྱེད་པ། །བཀའ་ཡི་འཁོར་ལོ་རྒྱས་པ་པོ། །དེ་ཉིད་དང་
ལ་གནས་པར་གྱུར། །བཅོམ་ལྡན་རྣམ་པར་སྣང་མཛད་དཔལ། །སྐུ་ཡི་རྣམ་པར་འཕྲུལ་པ་ནི། །ངེས་འབྱུང་རྡོ་རྗེའི་ཏིང་འཛིན་ལ། །སྙོམས་པར་ཞུགས་ཏེ་ཚུལ་འདི་གསུངས། །འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔའ་མཉམ་བཞག་ནས། །རྡོ་རྗེ་གསུམ་
གྱི་སྐུ་ཡི་མཐར། །གཟུགས་བརྙན་བསམས་ནས་སྦྱང་བར་བྱ། །སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། །ནམ་མཁའི་དབྱིངས་ཀྱི་དབུས་བསམས་པ། །སྔགས་ཀྱི་རྡོ་རྗེ་རྣམ་པ་བཞི། །འདིས་ནི་རྡོ་རྗེ་གནས་གསུམ་བྱེད། །ཆོས་ཉིད་ཡེ་ཤེས་ངང་ལས་བསྡུས་པ་ཡིས། །སྟོང་ཉིད་བྱང་ཆུབ་
སེམས་ཀྱི་ངང་ཉིད་ལས། །རང་བྱུང་རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་གཙོ་བོ་སྤྲོ་དང་བསྡུས་བྱས་ལ། །ཧཱུྃ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞེས་བྱ་བ། །གུར་ཀུམ་བཟང་པོའི་མདོག་ཅན་དམར་སེར་ལ། །གཡས་དང་གཡོན་པའི་ཞལ་ནི་དཀར་དང་སྔོ། །སྣ་ཚོགས་རྒྱན་གྱིས་རྣམ་པར་

བརྒྱན་པ་ཡི། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་དང་། །མདངས་ལྡན་རལ་གྲི་དང་ནི་ཨུཏྤ་ལ། །ཤེས་རབ་མདའ་གཞུ་ལེགས་པར་འཛིན་པ་མཛད། །དེ་ཉིད་ཤིན་ཏུ་གསལ་བའི་སྐུ་རུ་བསྒོམ། །ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་བྱིན་བརླབས་པའི། །ས་བོན་རྒྱས་
གདབ་དེ་འདྲ་གཉིས་མེད་བསྟིམ། །ཡེ་ཤེས་དབང་བསྐུར་དམ་པས་རྒྱས་གདབ་བྱ། །མ་ལུས་རིགས་ཀྱི་འཁོར་ལོ་སྤྲོ་བ་ཡི། །ཚུལ་གནས་ཡེ་ཤེས་སྤྱོད་པ་གོ་འཕང་ཉིད། །ས་ཡི་སྙིང་པོ་ཕྱག་ན་རྡོ་རྗེ་དང་། །ནམ་མཁའི་སྙིང་པོ་འཇིག་རྟེན་དབང་ཕྱུག་དང་། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་
བཅས། །དཔལ་ལྡན་ཀུན་དུ་བཟང་པོ་ཞེས་བྱ་བ། །དེ་དག་མིག་ལ་སོགས་པ་གྲངས་བཞིན་དུའོ། །གཟུགས་དང་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་དང་ནི་ཆོས་དབྱིངས་རྡོ་རྗེ་དང་། །ས་དང་ཆུ་དང་མེ་དང་རླུང་རྣམས་ནི། །ངོ་བོ་ཉིད་གྱུར་སྤྱན་ལ་སོགས་པར་གྲགས། །གཟུགས་དང་ཚོར་བ་དེ་བཞིན་
འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས་བཤད་པ། །རྣམ་པར་སྣང་མཛད་ལ་སོགས་བདེ་གཤེགས་ཏེ། །རྡོ་རྗེ་ས་བོན་གྱིས་ནི་དབྱུང་བར་བྱ། །ཀྵིཾ་ཛྲྃ་ཁྃ་གྃ་ཁྲཱྃ་སྃ་ཞེས་བཤད་པ། །འདི་དག་མིག་ལ་སོགས་པ་རྣམས་ཀྱི་ཡིན། །ཛཿཧཱུྃ་བྃ་ཧོཿཁྃ་རྃ་ཞེས་བཤད་པ། །དེ་དག་གཟུགས་ཀྱི་རྡོ་རྗེ་
ལ་སོགས་པའོ། །མཱྃ་ལཱྃ་པཱྃ་ཏཱྃ་ཞེས་བྱ་བཞིར་བཤད་པ། །དེ་དག་སྤྱན་ལ་སོགས་པ་རྣམས་ཀྱི་ཡིན། །བྷྲཱུྃ་ཨྃ་ཛྲྃ་ཁྃ་ཨོཾ་ཞེས་བྱ་བ་དག །རིམ་པ་ཇི་བཞིན་རྟག་པ་ལ་སོགས་པའི། །རང་རང་གི་ནི་ངོ་བོ་རྣམ་དག་པ། །རིམ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་གྱུར། །དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་
བུར་ནི། །ཆོས་ཉིད་ཀྱིས་ནི་ཕན་ཚུན་ཁྱད་པར་མེད། །ཕྱིན་ཅི་ལོག་གི་རྟོག་པ་ལས་གྲོལ་བས། །བྱ་བ་མ་ལུས་པར་ནི་རྫོགས་པར་བྱ། །ཐུབ་པའི་འཁོར་ལོ་མ་ལུས་མཆོད་པར་བྱ། །མཆོག་འདི་དེ་དག་ཀུན་དུ་རབ་ཏུ་དབུལ། །ཟས་ལ་སྤྱོད་ཚེ་སྙིང་གའི་ཟླ་བ་ཡི། །འཁོར་ལོའི་གཙོ་བོ་རང་གི་
གསང་སྔགས་ཀྱིས། །ཀུན་དུ་དམིགས་ཏེ་བྱང་ཆུབ་སེམས་ཀྱིས་ནི། །ངོ་བོ་ཉིད་གྱུར་འོད་དང་ལྡན་པར་བསམ། །དངོས་པོ་དེ་དག་གསུམ་གྱིས་བཟླས་བྱ་སྟེ། །ཐམས་ཅད་མཉམ་པ་ཉིད་དུ་རྣམ་དག་པ། །དེ་ཉིད་སྐུ་ཡི་རྡོ་རྗེ་ལ་སོགས་པ། །ལྷ་རྣམས་ཀུན་དུ་ཚིམ་པ་ཉིད་དུ་བྱ། །ཕྱི་ཡི་སྦྱིན་སྲེག་

ཆོ་ག་ཇི་ལྟ་བར། །ཡིད་ཀྱི་སྤྱོད་ཡུལ་སེམས་ཀྱིས་བྱ་བ་སྟེ། །ཕུང་པོའི་བུད་ཤིང་རྣམ་པར་སྲེག་བྱེད་པ། །ཡེ་ཤེས་འབར་བ་བླ་ན་མེད་པར་བཤད། །དམ་ཚིག་ཉམས་ལ་སྙིང་གར་ཟླ་བ་ལ། །སྙིང་པོ་སྣ་ཚོགས་རྡོ་རྗེ་ཇི་བཞིན་བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེ་རྣལ་འབྱོར་པས། །འགྲོ་
བ་རང་བཞིན་གྱིས་དག་རྣམ་བསམས་ལ། །སྣ་ཚོགས་པདྨའི་འདབ་མའི་དབུས་སུ་ནི། །སྔར་གྱི་རིམ་པས་དབང་བསྐུར་ཀུན་དུ་བླང་། །ཕྱི་རོལ་དག་ཏུ་ཁྲུས་ཀྱི་ཆོ་ག་ལ། །རིམ་འདིར་ཁྱད་པར་ཡང་དང་ཡང་བསམ་བྱ། །ཐུན་མཚམས་རྣམས་སུ་དེ་བཞིན་མཆོད་ལ་སོགས། །སྔོན་དུ་
འགྲོ་བའི་བཟླས་བརྗོད་བྱས་ནས་ནི། །སྙིང་གའི་འཁོར་ལོའི་ནང་དུ་ཆུད་པར་བྱ། །སྙིང་རྗེ་ཤེས་རབ་ལྡན་པས་དབྱིངས་སུ་ཉལ། །ལྡང་བའི་དུས་སུ་དམ་ཚིག་ལྷ་མོ་ཡི། །ཡང་དག་གླུ་ཡིས་དཔའ་བོ་ཡོངས་བསྐུལ་བའི། །ལྡང་བས་ཐུབ་པ་བཟླས་བརྗོད་ལ་སོགས་པའི། །ཆོ་ག་སྔ་མ་
བཞིན་དུ་བྱ་བ་ཡིན། །དངོས་གྲུབ་ཉེ་བའི་མཚན་མ་མཐོང་ནས་ནི། །དེ་ཉིད་གསུམ་བརྗོད་བྱས་ནས་རང་གི་སེམས། །སྔར་བཤད་དཀྱིལ་འཁོར་དག་ལ་གནས་ནས་ནི། །རང་འདོད་གོ་འཕང་རབ་ཏུ་བསྒྲུབ་བྱ་ཡིན། །བགེགས་རྣམས་བདུད་རྩི་ཐབ་སྦྱོར་འཁོར་ལོ་ཡི། །བསྲུང་བ་བཀའ་
ཡི་འཁོར་ལོ་རབ་སྦྱར་བྱ། །དེ་ཉིད་བདུད་ལས་རྣམ་པར་རྒྱལ་བྱེད་ཡིན། །དབང་བསྐུར་བྱས་པའི་འབད་པས་ངེས་པར་གཞོམ། །གང་ཞིག་དབུས་སུ་གནས་པར་གྱུར་པ་ཡི། །འཁོར་ལོ་དེ་ཡང་དེ་ཡི་ཆོ་འཕྲུལ་འགྱུར། །ཐ་མལ་རྣམ་རྟོག་རྒྱུན་ལས་མ་གཏོགས་པར། །སྲིད་པའི་སྡུག་
བསྔལ་ཡོད་པ་མ་ཡིན་ཏེ། །དེ་ནི་རྣམ་པར་འགོག་པར་འགྱུར་བའི་སེམས། །སེམས་ནི་མངོན་སུམ་བྱིན་བརླབས་ཀྱིས་མངོན་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །དེར་ནི་ཀུན་རྟོག་གང་ཡིན་སྣང་མི་འགྱུར། །ཡང་དག་སེམས་ལས་ཐ་དད་མ་ཡིན་ཞིང་། །ཀུན་བརྟགས་མཚན་
མ་སྔར་ནི་བསྒྲུབ་ལོག་པས། །སྲིད་པ་ལན་ཅིག་ཙམ་དུ་ལྡང་མི་ནུས། །གང་དུ་ལྡོག་པ་མེད་པས་བགྲོད་ཕུལ་བྱུང་། །འདིར་ནི་མཐོང་བ་དང་ནི་བསླབས་འཕེལ་བས། །རྣམ་དག་རྟོག་པ་ཡང་དག་འགོག་པ་སྟེ། །ཐ་མལ་པ་ཡི་རང་གཟུགས་དངོས་པོ་ཡིས། །བདག་མེད་སྦྱིན་སོགས་མི་

ཟད་གཏེར་མི་འགྱུར། །འདིར་ནི་གནས་མེད་ཡེ་ཤེས་དགེ་བའི་ལམ། །འདིར་ནི་བདེན་ཡང་དེར་ནི་ལྡོག་མི་འགྱུར། །དེ་ལྟར་རྟོགས་ནས་སྙིང་རྗེར་ལྡན་པ་དག །ཡེ་ཤེས་བསམ་ཡས་སྐད་ཅིག་གིས་བསྒྲུབས་པ། །དཔལ་ལྡན་ཀུན་དུ་བཟང་པོའི་ངོ་བོ་ཉིད། །མཁས་
པས་གང་ཞིག་ངེས་པར་བསམ་མི་བྱེད། །གང་དུ་དཔལ་ལྡན་འདུས་པའི་ལམ་ལས་ནི། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱིས་བགྲོད་པའི་དོན། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་དམ་པའི་གཞི། །ཚད་མེད་བྱང་ཆུབ་རྒྱན་གྱུར་གསང་བའོ། །འདི་ནི་མཚུངས་མེད་དམ་པ་མཆོག་གི་གནས། །
དུག་ལྔའི་རྟོག་པ་དེ་ཉིད་ངོ་བོ་ཉིད། །ཡོངས་སུ་ཤེས་པའི་ལམ་གྱུར་བསམ་མི་ཁྱབ། །འཕགས་པ་ཉན་ཐོས་དགྲ་བཅོམ་ཟག་པ་ཟད། །དེ་ལ་ཐོག་མར་རྒྱུན་དུ་ཞུགས་པ་དང་། །ཕྱིར་མི་འོང་དང་ལན་ཅིག་ཕྱིར་ཞུགས་པ། །དེ་དག་འཁོར་བ་དག་པར་འདོད་པའི་ལམ། །རང་སངས་
རྒྱས་ནི་འབྱུང་ཚུལ་གཉིས་སུ་གནས། །སྨོན་ལམ་འབྲས་བུ་ཐོབ་པ་ངལ་བསོའི་ལམ། །བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་ལྟར། །རི་དགས་ཕྲ་མོ་སྐྲག་བྱེད་འདིར་འབྱུང་བ། །ངང་པ་གླང་ཆེན་ཁྱུ་མཆོག་རྩལ་གྱིས་ནི། །རི་དགས་སེང་གེ་ཤ་ར་ཎ་མཆོག་དང་། །མཁའ་ལྡིང་
ག་རུ་ཌ་ལི་ལྡིང་གྱུར་པ། །འབྲུག་སྒྲ་སྒྲོགས་བྱེད་ཅང་ཤེས་རྟ་ཡི་རྩལ། །བྱ་ཁྱུང་ཆེན་པོ་ཤང་ཤང་རུ་རུ་སྟེ། །རི་བོང་དག་གིས་རང་སྤྱོད་ཤུགས་བསྟན་པའོ། །འཁོར་བའི་རྒྱ་མཚོར་ནོར་བུ་གནས་པའི་གཞི། །ཀླུ་དབང་རྣམས་དང་ཆུ་སྲིན་ཆེན་པོ་དང་། །ལྟོས་འགྲོ་ཟ་བྱེད་ཤིན་ཏུ་མི་བཟད་པས། །
རུས་སྦལ་དུང་ལྟར་མ་འདྲེས་གནས་བྱས་པ། །དེ་ལས་མུ་ཏིག་ལ་སོགས་སྣ་ཚོགས་པ། །གང་དུ་ཡོན་ཏན་ལྡན་ཡང་བག་མེད་གནས། །བག་ལ་ཉལ་བའི་ཕྱོགས་ནི་ཟློག་པ་གཉིས། །སྐབས་ལས་མ་བབ་ནུས་པ་འབྱུང་མི་ནུས། །ས་བོན་ཕྲ་མོ་ཀུན་ནས་ལྡང་བ་ན། །དུས་
ལ་བབ་ཚེ་སླུ་བ་མེད་པར་འབྱུང་། །དེད་དཔོན་ཐབས་ལ་མཁས་པའི་གཟིངས་བཅས་པས། །ཐར་པ་ཐོབ་བྱེད་ཡན་ལག་ཀུན་ལྡན་པས། །རིན་ཆེན་ནོར་བུས་དགོས་པ་རབ་སྒྲུབ་པ། །དཔལ་ལྡན་འདུས་པའི་རྒྱུད་དུ་ཤེས་པར་བྱ། །དབང་ཐོབ་བྱེད་པ་རྡོ་རྗེའི་ཐེག་པ་འདིར། །བུམ་པ་

བཞི་ལྡན་ལམ་བགྲོད་རྡོ་རྗེ་དང་། །དཀྱིལ་འཁོར་ཆོས་འབྱུང་པདྨའི་སྡོང་པོར་འབྱུང་། །ས་ལམ་ཁྱད་པར་རིགས་དང་ལྡན་པའི་ཆོས། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་བདུན་ལྡན་པའི། །གསང་བའི་མས་འཇུག་ཡས་བབས་ཚུལ་ཤེས་པས། །སྤྲེའུ་ཁྭ་ཏའི་ཚུལ་ལས་བསྟན་པ་
ཡིན། །རྡོ་རྗེ་གསུམ་དང་ཟླ་བ་ཉི་མ་དང་། །མུན་པ་དག་གིས་རྟོགས་པ་གང་ཡིན་པ། །མེ་ལོང་གཟུགས་བརྙན་རྡོ་རྗེ་སེམས་དཔའི་སྐུ། །ཡེ་ཤེས་འཇའ་ཚོན་ཆུ་ཡི་ཟླ་བར་སྟོན། །མེ་འོད་འབར་བས་ཀུན་ནས་སྣང་བ་ཆེ། །དེས་ཁྱབ་ཀུན་དུ་སྟོན་པ་དེ་བཞིན་གཤེགས། །རིགས་ཀྱི་སྐུ་
དང་ས་བོན་མཚན་མར་སྣང་། །དེ་ཉིད་སངས་རྒྱས་མཆོག་ཏུ་འབྱུང་བ་ལས། །དེ་དག་གནས་སྐབས་ཕྲིན་ལས་དངོས་གྲུབ་ཀུན། །དུ་མའི་མཐུ་སྟོབས་ཡོན་ཏན་དཔལ་དུ་འཆར། །དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་བ། །མར་མེ་འབར་དང་མཁའ་སྣང་དག་པ་སྟེ། །སྣ་ཚོགས་རྟགས་དང་ཡོན་ཏན་
མི་ཟད་པ། །གྲུབ་པ་སྤྱོད་པས་རྒྱུ་འབྲས་ཐ་དད་པ། །མ་འདྲེས་ཡོངས་སུ་དག་པ་དུས་མེད་པ། །བསྐལ་པ་གྲངས་མེད་སྐད་ཅིག་སྒྱུ་མ་ཡིས། །གསུམ་གྱི་དུས་ལ་འདའ་བ་དབང་ཕྱུག་མཆོག །ཁ་སྦྱར་བདེ་ཆེན་སྐུ་ནི་རྡོ་རྗེ་འཆང་། །དཀྱིལ་འཁོར་བདག་པོ་དཔལ་ལྡན་བྱང་ཆུབ་སེམས། །
དེས་ནི་དག་དང་མ་དག་ཞིང་ཁམས་སུ། །མཛད་པ་རྒྱ་མཚོ་སྤྲུལ་པའི་སྣང་བ་ཡང་། །བསམ་གྱིས་མི་ཁྱབ་ཡེ་ཤེས་རོལ་པར་སྟོན། །རྡོ་རྗེ་སེམས་དཔའ་དང་པོའི་མགོན་པོར་ནི། །སྤྲོས་མེད་བདེ་ཆེན་མི་འགྱུར་གཅིག་པ་ཉིད། །ལྷུན་གྱིས་གྲུབ་པའི་རང་བྱུང་ངང་ལ་བཞུགས། །ཞེས་གསུངས་
པ་དང་། འདུས་པ་རྣམས་ཀྱིས་དགྱེས་པས་ཡོངས་སུ་ཁྱབ་ཅིང་སེམས་ཀྱི་རྟོག་པ་ཡོངས་སུ་ཆོད་དེ་ཅང་མི་སྨྲ་བར་རང་རང་གི་སྟན་ལ་འདུག་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་
པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །།དེ་ནས་གསང་བ་རྡོ་རྗེ་འཛིན། །རྡོ་རྗེ་རྒྱལ་པོ་འཁོར་ལོའི་གཙོ། །བདག་མེད་ཡེ་ཤེས་རྒྱལ་པོ་ཆེ། །ཅི་ཡང་མི་གསུང་

བཞུགས་པ་ལ། །རྡོ་རྗེ་དཔལ་མཆོག་ཆེན་པོ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །མ་ལུས་ཀུན་གྱིས་བཀུར་བར་མཛད། །འདིར་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བའི་གནས་ནི་དག་པ་ཉིད། །གསུངས་ཤིང་གསུངས་ཤིག་ཚུལ་ཆེན་པོ། །ཡིད་
དང་ཡེ་ཤེས་སྤྱོད་པ་ལས། །དམ་ཚིག་མཆོག་འདི་བསྟན་དུ་གསོལ། །དེ་ཉིད་ཉེ་བར་དགོངས་གྱུར་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གསང་བའི་ཚུལ་ནི་རྒྱ་མཚོ་ལྟར། །ཟབ་ཅིང་རྒྱ་ཆེ་ཚུལ་བསྟན་ཏེ། །སྔགས་ཀྱི་སྤྱོད་པ་ཚད་མེད་ཅིང་། སངས་རྒྱས་ཡེ་ཤེས་
བསམ་མི་ཁྱབ། །རིགས་ཀྱི་ཕྱི་རོལ་ཕྱག་རྒྱ་ཆེ། །འདི་ལས་གཞན་དུ་མ་རྟོག་ཅིག །རིགས་ཀྱི་བུ་རྣམས་མདོར་བསྡུ་ན། །འདི་ལྟར་སྔགས་ཀྱི་སྤྱོད་པ་ནི། །བཙུན་མོའི་འཁོར་གྱི་ནང་དག་ཏུ། འདོད་ཡོན་མངོན་པར་རོལ་གྱུར་ཀྱང་། །ཟག་མེད་བདེ་བ་ཆེན་པོ་ཡི། །ཡེ་ཤེས་ཀུན་དུ་
སྤྱོད་པས་ན། །དེ་བཞིན་གཤེགས་པའི་སྤྱོད་པ་ཡིན། །དཔའ་རླབས་མེད་པའི་རང་བཞིནགྱིས། །རྟོག་མེད་ལྷན་ཅིག་སྐྱེས་པར་འཆར། །རིགས་ཀྱི་བུ་དག་འདི་ལྟ་སྟེ། །དཔེར་ན་ནམ་མཁའི་ཁམས་འདི་ནི། །ཀུན་གྱི་རྗེས་སུ་སོང་བསྟེ། །ཆོས་རྣམས་མ་ལུས་དཀྱིལ་འཁོར་དག །
ནམ་མཁའི་ཁོངས་སུ་གཏོགས་པའོ། །དེ་བཞིན་ཆོས་རྣམས་མ་ལུས་པ། །དེ་དག་ངོ་བོ་ཉིད་དག་པས། །ཁམས་གསུམ་ཀུན་དུ་མི་གནས་ཤིང་། །འབྱུང་བ་བཞི་ལ་གནས་མི་བྱེད། །གང་དུ་འགྲོ་འོང་རྣམ་བྲལ་བའོ། །རིགས་ཀྱི་བུ་དེ་དེས་བསྟེན་ན། །ངོ་བོ་ཉིད་ཀྱི་དག་པ་ཡི། །
ཆོས་རྣམས་དེ་ལྟར་རྗེས་རིག་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །དོན་གྱི་དབང་ནི་བླ་ན་མེད། །འདི་ལྟར་མཁྱེན་པས་འཆང་མཛད་པའོ། །རིགས་ཀྱི་བུ་རྣམས་དེ་ལྟར་ན། ནམ་མཁའི་ཚིག་ལྟར་ངེས་བརྗོད་པས། །དེ་བཞིན་གཤེགས་པ་ཚིག་དག་ཀྱང་། །དེ་དག་དེ་ལྟར་རྗེས་རིག་
བྱ། །འདི་ནི་གསང་བའི་གནས་ཡིན་ནོ། །ཆོས་ཅན་གཅིག་ལ་རྟོག་པ་ནི། །རྣམ་པ་སྣ་ཚོགས་སྣང་བ་ཡིན། །བདེ་སྡུག་འགྲོ་བར་འབྱུང་བ་རྣམས། །ལས་ཀྱི་ཁྱད་པར་གོམས་པའི་ཕྱིར། །དེ་ཕྱིར་དགེ་དང་མི་དགེའི་ལས། །ལུས་ལ་སོགས་པའི་རྣམ་རྟོག་བྱུང་། །རྟོག་པ་

ཐམས་ཅད་མེད་གྲོལ་མ། །དེར་རྟོག་པ་ལ་གནས་པ་མེད། །རྟོག་པ་ལས་ནི་ཡེ་ཤེས་མེད། །མ་རྟོགས་ཉེས་པས་ཡེ་ཤེས་འཇོམས། །མི་རྟོགས་པ་ལས་རྟོག་པ་རུ། །ལྡོག་པ་ནམ་ཡང་མི་སྲིད་དོ། གཞན་དུ་རྟོག་པའི་གཉེན་པོ་རུ། །ཡེ་ཤེས་བསམ་པ་མ་ཡིན་ཏེ། །སྤང་བྱ་
གཉེན་པོ་གཉིས་མེད་པས། །གཉིས་མེད་མཉམ་པའི་ངང་ཉིད་དུ། །སྐྱེ་དང་འགག་པར་མི་འགྱུར་རོ། །དེ་ཉིད་བསམ་པ་རྫོགས་པའི་ལམ། ངེས་པར་འདི་ནི་རྟོགས་པར་རྟགས། །ངོ་བོ་རྒྱུ་ཚུལ་འབྱུང་བ་ཁམས། །ལས་དང་དབྱེ་བ་དེ་ཉིད་རླུང་། །འབྱུང་འཇུག་གནས་པ་
རྣམ་པར་བརྟག །འབྲུ་གསུམ་སྔགས་ཀྱི་ངོ་བོ་ཉིད། །ཨཱ་ལི་ཀཱ་ལི་སྦྱོར་དབུལ་བས། །བརྟག་པ་གྲགས་ལྡན་བཟླས་པ་ཉིད། །སྦྱོར་དང་བྱེད་པར་རྟགས་ལྡན་པ། །ངག་དབེན་རླུང་གི་རྣལ་འབྱོར་བརྟན། །རྒྱུ་དང་འབྲས་བུ་སྦྱོར་བ་གང་། །སྣང་བ་གསུམ་པོ་འཆར་ཚུལ་ཏེ། །དུས་
དང་འབྱུང་འགྱུར་ཐབས་ཁྱད་པར། །དབྱེར་མེད་ཡེ་ཤེས་གནས་ཐོབ་པ། །སྤྱོད་པ་ཡེ་ཤེས་མངོན་དུ་བྱེད། །སློབ་དང་མི་སློབ་དེར་སྤྱོད་པའོ། །རང་བཞིན་ཤེས་པའི་ལམ་གྱུར་པ། །རྣམ་ཤེས་སྒྱུ་མར་མཚན་པའི་ཆོས། །ཁྱད་པར་ལས་དང་སྤྱོད་པ་གང་། །དངོས་གྲུབ་ཐོབ་ཕྱིར་
བདག་བྱིན་བརླབ། །ཕྱི་ནང་མངོན་པར་བྱང་ཆུབ་ཚུལ། །རྣལ་འབྱོར་ཐོབ་པའི་བསམ་གཏན་གནས། །འཇུག་དང་འབྱུང་བ་རྟགས་བཅས་པས། །སྤྱོད་ཚུལ་ཡེ་ཤེས་དེས་འཐོབ་པོ། །ལྟ་དང་ཉམས་མྱོང་ལུས་དང་ངག །བསམ་གཏན་མཉམ་རྗེས་སྤྱོད་པ་དང་། །སློབ་དང་མི་སློབ་གཉིས་
མེད་ཅིང་། །རབ་ཏུ་མི་གནས་ཟུང་དུ་འཇུག །ཇི་ལྟར་གསུངས་པའི་སྡོམ་ལྡན་པས། །ཇི་སྐད་ཐོབ་པ་མཉམ་པར་སྤྱོད། །དམ་ཚིག་མེད་ལ་བློ་ལྡནགྱིས། །གཞན་ལ་གསང་བ་འདུས་རིག་བྱ། །སྙིང་རྗེ་གནས་པ་ལས་བྱེད་པ། །སངས་རྒྱས་མཆོད་དང་འགྲོ་དོན་དག །མཐོང་ན་ལུས་དང་ངག་
ལས་འབྱུང་། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་དོ། །འདི་ནི་གསང་བ་ངེས་བསྟན་པ། །ཡན་ལག་ཀུན་བསྒོམས་ལས་འདས་ཤིང་། །རྟོག་པའི་ཚུལ་ནི་རྣམ་སྤངས་ནས། །གུག་སྐྱེད་ཐིག་ལེ་ལས་འདས་པ། །འདིར་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །སེམས་ཅན་ཐམས་ཅད་འཇུག་པ་ནི། །རང་

བཞིན་མེད་པའི་རང་བཞིན་སྤངས། །སེམས་ནི་སྐུལ་ཞིག་རྟོག་བྱས་པའི། །དཀྱིལ་འཁོར་དཀྱིལ་འཁོར་ལྟ་བུའོ། །ཡོད་དང་མེད་པ་གཉིས་མཐའ་ཡིན་ཏེ། །དག་དང་མ་དག་གཉིས་ཀ་འདི་ཡང་མཐའ། །དེ་བས་མཐའ་གཉིས་རྣམ་པར་སྤངས་ནས་ནི། །མཁས་པས་
དབུས་ལའང་གནས་པར་མི་བྱེད་དོ། །གང་དུ་ཉན་རང་ཐེག་ལ་མི་བསླབ་ཅིང་། །བྱང་ཆུབ་སྤྱོད་པ་དེ་ལ་ངེས་བསླབས་ན། །བྱང་ཆུབ་སྤྱོད་ལ་སྤྱད་པས་རྒྱལ་ཡོན་ཏན། །གླིང་བཞི་འདི་ལས་རབ་བྱུང་ཆེན་པོར་འགྱུར། །ཆོས་ཐམས་ཅད་འགྲོ་བ་དང་འོང་བ་མེད་པའི་སྤྱོད་ཡུལ་ལ་གནས་པ་རྡོ་རྗེ་
ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་གྱི་ལྷའི་འཁོར་ལོ་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་གྱིས་ས་བོན་ཡང་དག་པར་ཕྱུང་ངོ་། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དབྱངས་དང་གསལ་བྱེད་
སྦྱར་བ་ལས། །གང་དུ་ཕྲེང་བ་བཀོད་པར་བྱེད། །སྡེ་ཚན་དྲུག་པའི་གསུམ་པ་དང་། །གསུམ་པ་ཡི་ནི་གསུམ་པ་དང་། །མཐར་གནས་པ་ཡི་གཉིས་པ་སྦྱར། །ལྔ་པ་ཡི་ནི་བཞི་བ་ལ། །ཨནྟ་སྠ་ཡི་གཉིས་པ་སྦྱིན། །གཉིས་པའི་གསུམ་པས་མཐའ་བརྟེན་པ། །དབྱངས་ཀྱི་
བཞི་པས་བརྒྱན་པར་བྱ། །ཨུཥྨ་ཡི་ནི་ཐར་གྱུར་པས། །གཉིས་པའི་ཐིག་ལེ་བརྒྱན་པ་ཉིད། །དབྱངས་ཀྱི་དྲུག་པས་བརྒྱན་པ་ནི། །མི་བསྐྱོད་པ་ཡི་གསང་སྔགས་བརྗོད། །གསུམ་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་བཞི་པ་དང་ལྡན་པ། །ལྔ་པ་ཡི་ནི་ལྔ་པ་སྦྱིན། །གསུམ་
པ་ཡི་ནི་གསུམ་པ་ལ། ཨཱུཥྨ་ཎ་ཡི་མཐའ་མ་སྦྱར། །གཉིས་པའི་གསུམ་པས་མཐའ་བརྟེན་པ། །དབྱངས་ཡིག་གསུམ་པ་སྦྱིན་པར་བྱ། །དྲུག་པ་ཡི་ནི་བཞི་བ་ལ། །མཐར་ནས་པ་ཡི་གཉིས་པ་སྦྱར། །དབྱངས་ཀྱི་ལྔ་པ་སྦྱིན་པར་བྱ། །སྟེང་དུ་ཐིག་ལེ་ནཱ་དས་བརྒྱན།།
འདི་ནི་རྟག་པའི་སྙིང་པོ་བརྗོད། །ལྔ་པ་ཡི་ནི་དང་པོ་ལ། །མཐར་གནས་པ་ཡི་གཉིས་པར་སྦྱར། །སྟེང་དུ་དབྱངས་ཀྱི་བཅྭ་ལྔ་པས། །བརྒྱན་གྱུར་འདི་ནི་ས་བོན་ཡིན། མཐར་གནས་པ་ཡི་གཉིས་པ་ལ། །ལྔ་པ་ཡི་ནི་གསུམ་པས་བརྒྱན། །ལྔ་པའི་ལྔ་པ་ཐ་མ་སྦྱིན། །ལྔ་པ་ཡི་

ནི་བཞི་པ་ལ། །ཨཏྣ་སྠ་ཡི་གཉིས་པའོ། གཉིས་པའི་གསུམ་པས་མཐའ་བརྟེན་པ། །དབྱངས་ཀྱི་བཞི་པས་བརྒྱན་པར་བྱ། །འདི་ནི་རིན་ཆེན་རྒྱལ་པོ་ཡི། །གསང་སྔགསབསྡུས་པའི་ཚུལ་དུ་བརྗོད། །དབྱངས་ཀྱི་དང་པོ་ཉིད་ལ་ཡང་། །ཨནྟ་སྠ་ཡི་གཉིས་པ་
དང་། །དབྱངས་ཡིག་བཅུ་གསུམ་པ་སྦྱིན་བྱ། །དབྱངས་ཀྱི་བཅུ་པ་ཉིད་ལ་ནི། །གཉིས་པ་གསུམ་པས་མཐར་བརྟེན་པའོ། །ཨུཥྨ་ཎ་ནི་བཞི་བ་ལ། །དབྱངས་ཡིག་བདུན་པས་སྟེང་དང་འོག །དབྱངས་ཀྱི་བཅྭ་ལྔ་པ་དང་སྦྱར། །འདི་ནི་འོད་དཔག་མེད་པ་ཡི། །གསང་
བ་འཇིག་རྟེན་དག་པའོ། །གཉིས་པའི་གཉིས་པ་ཉིད་ལ་ནི། །དབྱངས་ཀྱི་ཐིག་ལེ་ནཱ་དས་བརྒྱན། །དྲུག་པ་ཡི་ནི་དང་པོ་ལ། །ཨཏྣ་སྠཱ་ཡི་གཉིས་པ་སྦྱར། །གསུམ་པ་ཡི་ནི་གསུམ་པ་ལ། །གསུམ་པ་ཡི་ནི་ལྔ་པས་བརྒྱན། །ལྔ་པ་ཡི་ནི་བཞི་བ་ལ། །ཨནྟ་སྠཱ་ཡི་གཉིས་
པའོ། །གཉིས་པའི་གསུམ་པས་མཐའ་བརྟེན་པ། །དབྱངས་ཀྱི་བཞི་པས་བརྒྱན་པར་བྱ། །གདོན་མི་ཟ་བའི་རྗེས་འགྲོ་བའི། །གསང་བ་ལས་ཀྱི་རིགས་འབྱུང་བའོ། །མཐར་གནས་པ་ཡི་གསུམ་པ་ལ། །དབྱངས་ཀྱི་བཅྭ་ལྔ་པས་བརྒྱན་བྱ། །ལྔ་པ་ཡི་ནི་བཞི་པ་ལ། །དབྱངས་
ཀྱི་བཅུ་གཉིས་པས་བརྒྱན་བྱ། །ཨུཥྨ་ཡི་ནི་དང་པོ་དང་། །ཨནྟ་སྠ་ཡི་གཉིས་པ་ལས། །ལྔ་པའི་དང་པོ་ཉིད་དག་ལ། །ཨུཥྨ་ན་ཡི་གསུམ་པས་བརྒྱན། །དབྱངས་ཀྱི་གསུམ་པས་སྦྱིན་པར་བྱ། །དྲུག་པ་ཡི་ནི་ལྔ་པ་ལ། །དབྱངས་ཀྱི་བཅྭ་ལྔ་པ་དང་སྦྱར། །དྲུག་པ་ཡི་ནི་ལྔ་པ་
ལ། །དབྱངས་ཀྱི་བཅུ་གསུམ་པ་སྦྱིན་བྱ། །ཨུཥྨ་ན་ཡི་ཐ་མ་ལས། །མཐར་གནས་པ་ཡི་གཉིས་པ་དང་། །བཞི་བའི་དང་པོ་ཉིད་དག་ལ། །ཨུཥྨ་ན་ཡི་གཉིས་པོ་སྦྱིན། །དབྱངས་ཀྱི་གསུམ་པས་བརྒྱན་པར་བྱ། །དྲུག་པ་ཡི་ནི་དང་པོ་ལ། །གཉིས་པའི་ལྔ་པས་བརྒྱན་པར་བྱ། །
ཨནྟ་སྠ་ཡི་གཉིས་པ་ལ། །གཉིས་པ་ཡི་ནི་གསུམ་པས་དང་། །མཐར་གནས་པ་ཡི་གཉིས་པ་ལ། །ལྔ་པ་ཡི་ནི་དང་པོ་ལ། །ཨུཥྨ་ཡི་ནི་གཉིས་པ་སྦྱིན། །དབྱངས་ཀྱི་བཞི་པས་སྦྱིན་པར་བྱ། །ལྔ་པ་ཡི་ནི་དང་པོ་ལ། །གཉིས་པ་ཡི་ནི་ལྔ་པས་བརྒྱན། །སྡེ་ཚན་དྲུག་པའི་གསུམ་པ་

དང་། །གསུམ་པ་ཡི་ནི་གསུམ་པ་སྦྱིན། །མཐར་གནས་པ་ཡི་གཉིས་པ་སྦྱར། །ཨཏྣ་སྠ་ཡིགཉིས་པ་ལས། །ལྔ་པ་ཡི་ནི་དང་པོ་ལ། །ཨུཥྨ་ན་ཡི་གསུམ་པ་སྦྱིན། །དབྱངས་ཀྱི་བཞི་པས་བརྒྱན་པར་བྱ། །འདི་ནི་འབྱུང་བ་དག་པ་ཡི། །རིགས་ཀྱི་ཡུམ་
བཞིའི་སྙིང་པོར་བརྗོད། །མཐར་གནས་པ་ཡི་དང་པོ་ལས། །དྲུག་པ་ཡི་ནི་ལྔ་པ་ལ། །བཞི་པ་ཡི་ནི་ལྔ་པ་དང་། བཞི་པ་ཡི་ནི་དང་པོ་དང་། གཉིས་པ་ཡི་ནི་དང་པོ་ལ། །མཐར་གནས་པ་ཡི་གཉིས་པ་སྦྱར། །ལྔ་བའི་གསུམ་པ་བཅས་པ་ལ། །དབྱངས་ཀྱི་གསུམ་པ་སྦྱིན་
པར་བྱ། །དྲུག་པ་ཡི་ནི་དང་པོ་ལ། །ཨནྟ་སྠ་ཡི་གཉིས་པ་སྦྱར། །ལྔ་པ་ཡི་ནི་གསུམ་པས་མཛེས། །གསུམ་པ་ཡི་ནི་བཞི་པར་ལྡན། །ལྔ་པ་ཡི་ནི་དང་པོ་ལ། །གཉིས་པ་ཡི་ནི་དང་པོ་ལ། །མཐར་གནས་པ་ཡི་གཉིས་པ་སྦྱར། །ལྔ་པ་གསུམ་པ་ལྡན་པ་ཉིད། །
དབྱངས་ཀྱི་བཞི་བ་སྦྱིན་པར་བྱ། །དྲུག་པ་ཡི་ནི་དང་པོ་དང་། །ལྔ་པ་ཡི་ནི་གསུམ་པ་སྦྱར། །དྲུག་པའི་ཐ་མ་གཟུང་བར་བྱ། །ལྔ་པ་ཡི་ནི་དང་པོ་ལ། །གཉིས་པ་ཡི་ནི་དང་པོ་ལ། །ཨནྟ་སྠ་ཡིགཉིས་པ་སྦྱར། །ལྔ་པའི་གསུམ་པ་དང་ལྡན་པ། །དབྱངས་ཡིག་བཞི་པས་བརྒྱན་
པར་བྱ། །དྲུག་པ་ཡི་ནི་བཞི་པ་ལ། །གཉིས་པ་གསུམ་པ་སྦྱར་བ་དང་། །དབྱངས་ཀྱི་གསུམ་པ་སྟེང་ནས་སྦྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །བཞི་པ་ཡི་ནི་ལྔ་པར་བཅས། །ལྔ་པ་ཡི་ནི་དང་པོ་ལ། །གཉིས་པའི་དང་པོ་དང་བཅས་པ། །མཐར་གནས་པ་ཡི་གཉིས་པ་དང་། །བཞི་
བའི་གསུམ་པ་དང་ལྡན་པར། །དབྱངས་ཀྱི་བཞི་པ་ཐོག་མར་སྦྱར། །འདི་ནི་ཁྲོ་བོའི་རྒྱལ་པོ་བཞི། །བླ་མེད་རིགས་ཀྱི་སྒོ་བཞི་འབྱུང་། །གསང་སྔགས་འདི་ནི་གསུངས་ཙམ་གྱིས། །དཀྱིལ་འཁོར་མ་ལུས་རིག་པའི་གཙོ། །རྩ་བར་གྱུར་པའི་དོན་ཤེས་པས། །
ནུས་པ་སྔོན་དུ་འབྱིན་པར་བྱེད། །ཐམས་ཅད་རིགས་ཀྱི་བྱེ་བྲག་གིས། །སྔགས་ཀྱི་ཁྱད་པར་བསྟན་པ་ཡིན། །དབྱངས་ཡིག་བཅུ་གཞི་པ་ལ་ནི། །བཅྭ་ལྔ་པ་ཡིས་སྦྱར་བ་གང་། །འདི་ནི་སྐུ་ནི་གཟི་བརྗིད་མཆོག །སྤྱན་འདྲེན་པ་རུ་གྱུར་པ་ཡིན། །སྡེ་ཚན་བརྒྱད་པའི་ཐ་མ་ལ། །

དབྱངས་ཡིག་དྲུག་པ་སྦྱར་བར་བྱ། །སྡེ་ཚན་གཉིས་པའི་ཐ་མ་སྦྱིན། འདི་ནི་སྡུད་ཅིང་གཤེགས་གསོལ་བ། །དབྱངས་ཡིག་དང་པོའི་རང་བཞིན་ཅན། །གནས་ཤིང་བཞུགས་པར་བྱེད་པའོ། །མི་ཕྱེད་ཡེ་ཤེས་འབྱུང་བ་སྟེ། །ཁྱབ་ཅིང་དྲི་མ་མེད་པའོ། །བུ་མོ་ལོ་གྲངས་
བཅུ་གཉིས་མའམ། །ཁྱེའུ་ལོ་གྲངས་བཅུ་གཉིས་པ། མཚན་ཉིད་ཐམས་ཅད་ཡོངས་རྫོགས་པས། །བཟུང་ནས་དབབ་པ་རབ་ཏུ་བརྟག །རྫ་ཡི་ཕྱེ་མ་སོ་མ་དག །སོ་སོ་ཡི་ནི་རྐང་འོག་ཏུ། །ཉི་ཟླ་གཉིས་སུ་བྲི་བར་བྱ། །དེ་ལས་ཁྲུས་བྱ་རྒྱན་བཏགས་ནས། །དེ་ནས་ལངས་པའི་
སྐྱེས་བུ་འདིའང་། །ཐལ་མོ་སྙིང་གར་སྦྱར་བྱས་ཤིང་། །སྟེང་འོག་རླུང་ལ་བསླབ་པར་བྱ། །དེ་ཉིད་མི་ཡི་ཤ་དང་ནི། །བདུད་རྩི་སྦྱར་བ་བསྲེས་དེ་ཡང་། །གུ་གུལ་ནག་པོ་བཅས་པས་འདུག །དང་པོ་རྐང་བའི་མཐིལ་དག་ཏུ། །ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོ། །བ་དན་གྱིས་ནི་མཚན་པ་
བསམ། །མདོམས་བར་དུ་ནི་མེ་ཡིན་ནོ། །ས་བོན་དཀྱིལ་འཁོར་འབར་བ་བསམ། །ལྟེ་བར་བྃ་ལས་ཆུ་ཡི་གནས། །དཀར་པོ་ཟླུམ་པོ་དགོད་པར་བྱ། །དེ་སྟེང་ས་ཡི་དཀྱིལ་འཁོར་དང་། །ལྃ་ལས་བྱུང་བ་རྡོ་རྗེས་མཚན། །གྲུ་བཞི་མཛེས་པ་ཉིད་དུ་བསམ། །ལྟེ་བར་ཛྷཻཾ་དམར་སྐུལ་བར་བྱེད། །
འབར་བ་འོད་འཕྲོ་མི་ཟད་པའོ། །སྙིང་གར་ཧཱུྃ་མཐིང་འོད་འབར་དང་། །སྤྱི་བོར་ཧྃ་དཀར་བསིལ་བར་གྱུར། །མགྲིན་པར་ཨ་དམར་རིམ་པ་སྟེ། །དེ་དག་ཀུན་ལ་བླ་མ་ཡིས། །ཧཱུྃ་ཏྲྃ་ཨ་ཛྷེ་ཞེས་བྱ་བའི། །རིག་སྔགས་རྡོ་རྗེ་བཟླས་པ་དང་། །ལྷ་ཡི་ས་བོན་ཕྲེང་སྔགས་ཀྱིས། །རྡོ་རྗེ་སློབ་དཔོན་གྱིས་
ཀྱང་བསམ། །ནམ་མཁའི་དབྱིངས་བཞིན་མི་རྟོག་ཅིང་། །རྟོག་པ་གཞན་དག་མ་གོས་པ། །རྡོ་རྗེ་སེམས་དཔའི་ལུས་གནས་སུ། །མི་བསྐྱོད་པ་དང་སྐུ་རྡོ་རྗེ། །ཆོས་འཛིན་པ་དག་རང་གིས་བསམ། །རང་གི་ལྟེ་བའི་ཛྷཻཾ་འོད་ལས། །འོད་ཟེར་དཔག་མེད་བྱུང་ནས་ནི། ལྷ་གསུམ་པོ་ནི་བསྐུལ་བྱས་ཏེ། །དེ་
ནས་ཁྱེའུ་ལུས་ཀྱི་ནི། །ཡི་གེ་ཛྷཻཾ་ལ་བསྐུལ་བར་བྱ། །དེ་ལས་རླུང་དང་བཅས་པའི་སྒྲ། །མྱུར་དུ་ཞུགས་ཏེ་རྐང་མཐིལ་གྱི། །རླུང་དང་བཅས་པའི་བ་དན་བསྐྱོད། །ཉི་ཟླས་ནམ་མཁར་བཏེག་ནས་ནི། །སུམ་མདོའི་མེ་སྦར་ཆུ་ཡང་ཁོལ། །སྙིང་གར་ས་གཡོས་འཁོར་བ་ལས། །ཡི་གེ་སྔ་མ་གསུམ་

བསྐུལ་ཏེ། །འོད་ཀྱིས་ལུས་ཀྱི་ནང་ཁེངས་ཤིང་། །སྣ་བུག་གཡས་ནས་བྱུང་ནས་ཀྱང་། །དེར་གནས་པ་ཡི་འགྲོ་ཀུན་གྱི། །སྣ་བུག་གཡོན་དུ་ཞུགས་བྱས་ཏེ། །ཀུན་ལ་འོད་འབར་འཁོར་བ་ཡིས། །ལུས་ནང་རབ་ཏུ་ཁེངས་པར་བསམ། །དེ་ནས་བདུད་རྩི་ལུས་ལ་
གཏོར། །རོལ་མོའི་སྒྲ་ནི་སྣ་ཚོགས་བྱ། །དེས་ནི་བསྐུལ་བར་ཐེ་ཚོམ་མེད། །གལ་ཏེ་ལུས་ངག་ཡིད་གསུམ་ལ། །རྟགས་རྣམས་ངེས་པར་མ་བྱུང་ན། །ལན་གསུམ་བར་དུ་བཟླས་པར་བྱ། །དེས་ནི་ངེས་པར་བསྐུལ་གྱུར་པའི། །འགུལ་བ་དང་ནི་བསྐྱོད་པ་སོགས། །མ་ལུས་
སྔགས་ཀྱི་ཚིག་འབྱུང་སྟེ། །འདི་ཡིས་བསྐུལ་བ་མ་ལུས་པའི། །གསང་བ་རབ་ཏུ་གྱུར་པ་ཡིན། །དཀྱིལ་འཁོར་ཀུན་གྱི་གསང་བ་ཡི། །ཡེ་ཤེས་མཆོག་ཏུ་བརྟག་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག །སྐུ་གསུམ་གནས་ནི་ཡོངས་དག་པས། །རྡོ་རྗེ་
གསུང་གིས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་རྟོག་དག་པར་བྱེད་པར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་བསྟན་པའོ། །གང་དུ་དུག་གསུམ་ཆ་ལས་ནི། །རྟོག་པའི་སྣང་བ་རྒྱས་པ་ལས། །རང་བཞིན་འབྱུང་བར་གྱུར་པ་དག །ཐབས་ཀྱི་རང་བཞིན་
ཤེས་རབ་ཀྱི། །ཡི་གེས་དག་པར་བྱེད་པ་དང་། །ཤེས་རབ་རང་བཞིན་གྱུར་པ་ལ། ཐབས་ཀྱི་ཡི་གེས་དག་པར་བྱེད། །གང་དུ་འགྲོན་པར་གྱུར་པ་ལ། །ཐ་མི་དད་པའི་ཡི་གེ་ཡིས། །རྟོག་པ་མངོན་པར་སྦྱང་བ་སྟེ། །གཡས་རྩལ་ནི་བརྟེན་ནས་ནི། །ཞེ་སྡང་རྟོག་པ་གཙོ་གྱུར་པ། །
གཡོན་རྩལ་ནི་བརྟེན་པ་ཡིས། །འདོད་ཆགས་རྟོག་པ་གཙོར་བྱེད་འབྱུང་། །སྒྲ་གཅན་ལ་ནི་བརྟེན་ནས་ནི། །མ་རིག་པ་ནི་འབྱུང་ཞིང་འགྲོ། །གནས་པ་ལུས་ཀྱི་ཡི་གེ་ལས། །འཁོར་བསྐྱེད་བྱེད་རྟོག་པ་འབྱུང་། །དེ་ཉིད་རང་བཞིན་རྟོག་པ་ཡིས། །སྲོག་དང་རྩོལ་བ་ལ་སྐྱངས་ཏེ། །ཕོ་མོ་མ་
ནིང་རླུང་འདི་དག །ཅུང་ཟད་དུལ་བར་གྱུར་པ་ན། །ལམ་གྱི་ཆོས་འབྱུང་རྟགས་འཆར་བྱེད། །རླུང་ཉིད་ཉིད་ཤིན་ཏུ་དག་པ་ཡིས། །ཡི་གེ་གསང་སྔགས་དག་གྱུར་བར། །རྟོག་པ་ཡེ་ཤེས་ཆེན་པོར་འཆར། །ཨ་ཞེས་བྱ་བ་མི་ཆགས་བྱེད། །ཨཱ་ཞེས་བྱ་བས་བར་མར་གནས། །ཨི་ཞེས་བྱ་བ་

ཆགས་ཆེན་ཏེ། །ཨཱི་ཞེས་བྱ་བ་གཡེང་བར་འགྱུར། ཨུ་ཞེས་བྱ་བ་འཇུག་པའི་ཡིད། །ཨཱུ་ཞེས་མྱ་ངན་བསྐྱེད་འགྱུར་བས། །རྀ་ཞེས་མྱ་ངན་གྱིས་གདུང་བྱེད། །རཱྀ་ཞེས་མྱ་ངན་གྱིས་གནོད་བྱེད། །ལྀ་ཞེས་ཅུང་ཟད་ཞི་བར་གནས། །ལཱྀ་ཞེས་ཀུན་དུ་རྟོག་པ་ཉིད། །ཨེ་ཞེས་འཇིགས་པ་
ཙམ་གྱུར་པ། །ཨཻ་ཞེས་བར་མའི་འཇིགས་བཅས་པ། །ཨོ་ཞེས་འཇིགས་པ་ཆེན་པོ་ཡིན། །ཨཽ་ཞེས་སྲེད་པའི་ཞེན་པ་ཉིད། །ཨཾ་ཞེས་བར་མའི་སྲེད་ཞེས་བསྐྱེད། །ཨཱཾ་ཞེས་སྲེད་པ་ཆེན་པོ་ཡིན། །ཨ་ཞེས་ཉེར་ལེན་གཞིས་ཡིན་ཏེ། །ཨཱ་ཞེས་མི་དགེ་ལོག་ལྟ་ཅན། །ཨི་ཞེས་
པ་ནི་བཀྲེས་པ་སྟེ། །ཨཱི་ཞེས་སྐོམ་པས་གདུངས་པ་ཡིན། །ཨུ་ཞེས་ཚོར་བའི་བྱེ་བྲག་མྱོང་། །ཨཱུ་ཞེས་ཚོར་བའི་བར་མ་གནས། །རྀ་ཞེས་ཚོར་བ་ཆེན་པོ་དང་། །རཱྀ་ཞེས་རིག་པར་བྱེད་པ་པོ། །ལྀ་ཞེས་མི་འགྱུར་རིག་པ་འཛིན། །ལཱྀ་ཞེས་རིག་པའི་ཡིད་འཇུག་ཞི། །ཨེ་ཞེས་སོ་སོར་རྟོག་
སྦྱོང་བ། །ཨཻ་ཞེས་ངོ་ཚས་བག་ཡོད་བྱེད། །ཨོ་ཞེས་སྙིང་རྗེ་བར་སེམས་པ། །ཨཽ་ཞེས་བརྩེ་བ་བྱམས་པར་བཅས། །ཨ་ཞེས་བྱ་བར་དོག་པར་བྱེད། །ཨ་ཞེས་བསགས་པ་སྣ་ཚོགས་པ། །ཀྴ་ཞེས་ཕྲག་དོག་རྟོག་པ་སྟེ། །འདི་དག་རང་བཞིན་རྟག་བཅས་ཡིན། །ཀ་ཞེས་བྱ་བ་ཆགས་
སེམས་ཡིན། །ཁ་ཞེས་ཞེན་པར་འབྱུང་བ་དང་། །ག་ཞེས་དགའ་བའི་ཆགས་པ་ཅན། །གྷ་ཞེས་བར་མའི་དགང་བ་ཅན། །ང་ཞེས་ཤིན་ཏུ་དགའ་བའི་དགེས། །ཙ་ཞེས་བདེ་བས་ཡི་རངས་ཏེ། །ཚ་ཞེས་རབ་ཏུ་མགུ་བས་རངས། །ཛ་ཞེས་བྱ་བ་ངོ་མཚར་སྐྱེས། །ཛྷ་ཞེས་བྱ་བ་དགོད་པར་བྱེད། །ཉ་ཞེས་
དེ་ཉིད་ཀྱིས་ཚིམ་ཡིན། །ཊ་ཞེས་འབྱུང་བར་འདོད་པ་ཡིན། །ཋ་ཞེས་འོ་བྱེད་པར་འདོད་པ། །ཌ་ཞེས་འཇིབ་པར་བྱེད་པ་ཡིན། །ཌྷ་ཞེས་བརྟན་པའི་སེམས་གནས་ཡིན། །ཎ་ཞེས་བརྩོན་འགྲུས་སྐྱེད་བྱེད་པ། །ཏ་ཞེས་ང་རྒྱལ་རྟོག་པ་ཡིན། །ཋ་ཞེས་ལུས་ངག་བྱ་བ་བྱེད། །ད་ཞེས་འཕྲོགས་
པ་བསྐྱོད་པ་ཡིན། །བྷ་ཞེས་སྟོབས་སྐྱེད་ཁྱད་པར་ལ། །ན་ཞེས་སེམས་སྤྲོ་དང་བཅས། །པ་ཞེས་ཐ་དད་མེད་བདག་གྱུར། །ཕ་ཞེས་ཐ་དད་མེད་བཏང་སྙོམས། །བཞེས་ཐ་དད་མེད་པའི་དངོས། །བྷ་ཞེས་དྲག་པོའི་བདེ་བ་འདོད། །མ་ཞེས་སྒེག་པར་བྱེད་པའོ། །ཡ་ཞེས་རླུང་གིས་འགྲེས་བྱེད་པ། །ར་

ཞེས་ཅུང་ཟད་འབར་བའི་དགེ། །ལ་ཞེས་གསལ་བའི་ཚིག་བརྗོད་པ། །ཝ་ཞེས་བདེན་སྨྲ་གཡོ་མེད་པ། །ཤ་ཞེས་བརྫུན་དུ་སྨྲ་བྱེད་པ། །ཥ་ཞེས་དེ་བཞིན་ཉིད་དེས་བྱེད། །ས་ཞེས་ཉེ་བར་མི་འདོད་པ། །ཧ་ཞེས་སྦྱིན་པར་བྱེད་པ་ཡིན། །ཀྴ་ཞེས་ཀུན་དུ་བསྐུལ་འདོད་པ། །ཀླ་ཞེས་
པ་ནི་དེ་བཞིན་དེས། །སླ་ཞེས་པ་ནི་དཔའ་བར་འདོད། །ལླ་ཞེས་བག་མེད་ཤེས་བཞིན་བྲལ། །ཤླ་ཞེས་གཡོ་སྒྱུ་སྟོན་པ་དང་། །དྷ་ཞེས་མི་སྲུན་པར་འབྱུང་ཞིང་། །ད་ཞེས་བྱས་གྱུར་འགྲོ་བར་བྱེད། །འདི་ནི་ཀུན་དུ་རྟོག་པར་འགྱུར། །ཨ་ཨཱ་ཞེས་པར་གྱུར་པ་གང་། །བར་མའི་ཆགས་
གྱུར་མ་རིག་ཆེ། །ཨི་ཨཱི་ཞེས་པ་བར་མ་སྟེ། །རྗེས་སུ་འཛིན་པ་མེད་པ་ལ། །ཨུ་ཨཱུ་ཞེས་པ་རྣམ་གནོན་པས། །འགྲུབ་པ་ཉིད་དུ་གནས་པ་ཡིན། །ཨེ་ཨཻ་ཞེས་པ་ཐོབ་པའི་ཆ། །འགོག་པ་ལ་ནི་འཇུག་པའོ། །ཨོ་ཨཽ་ཞེས་པ་ཐ་མ་སྟེ། །ཡིད་ནི་སྐྱོ་བར་གྱུར་པའོ། ཨ་ཨཿ བཅས་
པ་འཐིབས་པ་ཉིད། །ལེ་ལོ་སྙོམ་ལས་གྱུར་པའོ། །རྀ་རཱྀ་ལྀ་ལཱྀ་འབྱུང་བ་ལས། །མི་ཕྱེད་ཐེ་ཙོམ་གྱུར་པ་སྟེ། །འདི་དག་ཕྲ་དང་རགས་པ་དང་། །བར་མའི་དབྱེ་བ་བསྟན་པ་ཡིན། །ཐོག་མ་དང་ནི་ཐ་མ་དང་། །དབུས་སུ་འབྱུང་བའི་སྐད་ཅིག་མ། །སྐྱེ་དང་འགག་དང་གནས་པ་ལས། །
རང་བཞིན་ཐ་མ་རྟོག་ལས་འབྱུང་། །དེ་ཉིད་འགྲོ་དང་འོང་བ་དང་། གནས་པ་ཡི་ནི་རླུང་གི་ཆ། །ཐབས་དང་ཤེས་རབ་དབྱེ་བ་ཡི། །ཉིན་དང་མཚན་དུ་འབྱུང་བ་ནི། །བརྒྱད་ཅུ་ཕྲག་གཉིས་ཉེ་བར་འབྱུང་། །ས་བོན་ཆ་དང་རྣམ་པར་སྨིན། །ཡུལ་གྱུར་རྐྱེན་འབྱུང་འདི་དག་ནི། །ཀུན་དུ་རྟོག་
པ་ཆེན་པོ་སྟེ། །འདི་ལས་དགེ་དང་མི་དགེ་བྱུང་། །དེ་ལས་བག་ཆགས་ལས་བྱུང་བ། །བདེ་འགྲོ་དང་ནི་ངན་འགྲོའི་རྒྱུན། །རྟེན་འབྲེལ་བཅུ་གཉིས་དག་གིས་འཁོར། །འདི་དག་ལུགས་ལས་བཟློག་གྱུར་ན། །རང་བྱུང་རྣལ་འབྱོར་པ་ནི་འགྱུར། །འདིར་ནི་ཚོགས་པ་ལས་སྐྱེ་བ། །རྟེན་འབྲེལ་
ཙམ་དུ་འབྱུང་བ་ཡིན། །རིགས་ཀྱི་བུ་དག་འདི་ལྟ་སྟེ། །དཔེར་ན་གཙུབ་ཤིང་གཙུབ་བསྟན་དང་། །སྐྱེས་བུའི་ལག་པའི་རྩོལ་པ་ཡི། །རྐྱེན་གྱིས་རབ་ཏུ་བསྐུལ་གྱུར་ན། །དུ་བ་མེ་དང་འབར་བཅས་པ། །ཇི་བཞིན་བར་ནས་འབྱུང་མོད་ཀྱི། །ལེགས་པར་བརྟགས་ཤིང་བཙལ་བ་ན། །མེ་དེ་གང་

དུའང་མི་གནས་པ། །རིགས་ཀྱི་བུ་དག་དེ་ལྟར་ན། །དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱིས། །བླ་མེད་རང་བཞིན་འདི་དག་ཀྱང་། །དམ་ཚིག་སྟོང་པ་ཉིད་གནས་པས། །ཆོས་རྣམས་རང་བཞིན་རྣམ་དག་པ། །འགྲོ་འོང་མེད་པར་རྗེས་རིག་བྱ། །དེ་ཉིད་འདི་ནི་བསྟན་པའོ། །ཞེས་གསུངས་
སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར། རྨད་དུ་གྱུར་ནས་རྔམ་ཞིང་མིག་གདང་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །རྨད་བྱུང་ཆེན་པོ་ཆོས་རྣམས་ནི། །ནམ་མཁའ་དང་ནི་མཚུངས་གྱུར་ཅིང་། །རྣམ་པར་མི་རྟོག་དག་པ་ལ། །ཀུན་རྫོབ་ཙམ་དུ་གསུངས་
པ་མཚར། །དེ་བཞིན་གཤེས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱིས་གསང་བ་གསང་བ་འདུས་པ། རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་ཅིང་དོན་དམ་པའི་གནས་ཀྱི་དག་པ་ཆེན་པོ་དེ་ཁོ་ན་
ཉིད་དུ་བསྟན་པའི་ལེའུ་སྟེ་བདུན་ཅུ་བཞི་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་དབང་ཕྱུག་འཁོར་ལོའི་གཙོས། །རབ་ཏུ་བྱིན་བརླབས་སྣང་བ་ལས། །བཀའ་སྩལ་རྡོ་རྗེ་ཚིག་འདི་བསྟན། །དེ་ནས་དེ་བཞིན་གཤེགས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་
གསང་བ་གང་དུ་བྱིན་གྱིས་རློབ་པ་འདི། ངེས་པར་གྱུར་པ་འདི་ཕྱུང་ངོ་། །གང་ཞིག་སྐྱེས་བའི་སྤྱོད་ཡུལ་དུ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཆོག །གང་ཞིག་མཐོང་ཞིང་གང་བབས་པའི། །ཡང་དག་ཡེ་ཤེས་རྟོགས་པར་བྱ། །སྐུ་བབས་པས་ནི་འདར་བར་བྱེད། །འཕར་ཞིང་གར་དང་
ཕྱག་རྒྱ་འབྱུང་། །ཐུགས་ཀྱི་སྙིང་པོ་རབ་བསྐུལ་བ། །སྲོག་རྩོལ་འགོག་པས་འགྲུབ་པར་འགྱུར། །རི་གངས་པ་ཉིད་ཀྱང་གསུམ་དུ་འགྱུར། །རྣམ་རྟོག་དང་ནི་ཡུལ་རྣམས་དང་། །འབྱུང་བ་འགག་ཅིང་བདེ་བར་འགྱུར། །སྨིག་རྒྱུ་ལ་སོགས་མཐོང་བར་འབྱུང་། །ལྷ་ཆེན་དག་ཀྱང་དབབ་པ་འབྱུང་། །
ཚངས་པས་ལུས་ལ་བྱིན་བརླབས་ན། །ཚངས་པའི་དབྱངས་ནི་སྟོན་པར་བྱེད། །བརྒྱ་བྱིན་གྱིས་ནི་རྡོ་རྗེ་འཛིན། །ལྐོག་ཏུ་གྱུར་པ་མཐོང་བར་བྱེད། །དྲག་པོ་བས་ནི་སྟོབས་རྙེད་ཅིང་། །རིག་བྱེད་དག་ནི་འདོན་པ་དང་། །ཨུ་མཱ་དེ་བཱི་ལ་སོགས་པས། །རྩེ་འཇོ་ཆགས་པ་སྐྱེ་བར་སྟོན། །ལྷ་ཆེན་དག་ནི་གང་

བབས་པ། །འཁོར་ལོ་འཛིན་པའི་བརྡ་དག་དང་། །ས་འོག་ས་སྟེང་ས་བླའོ། །དབང་དུ་བྱེད་པ་སྟོན་པར་འགྱུར། །འཕགས་ལམ་བཞི་ནི་བདེན་པ་བཞི། །ཆོས་རྣམས་རྟོགས་པ་སྟོན་པར་བྱེད། །ཉན་ཐོས་རང་རྒྱལ་རྣམས་ཀྱི་ནི། །གྲུབ་པའི་མཐའ་ནི་སྟོན་པ་
དང་། །སྤྱད་པའི་ཡོན་ཏན་འབྱུང་བ་ལས། །སྡེ་པ་རྣམས་ཀྱང་སྤྱོད་པ་དང་། །བསེ་རུ་ལྟ་བུའི་སྤྱོད་ཚུལ་ལོ། །ཐེག་པ་དམན་པར་ལྟུང་བའི་རྟགས། །བྱང་ཆུབ་སེམས་དཔའ་སྤྱོད་པ་གང་། །ཚད་མེད་བཞི་དང་དེ་ལ་སོགས། །ལུས་ངག་ཡིད་ཀྱིས་གང་བྱུང་བ། །སེམས་
དཔའ་ལྟ་སྟངས་བྱེད་བ་ན། །བྱང་ཆུབ་སེམས་ཉིད་འགྲུབ་འགྱུར་བ། །ངོ་བོ་ཉིད་མེད་ཚིག་བརྗོད་འགྱུར། །ཁྲུ་གང་དག་ཏུ་འཕགས་པ་ནི། །བསྐྱེད་པའི་རིམ་པ་བརྟན་པར་བྱེད། །ཁྲུ་དོ་བ་ནི་རྫོགས་པའི་རིམ། །ཁྲུ་བརྒྱད་ཀྱིས་ནི་ཕྱིར་མི་ལྡོག །ལྔ་པས་ལམ་ལྔ་མཐར་ཕྱིན་པ། །ཚེ་གཅིག་
འབྲས་བུ་ཐོབ་པར་འགྱུར། །གསང་བ་གྲུབ་པ་དག་གིས་ནི། །འབར་པས་དབབ་པ་བརྟག་པར་བྱ། །རྡོ་རྗེ་སྐུ་ནི་བྱིན་བརླབས་ཤིང་། །གཟུགས་ཀྱི་ཕུང་པོ་བབས་གྱུར་པས། །རྣམ་པར་སྣང་མཛད་ཡེ་ཤེས་ནི། །གཏི་མུག་རིགས་ཀྱི་དམ་ཚིག་སྤྱོད། །རྡོ་རྗེ་གསུང་གིས་བྱིན་བརླབས་ཤིང་།།
འདུ་ཤེས་ཕུང་པོ་བབས་གྱུར་པས། །འོད་དཔག་མེད་པའི་ཡེ་ཤེས་ནི། །འདོད་ཆགས་རིགས་ཀྱི་དམ་ཚིག་སྤྱོད། །རྡོ་རྗེ་ཐུགས་ཀྱིས་བྱིན་བརླབས་ཤིང་། །རྣམ་ཤེས་ཕུང་པོ་དག་བྱེད་བབས། །མི་བསྐྱོད་པ་ཡི་ཡེ་ཤེས་ནི། །ཞེ་སྡང་རིགས་ཀྱི་དམ་ཚིག་སྤྱོད། །རྡོ་རྗེ་ཡོན་ཏན་གྱིས་བྱིན་
བརླབས། །ཚོར་བའི་ཕུང་པོས་བདག་བྱིན་བརླབས། །དཀོན་མཆོག་དཔལ་གྱི་ཡེ་ཤེས་ནི། །ང་རྒྱལ་རིགས་ཀྱི་དམ་ཚིག་སྦྱོང་། །རྡོ་རྗེ་ཕྲིན་ལས་བྱིན་གྱིས་རློབས། །འདུ་བྱེད་ཕུང་པོ་བབས་གྱུར་བས། །གདོན་མི་ཟ་བའི་ཡེ་ཤེས་ནི། །ཕྲག་དོག་རིགས་ཀྱི་དམ་ཚིག་སྤྱོད། །སངས་
རྒྱས་སྤྱན་ནི་བབས་གྱུར་ཅིང་། །ས་ཡི་ཁམས་ནི་བྱིན་བརླབས་ན། །དབང་ཆེན་རི་རབ་ལྟར་བརྟན་ཅིང་། །རྡོ་རྗེ་རྒྱས་པའི་ལས་འགྲུབ་འགྱུར། །མཱ་མ་ཀཱིས་ནི་བདག་རྒྱུད་ལ། །ཆུ་ཡི་ཁམས་ནི་བྱིན་བརླབས་ནི། །གདུག་པ་རྣམས་ལས་བསིལ་བྱེད་ཅིང་། །ལྷ་མོ་སྒྲོལ་རྣམས་འགྲུབ་པའོ། །ན་བཟའ་

དཀར་མོ་བཅས་པ་ཡིས། །མེ་ཡི་ཁམས་ནི་བྱིན་བརླབས་པས། །བག་ཆགས་དེ་ནི་སྲེག་བྱེད་ཅིང་། །རྡོ་རྗེ་དབང་དུ་སྡུད་པར་བྱེད། །ལྷ་མོ་སྒྲོལ་མའི་གཟི་བརྗིད་ཀྱིས། །རླུང་གི་ཁམས་ནི་བྱིན་བརླབས་པས། །ཐམས་ཅད་སྐྲོད་པའི་ལས་བྱེད་དོ། །རྡོ་རྗེ་མངོན་སྤྱོད་ཆེར་སྤྱོད་དོ། །ལྷ་མོ་
གཟུགས་ཀྱི་རྡོ་རྗེ་མ། །སྨིག་རྒྱུ་ལྟ་བུར་མཐོང་བར་བྱེད། །ལྷ་མོ་སྒྲ་ཡི་རྡོ་རྗེ་མ། །དུ་བ་ལྟ་བུར་འཆར་བར་བྱེད། །ལྷ་མོ་དྲི་ཡི་རྡོ་རྗེ་མ། །སྐར་མ་སྲིན་བུ་མེ་ཁྱེར་འཆར། །ལྷ་མོ་རོ་ཡི་རྡོ་རྗེ་ལ། །མར་མེ་འབར་བ་ལྟར་གསལ་ཞིང་། །ལྷ་མོ་རེག་བྱ་རྡོ་རྗེ་མ། །ཐམས་ཅད་སྟོང་པའི་ཆོས་ཉིད་ལ། །
ནམ་མཁའ་ཁམས་ནི་བབས་གྱུར་པས། །བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། །དེ་ཡི་མིག་གི་རྣམ་ཤེས་ལ། །ས་ཡི་སྙིང་པོས་བྱིན་བརླབས་པས། །གཟུགས་ཀྱི་དངོས་པོ་སྣ་ཚོགས་དང་། །ལྐོག་ཏུ་གྱུར་པའི་རྫས་རྣམས་མཐོང་། །དེ་ཡི་རྣ་བའི་རྣམ་ཤེས་ལ། །ལག་ན་རྡོ་རྗེས་བྱིན་
བརླབས་པས། །ཕྲ་རགས་སྒྲ་རྣམས་ཐོས་པ་དང་། །ལུང་བསྟན་པ་ཡང་ཐོབ་པར་འགྱུར། །དེ་ཡི་སྣ་ཡི་རྣམ་ཤེས་ལ། །ནམ་མཁའི་སྙིང་པོས་བྱིན་བརླབས་པས། །སྣ་ཚོགས་དྲི་རྣམས་ཚར་བ་དང་། །སྣ་རྩེའི་འོད་ཟེར་ཚོགས་མཐོང་འགྱུར། །དེ་ཡི་ལྕེ་ཡི་རྣམ་ཤེས་ལ། །འཇིག་
རྟེན་དབང་ཕྱུག་གིས་བྱིན་བརླབས། །ལྷ་ཡི་བདུད་རྩི་མྱོང་བྱེད་ཅིང་། །གསུང་དབྱངས་སྙན་པ་སྣ་ཚོགས་འབྱུང་། །དེ་ཡི་ལུས་ཀྱི་རྣམ་ཤེས་ལ། །སྒྲིབ་པ་སེལ་བས་བྱིན་བརླབས་པས། །འཇིག་རྟེན་ཁམས་ནི་གསུམ་དག་གི། །རེག་བྱའི་ཁྱད་པར་མཆོག་རྣམས་ཐོབ། །དེ་ཡི་
ཡིད་ཀྱི་རྣམ་ཤེས་ལ། །ཀུན་དུ་བཟང་པས་བྱིན་བརླབས་པས། །དུས་གསུམ་ཤེས་པའི་ཡེ་ཤེས་ནི། །ཞག་གསུམ་ལོན་པ་བཞིན་དུ་དྲན། །དེ་ཡི་ཡིད་ལ་ཁྱབ་བྱེད་པར། །བྱམས་པ་མགོན་པོས་བྱིན་བརླབས་པས། །ཉོན་མོངས་ཡེ་ཤེས་གྱུར་ནས་ཀྱང་། །རྟོག་པ་མེད་པར་འགྲོ་
ཞིང་ལྡིང་། །དེ་ཡི་ཀུན་གཞིའི་རྣམ་ཤེས་ལ། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །ལུས་ཀྱི་ཆ་ཤས་གཡོ་འགྱུར་ཞིང་། །མཁའ་ལ་སྤྱོད་པ་ཉིད་དུ་འགྲོ། །སྐུ་ནི་སྣང་བ་སྒྱུར་བར་བྱེད། །གསུང་ནི་གྲག་པ་སྔགས་སུ་བརྗོད། །ཐུགས་ཀྱི་སྙིང་པོ་རབ་བསྐུལ་པས། །སྲོག་རྩོལ་

བཟླས་པ་འགྲུབ་པར་འགྱུར། །ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི། །དེ་ཉིད་བྱིན་གྱིས་བརླབས་གྱུར་ན། །བར་ཆད་བདུད་དཔུང་མ་ལུས་འཇོམས། །བརྟན་པ་མཆོག་ཏུ་འབེབས་པར་བྱེད། །ཁྲོ་བོའི་རྒྱལ་པོ་བཅུ་རྣམས་ཀྱིས། །ལས་ལ་ངེས་པར་བྱིན་
བརླབས་ན། །ཕྱག་རྒྱ་བྱེད་ཅིང་སྡིགས་མཛུབ་བྱེད། །ཕྱོགས་སྐྱོང་བཅུ་པོ་འཇོམས་པར་བྱེད། །གཡོན་བརྐྱང་གཡས་བརྐྱང་རྡོ་རྗེའི་གར། །རྡོ་རྗེའི་ས་གཞི་བསྒྱུར་བ་དང་། ཧཱུྃ་ཕཊ་རྔམས་པའི་གད་མོ་ཡིས། །རླུང་བཅུ་དབང་དུ་སྒྱུར་པར་གནས། །ཁྲོ་བོ་དུ་མ་སྤྲོ་ཞིང་སྡུད། །
ཡེ་ཤེས་ཐུགས་རྗེ་ཁྲོས་པ་ཡིས། །དངོས་པོར་འཛིན་པའི་གདོན་རྣམས་འཇོམས། །ལུས་ཀྱི་ཆ་ཤས་འབེབས་པར་བྱེད། །རྡོ་རྗེའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་སོ་སོར་རབ་ཏུ་བསྟན་པའི་ཏིང་ངེ་འཛིན་ཏོ། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །གསང་བ་འདུས་བ་རྩ་
བའི་རྒྱུད། །སངས་རྒྱས་རྣམ་པར་སྣང་མཛད་ཀྱིས། །ཏ་ཐཱ་སཾ་གྲ་ཧ་ཡི་རྒྱུད། །སངས་རྒྱས་རིན་ཆེན་དཔལ་གྱིས་ནི། །སྒྱུར་འཕྲུལ་དྲ་བ་ཆེན་པོའི་རྒྱུད། །སངས་རྒྱས་འོད་དཔག་མེད་པ་ཡིས། །ཟླ་གསང་ཐིག་ལེའི་རྒྱུད་གསུངས་སོ། །སངས་རྒྱས་ཐོགས་མེད་གྲུབ་པ་ཡིས། །
དམ་ཚིག་གསུམ་བཀོད་རྒྱལ་པོ་བཤད། །སངས་རྒྱས་སྤྱན་མས་མཉམ་སྦྱོར་རྒྱུད། །མཱ་མ་ཀཱིས་ནིཧེ་བཛྲ། །གོས་དཀར་མས་ནི་འཁོར་ལོ་སྡོམ། །སྒྲོལ་མས་སྒྱུ་འཕྲུལ་ཆེན་པོ་ཉིད། །དཔལ་ལྡན་རྡོ་རྗེ་དབྱིངས་ཕྱུག་མས། །རྡོ་རྗེ་གདན་བཞི་གཙུག་ལག་རྒྱུད། །གཟུགས་ཀྱི་རྡོ་རྗེས་གསང་
བའི་མཛོད། །སྒྲ་ཡི་རྡོ་རྗེའི་ལྷ་མོ་ཡིས། །བདེ་བ་དམ་པ་རྟོགས་སྐྱེད་གསུངས། །དྲི་ཡི་རྡོ་རྗེས་སངས་རྒྱས་ཐོད། །རོ་ཡི་རྡོ་རྗེའི་ལྷ་མོ་ཡིས། །རྡོ་རྗེ་བདུད་རྩིའི་རྒྱུད་མཆོག་གསུངས། །བྱམས་པ་མགོན་པོས་རིག་མཆོག་དང་། །ས་ཡི་སྙིང་པོས་སྐུ་གསུང་ཐུགས། །རྡོ་རྗེ་གསང་པའི་
རྒྱན་བཀོད་གསུངས། །གསང་བའི་བདག་པོས་དབང་བསྐུར་རྒྱུད། །ནམ་མཁའི་སྙིང་པོས་དཔལ་ལྡན་ནི། །གསང་བ་ཐིག་ལེའི་རྒྱུད་མཆོག་གསུངས། །འཇིག་རྟེན་དབང་ཕྱུག་མཆོག་གིས་ནི། །པུནྟ་རཱི་ཀ་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་རྩ་བའི་རྒྱུད། །སྒྲིབ་པ་ཐམས་

ཅད་རྣམ་སེལ་བས། །མ་མོ་གྷ་ཡི་རྒྱུད་བསྟན་པ། །ཀུན་ཏུ་བཟང་པོས་གསང་བའི་རྒྱུད། །བྱང་ཆུབ་སེམས་དཔའ་མཆོག་གིས་གསུངས། །གཤིན་རྗེའི་གཤེད་པོས་དགྲ་ནག་པོ། །ཤེས་རབ་མཐར་བྱེད་ཁམས་གསུམ་རྒྱལ། །རྟ་མགྲིན་གསང་
བ་མཆོག་ཏུ་རོལ། །བདུད་རྩི་འཁྱིལ་པས་རྡོ་རྗེ་སྒོ། །མི་གཡོ་མགོན་པོས་གངས་པའི་རྒྱུད། །འདོད་རྒྱལ་ཐབས་ཀྱི་ཞགས་པ་ཕྲེང་། །དབྱུག་སྔོན་གདུག་པ་ཀུན་འདུལ་བ། །སྟོབས་པོ་ཆེ་ཡིས་སྒྲ་རྒྱལ་རྒྱུད། །སུཾ་བྷ་རཱ་ཛ་ས་རྡོ་རྗེས། །གཙུག་ཏོར་རྡོ་རྗེ་
གཙུག་ཏོར་རྒྱུད། །ཁྲོ་བོའི་རྒྱལ་པོ་མཆོག་རྣམས་ཀྱིས། །རིམ་པར་གསུངས་པ་བསྟན་པའོ། །རྩ་བའི་རྒྱུད་གྱུར་སུམ་ཅུ་གཉིས། །རེ་རེ་ལ་ཡང་ཕྱི་ནང་གསང་བ་བཅས། །ཁྱད་པར་ཕྱི་ཡི་འབུམ་ཕྲག་སུམ་ཅུ་དྲུག །ཡི་གེའི་དབྱེ་བ་སྟོང་ཕྲག་སུམ་ཅུ་བཞི། །
བྱང་ཆུབ་སེམས་དཔའ་རིག་མར་བཅས། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་ངེས་པར་གསུངས་པའོ། །འདི་དག་འགྲོ་བའི་དོན་སླད་དུ། །སྔོན་རྒྱུའི་ནུས་པ་རྟེན་ཅན་ལ། །དེ་ཉིད་ཁྲོ་ཆགས་སྐུ་རུ་སྟོན། །བག་ལ་ཉལ་དང་ཕྲ་བ་ཡི། །ཟག་པ་མེད་པའི་
སྤྱོད་ཡུལ་ལ། །ཞི་བ་སྤྲོས་མེད་མཛད་པ་བྱེད། །ཞིང་ཁམས་བྱེ་བ་སྟོང་ཕྲག་ཏུ། །མཛད་པ་རྣམ་པ་ཐ་དད་པས། །གཅིག་ལས་དུ་མ་རྣམ་པར་འཕྲུལ། །སེམས་ཅན་ཁམས་རྣམས་སྐྱེས་པ་དང་། །འབྱུང་བ་གནས་པའི་སྲིད་པ་རུ། །རྒྱུ་དང་རྐྱེན་ལས་
གྲུབ་ཚུལ་དང་། །ཉོན་མོངས་ཁམས་དང་དབང་པོ་དང་། །བག་ལ་ཉལ་སོགས་དྲི་མ་རྣམས། །ཁམས་གསུམ་བརྟན་དང་གཡོ་བ་ཡི། །རྒྱུ་འབྲས་ཕྲ་བའི་ཕྲ་བ་ལ། །ལག་མཐིལ་སྐྱུ་རུ་ར་བཞག་འདྲ། །རྡོ་རྗེའི་སྤྱན་དང་རྡོ་རྗེའི་སྙན། །རྡོ་རྗེའི་ཐུགས་དང་
རྡོ་རྗེ་གནས། །རྡོ་རྗེ་སྤྱོད་པའི་རྫུ་འཕྲུལ་རྣམས། །སངས་རྒྱས་མངོན་ཤེས་ལྔ་དོན་འགྲུབ། །ཡོངས་སུ་མ་དག་ཀླ་ཀློའི་གླིང་། །ཐ་དད་པར་ནི་ཉོན་མོངས་ཅན། །དེ་དག་ཤིན་ཏུ་དུལ་བར་མཛད། །དྲག་པོའི་ཉམས་ནི་གར་དགུ་རོལ། །དབང་ལ་ཆགས་ཚུལ་དྲུག་

ཅུ་བཞི། །རྒྱས་ལ་ཁྱད་པར་བཅུ་དྲུག་སྟེ། །ཞི་བའི་ཚུལ་ནི་བཅུ་གཉིས་ཡིན། །སངས་རྒྱས་ཐམས་ཅད་ཀྱི་ནི་ཡང་། །གསང་བ་ཡོངས་སུ་རྫོགས་པ་ཉིད། །དཔལ་མཆོག་རྟེན་པ་བདུན་པ་སྟེ། །རྟོག་པ་དང་པོ་གླིང་སློང་བ། །གསང་བ་རྒྱས་པར་བསྟན་པ་ཡིན། །རྟོག་པ་གཉིས་
པ་རྡོ་རྗེའི་རིགས། །མཆོག་ཏུ་བརྟག་པ་ཆེན་པོ་ལས། །བརྗོད་བྱ་རྗོད་བྱེད་ཚུལ་ལྡན་པ། །ཏིང་ངེ་འཛིན་དང་བཅས་པའོ། །རྟོག་པ་གསུས་པ་རིན་ཆེན་རིགས། །འོད་ཟེར་སྣང་བའི་ཡེ་ཤེས་ཆེ། །ཐ་དད་མེད་པ་ཆོས་ཀྱི་དབྱིངས། །བྱང་ཆུབ་ཆེན་པོ་བརྗོད་པའོ། །རྟོག་པ་བཞི་པོ་པདྨའི་རིགས། །
མ་ཆགས་བདེ་བ་འོད་འབར་བ། །སོ་སོའི་ཏིང་འཛིན་ལ་ཞུགས་ནས། །རྟོག་པའི་ཡེ་ཤེས་འཆར་བྱེད་པའོ། །རྟོག་པ་ལྔ་པ་ལས་ཀྱི་རིགས། །སྣ་ཚོགས་དོན་ཀུན་སྒྲུབ་བྱེད་པས། །ཤེས་རབ་རལ་གྲི་ཡོངས་གཅོད་པའི། །ཁྱད་པར་བསྒྲུབ་པ་བརྗོད་པའོ། །རྟོག་པ་དྲུག་པ་ཆོས་ཀྱི་དབྱིངས། །
སངས་རྒྱས་དུ་མའི་དགོངས་པ་དག །གཅིག་ཏུ་ཡང་དག་བསྡུས་པ་ནི། །དེ་ཉིད་མཆོག་ཏུ་མི་འགྱུར་བའོ། །རྟོག་པ་བདུན་པ་སྣང་བ་རྒྱས། །ཡེ་ཤེས་ལྔ་ནི་རབ་འབྱུང་བ། །འོད་ཟེར་སྣ་ཚོགས་ཚད་མེད་པ། །བཀོད་པ་མཐའ་ཡས་སྤྲིན་ཚོགས་པས། །རབ་ཏུ་འབར་བའི་འོད་མངའ་བ། །
དཔག་མེད་ཚུལ་འདི་བསྟན་པའོ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ནི། །གཡས་དང་གཡོན་གྱིས་སྦྱར་པ་དང་། །གཡོན་བརྐྱང་དུ་ནི་ཉེར་སྦྱོར་རོ། །ཞལ་གསུམ་ཕྱག་དྲུག་རྣམ་པར་འབྱུང་། །ཁྲོ་བོ་སྐྱིལ་ཀྲུང་ལོངས་སྤྱོད་པས། །ཐམས་ཅད་མ་ལུས་བདུད་འཇོམས་མཛད། །རྟེན་ཅིང་འབྲེལ་ལས་
འབྱུང་བ་ལས། །དངོས་པོ་ཐམས་ཅད་རྣམ་པར་བརྟག །བླ་མ་སངས་རྒྱས་ཆོས་གྱུར་ཅིང་། དགེ་འདུན་ཀྱང་ནི་འདི་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་འགྱུར་བ། །དེ་བས་དཀོན་མཆོག་གསུམ་བདག་ཡིན། །མི་ཤེས་རབ་རིབ་ཀྱིས་ལྡོངས་ལ། །འདི་ནི་ལམ་རབ་སྟོན་བྱེད་ཡིན། །བདེ་བ་ཀུན་
གྱི་མཆོག་གྱུར་དང་། །འདོད་པའི་དོན་ཀུན་སྟེར་བྱེད་ཡིན། །དེ་བས་དེ་དང་མཉམ་པ་ཡི། །མཆོད་བྱ་གཞན་ནི་བྱེད་མ་ཡིན། །དེ་བས་འབད་པ་ཐམས་ཅད་ཀྱིས། །བརྟུལ་ཞུགས་ལྡན་པས་བླ་མ་མཆོད། །དེ་མཉམ་འགྲོ་བ་འཇིག་རྟེན་ན། །ཁམས་གསུམ་ཀུན་ལས་མི་རྙེད་དེ། །རྡོ་རྗེ་སེམས་དཔའ་

འཇིག་རྟེན་དུ། །ཕུན་སུམ་ཚོགས་པ་སྟོན་ཕྱིར་གསུངས། །རྣལ་འབྱོར་པ་འདི་ཅི་སྤྱོད་ཀྱང་། །ཐམས་ཅད་དུ་ནི་སྨད་མི་བྱ། །རྟོག་པ་ཀུན་ལས་རྣམ་གྲོལ་ཕྱིར། །ཇི་ལྟར་འདོད་པར་བྱ་བ་མེད། །དེ་ནི་དངོས་ཀུན་ངོ་བོ་སྟེ། །ཁྱབ་བདག་སངས་རྒྱས་ཀུན་རང་བཞིན། །རང་བྱུང་ཇི་ལྟར་འདོད་
བ་སྤྱད། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །དེ་ཉིད་ཐམས་ཅད་བླ་ན་མེད། །འདི་ནི་རྣལ་འབྱོར་དབང་པོ་མཆོག །རྣལ་འབྱོར་སྐྱེས་བུར་བཤད་པ་སྟེ། །རྗེས་སུ་རྣལ་འབྱོར་རིགས་པ་མཆོག །གཉིས་འདུས་ཤིན་ཏུ་རྣལ་འབྱོར་ཏེ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ཆེ། །རྣལ་
འབྱོར་དེ་ནི་སངས་རྒྱས་འགྱུར། །ཡེ་ཤེས་རྒྱ་མཚོ་དམ་པ་ཉིད། །འོ་མའི་རྒྱ་མཚོ་བསྲུབས་པ་ལས། །མར་ནི་ཤིན་ཏུ་འདུ་བ་ལྟར། །དབའ་རླབས་འདུས་པས་སྟོབས་གྱུར་པ། །གཞན་ཡང་ཐམས་ཅད་སྐྱེ་འགྱུར་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པ་དང་། །བརྟན་དང་གཡོ་
བའི་ཆོས་ཀུན་གྱིས། །སྲིད་གསུམ་བདག་པོ་རྣམ་པར་འཕྲུལ། །དེ་ལྟར་བདུད་རྩི་ལས་ནི་ལངས། །ཉན་ཐོས་རང་རྒྱལ་འབྱུང་བ་དང་། །བྱང་ཆུབ་སེམས་དཔའི་ས་ལས་ནི། །ཁྱད་པར་འགྲོ་བ་གཅིག་པ་ཉིད། །རྡོ་རྗེ་འཛིན་པ་ས་དགེ་བ། །བཅུ་གསུམ་དུ་ཡང་རྣམ་བཤད་པ། །
གྲུ་གསུམ་རྣམ་པར་འབྱུང་བ་ནི། །འདིར་ནི་ཆོས་ཀྱི་འབྱུང་གནས་བརྗོད། །མེ་ལོང་ནང་གི་གཟུགས་བརྙན་ནི། །ཇི་ལྟར་ཀུན་དུ་སྣང་གྱུར་པ། །དེ་བཞིན་གཉིས་མེད་ཡེ་ཤེས་འདིར། །སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །རྣམ་པར་
རྟོག་པའི་རྒྱན་གྱིས་བརྟགས། །རང་བྱུང་གཅིག་ཉིད་གཉིས་སུ་མེད། །སེམས་ཅན་བསམ་པའི་དབང་གིས་ནི། །ལྟ་དང་གྲུབ་མཐའ་སྣ་ཚོགས་བསྟན། །ཐ་དད་ལྟ་བར་འཇིག་རྟེན་པ། །ཀུན་མཁྱེན་གཅིག་བུ་གཉིས་སུ་མེད། །གང་དུ་བདག་དང་ཕྱག་རྒྱ་དག །
གཉིས་མེད་བདེ་བས་བརྒྱལ་གྱུར་ཚེ། །དེ་ཡི་བདེ་བས་ཀུན་ཁྱབ་བྱེད། །ཆོས་ཀུན་ངོ་བོ་གཅིག་པར་ནི། །ཡེ་ཤེས་འདུ་འབྲལ་མེད་པ་ཉིད། །རྣལ་འབྱོར་པ་ཡི་གསང་བ་ཡིན། །དགའ་བ་སྐྱེད་བྱེད་བཟང་པོ་སྟེ། །མ་ལུས་དོན་གྱི་འབྲས་རབ་སྟེར། །དངོས་པོའི་

བདུད་རྩིས་ལུས་གང་ཞིང་། །ནོར་བུ་རིན་ཆེན་སྟེན་པར་མཉམ། །ཡོན་ཏན་མཐའ་ཡས་འབྱུང་བའི་གཞི། །བདེ་བ་རྡོ་རྗེ་ཅན་གྱི་གནས། །ཉོན་མོངས་ཡེ་ཤེས་གནས་གྱུར་པས། །མྱུར་དུ་བགྲོད་པའི་གོ་འཕང་གིས། །རོ་མཉམ་མི་མཉམ་འཕེལ་བ་ལས། །བདེ་
བས་མ་ལུས་ས་གསུམ་པོ། །ཐམས་ཅད་ཚིམ་པར་བྱེད་པ་པོ། །གཉིས་མེད་ཡེ་ཤེས་རྒྱ་མཚོ་ལས། །འགྲོ་བའི་ནོར་བུ་སྟེར་བྱེད་པ། །དེད་དཔོན་ཆེན་པོ་འདིར་གནས་པ། །བླ་མའི་གཟུགས་སུ་གང་བྱུང་བ། །ང་ཉིད་ཐུགས་རྗེ་དེར་ཞུགས་པ། །མི་ཡི་གཟུགས་སུ་
ཉེར་བསྟན་པའོ། །དེ་ནས་འདི་ནི་གསུངས་ཙམ་གྱིས། །མི་ཕྱེད་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན། །རབ་ཏུ་དགའ་ཞིང་ཡི་རངས་ཏེ། །དགྱེས་པས་ཡོངས་སུ་ཁྱད་པར་འགྱུར། །དེ་ནི་གསང་བའི་ཆོས་ཅན་ཡིན། །རྡོ་རྗེའི་གདན་དུ་
བཞུགས་ནས་ཀྱང་། །མཉམ་པའི་སྐྱིལ་ཀྲུང་ཚུལ་གནས་ནས། །ཉི་མ་སྣང་བ་མཆེད་པའི་ཆ། །གསལ་ལ་སྣང་བ་མཚན་མོའི་ཆ། །མཚམས་ལས་ཐོབ་པ་མུན་པར་བཅས། །དུག་གསུམ་རང་བཞིན་ཀུན་རྣམས་ལས། །ངེས་འབྱུང་བསྙེན་པས་རྩ་གནས་ལས། །ཟག་
བཅས་འབྱུང་བ་ཟློག་པར་བྱེད། །བསྒྲུབ་པས་ཡི་གེ་གསང་བ་ལས། །ཐོས་པས་སྒྲ་རྣམས་དབྱངས་དབྱུང་ཉིད། །ཉེར་སྒྲུབ་ཤིན་ཏུ་མི་ཤིགས་པ། །ཁམས་ལས་བདུད་རྩི་དངས་པར་གྱུར། །སྲོད་དུས་མུན་པའི་སྨག་རུམ་དུ། །བདུད་བཅོམ་ལྷ་ཡི་བུ་ཡི་ཚོགས། །རྒོལ་བ་ངན་
པ་ཟློག་གྱུར་ཅིང་། །དེ་ཉིད་ཀུན་དུ་བརྩམས་པའོ། །ཐོ་རངས་དུས་སུ་འདས་ཆ་ལས། །ཤིན་ཏུ་ཉེར་ཐོབ་རང་བྱུང་ལས། །བཅུ་དང་བརྒྱད་དུ་མཐར་སོན་ཚེ། །སྐྱ་རེངས་ངེས་པར་འཆར་དུས་སུ། །མངོན་པར་བྱང་ཆུབ་ལེགས་མཐོང་བ། །འདི་ནི་མཆོག་ཏུ་འབྱུང་བ་ཉིད། །
གསང་བ་ཡང་དག་རྫོགས་སངས་རྒྱས། །བསྒོམ་པ་མཆོག་གིས་བསྒྲུབ་འགྱུར་པའོ། །འདི་ནི་ཐབས་དང་ཤེས་རབ་དག །གཉིས་མེད་ཡེ་ཤེས་སྙོམས་འཇུག་པས། །དེ་ཡི་ཆོས་ཀྱི་འབྱུང་གནས་སུ། །བདེ་ཆེན་སྒྱུ་མའི་རོལ་བ་ཡི། །ཀུན་དུ་དབང་བསྐུར་གྱུར་པར་ནི། །

དངོས་གྲུབ་ཡེ་ཤེས་ཐོབ་བྱེད་ཡིན། །སྔ་མ་འཇིག་རྟེན་ལོག་རྟོག་དག །དགག་ཕྱིར་མི་རྟག་གཟུགས་སུ་བརྟན། །དེ་ཉིད་ཡོངས་སུ་དག་པ་ཡིས། །རྒྱུན་མི་འཆད་པར་གནས་བསྒྱུར་བས། །གཞོན་ནུའི་ཚུལ་དུ་བསྟན་པ་སྟེ། །འགྲོ་ཀུན་རང་དབང་མེད་པ་སྟེ། །ཐམས་
ཅད་མཁྱེན་པའི་སྤྱོད་ཡུལ་ལོ། །དེ་ལྟར་ཡེ་ཤེས་གནས་ཐོབ་པས། །སྐད་ཅིག་གིས་ནི་སངས་རྒྱས་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ། མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་
སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པ་དག་པ་བསམ་པ་སྣ་ཚོགས་པའི་དོན་རབ་ཏུ་བསྒྲུབ་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་ཡེ་ཤེས་གསང་བའི་སྤྱོད་ཡུལ་ཕུན་སུམ་
ཚོགས་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་གདུལ་བྱའི་སྐྱེ་བོའི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་མཛད་པས་ཡོངས་སུ་སྟོན་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་སླར་རབ་ཏུ་འདུད་ཅིང་མཆོད་པ་རྣམ་པ་དུ་མས་ཡོངས་སུ་མཆོད་ལ་གསང་བའི་དོན་འདི་
དག་རབ་ཏུ་ཞུས་སོ། །དེ་ནས་གསང་བ་འཛིན་པ་པོས། །མི་འགྱུར་བ་ནི་རྒྱས་པའི་ཚུལ། །མགོན་པོ་བྱང་ཆུབ་ཆེན་པོ་ནི། །ཟབ་དང་རྒྱ་ཆེའི་གནས་འདི་གསུངས། །དུས་གསུམ་སངས་རྒྱས་ཕྱོགས་བཅུ་ཡི། །གནས་སོགས་ཞིང་ཁམས་མ་ལུས་པའི། །རྒྱལ་
བ་འཁོར་དང་བཅས་པ་ནི། །ཏིལ་འབྲུ་ལྟ་བུ་གང་བ་ཡི། །མ་ལུས་རྒྱ་མཚོའི་དབུས་བཞུགས་ལ། །གསང་བ་དམ་པ་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཡང་དང་ཡང་དུ་བསྐུལ་བར་བྱ། །འདི་ནི་སྔགས་རྣམས་ཐམས་ཅད། །དམ་ཚིག་མཆོག་
ཏུ་བརྟག་པའོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཀུན་དུ་རྣམ་པར་འཕྲུལ་བའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་རལ་པ་གཅིག་མའི་དམ་ཚིག་ཆེན་པོའི། །རྒྱལ་མོ་རྡོ་རྗེ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །ཨོཾ་བཛྲ་ཨེ་ཀ་ཛ་ཊི་ཁུ་ལི་ནི་སྭཱ་ཧཱ། །རྡོ་རྗེ་རལ་པ་གཅིག་མ་ཡི། །གསང་བ་ཡེ་ཤེས་རང་བྱུང་བས། །ཞལ་གསུམ་པ་ལ་ཕྱག་དྲུག་མ། །ཁ་དོག་མཐིང་ནག་འབར་མ་ཆེ། །གཡས་གཡོན་དཀར་དང་དམར་བའི་མདངས། །གྲི་གུག་ཐོད་
པ་འཛིན་པར་མཛད། །རྡོ་རྗེ་དང་ནི་ཐོད་དབྱུག་ནི། །གཡས་པའི་ཕྱག་ཏུ་བསྣམས་པར་བསྒོམ། །དྲིལ་བུ་རྡོ་རྗེའི་ཞགས་པ་ནི། །གཡོན་པའི་ཕྱག་ཏུ་བསྣམས་པར་བསྒོམ། །རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། །ཤིན་ཏུ་སྒེག་ཅིང་འགྱིང་བར་བསམ། །འདི་ནི་ཀླུ་ཡི་བུ་མོ་རྣམས། །
རབ་ཏུ་འགུགས་པའི་མཆོག་གྱུར་པ། །ས་གཡོ་བ་ཡི་དུས་སུ་ནི། །གསང་སྔགས་འདི་ནི་བརྗོད་པར་ཤེས། །དེ་ནས་འདི་ནི་གསུངས་ཙམ་གྱིས། །ཀླུ་ཡི་བུ་མོ་མཐུ་ཆེན་རྣམས། །ཚིག་པར་གྱུར་ཅིང་གོས་དང་བྲལ། །སངས་རྒྱས་བྱང་ཆུབ་རྗེས་སུ་དྲན། །གསང་སྔགས་
རིག་པ་འདི་ཡིས་ནི། །ཀླུ་རྣམས་འགུགས་པའི་མཆོག་ཏུ་འགྱུར། །ཀླུ་ཡི་བུ་མོ་མིག་བཟངས་རྣམས། །བཀུག་ནས་ཉེ་བར་སྤྱད་པར་བྱ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོས་ཆེན་པོའི་དམ་
ཚིག་འདི་རྡོ་རྗེ་ཁྲོ་གཉེར་མ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཨོྃ་སརྦ་བྷ་ཡ་ནཱ་ཤ་ཡ་ཏྲ་ས་ནི་ཏྲ་ས་ཡ་ཏྲ་སེ་ཡཱ་བྷ་ཏ་རི་བྷྲྀ་ཀུ་ཊི་ཏི་དྷི་བྷེ་རེ་ཏཱི་ཥཱི་ཏཱ་ཤེ་ཏ་ཛ་ནི་ཎི་སྭཱ་ཧཱ། །རྡོ་རྗེའི་ལྷ་མོ་ཁྲོ་གཉེར་ཅན། །སྐུ་མདོག་སྔོ་ལྗང་དངས་པ་ལ། །ཞལ་གསུམ་ཕྱག་དྲུག་སྤྱན་
གསུམ་མ། །གཡས་དཀར་གཡོན་དམར་ཅུང་ཟད་ཁྲོས། །དང་པོ་གཉིས་ཀྱིས་བདེ་བར་ནི། །ཐུགས་ཀར་བསྣོལ་བས་འཁོར་ལོ་དང་། །རིན་ཆེན་འབར་བ་འཛིན་པའོ། །རལ་གྲི་དང་ནི་རྩེ་གསུམ་པ། །གཡས་པས་ངེས་པར་འཛིན་པར་མཛད། །སྡིགས་
མཛུབ་ཞགས་པ་བུམ་པ་ནི། །གཡོན་དུ་ངེས་པར་འཛིན་པའོ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པར་བསམ། །སྐུ་ལ་འབར་བའི་འོད་འཕྲོ་བས། །གནོད་པ་མ་ལུས་ཞི་བྱེད་བསམ། །འདི་ནི་གསུངས་མ་ཐག་ཏུ་ཡང་། །རིག་

པ་འཛིན་པའི་རྒྱལ་པོ་ཀུན། །རབ་ཏུ་འདར་བར་གྱུར་ནས་ནི། །ཡེ་ཤེས་རྒྱལ་པོ་རྗེས་སུ་དྲན། །རིག་པ་འཛིན་པའི་ལྷ་མོ་མཆོག །གསེར་གྱི་རྣ་ཆ་གཡོན་པ་རྣམས། །སྔགས་ཀྱི་རིག་པ་འདི་དང་ནི། །དམ་ཚིག་ལ་སོགས་པས་བཀུག་བྱ། །གང་དུ་ཕྲིན་ལས་མ་ལུས་
པ། །གསང་བ་མཆོག་ཏུ་བསྒྲུབ་པ་ནི། །འགོག་པའི་རྒྱལ་པོ་རྡོ་རྗེ་འཛིན། །ཡོངས་སུ་རྫོགས་པ་མཛེས་མཆོག་གིས། །ཡེ་ཤེས་རྡོ་རྗེ་གསུམ་ལས་འབྱུང་། །ཀུན་ནས་དེ་མ་ཐག་ཏུ་འགྱུར། །དེ་ནས་བཅོམ་ལྡན་འདས་ཀུན་ནས་དབྱངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་ནས་རྡོ་རྗེ་ཆེན་པོའི་བསྒོམ་པའི་དམ་ཚིག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཙུྃ་ཨོཾ་མ་ཧཱ་བིདྱཱ་དྷ་ར་ཙ་ལི་ཙུ་ལི་ཙུནྟ་ལེ་ཛྙཱ་ན་བི་ཤུད་དྷ་སརྦ་དྷ་རྨཱ་བུདྡྷེ་སྭཱ་ཧཱ། །ཉི་མའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའི་རྡོ་རྗེའི་དབུས་སུ་བསམ། །ཀུན་
ནས་འབར་བའི་ཡེ་ཤེས་སྤྱན། །སངས་རྒྱས་སྤྲིན་གྱི་ཆོ་ག་ཡིས། །རྡོ་རྗེ་གསུམ་གྱི་གནས་ཆེན་ནི། །ལུས་དང་ངག་དང་སེམས་ལ་དབབ། །ལྷ་མོ་སྐུལ་བྱེད་རྡོ་རྗེ་བསམ། །ཞལ་གསུམ་པ་ལ་ཕྱག་དྲུག་མ། །དང་པོ་གཉིས་ཀྱིས་རྡོ་རྗེ་དང་། །པདྨ་འབར་བ་བསྣམས་
པའོ། །རིན་ཆེན་ནོར་བུ་རྡོ་རྗེ་སྤྲིན། །ཟླ་བ་ཆུ་ཤེལ་འབར་བ་དང་། །ཕྱག་གཞན་རྣམས་ཀྱིས་འཛིན་པར་མཛད། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བསམས་ལ་སྔགས་ཀྱི་ཡི་གེ་དགོད། །ནད་རྣམས་མ་ལུས་ཞི་བྱེད་པ། །
གསང་བ་ཡེ་ཤེས་རྒྱ་མཚོ་ཉིད། །བདེ་བ་མཆོག་ཏུ་བསམ་པར་བྱ། །འདི་ན་ཞི་བའི་ལས་བསྒྲུབ་པ། །གསང་བ་ཉེ་བར་བསྡུས་པའོ། །རྡོ་རྗེའི་དམ་ཚིག་ཡེ་ཤེས་ཀྱི། །འོད་ཅེས་བྱ་བའི་ཏིང་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དཔའ་བོ་
རྡོ་རྗེ་དེ་བཞིན་གཤེགས་པས་རྡོ་རྗེ་བསམ་གཏན་གྱི་དམ་ཚིག་གི་མཆོག་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཱི། ཨོཾ་ཨ་བཛྲ་ཡཀྵ་གརྦྷ་ཡ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། །སངས་རྒྱས་དཀྱིལ་འཁོར་འོད་བཟང་པོ། །ནམ་མཁའ་དབྱིངས་ཀྱི་དབུས་སུ་བསམ། །

རྡོ་རྗེ་གསུམ་སྦྱོར་བ་ཡིས། །སྐྱེད་པ་འདི་ནི་རྣམ་པར་བསམ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །མ་རྒད་ཏ་དང་ཆ་དགུ་པ། །འཁོར་ལོ་ཨུཏྤལ་སྡོང་བུ་དང་། །རལ་གྲི་འབར་བ་བསྣམས་པར་བསམ། །རྒྱན་རྣམས་ཐམས་ཅད་ཡོངས་
རྫོགས་པ། །ཅུང་ཟད་སེར་པོ་རྡོ་རྗེ་འགྱིང་། །ཞི་བ་ཐོར་ཚུགས་དབུ་རྒྱན་ཅན། །དེ་བསམས་རྒྱས་པའི་ལས་ཀུན་ལ། །མྱུར་བ་ཉིད་དུ་གྲུབ་པར་བྱེད། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །རྡོ་རྗེ་དཔའ་བོའི་རླབས་ཀྱི་ཕྲེང་བ་
ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ལུས་དང་ངག་དང་སེམས་བསྒོམ་པ། །སྦྱོར་ཚུལ་ཉིད་ཀྱིས་བྱ་བ་སྟེ། །འདིས་ནི་དངོས་གྲུབ་མྱུར་འཐོབ་བྱེད། །དམ་ཚིག་བསྐུལ་བ་བྱང་ཆུབ་སེམས། །འགྲོ་བའི་དོན་དུ་རབ་འཇུག་པ། །རྡོ་རྗེ་གསུམ་
དབྱེར་མེད་གཟུགས་ཅན། །དེ་ཉིད་ལས་ཀྱི་ཕྱག་རྒྱར་བརྗོད། །དམ་ཚིག་སྟོང་པ་བདེ་བ་ཆེ། །འོད་ཟེར་སྤྲོ་ཞིང་སྡུད་པར་མཛད། །འགྲོ་ལ་དངོས་གྲུབ་རྒྱུན་བྱེད་པས། །ཆོས་ཀྱི་ཕྱག་རྒྱ་ཡེ་ཤེས་ཆེ། །གསང་བ་དམ་ཚིག་བོད་པ་ནི། །སྲོག་གི་སྙིང་པོར་གྱུར་པ་
ཡི། །ས་བོན་སྔགས་ལས་རབ་གྲུབ་པ། །དེ་ཉིད་ལས་ནི་འདའ་མི་བྱེད། །རྩ་གསུམ་རླུང་གསུམ་སྐུ་གསུམ་ནི། །ཐིག་ལེ་སྔགས་ཀྱི་སྦྱོར་བས་ནི། །བཅིང་བ་རབ་གྲོལ་ཕྱག་རྒྱ་ཆེ། །དེ་ཉིད་སྐུ་གསུམ་དག་པའི་བདག །སྐུ་དང་གསུང་དང་ཐུགས་དང་
ནི། །དབྱེར་མེད་རྡོ་རྗེའི་དམ་ཚིག་གནས། །དབང་བཞིའི་ལམ་གྱི་དམ་ཚིག་ལས། །རང་གི་ངོ་བོའི་དམ་ཚིག་དང་། །སྤྱོད་པའི་ལམ་དང་ལྡན་པ་དང་། །ལོངས་སྤྱོད་ཡན་ལག་དམ་ཚིག་སྟེ། །གསང་བ་བསྲུང་བའི་གནས་དང་ནི། །དེ་ཉིད་བཟའ་བའི་དམ་ཚིག་སྟེ། །
རྣམ་པ་རང་བཞིན་ངོ་བོ་དང་། །མཚན་ཉིད་ལྡན་པས་དང་པོ་ཡིན། །སྣང་བ་རང་བཞིན་བདག་ཉིད་ཅན། །དབྱེར་མེད་སྦྱོར་བའི་ཚུལ་ལྡན་པ། །རིགས་སུ་དབྱེ་བ་ཁྱད་པར་གང་། །རིགས་སུ་སྒྲུབ་པ་ཐུན་མོང་ཚུལ། །འདི་དག་གསུམ་པའི་དོན་བསྟན་པའོ། །ལོངས་

སྤྱོད་ཐོབ་བྱ་མི་གནས་ཚུལ། །འདི་ནི་དམ་ཚིག་དག་པར་བརྗོད། །འདིས་ནི་དམ་ཚིག་རྒྱ་མཚོ་ཡི། །སྔགས་ཀྱི་གསང་བ་བསྡུས་པའོ། །སེམས་ནི་རབ་ཏུ་དང་བས་རྩེ་གཅིག་རྡོ་རྗེ་ཉིད་དུ་གྱིས། །དམ་ཚིག་གསང་བ་མི་ཟད་རྒྱ་མཚོ་རབ་བསྟེན་ན། །དེ་རིང་ཚེགས་
ཆུང་བདེ་བས་འགྲོ་བའི་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཉིད་རྟག་པ་ཉིད་དུ་མངོན་དུ་འགྱུར། །རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མ་ལས་ཁམས་གསུམ་ས་རྣམས་ཀུན། །དབང་ཕྱུག་དེ་ཡི་ལོངས་སྤྱོད་
ཅིང་། །བདག་ཉིད་སངས་རྒྱས་ཐམས་ཅད་དེ། །རྒྱལ་སྲས་ཐམས་ཅད་བདག་ཉིད་ཡིན། །ཕུང་པོ་འདི་དག་སངས་རྒྱས་ཏེ། །རྫོགས་པའི་བྱང་ཆུབ་རྐྱེན་དུ་གྱུར། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །དེ་ཉིད་དེ་བཞིན་གཤེགས་པའི་མཆོག །མ་ལུས་སངས་
རྒྱས་རྒྱུ་ཅན་ཏེ། །རྒྱལ་བ་རྒྱ་མཚོའི་འབྱུང་གནས་སེམས། །དཀྱིལ་འཁོར་སྤྲོ་དང་སྡུད་པའི་གནས། །བླ་ན་མེད་པ་ཚད་མེད་མཆོག །མཁས་བརྩོན་སྤྲོ་བའི་ལས་བདག་ཉིད། །ཤིན་ཏུ་རྨད་བྱུང་ཡེ་ཤེས་ཅན། །བླ་ན་མེད་པའི་ཆེན་པོའོ། །སེམས་བསྐྱེད་སྨོན་
དང་