Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 080_རྒྱུད་འབུམ།_ང
Văn bản gốc(Tây Tạng)
Trang 17 / 21 (50.000 ký tự/trang)
་བོ་འདི། །འོད་ཟེར་ཉི་མ་བྱེ་བ་ཡི། ། སངས་རྒྱས་ལྔ་ཡི་ས་བོན་གྱིས། །རྡོ་རྗེའི་རྩེ་མོ་རྣམ་པར་བསམ། །དབུས་སུ་རྣམ་པར་སྣང་མཛད་དགྱེས། །ཤར་དུ་དེ་བཞིན་མི་བསྐྱོད་པ། །རིན་ཆེན་ས་བོན་ལྷོ་ཉིད་དུ། །དེ་བཞིན་ནུབ་ཏུ་འོད་དཔག་མེད། །བྱང་ཕྱོགས་སུ་ནི་དོན་ཡོད་གྲུབ། །ས་བོན་ ལྔ་ནི་རྣམ་པར་བསྒོམ། །པདྨ་བྱང་ཆུབ་ཡན་ལག་བརྒྱད། །ཇི་བཞིན་ས་ལ་རབ་ཏུ་བརྟག །དབུས་སུ་སྙིང་པོ་སྒོང་ལ། །རྣམ་པར་ཤེས་པའི་བདག་ཉིད་ཐིམ། །པདྨ་བརྒྱད་པའི་རྩེ་མོར་ནི། །མངའ་བདག་དེ་བཞིན་རྣམ་སྣང་མཛད། །ཤར་དུ་ ལྷ་མོ་སྒྲོལ་མ་འདི། །བྱང་དུ་ལྷ་མོ་སངས་རྒྱས་སྤྱན། །ནུབ་ཏུ་བསམ་པ་གོས་དཀར་མོ། །དེ་བཞིན་ལྷོ་རུ་མཱ་མ་ཀཱི། །འོད་ཟེར་འབར་བ་རྣམ་མང་པོར། །འཇིགས་པ་མེད་པར་བསྒོམ་པར་བྱ། །རྡོ་རྗེ་ལས་ནི་ལྷ་ཡི་ལུས། །བཞུགས་ བ་རུ་ནི་རྣམ་པར་བསམ། །སྤྱན་གསུམ་ཕྱག་ནི་དྲུག་པའོ། །ཁ་དོག་སྔོན་པོ་རབ་ཏུ་མཛེས། །རྡོ་རྗེ་ཡི་ནི་ཅོད་པན་ཅན། །དར་གྱིས་བཅིངས་ཤིང་རྣམ་པར་འཕྱང་། །རྒོད་ཅིང་ཁྲོ་དང་སྒེག་པ་དང་། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྟེང་དུ་ རལ་གྲི་འཕྱར་བ་དང་། །གཉིས་པ་ལ་ནི་དེ་བཞིན་གཞུ། །གསུམ་པར་རྡོ་རྗེ་གདེངས་པ་གསོར། །གཡོན་པའི་སྟེང་དུ་ཁ་ཊྭཱྃ་དང་། །གཉིས་པས་ལྷ་མོའི་ནུ་མ་འཚིར། །གསུམ་པས་དྲིལ་བུའི་སྒྲ་སྒྲོགས་ཤིང་། །རབ་ཏུ་མཛེས་པའི་ན་བཟའ་མནབས། །སྟག་ གི་པགས་པའི་ཤམ་ཐབས་ཅན། །རྒྱན་ཀུན་ཕུན་སུམ་ཚོགས་པ་དང་། །མེ་ཏོག་ཕྲེང་བས་རབ་ཏུ་བརྒྱན། །གཡོན་དུ་ལྷ་མོ་སྒྲོལ་མ་ནི། །ཕྱག་གཅིག་གིས་ནི་འཁྱུད་པ་དང་། །གཅིག་གི་ཕྱག་ན་ཐོང་པ་ནི། །བདུད་རྩིའི་ཆུ་དང་ཡང་དག་ལྡན། །མཱ་མ་ ཀཱི་ཡང་དེ་བཞིན་དུ། །གཅིག་གི་ཕྱག་གིས་མངོན་པར་འཁྱུད། །གཅིག་གི་ཕྱག་གི་ཐོད་པ་ན། །ཁྲག་དང་ཤ་ཡིས་གང་བའོ། །སྤྱན་མ་རྒྱབ་ཏུ་ཀུན་ནས་བསམ། །ཕྲེང་པས་ཕྱག་ནི་བརྒྱན་པ་དང་། །གཏོར་མ་སྤྱངས་པའི་ཕྱག་གཉིས་པ། །མདུན་དུ་སྣོད་ལ་རྣམ་པར་བལྟ། །དེ་ལྟར་ བདག་ཉིད་ལྔ་ཡི་ལུས། །ལུས་ལ་ཀུན་ནས་ཡང་དག་གནས། །ཤར་དུ་ལྷ་མོ་མེ་ཏོག་མ། །ལྷོ་རུ་སྤོས་དང་ཡང་དག་ལྡན། །ནུབ་ཏུ་མར་མེའི་ལག་པ་མ། །བྱང་དུ་དྲི་ཡི་ལྷ་མོའོ། །དབང་ལྡན་དུ་ནི་སྒེག་མོ་ཉིད། །དེ་བཞིན་མེ་ཕྱོགས་ཕྲེང་བ་མ། །བདེན་བྲལ་ ཕྱོགས་སུ་དབྱངས་མ་དང་། །རླུང་དུ་གར་མ་བརྒྱད་པའོ། །ཉི་མ་བྱེ་བ་བརྒྱ་སྟོང་གི། །འོད་ཟེར་རྣམ་པ་མང་པོའི་མདོག །སངས་རྒྱས་སྤྲིན་ལྟར་འཕྲོ་བ་ནི། །སེམས་ཅན་སྒྲོལ་ལ་མཆོག་ཏུ་བརྩོན། །བདག་ཉིད་ལྷ་དང་ལྷ་གཞན་ནི། །བདག་ཉིད་ལྷ་ནི་ མཆོག་ཡིན་ནོ། །བདག་ཉིད་གཟུགས་སུ་མི་ནུས་པས། །གཟུགས་བརྙན་ལ་སོགས་བསྒོམ་པར་བྱ། །ཕྱིས་ནི་དེ་ཡི་མདུན་ཉིད་དུ། །མཁས་པ་ཡིས་ནི་མཆོད་པར་བྱ། །དེ་ཉིད་པདྨ་བསམ་པ་དང་། །དེ་ཉིད་གཞལ་ཡས་ཁང་པ་བསམ། །སྔོན་དུ་གསུངས་ པའི་གདན་ལ་ནི། །དེར་ནི་ཉི་མས་མངོན་པར་གཡོགས། །སྣ་ཚོགས་རིན་ཆེན་མཆོད་པ་དང་། །སྣ་ཚོགས་དར་ནི་མངོན་པར་དབྱངས། །ལག་གཉིས་ཐལ་མོ་སྦྱར་བྱས་ནས། །པདྨའི་ཚུལ་དུ་ཁ་ཕྱེ་ལ། །ཨོཾ་ཀམ་ལ་ཨུད་བྟ་བེ་ཤྲཱི་སྭཱ་ཧཱ། པདྨའི་སྔགས་ དང་ཕྱག་རྒྱའོ། །རང་གི་དབུགས་ལ་ཕྱུང་ནས་ནི། །རྡོ་རྗེ་མདུན་དུ་རྣམ་པར་བསྒོམ། །ལག་གཉིས་ཁུ་ཚུར་བཅངས་ནས་ནི། །སྡིགས་མཛུབ་གཡོན་པའི་མཐེའུ་ཆུང་དཀྲི། །ལྕགས་ཀྱུ་ཡི་ནི་རྣམ་པའོ། །ཨོྃ་བཛྲ་ཨྃ་ཀུ་ཤ་ཛཿ། རྡོ་རྗེ་ལྕགས་ཀྱུའི་ སྔགས་དང་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས། །སྡིགས་མཛུབ་གཉིས་ནི་དཀྲི་བྱས་པ། །ཞགས་པ་ཡི་ནི་རྣམ་པའོ། །ཨོྃ་བཛྲ་བཱ་ཤ་ཧཱུྃ། ཞགས་པའི་སྔགས་དང་ཕྱག་རྒྱའོ། །ཇི་ལྟར་བདག་ཉིད་གཟུགས་བརྙན་བཞིན། །དེ་ལྟར་མདུན་ དུའང་རབ་བསམ་བྱ། །ལྷ་མོ་བརྒྱད་ནི་ཀུན་རྫོགས་པ། །ཁྲོ་བོའི་རྒྱལ་པོ་བཞི་པར་རོ། །ཤར་དུ་གཤིན་རྗེ་མཐར་བྱེད་དངོས། །ལྷོ་རུ་དེ་བཞིན་བགེགས་མཐར་བྱེད། །ནུབ་ཏུ་པདྨ་མཐར་བྱེད་པ། །བྱང་དུ་ཁྲོ་བོ་སྐྱོང་པའོ། །ལག་གཉིས་རྡོ་རྗེ་ཁུ་ཚུར་ བཅིངས། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །ཨོཾ་བཛྲ་སྥོ་ཊ་བྃ། རྡོ་རྗེ་ལྕགས་སྒྲོག་གི་སྔགས་དང་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་ཁུ་ཚུར་བཅངས། །མཐེའུ་ཆུང་གཉིས་ནི་སྦྱར་བར་བྱ། །ཨོཾ་བཛྲ་གྷཎྜེ་ཧོཿ། རྡོ་རྗེ་དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །ལག་ པ་ལྕགས་སྒྲོག་ཕྱག་རྒྱ་ལས། །སོར་མོ་དབུས་མ་བརྐྱང་བྱས་ལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཻ་རོ་ཙ་ན་ས་མཱ་དྷི། བི་ཤྭ་ཡེ་གྷུ་ཡ་པ་ཛ་བྷི་ཥཻ་སྭཱ་ཧཱ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ་ཧོ་ཧོ་ཧོ། ཧྲི་ཧྲི་ཧྲི་ཧྲི་སྭཱ་ཧཱ། བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའི་སྔགས་ དང་ཕྱག་རྒྱའོ། ཨོྃ་ཏཱ་རེ་ཏུཏྟ་རེ་ས་ཏ་ཀྵི་ཏཱ་ཧཱུྃ་སྭཱ་ཧཱ། ལྷ་མོ་སྒྲོལ་མའི་སྔགས་སོ། །ཨོྃ་ཧི་ལི་ཧི་ལི་བ་ལི་སྭཱ་ཧཱ། གོས་དཀར་མོའི་སྔགས་སོ། །ཨོྃ་ཏ་ར་སརྦ་ཏ་ན་ཧཱུྃ་ཕཊ། མཱ་མ་ཀཱིའི་སྔགས་སོ། །ཨོཾ་བུདྡྷ་བི་བུདྡྷ་ཡ་ཧཱུྃ། སངས་རྒྱས་ སྤྱན་གྱི་སྔགས་སོ། །སྡིགས་མཛུབ་གཉིས་དང་གུང་མོ་ནི། །དབུས་དང་དབུས་སུ་སྦྱར་བར་བྱ། །མཐེ་བོང་ངོས་སུ་སྦྱར་བ་ནི། །ལྷ་མོ་བཞི་ཡི་ཕྱག་རྒྱའོ། །མ་ནིང་ཡི་གེ་བཞི་པ་ནི། །མེ་ཏོག་མ་ལ་སོགས་པ་དང་། །སྒེག་མོ་ཡི་ནི་སྔགས་ཉིད་ ཡིན། །གཡས་བརྐྱང་རྐང་བ་ཡང་དག་གནས། །སྡིགས་མཛུབ་སྙིང་གར་སྦྱིན་བྱས་ནས། །དབུང་པ་མདུན་ནས་བརྐྱང་བྱས་ནས། །སེ་གོལ་ཧཱུྃ་གི་རྣམ་པ་དང་། །ལྷན་ཅིག་ཏུ་ནི་སྦྱར་བྱས་པ། །འདི་ནི་ཁྲོ་བོའི་ཕྱག་རྒྱའོ། །ཨོྃ་ཨཱ་ཡུཿཔཱ་ལ་པྲ་ཏི་ རཀྵ་དུཀྵ་བན་དྷ་ཡ་ཧཱུྃ་ཕཊ། ཤར་ཕྱོགས་ཀྱི་སྒོར་ཞི་བ་ཡིའོ། །ཨོྃ་ཨཱ་ཀརྵ་ཡ་ས་ཏྭ་དྷཱ་ཏུ་ནཱྃ་ཀྲོ་སྭཱ་ཧཱ། བྱང་དུ་རྒྱས་པ་ཡིའོ། །ཨོྃ་མོ་ཧ་ཡ་མོ་ཧ་ཡ། །སརྦ་ས་ཏྭཱ་ནཱྃ་ཤྲཱི་སྭཱ་ཧཱ། ནུབ་ཏུ་དབང་གིའོ། །ཨོཾ་ཤཀྵ་སརྦ་དུཥྚ་ཀྡཱ་ཏ་ཡ་ཧྲི་ཕཊ། ལྷོ་རུ་མངོན་ བར་སྤྱོད་པ་ཡིའོ། །ཨོཾ་སུ་ག་ན་དྷ་ཧཱུྃ་ཧཾ་སྭཱ་ཧཱ། ལག་པ་གཡས་པ་བརྐྱང་བ་བྲིའི་ཕྱག་རྒྱའོ། །ཨོཾ་སུ་སོ་བིད་པུཥྤེ་བྷྱཿསྭཱ་ཧཱ། སྡིགས་མཛུབ་དང་མཐེབ་མོ་སྦྱར་བ་ནི་མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །ཨོྃ་དྷཱུ་པ་མཱ་ལ་ཀུ་ལ་སྭཱ་ཧཱ། སོར་མོ་དབུས་མ་བསྒྲེང་བ་ ནི། བདུག་པའི་སྔགས་དང་ཕྱག་རྒྱའོ། །ཨོྃ་ཏཱི་ཀྵ་ཎ་དཱི་པེ་པྲ་ཏི་གྲྀ་ཧྞ་སྭཱ་ཧཱ། ཁུ་ཚུར་བཅངས་ནས་མཐེ་བོ་བསྒྲེང་བ་ནི། མར་མེའི་སྔགས་དང་ཕྱག་རྒྱའོ། །ཨོྃ་ཀུ་རུ་ཀུ་རུ་བི་ཛ་ཡ་སྭཱ་ཧཱ། ལག་པ་གཉིས་བརྐྱང་ནས་དབུས་སུ་སྦྱར་བ་ནི། གཏོར་ མའི་སྔགས་དང་ཕྱག་རྒྱའོ། །ཇི་ལྟར་སྟོན་དུ་སྦྱོར་བ་ཡིས། །མཁས་པ་ཡིས་ནི་མཆོད་པར་བྱ། །ཧཱུྃ་གི་གླུ་ཡི་རྣམ་པ་ཡིས། །སངས་རྒྱས་ཀུན་ནས་མཉེས་པར་བྱ། །ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས། །རྐེད་པའི་ཕྱོགས་སུ་བཟུང་བྱས་ལ། །པི་ཝང་ཚུལ་ གྱིས་བསྒྲེང་བ་དང་། །གླིང་བུའི་ཚུལ་གྱིས་འབུད་པ་དང་། །སི་ལ་སྙན་ཚུལ་གྱིས་དཀྲོལ་བ་དང་། །བརྡབ་པའི་ཚུལ་གྱིས་རྡེགས་པ་དང་། །གར་གྱི་ཚུལ་གྱིས་བསྐྱོད་པ་དང་། །རླུང་གཡབ་ཚུལ་གྱིས་གཡོབ་པ་དང་། །རྒྱལ་མཚན་ཚུལ་གྱིས་བསྒྲེང་ བ་དང་། །བླ་རེའི་ཚུལ་གྱིས་བྲེ་བ་དང་། །བ་དན་ཚུལ་གྱིས་འཕྱར་བ་དང་། །གདུགས་ཀྱི་ཚུལ་གྱིས་དག་པ་བ་དང་། །ཅང་ཏེའུའི་ཚུལ་གྱིས་འཁྲོལ་བ་དང་། །ཁར་རྔའི་ཚུལ་གྱིས་བརྡུང་བ་དང་། །བཞད་པའི་ཚུལ་གྱིས་འཛུམ་པ་དང་། །ཁྲོ་བོའི་སྟབས་ སྟབས་ཡན་ལག་བསྐྱོད། །དེ་ལྟར་དེ་ཉིད་རྣལ་འབྱོར་བས། །གླུ་ཡི་མཆོད་པའི་ཁྱད་པར་ཉིད། །ཧཱུྃ་ཧཱུྃ་ཧཱུྃ། བདག་མེད་རྣལ་འབྱོར་བསྒོམས་པ་ཡིས། །འབྱིན་པའི་ས་བོན་གཟུང་བྱས་པ། །སྤྱི་ཡི་རྣལ་འབྱོར་སྟོན་པའོ། །དབང་པོ་མཆོག་གི་མཆོད་པ་ཆེ། ། ཐར་པ་ཆེན་པོ་གནས་ཆེན་པོ། །གསང་ཞིང་དེ་ཉིད་གསང་བ་ཡི། །གསང་བའི་བདག་པོ་དགའ་ཆེན་པོ། །རྣམ་སྣང་མཛད་ལ་ཕྱག་འཚལ་འདུད། །ལུས་ཀྱི་རྩ་ནི་ལྔ་ཉིད་ལས། །ལྷ་དང་ལྷ་མིན་མངོན་པར་སྤྲུལ། །བདེ་བ་བསྒྲུབ་པ་ཞེས་བྱ་བ། །སྦྱོར་བའི་ སྐུ་ལ་ཕྱག་འཚལ་འདུད། །གླུ་དང་བསྟོད་པས་ཉེར་མཆོད་ནས། །ཇི་ལྟར་ལས་ལ་མངོན་བདེ་བར། །རང་གི་སྔགས་ཀྱི་ཡི་གེ་ཡིས། །ཕྲེང་བ་ལ་ནི་བཟླས་བར་བྱ། །ཇི་ལྟར་ནུས་པ་མཆོད་བྱས་ལ། །སླར་ཡང་གཤེགས་སུ་གསོལ་བའོ། །དབུགས་ ཀྱིས་བདག་ཉིད་ལུས་བཀང་སྟེ། །ལྷན་ཅིག་ཐིམ་པར་བསམ་པར་བྱ། །ཇི་ལྟར་རྣལ་འབྱོར་ནམ་མཁའ་ཉིད། །དེ་ལྟར་རྣམ་པར་སྣང་མཛད་བདག །ཇི་ལྟར་རྣམ་པར་སྣང་མཛད་ལྷ། །དེ་བཞིན་རྒྱབ་ཀྱི་རྩ་ཉིད་དོ། །ཇི་ལྟར་སྔོན་གྱི་རྩ་ཉིད་ལས། །དེ་བཞིན་ ཡེ་ཤེས་སྐྱེ་བ་འདི། །ཆུ་ནི་སྒྲོལ་མ་ཞེས་སུ་བཤད། །མེ་ལ་གོས་དཀར་ཡང་དག་ལྡན། །རླུང་ལ་ལྷ་མོ་སངས་རྒྱས་འདི། །དེ་བཞིན་རབ་མཛེས་མཱ་མ་ཀཱི། །དཀར་པོ་ཆུ་ཡི་རྩ་དང་ནི། །དུད་པ་ཡང་ནི་མེ་ཡི་གནས། །དུང་གི་རྩ་འདི་རླུང་གིའོ། །དེ་བཞིན་ དུ་ནི་པདྨ་དང་། །ཡེ་ཤེས་འབྱིན་པ་ཡི་ནི་རྩ། །ལྔ་ཡི་བདག་ཉིད་ཁྱད་པར་ནི། །གདན་བཞི་ཉན་པར་མི་ནུས་པ། །གཞུང་ཉུང་བ་ནི་བསྟན་པ་ཡིན། །གཟུགས་བརྙན་གྱི་རབ་ཏུ་སྦྱོར་བའི་ལེའུ་ཞེས་བྱ་བ་བཞི་བ་རྫོགས་སོ།། །། རྡོ་རྗེའི་ཆུ་ནི་ཇི་ལྟར་ལགས། །བདུད་རྩིའི་ཆུ་ནི་ཇི་ལྟར་སྐྱེ། །གང་གི་དབྱེ་བ་ཇི་ལྟར་མྱང་། །གང་གིས་ཇི་ལྟར་འཚལ་བར་བགྱི། །འདི་ཡི་རབ་ཏུ་དགོས་པའང་ཅི། །ངོ་མཚར་ལྷ་ལ་མཉན་པར་འཚལ། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་འཆང་། །གཉིས་དང་གཉིས་མེད་ སྤངས་པ་ཡི། །གསང་ཞིང་གསང་བ་རབ་སྤས་པའི། །འགྲོ་བའི་འབྲས་བུ་དེ་དེ་ཉིད། །བསྐལ་པ་བྱེ་བ་སྟོང་ཕྲག་ཏུ། །སངས་རྒྱས་ཡེ་ཤེས་ཀྱིས་བསྐུལ་བ། །སངས་རྒྱས་ལམ་ནི་མཐོང་བའོ། །ཡེ་ཤེས་སྣང་བ་དེ་བདུན་ཉིད། །ཇི་ལྟར་མེ་ཡིས་མཉམ་ ར་བསྲེག་པའི་སྤྱོད་པ་དང་། །ཉི་མ་ཇི་ལྟར་མཉམ་པར་ལྟ་བར་སྟོན་པ་དང་། །ཇི་ལྟར་རླུང་ནི་མཉམ་པ་ཉིད་དུ་ལེན་པ་ལྟར། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་བསྲིངས་པའི་རྣལ་འབྱོར་པས། །པདྨའི་དབང་ཕྱུག་སྐུ་ནི་གསེར་གྱི་མདོག །དྲི་ཆུའི་ངོ་བོ་ཤིན་ཏུ་ སྣང་མཛད་དང་། །རོ་ནི་རྡོ་རྗེ་དབང་ཕྱུག་རྡོ་རྗེ་ཕྱག །ལྷ་གསུམ་དག་གི་ཆོ་ག་ཤེས་པར་བྱ། །ཧ་ཞེས་པ་ཡིས་ཁ་དོག་འཕྲོག །ཧོ་ཞེས་པ་ཡིས་དྲི་མེད་ཅིང་། །དཔའ་བོ་ཧྲཱིཿཡིས་བཅོམ་པ་ཡི། །དེ་དག་རིམ་བཞིན་ཤེས་པར་བྱ། །པདྨའི་གདན་ནི་རྟག་ཏུ་ མཉམ་པ་ཉིད་དུ་བསྒོམ། །མཐེ་བོ་རྡོ་རྗེ་སྲིན་ལག་གཉིས་ཀུན་ལྡན་པས། །སྔགས་གསུམ་ཡི་གེ་གསུམ་གྱིས་ཆོ་ག་བསྲུང་བར་བྱ། །གང་ཞེས་རོ་འདི་མྱང་པ་བློ་ལྡན་རྣལ་འབྱོར་མའོ། །རྡོ་རྗེ་ཆུ་ཡི་ཁྱད་པར་ནི། །ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང་། །འཛག་ པ་ཡི་ནི་ལུས་ཀྱི་ཆུ། །བདག་ཉིད་ལྔ་ཡིས་བྱིན་གྱིས་བརླབས། །དྲོ་བའི་རང་བཞིན་མེ་རུ་མཐོང་། །ཞི་བ་ཆུ་རུ་རབ་ཏུ་བརྟག །རླུང་དང་རླུང་ནི་དུ་པའོ། །ས་ནི་གཟུགས་སུ་སྣང་པའོ། །གང་ཞིག་དེ་ཉིད་ཀྱིས་མྱངས་ན། །དྲི་མ་ཅན་ལུས་དྲི་མེད་འགྱུར། ། རིན་ཆེན་བཟང་དགའ་རྣལ་འབྱོར་པ། །སྦྱངས་པའི་རྡོ་རྗེ་འཇིགས་བྱེད་ཀྱི། །གཙང་དང་མི་གཙང་དེ་བཞིན་རྫས། །དང་བོ་རྣལ་འབྱོར་མཚན་ཉིད་དོ། །ཉོན་མོངས་དེ་བཞིན་མུན་པ་དེ། །རྣམ་ཤེས་ལྷན་ཅིག་སྣང་བའོ། །ཡེ་ཤེས་རྡོ་རྗེས་བཅོམ་ནས་ནི། །རྣལ་ འབྱོར་པ་ནི་དེ་ལ་སྣང་། །བདུད་རྩི་བསྟེན་འདོད་ལུས་ཅན་གྱིས། །གཉིས་མེད་ཁ་སྦྱར་སྦྱར་བར་བྱ། །རྣལ་འབྱོར་ཆེན་པོའི་སྒྲུབ་པ་པོ། །སྔོན་དུ་ཨཱ་ལི་ཀཱ་ལི་བསམ། །ཨཱ་ལི་ཞེས་བྱ་བུང་བར་གསུངས། །ཀཱ་ལི་དེ་བཞིན་གཤེགས་མ་ཉིད། །སྦྱོར་བའི་ ཡེ་ཤེས་སྒྲ་ཡིས་ནི། །གཉི་གས་འཁྱུད་པར་བསམ་པར་བྱ། །ཇི་ལྟར་སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ་གཟུང་བྱས་ཏེ། །རྡོ་རྗེ་ར་བ་ཙམ་ཞིག་གིས། །འོད་དཔག་མེད་ནི་དཀྲི་པར་བྱ། །ལྷ་མོ་གསུམ་པ་ཉིད་ཀྱིས་ནི། །དབྱུག་པ་ཙམ་ཞིག་རྡོ་རྗེ་ འཛིན། །དབུས་སུ་དམ་ཚིག་ཞགས་པ་ཡིས། །ཀུནྡ་མགོ་ལ་མཆོག་ཏུ་བརྩོན། །དེ་ལྟར་སྔགས་ཟློས་རྣལ་འབྱོར་པ། །པདྨ་རྡོ་རྗེ་ཅན་གྱིས་བསྐྱོད། །རང་བཞིན་གྱིས་ནི་སི་སྒྲ་དང་། །བདུད་རྩི་ཆུ་དང་འདྲེས་པ་ཡི། །དེ་ཉིད་འདི་ཡིས་མྱང་བྱས་པ། ། རྣལ་འབྱོར་ཆོས་ལ་རབ་ཏུ་ཤིས། །བདེན་པའི་ཆོས་ནི་མཆོག་ཏུ་བདེན། །རྣལ་འབྱོར་ཆོས་ནི་རབ་ཏུ་བསྟོད། །དེ་ཉིད་དམན་པའི་རྣམ་རྟོག་ཡིད། །སྦྱོར་བ་ཇི་ལྟར་འགྲུབ་པར་འགྱུར། །བྱེ་བ་བརྒྱད་ཅུའི་རྣལ་འབྱོར་མ། །གདན་བཞི་པ་ཡི་རྒྱུད་འདི་ཉིད། ། མཁས་པ་ཡིས་ནི་རྣམ་བལྟས་ལ། །སྦྱོར་བ་བརྒྱད་ཅུའི་རྣལ་འབྱོར་མ། །སྦྱོར་བའི་ཆོས་ཀྱིས་གཏོར་མ་སྦྱིན། །བདུད་རྩི་ལྔ་མདོར་བསྡུས་ལེའུ་ཞེས་བྱ་བ་ལྔ་པ་རྫོགས་སོ།། །།འབྱུང་བའི་དབུགས་ཀྱི་ཐེ་ཚོམ་ནི། །རྫོགས་པའི་སངས་རྒྱས་ མངོན་པར་འདྲི། །འཆི་ལྟས་ཇི་ལྟར་འཚལ་བགྱི་ཞིང་། །གང་གིས་ཤེས་ནས་རབ་ཏུ་སྦྱར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འགྲོ་བ་ལུས་ཅན་སེམས་ཅན་དོན། །འཆི་བདག་ཀུན་ནས་བསླུ་བ་ནི། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་བདག །གང་ཞིག་ རྣམ་པར་ཤེས་ཙམ་གྱིས། །འཆི་བདག་ལུས་ནི་གནས་པ་ཉིད། །དང་པོར་སྔ་དྲོའི་དུས་ཉིད་ལ། །དབུགས་ནི་རྣམ་པར་དགོད་བཤད་པ། །ལུས་ཅན་ཟླ་དྲུག་ནས་འཆི་བར། །ངེས་གསུངས་པ་ལ་ཐེ་ཚོམ་མེད། །གལ་ཏེ་དུས་ལ་བབ་ གྱུར་ན། །དབུགས་ནི་ཆད་ཅིང་འཆད་པར་འགྱུར། །དེ་བཞིན་འཇིགས་པ་ཆུང་མཐོང་ན། །འགྲམ་པའི་ཚིགས་ནི་ཡོ་བར་འགྱུར། །ལུས་ཀྱི་མཚན་མ་ཤེས་བྱས་ལ། །རྣལ་འབྱོར་པ་ཡིས་ཞི་བར་བྱ། །རྣ་བའི་ཨུ་ད་རྣམ་ཆད་ན། །ཆུ་ཚོད་ལྔ་ལས་མི་ཐུབ་བོ། ། མིག་གི་ཨཾ་པར་ཡི་རྩ། །ཏྲོ་ཏ་དེ་བཞིན་ཉི་མ་ལྔ། །སྣ་ཡི་མ་སི་ག་ཆད་ན། །ཉི་མ་བདུན་གྱིས་གདོན་མི་ཟ། །སྟེང་འོག་སོ་ནི་འཐམས་གྱུར་ན། །ཉི་མ་གསུམ་གྱིས་ཐེ་ཚོམ་མེད། །འདི་ཡི་ལྕེ་ལ་ཐིག་ནག་ན། །ཞག་གཉིས་ཀྱིས་འཆི་ལུས་ཅན་རྣམས། ། གྲིན་པའི་གློ་ཡི་ཕྱི་རོལ་རྩ། །ཟླ་ཕྱེད་ལས་ནི་མི་ཐུབ་བོ། །བྲང་གི་ལྷེའུ་འོག་ཞོམ་གྱུར་ན། །ཟླ་ཕྱེད་སྨན་པས་གསོ་སྤྱད་ཡོད། །སེན་མོ་ཁྲག་ནི་མེད་པ་ན། །ཆུ་ཚོད་ལྔ་ལས་མི་ཐུབ་བོ། །ཕོ་ཉ་བརྒྱད་ཀྱི་འཆི་ལྟས་ནི། །འཆི་བའི་རྨ་སོགས་རྣམ་པར་ སྤངས། །རྣ་བའི་ཨུ་དའི་བདག་ཉིད་ནི། །རྣལ་འབྱོར་དབྱེ་བས་བསྟེན་པར་བྱ། །མིག་གི་ཨཾ་བ་ར་ཆད་ན། །མཁས་པས་དགར་བོའི་ས་བོན་བཟླ། །སྣ་ཡི་མ་སི་ཀ་ལ་ནི། །དབུགས་བསྡམས་མི་ཡི་དུད་པའོ། །སོ་དང་སོ་འཐམས་རྩ་ལ་ནི། །དུང་གི་ བོན་བཟླས་པས་འཕྲོག །ལྕེ་ཡི་ཐིག་ནག་འདི་ལ་ནི། །བདག་ཉིད་སྦྱོར་བས་མནན་པར་བྱ། །མགྲིན་པ་གློ་ཡི་ཕྱི་རོལ་རྩ། །པདྨའི་ས་བོན་གྱིས་རྩེ་བྱ། །བྲང་གི་ལྷེའུ་ཞོམ་པ་ལ། །སྒོང་སྐྱེས་ཡེ་ཤེས་བསྒོམ་པའོ། །སེན་མོ་ཁྲག་ནི་མེད་པ་ལ། ། ལག་པ་བསྡུས་ལ་བཟླས་པར་བྱ། །བུག་པ་དགུ་ཡི་སྒོ་རུ་ནི། །ས་བོན་དགུ་ཡིས་རྩེ་བར་བྱ། །རྩ་དགུ་ལ་ནི་ས་བོན་དགུ། །སྒོ་དགུ་ས་བོན་དགུ་ཡིས་བསྡམ། །དེ་ལྟར་བསྡམས་པ་ཙམ་གྱིས་ནི། །རྣམ་པར་ཤེས་པ་མི་འགྲོའོ། །མ་བསྲེགས་སྣོད་ ནི་གཉིས་གཟུང་སྟེ། །གུར་ཀུམ་དང་ནི་གིའུ་ཝང་གིས། །བཅུ་གཉིས་ཚན་ནི་ཡང་དག་བྲི། །ས་བོན་དབྱངས་ཡིག་བསྐོར་བར་བྱ། །ལྷ་མོ་བརྒྱད་ཀྱི་ས་བོན་འདི། །མཚམས་སུ་མ་ནིང་ས་བོན་དང་། །དབུས་སུ་ཡེ་ཤེས་ས་བོན་ནི། །མཁས་པ་ཡིས་ནི་ བསྐོར་བར་བྱ། །དེ་བཞིན་མིང་ནི་དབུས་སུ་བྲི། །ཧཱུྃ་གི་དབུས་སུ་གནས་པ་ཉིད། །གཉི་ག་དང་ཡང་སྦྱར་བྱས་ནས། །སྐུད་པ་དམར་པོས་དཀྲི་བར་བྱ། །མཱ་མ་ཀཱི་ནི་འདབ་མར་བསམ། །སྟེང་དུ་དེ་བཞིན་རྡོ་རྗེའི་བདག །གཉིས་མེད་གཏོར་མར་ལྡན་པ་ ཡིས། །ནུས་པ་ཡི་ནི་མངོན་པར་མཆོད། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྩེ་དང་རྩེ་ནི་སྤྲད་པར་བྱ། །རྣམ་ཤེས་ཡེ་ཤེས་ས་བོན་ནི། །བརྒྱད་བརྒྱ་རུ་ནི་བཟླས་པ་ཡིས། །རྣམ་ཤེས་བསྡམས་པའི་དངོས་པོ་དང་། །རྣལ་འབྱོར་བསྲུང་བའི་ཁྱད་ པར་གྱིས། །ཡི་དགས་སྲིན་པོ་འབྱུང་པོ་དང་། །དུས་མ་ཡིན་པར་འཆི་བ་ཉིད། །རྣལ་འབྱོར་པ་ཡིས་བསྲུངས་ཙམ་གྱིས། །གྲོལ་བར་འདི་ལ་ཐེ་ཚོམ་མེད། །ཚེ་ཟད་པ་ཡི་ལུས་ཅན་ནི། །ཟླ་བ་དྲུག་ཏུ་གནས་པར་འགྱུར། །འཆི་བའི་མཚན་མ་ཡོངས་སུ་ བརྟག་པའི་ལེའུ་ཞེས་བྱ་བ་དྲུག་པ་རྫོགས་སོ།། །།རྣལ་འབྱོར་བསྟན་བཅོས་ཆོ་གའི་རིམ། །དེ་ནས་ཡེ་ཤེས་དབང་གིས་གསུངས། །འཁྲིག་པའི་དངོས་པོ་བསྟེན་པ་ལས། །ཁྲག་དང་ཁུ་བ་འབྱུང་བར་འགྱུར། །ཡེ་ཤེས་ངོ་བོས་འབྱུང་ པ་ཡི། །འབྱིན་པའི་རྩ་ནི་མངོན་པར་སེམས། །བདུན་པར་ཁུ་བར་གྱུར་པ་ཡིས། །དཀར་པོའི་རྩ་ནི་རབ་ཏུ་བསྐྱེད། །ཁྲག་གིས་མཚན་མོ་བརྒྱད་ན་ནི། །དུ་བའི་རྩ་ནི་མངོན་དུ་གསོ། །མཚན་མོ་ཕྱེད་དང་བཞིར་བསྙེན་པས། །དུང་གི་རྩ་ནི་བྱིན་གྱིས་ བརླབ། །གོང་དུ་མཚན་མོ་བཅུ་གཉིས་ཀྱིས། །པདྨའི་རྩ་ནི་རབ་ཏུ་སྦྱར། །ཉི་མ་དྲུག་ཅུའི་གྲངས་འདི་ཡིས། །མཁས་པས་གིའུ་ཝང་གི་ནི་རྩ། །མཁྲང་འགྱུར་དགུ་ཞེས་བཤད་པ་ནི། །དྲི་མེད་གསུམ་གྱི་རྩ་ནི་བསྐྱེད། །མཚན་མོ་བཅུ་དང་དྲུག་གི་རོ། ། འབྱེད་པའི་རྩ་ནི་རབ་ཏུ་བསྐྱེད། །ས་གདུགས་ཡེ་ཤེས་རྣམ་ཤེས་ནི། །ཡོངས་སུ་རྫོགས་པའི་ལུས་ཅན་ནོ། །ས་གདུགས་བཅུ་དང་བརྒྱད་ཉིད་ཀྱིས། །མཁས་པ་ཟླ་དགུར་ཀུན་ཏུ་གནས། །སྐྱེ་བ་སྐྲ་བྲ་ལ་སོགས་ལྡན། །སེན་མོ་ཁོག་ པ་དུས་པ་དང་། །ཞག་དང་སྲིན་བུ་གཅི་པ་དང་། །བཤང་བ་བད་ཀན་མཆི་མ་སོགས། །བརྒྱད་ནི་མངལ་ནང་རྒྱལ་བ། །རྩ་ཡི་བརྒྱད་པ་ཞེས་བྱ་ལ། །ལྷག་པར་ལྷ་དགུག་ནས་པ་ཉིད། །བདག་ཉིད་ལྷ་དང་ཕ་རོལ་མཆོག །བདག་ཉིད་ལྷ་ནི་མཆོག་ ཡིན་ནོ། །དཀར་པོ་ལྷ་མོ་སྒྲོལ་མ་འདི། །དུད་པ་ལ་ནི་གོས་དཀར་གནས། །ལྷ་མོ་སངས་རྒྱས་དུ་ཉིད་ལ། །མཱ་མ་ཀཱི་ནི་པདྨར་གནས། །ལྷ་མོ་སྙན་མ་གིའུ་ཝང་ལ། །རྡོ་རྗེ་སྒེག་མོ་དྲི་མེད་ལ། །འབྱེད་པར་རིན་ཆེན་ཡིད་འོང་བ། །ས་ཡི་གདུགས་ལ་ པདྨའི་རྩ། །འདི་ལྟར་སྤྲོས་པའི་ཡེ་ཤེས་རྩ། །ཐམས་ཅད་འབྱིན་ཅིང་སྡུད་པ་ཡི། །ཇི་ལྟར་རྒྱལ་པོ་རྣམ་སྣང་མཛད། །དེ་ལྟར་རྒྱབ་ཏུ་རབ་ཏུ་གྲགས། །མཉམ་པའི་ཆ་རུ་དེ་བྱས་པས། །མཉམ་པའི་གཟུགས་ནི་འོད་དང་བཅས། །སྟོང་ཕྲག་དགུ་ཡི་ གྲངས་ཉིད་ནི། །རེ་རེ་ལས་ནི་གྱེས་པའོ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། །ལུས་པོ་ཡི་ནི་རྩ་ཉིད་དོ། །དགུ་པ་ཡིས་ནི་འབྱིན་ཅིང་སྡུད། །དགུ་ཡི་རྩ་ནི་རྟག་པའི་ས། །དགུ་དང་ལྔ་ཡིས་དགའ་བར་བཅས། །ལྔ་བོའི་ལྷ་འདི་འགྲོ་བའོ། །གཅིག་ གིས་འབྱིན་ཅིང་སྡུད་པ་དང་། །གཅིག་གིས་ལྷ་ནི་ཡེ་ཤེས་ཅན། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། །གཅིག་གི་ལུས་དང་ལུས་ཅན་དང་། །གཟུགས་མེད་ཡེ་ཤེས་གཟུགས་ཅན་དང་། །མི་སྟོང་པ་དང་སྟོང་པ་ཉིད། །རིང་མིན་ཐུང་མིན་གཞན་མ་ཡིན། །དངོས་མེད་ དངོས་པོ་ཙམ་མ་ཡིན། །ཁ་དོག་མེད་ལ་ཚོན་ཀུན་དངོས། །ཡེ་ཤེས་ལུས་ཅན་རྣལ་འབྱོར་པས། །ལམ་གཉིས་པ་ནི་སྲིད་པའི་སྐྱོན། །ལམ་གཅིག་པ་ཡི་རྣལ་འབྱོར་པས། །རྣམ་པར་རྟོག་པ་ཀུན་སྤངས་ལ། །གཅིག་གི་ལམ་ཉིད་ཤེས་པར་བྱ། །ཤེས་ ལྟར་དག་པའི་ལུས་ཀྱི་ནི། །དག་པའི་ལམ་དུ་ཡང་དག་བགྲོད། །རྩ་བསྐྱེད་པའི་ལེའུ་ཞེས་བྱ་བ་བདུན་པ་རྫོགས་སོ།། །།སྦྱོར་བའི་མདོ་རུ་བསྡུས་པ་ཉིད། །བཅོམ་ལྡན་འདས་ལ་ཉན་པར་འཚལ། །ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སྦྱོར་བའི་ བསྟན་བཅོས་སྒྲུབ་པ་པོས། །གདན་བཞི་པ་ལས་བཏུས་པ་ཡིས། །སྟོང་ཕྲག་བཅུ་གཉིས་ཡང་དག་ལྡན། །དེ་ཡི་དོན་ནི་མདོར་བསྡུས་པའོ། །གཞུང་མངས་པ་ཡིས་འཇིགས་པ་ཡིས། །དེ་ཉིད་མདོར་བསྡུས་པ་ཡི་ཚིག །སྦྱོར་བའི་རྣམས་ལ་ཉེ་བར་ གསུངས། །རྣལ་འབྱོར་པ་ལ་རབ་དགོད་པའི། །དེ་ནས་ཞི་བ་ཡང་དག་བཤད། །ཐོག་མར་བྱ་བ་སྟོང་པ་ཉིད། །སྟོང་པའི་དབུས་སུ་པདྨ་ནི། །པདྨ་ས་བོན་མྱུ་གུ་ཅན། །ཁ་དོག་བདུན་པ་རྒྱ་ཆེན་པོ། །སྡེ་ཚན་བཞི་པའི་ཚིག་ལ་ནི། །སྟེང་དུ་མ་ནིང་ཐིག་ ལེར་བཅས། །དེ་ཡི་ས་བོན་མཉམ་བསྒོམས་ནས། །དེ་བཞིན་ཁྲོ་གཉེར་ཅན་མ་བསྐྱེད། །ཟླ་བའི་དཀྱིལ་འཁོར་གནས་ལ་ནི། །གདུགས་དཀར་པོ་ཡིས་མངོན་པར་གཡོགས། །དག་པའི་སྐུ་དང་སྤྱན་གསུམ་པ། །ཕྱག་བཞི་ཡིས་ནི་རྣམ་པར་སྤྲས། ། མཆོག་སྦྱིན་དང་ནི་དབྱུག་པ་དང་། །བགྲང་ཕྲེང་རིལ་བ་སྤྱི་བླུགས་བསྣམས། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་སྐུ། །རབ་ཏུ་མཛེས་པའི་ན་བཟའ་མནབས། །བཟླས་དང་བསྒོམ་པའི་སྦྱོར་བ་ཡིས། །མཁས་པ་མཆོག་གི་ཡི་གེ་གཅིག །ཁྲོ་གཉེར་ མཆོག་གི་ཡི་གེ་ནི། །འབུམ་ཕྲག་གཅིག་ཟློས་སྔགས་པ་ཡིས། །རྣལ་འབྱོར་པ་ཡིས་བརྩམས་ཙམ་གྱིས། །ཚེ་ནི་འཕེལ་བར་རབ་ཏུ་གྲགས། །ལྷ་ཉིད་དམིགས་པར་བྱ་བ་ཡིས། །དེ་ནས་རྒྱས་པའི་ལས་འདི་ཉོན། །ཏི་སེ་གངས་ཀྱི་རྩེ་མོ་དང་། །གསེར་ གྱི་རི་བོའི་ངོས་དང་ནི། །རིན་ཆེན་བདུན་རང་བཞིན་གནས་སུ། །གཞལ་ཡས་ཁང་པ་ཉེར་མཛེས་པའི། །སེང་གེའི་གདན་ལ་གནས་པ་ནི། །ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་དང་། །གདུགས་དཀར་པོ་དང་བླ་རེ་དང་། །དྲིལ་བུ་དྲ་བས་མངོན་པར་མཛེས། ། བདུན་པ་ཡི་ནི་མཐའ་བཟུང་སྟེ། །གསུམ་པ་ཡིས་ནི་སྦྱར་བར་བྱ། །སྡེ་ཚན་མཐའ་ཡིས་སྟེང་དུའོ། །ཡེ་ཤེས་ཅན་གྱིས་ས་བོན་གཅིག །དབུགས་མི་གཡོ་ཞིང་འོད་ཟེར་བཅས། །སེར་པོའི་མདོག་ཏུ་རྣམ་པར་བསྒོམ། །ཕྱིས་ནི་ནོར་རྒྱུན་ ཞེས་བྱ་བའི། །ལྷ་མོའི་གཟུགས་སུ་རྣམ་པར་བསམ། །ཕྱག་དྲུག་སེམས་དཔའི་སྐྱིལ་མོ་ཀྲུང་། །རྒྱན་ཀུན་གྱིས་ནི་རྣམ་པར་བརྒྱན། །ཁ་དོག་འབར་བར་བསྒོམ་པར་བྱ། །རིན་ཆེན་ཤིང་དང་ཟ་མ་ཏོག །གཉིས་པ་ན་ནི་རབ་ཏུ་འཕེལ། །གསུམ་པས་མཆོད་ སྦྱིན་ལག་པ་དང་། །སྟེང་དུ་ཤེས་རབ་ཕྱག་དང་ནི། །གཉིས་པ་ལ་ནི་བགྲང་ཕྲེང་དང་། །གསུམ་པ་རིལ་བ་སྤྱི་བླུགས་སོ། །བསྒོམ་དང་བཟླས་པའི་སྦྱོར་བ་ཡིས། །དབུགས་ནི་འདྲེན་པའི་ཁམས་ཉིད་དོ། །རྒྱས་པའི་ལེའུ་ཞེས་བྱ་བ་བརྒྱད་པ་རྫོགས་སོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །དམར་པོའི་ལས་ཀྱི་ཁྱད་པར་ནི། །སྔོན་གྱི་མཚན་ཉིད་ཡང་དག་ལྡན། །སྟོང་པའི་མཚན་ཉིད་དམིགས་ནས་ནི། །སྟོང་པར་པདྨ་ཡང་དག་བཤད། །ཉི་མའི་དཀྱིལ་འཁོར་ལ་བརྟེན་ཅིང་། །གདུགས་དཀར་པོ་ཡིས་མངོན་པར་ བརྒྱན། །དབྱངས་ཡིག་དང་པོའི་ཡི་གེ་གཅིག །སྟེང་དུ་སྡེ་ཚན་ཐ་མ་དང་། །མཉམ་པར་གཞག་པས་ས་བོན་དམར། །འོད་ཟེར་དམར་པོ་འབར་བ་འདི། །སེམས་ཅན་འགུགས་པར་བྱེད་པའི་དངོས། །ལྷ་མོའི་གཟུགས་བརྙན་འདི་བསམས་ལ། །བཅོམ་ལྡན་ གསེར་གྱི་མདོག་ལྟ་བུར། །མཱ་མ་ཀཱི་བསམ་ཡང་དག་འབྱུང་། །ཕྱག་གཉིས་རྒྱན་གྱིས་རྣམ་པར་མཛེས། །གཅིག་གིས་ལྕགས་ཀྱུ་ཡང་དག་འཛིན། །གཡོན་པས་དྲིལ་བུ་མངོན་སྒྲོགས་པ། །ཐམས་ཅད་རྒྱན་གྱིས་བརྒྱན་པའི་སྐུ། །ཤིན་ཏུ་མཛེས་པའི་ ན་བཟའ་གསོལ། །བསྒོམ་ཞིང་བཟླས་པ་ཙམ་གྱིས་ནི། །སེམས་ཅན་དབང་དུ་འོང་བར་འགྱུར། །དེ་ནས་ནག་པོའི་ལས་འདི་ནི། །རླུང་གི་དཀྱིལ་འཁོར་ལ་བརྟེན་ཅིང་། །རླུང་གི་དབུས་སུ་རླུང་གི་ནི། །རླུང་གི་ས་བོན་བསམ་པར་བྱ། །དུ་བ་དུ་བ་རབ་འབར་ བ། །སྒྲ་དང་ཐིག་ལེས་རྣམ་པར་བརྒྱན། །ནག་པོ་དྲག་པོ་ཡི་ནི་གདན། །ཡི་དགས་གདན་ལ་ཀུན་གནས་པ། །བསམ་པར་ལ་གཅིག་མ་ཡི་གཟུགས། །ཁ་དོག་སྔོན་པོ་མཉམ་པའི་འོད། །དབུ་སྐྲ་གྱེན་བརྫེས་ལྷ་མོ་ཆེ། །དྲག་པར་རྒོད་པས་འཇིགས་ པར་མཛད། །སྤྱན་གསུམ་ཞལ་ནི་གཅིག་པ་ལ། །ཕྱག་བཞི་ཡི་ནི་རྣམ་པར་སྤྲས། །གཅིག་ནི་ཕྱག་ན་རལ་གྲི་དང་། །གཉིས་པ་ན་ནི་རྡོ་རྗེ་གསོར། །གཡས་ན་མདུང་ནི་འཛིན་མཛད་ཅིང་། །གཉིས་པར་དེ་བཞིན་སྡིགས་མཛུབ་བོ། །འཕེན་པའི་རོལ་ པས་རྣམ་པར་བཞུགས། །མེ་འབར་བ་དང་མཉམ་པའི་འོད། །ཞགས་པ་འཕེན་པས་འཆིང་མཛད་ཅིང་། །ཧཱུྃ་སྒྲའི་རྣམ་པར་འཇིགས་པར་བྱེད། །ས་བོན་དབུས་སུ་མིང་དང་ནི། །ཕཊ་ཀྱི་རྣམ་པ་དེ་བཞིན་མཐར། །དཀོན་མཆོག་གསུམ་ལ་གནོད་པ་ དང་། །རྣལ་འབྱོར་བསྟན་པ་འཇིག་བྱེད་པ། །ལྷ་མོ་རལ་བ་གཅིག་མ་འདིས། །ནུས་པས་བརླག་པར་བྱེད་པར་གསུངས། །སྔགས་དང་རྒྱུད་ནི་མཉམ་བཟུང་ལ། །ལྷ་མོ་འོད་ཟེར་ཅན་ས་བོན། །དུག་དང་ཁྲག་ཏུ་བསྲེས་པ་ཡིས། །རྡོ་རྗེ་ཕག་མོ་ཀུན་ ནས་བྲི། །དེ་ཡི་མཆུ་ལ་མིང་དང་ཡང་། །མགོ་ལ་ཡི་གེའི་ས་བོན་དང་། །སྟེང་དུ་མེ་ཡི་ཡི་གེ་དང་། །ཁ་ལ་རླུང་གཉིས་དེ་བཞིན་ནོ། །འདིས་ནི་སྐྲོད་པར་བྱད་པར་གསུངས། །ལས་ཀྱི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དགུ་པ་རྫོགས་སོ།། །། སེམས་ཅན་ཀུན་ལ་ཕན་མཛད་པ། །ཡེ་ཤེས་དབང་གིས་དེ་ནས་གསུངས། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་འཛིན། །འཁོར་བའི་ལམ་ནས་གྲོལ་བ་ཡི། །མཐའ་ཡས་སྦྱོར་བ་མངོན་ཕྱོགས་པས། །མཐའ་ཡས་སྒོ་ཞེས་བྱ་བའི་མིང་། །སྟོང་པ་ཉིད་ཀྱི་བདག་ཉིད་ ལུས། །ཇི་ལྟར་སྟོང་པ་དེ་ཉིད་འདིས། །ཕྱི་དང་ནང་དུ་བཅས་པ་ནི། །དེ་བཞིན་ནམ་མཁའི་ཁམས་སུ་ནི། །རྒྱ་མཚོའི་ཆུ་ཡི་དབྱིབས་དང་ནི། །དེ་ཡི་དབུས་སུ་རབ་གང་བའི། །ཀུན་ནས་ཇི་ལྟར་འདོད་བཞིན་དུ། །གཞལ་ཡས་ཁང་པ་རྣམ་པར་བསམ། ། སེང་གེའི་གདན་ལ་བཞུགས་པ་ནི། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་ཅིང་། །སྣ་ཚོགས་དར་ནི་རྣམ་པར་འཕྱང་། །ཡི་གེ་གཅིག་གིས་ས་བོན་ནི། །འོད་ཟེར་འབར་བ་ཚོན་གྱི་དངོས། །དང་པོའི་དབྱངས་ཡིག་ཀུན་བཟུང་ལ། །སྟེང་དུ་ བདུད་རྩི་ཐིག་ལེ་ཅན། །ལྷ་མོ་བདག་ཉིད་ལྷན་ཅིག་དང་། །ཕྱི་ནས་གཟུགས་ནི་མཉམ་པར་བསམ། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན། །རྒྱན་ཀུན་གྱིས་ནི་བརྒྱན་པའི་སྐུ། །རབ་ཏུ་མཛེས་པའི་ན་བཟའ་ གསོལ། །གཅིག་གི་ཕྱག་གིས་རྡོ་རྗེ་འཛིན། །གཡོན་པ་དྲིལ་བུ་མངོན་པར་སྒྲོགས། །ཡི་གེ་བརྒྱད་ཀྱི་ངོ་བོ་ཉིད། །སྤྱོད་བཅས་མི་སྤྱོད་གསང་བ་དང་། །ཆུ་དང་མེ་དང་དེ་བཞིན་རླུང་། །ས་ནི་མིག་གི་ཡི་གེའོ། །སྒོ་བཞི་དང་ནི་ཕུང་པོ་བཞི། །སྒོང་སྐྱེས་རྫི་ ལིར་གནས་པ་ཉིད། །བཞི་པ་ཉོན་མོངས་མེ་དང་ནི། །ཡི་གེ་བཞི་པ་དེ་བཞིན་དུ། །རྨོངས་པས་དང་ཉོན་མོངས་དང་། །སྔོན་དུ་ཕྱུགས་ནི་མཉམ་པ་དང་། །ཆུ་ཤིང་མེ་ཏོག་པདྨ་ནི། །འདི་ཡི་སྒོང་སྐྱེས་སྟན་ཉིད་དོ། །བ་ལང་རྨིག་པའི་སྟེང་དུ་ནི། ། བདུད་རྩི་བརྒྱད་ཀྱིས་རྣམ་པར་དབྱེ། །ཤེལ་བཞིན་དུ་ནི་དག་པ་ཡི། །སྙིང་པོ་ཡི་ནི་སྙིང་པོའི་མཆོག །ལྕེ་ལ་ཆུ་ནི་འདི་ཉིད་དང་། །ནམ་མཁའ་རྣ་བ་སྣ་དག་ལའོ། །ས་ནི་མིག་ལ་སྦྱར་བྱས་ཏེ། །ཚངས་པར་མེ་ནི་དེ་བཞིན་འབར། །རྨོངས་པའི་ས་ནི་མགྲིན་ བར་རོ། །གཡོ་བ་སྙིང་ལ་གནས་པ་དང་། །ཉོན་མོངས་སེམས་ཅན་བྲང་དང་ནི། །ཕྱུགས་ནི་ལྟེ་བའི་རྩ་བར་རོ། །ཡན་ལག་བརྒྱད་ལ་དགོད་པ་ཡིས། །ལྕེ་ལ་ཆུ་ནི་འདི་ཉིད་དང་། །ནམ་མཁའ་རྣ་བ་སྣ་དག་ལའོ། །འདི་ཡིས་ལྷ་ཉིད་ཡང་དག་ཤེས། ཡི་གེ་བརྒྱད་ཀྱི་སྔགས་འདི་ནི། །ཕྱག་རྒྱ་བརྒྱད་དུ་རབ་ཏུ་གྲགས། །དཀར་དང་སེར་དང་དེ་བཞིན་དམར། །གནག་ཅིང་འབར་བའི་ལས་འདི་ནི། །ལས་རྣམས་བཞི་ཡི་ལྷ་མོ་ནི། །མཁས་པས་འབུམ་ཕྲག་གསུམ་དུ་བཟླས། །ཡེ་ཤེས་ལས་བྱུང་སྙིང་པོ་ཉིད། ། མཆོག་ཏུ་རྟག་ཅིང་ཞི་བ་དང་། །ཕྲ་ཞིང་རགས་པའི་འགྲོ་བ་ཀུན། །ལས་དང་ལས་ཀྱི་ཁྱད་པར་ཉིད། །ཐམས་ཅད་ཆུ་ཡི་དབྱིབས་དང་ནི། །མཉམ་པར་འཇིགས་བྱེད་མེ་དང་ཡང་། །ཇི་ལྟར་རྟག་པ་རླུང་དག་དང་། །དད་པའི་དོན་དང་ས་དབང་པོ། །ལྷག་ མ་བརྩེགས་པ་ལས་བྱུང་བ། །བཞི་པ་ཡི་གེ་དྲུག་པའོ། །འགྲོ་བའི་དོན་ཕྱིར་ཡི་གེ་བརྒྱད། །ལྷ་བརྒྱད་དུ་ནི་ཡོངས་སུ་གྲགས། །མཉམ་བཞག་བཟླས་ཤིང་བསྒོམས་པ་ཡིས། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། །བ་དན་གསུམ་པའི་ཕྱག་རྒྱ་ཡིས། ། སྔོན་དུ་རེག་ཅིང་རེག་པ་ཉིད། །འཇིག་རྟེན་འདིར་ནི་བདེ་བ་དང་། །རྟག་ཏུ་མཆོད་པ་རྙེད་པར་འགྱུར། །འཆི་བའི་དུས་སུ་ཡེ་ཤེས་ནི། །གཟུགས་མེད་སྲིད་པར་རབ་ཏུ་གནས། །བདག་གི་དེ་ཉིད་དམན་པ་ཡིས། །ཇི་ལྟར་སྔགས་ནི་འགྲུབ་པར་འགྱུར། ། དེ་ཕྱིར་ནན་ཏན་ཐམས་ཅད་ཀྱིས། །སྦྱོར་བའི་བསྟན་བཅོས་རྟོགས་པར་བྱ། །དྲི་ཞིམ་རབ་གྲགས་མེ་ཏོག་ཀུན་ནས་གནས་པ་དང་། །ནག་པོའི་ཨ་ཀ་རུ་དང་གུ་གུལ་མར་མེ་དང་། །གཉིས་མེད་གཏོར་མ་གཅིག་གིས་ཡང་དག་ཡིད་ལྡན་གྱིས། །ལྷ་མོ་ མ་མོ་གཞན་རྣམས་ཀུན་ནས་རབ་ཏུ་མཆོད། །སྟེང་དུ་རྣམ་པར་སྣང་མཛད་བསམ། །མཆུ་ལ་ཕྱག་ན་རྡོ་རྗེའོ། །ཡིད་ཀྱིས་ནམ་མཁའི་སྙིང་པོ་ནི། །རྣ་བ་གཉིས་ལ་རབ་ཏུ་སྦྱར། །ལྕེ་ལ་འཇིག་རྟེན་མགོན་པོ་དང་། །མགྲིན་པར་འཇམ་པའི་དབྱངས་ཀྱི་སྲས། ། བྱང་དུ་བྱམས་པ་ཡང་དག་སྦྱར། །སྙིང་གར་ཀུན་ཏུ་བཟང་པོ་གནས། །ལྟེ་བར་ཁྲོ་བོའི་རྒྱལ་པོ་ནི། །གཤིན་རྗེ་མཐར་བྱེད་རབ་ཏུ་གྲགས། །དེ་ཉིད་རྣམ་པའི་བྱེ་བྲག་ཉིད། །ལྷ་མོའི་གདན་ཉིད་དུ་ནི་བསྒོམ། །སྙིང་གར་སེམས་དང་ཡེ་ཤེས་ནི། །མཁས་པ་ ཡི་ནི་བསམ་པར་བྱ། །འོད་ཟེར་བྱེ་བ་རྣམ་མང་པོ། །སངས་རྒྱས་སྤྲིན་ནི་རབ་ཏུ་འཕྲོ། །མཉམ་པར་བཞག་ཅིང་བསྒོམས་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཐའ་ཡས་པའི་སྒོའི་ལྷ་མོའི་གཟུངས་ཀྱི་ལེའུ་ཞེས་བྱ་བ་བཅུ་པ་རྫོགས་སོ།། །། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །སྲིན་མོ་དང་ནི་རོ་ལངས་མོ། །མི་མེད་གནས་སུ་སྒྲུབ་པ་པོས། །ཨོཾ་བྷི་ཙི་བ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བར་སྤྱོད་པའི་སྔགས་སོ། །སྡིགས་མཛུབ་སྙིང་གར་ སྦྱིན་བྱས་ལ། །གཡས་པ་རྡོ་རྗེ་ཁུ་ཚུར་བྱས། །རྐེད་པའི་ཕྱོགས་སུ་གཟུང་བྱས་ལ། །འདི་ནི་ཚམ་ངམ་མཆོག་གི་རྒྱ། །ར་ནག་པོ་ཡི་པགས་པ་ལ། །དུར་ཁྲོད་རས་ཀྱི་སྐུད་པ་ཡིས། །ཞལ་གསུམ་ཕྱག་ནི་དྲུག་པ་ཉིད། །ཁ་དོག་སྔོན་པོ་སྤྱན་གསུམ་ པ། །དམར་པོའི་སྐྲ་ཡིས་རྣམ་པར་འཛིངས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཉིད། །རྒོད་ཅིང་མཆེ་བ་གཙིགས་པ་དང་། །འབར་བའི་མེ་ཡིས་རྣམ་པར་བརྒྱན། །དང་པོར་མདུང་གི་ལག་པ་དང་། །གཉིས་པར་དེ་བཞིན་མི་མགོའོ། །གསུམ་པ་ལ་ནི་རྡོ་རྗེ་ གསོར། །གཡོན་པ་སྟེང་དུ་སྡིགས་མཛུབ་དང་། །གཉིས་པའི་ལག་ན་ཐོད་པའོ། །གསུམ་པར་དྲིལ་བུའི་སྒྲ་སྒྲོགས་ཤིང་། །ཤམ་ཐབས་སྟག་གི་པགས་པ་དང་། །གླང་ཆེན་པགས་པ་རབ་ཏུ་མནབས། །རོལ་བའི་སྟབས་ཀྱིས་བཞུགས་པ་ནི། ། ཡི་དགས་གདན་ལ་རབ་ཏུ་བཞུགས། །འབར་བ་དམར་པོའི་རང་བཞིན་ལུས། །གདུགས་དཀར་པོ་ནི་རྣམ་པར་འཕྱང་། །རལ་པ་གཅིག་པའི་སྲིན་མོ་ན། །རྡོ་རྗེ་ཕོ་ཉ་མངོན་པར་བྲི། །སེན་མོས་ཁྲག་ནི་མངོན་པར་གླང་། །ལྷ་མོའི་ལྟེ་བ་བྱ་བར་གསུངས། །དེ་ ཡི་ཤ་ཡིས་སྦྱིན་སྲེག་བྱ། །དེ་བཞིན་དུར་ཁྲོད་ཀྱིས་ནི་བསྐོར། །མགོ་བོར་ཨོཾ། མིག་ཏུ་ཧཱུྃ། སྣ་ལ་ཧ། རྣ་བར་ཧྲི། ལྕེ་ལ་ཧྲ། སྙིང་གར་ཧྲིཿ། རྡོ་རྗེ་ཁུ་ཚུར་མཉམ་བྱས་ཏེ། །དབུ་མ་གཉིས་ནི་རབ་ཏུ་བརྐྱང་། །ཡན་ལག་དྲུག་གི་སྔགས་དང་ ཕྱག་རྒྱའོ། །སྙིང་གར་སྡིགས་མཛུབ་སྦྱིན་བྱས་ལ། །དཔུང་པ་གཡས་པ་རབ་ཏུ་བརྐྱང་། །ཧཱུྃ་གི་རྣམ་པས་སེ་གོལ་དང་། །ལྷན་ཅིག་ཉིད་དུ་སྦྱར་བྱས་ལ། །གཡས་བརྐྱང་བ་ཡི་རྐང་པས་མནན། །ཨོཾ་མ་ཐ་མ་ཐ་པུཥྚ་ཧཱུྃ་ཕཊ། འདི་ནི་ལྷ་མོའི་ རྩ་བའི་སྔགས་དང་ཕྱག་རྒྱའོ། །ར་ཤ་འོ་མར་བསྲེས་པ་ཡིས། །དུར་ཁྲོད་གནས་པའི་ལྷ་མོ་ལ། །བརྒྱད་བརྒྱ་རུ་ནི་དབུལ་བྱ་ཞིང་། །སྣ་ཚོགས་མཆོད་པས་ཚིམ་བྱས་ལ། །ཕྱིས་ནི་ལས་རྣམས་བརྩམ་པར་བྱ། །སཱ་ལུའི་འབྲས་ལ་གཟུགས་བརྙན་བྱ། །མིང་ གི་དབུས་སུ་གཞག་བྱས་ལ། །སེང་ལྡེང་ཕུར་བུ་སོར་བརྒྱད་པས། །ལྷན་ཅིག་དངོས་པོས་བརྡུང་བར་བྱ། །རྡོ་རྗེའང་དེ་རུ་གཞག་བྱས་ན། །གཅིན་ནི་མཆོག་ཏུ་སྡོམ་པར་འགྱུར། །བ་ལྕི་ལས་ནི་གཟུགས་བརྙན་བྱ། །ཁྱི་ཡི་སྤུ་ཡིས་དགང་བྱས་ལ། །མིང་ནི་ཧཱུྃ་གི་ རྣམ་པར་སྦྱར། །བརྒྱད་བརྒྱ་རུ་ནི་བཟླས་བྱ་ཞིང་། །རྡོ་རྗེ་པདྨས་བརྡུང་བྱས་ལ། །གདུག་པ་ཇི་བཞིན་འཚེ་བར་འགྱུར། །ལྷ་དགྲ་ལས་ནི་པདྨ་བྱ། །མིང་གི་ས་བོན་གཞུག་བྱས་ནས། །གང་ཞིག་བསམས་པའི་བུད་མེད་རྣམས། །དེ་བཞིན་ངེས་པར་དབང་ དུ་འགྱུར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པས་སླར་ཡང་གསུངས། །གཞན་ཡང་ལས་ཀྱི་ཁྱད་པར་ཉིད། །ཕྱག་ན་རྡོ་རྗེ་ཉིད་ཉོན་ཅིག །སྲོག་ཆགས་ཀྱིས་བརྐོས་ས་ལས་ནི། །བློ་དང་ལྡན་པས་གཟུགས་བརྙན་བྱ། །ལྷ་མོའི་ ས་བོན་ཡི་གེས་བསྐོར། །སྙིང་གར་མིང་གི་རྣམ་པར་བྱ། །རྐང་པ་གཡོན་པས་མནན་ནས་ནི། །བློ་དང་ལྡན་པས་བརྒྱད་བརྒྱར་བཟླས། །སྦྲུལ་གྱི་པགས་པས་བཀང་བྱས་ན། །སྦྲུལ་གྱིས་རབ་ཏུ་གང་བར་འགྱུར། །སྦལ་བའི་འདབ་མས་བཀང་བྱས་ ན། །སྦལ་པས་རབ་ཏུ་གང་བར་འགྱུར། །ཏིལ་མར་ནག་པོས་བཀང་བྱས་ན། །སྦྲང་བུས་རབ་ཏུ་གང་བར་འགྱུར། །སེན་མོ་ཡིས་ནི་བཀང་བྱས་ན། །སྲིན་བུས་མངོན་པར་གང་བར་འགྱུར། །ཤ་ཡིས་ཀུན་ནས་བཀང་བྱས་ན། །མོད་ལ་གཟེར་བས་ ཡོངས་སུ་འཛིན། །སྦྱོར་བས་འཇིག་པར་བྱེད་པ་དང་། །སློབ་དཔོན་དང་ནི་གསང་དམོད་པའི། །ཤིན་ཏུ་གདུག་པའི་སེམས་ཅན་རྣམས། །འདི་ཡི་ལམ་གྱིས་སྦྱར་བར་བྱ། །སྡིག་གིས་གོས་པར་མི་འགྱུར་རོ། །ལྷ་མོ་ཕོ་ཉ་རྡོ་རྗེ་འཆང་། །སྦྱོར་བ་བསྲུབ་ པའི་དོན་དུ་གསུངས། །ལས་འདི་ཡི་ནི་ཁྱད་པར་ཉིད། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་འཆང་། །གདན་བཞི་པ་དང་མཉམ་ལྡན་པས། །ཡིད་མི་གཞུངས་པས་རྟོགས་བྱའི་ཕྱིར། །མདོར་བསྡུས་སྦྱོར་བ་བྱེད་པའོ། །སློབ་མས་ཤེས་པས་དོན་ དམ་སྨྲ་བའི་སེང་གེ་ཡིས། །རྣལ་འབྱོར་ཆོགས་ཉོན་མོངས་གཡོས་པས་གཅད་པའི་ཕྱིར། །ཉོན་མོངས་སྲེད་པའི་ཉེས་པ་སྐྱེ་རྩ་འཇོམས་མཛད་པ། །རྣལ་འབྱོར་དོན་དམ་རྒྱལ་པོ་ཉིད་དུ་འགྲུབ་གྱུར་ཅིག །སྦྱོར་བའི་ཚིག་གི་ལེའུ་ཞེས་བྱ་བ་བཅུ་གཅིག་པ་ རྫོགས་སོ།། །།དཔལ་ལྡན་ཤེས་རབ་དབང་པོ་སྦས་པའི་ཉི་མའི་འོད་ཀྱིས་འཇིག་རྟེན་ཁམས་སུ་སྣང་བར་མཛད། །དངོས་པོ་དུ་མའི་ཁྱད་པར་བསགས་པའི་རབ་རིབ་གང་གི་མཐུ་ཡིས་འཇིག་མཛད་པ། །རྟག་ཏུ་ཀུན་ནས་རྔུབས་པའི་ང་རྒྱལ་མི་མཐུན་ དགྲ་ཡི་དུས་དང་དུས་སུ་གཡུལ་འགྱེད་པའི། །ཆགས་པ་མེད་པའི་ཡེ་ཤེས་རི་བོ་མཉམ་ཉིད་མཉམ་པའི་ས་བོན་ཆེན་པོ་གཅིག་གིས་མཛད། །འཁོར་བར་ཐིམ་པར་གསུངས་པ་ཡི། །རྩ་བའི་འཁོར་ལོ་ལ་ཕྱག་འཚལ། །གསང་བའི་ངོ་བོ་མཉམ་ཤེས་ཕྱིར། ། གསང་བ་བསྒོམ་པའི་རྣལ་འབྱོར་བ། །ཧཱུྃ་གི་རྣམ་པ་འབྱིན་བྱེད་དངོས། །ཧཱུྃ་གི་རྣམ་པ་མཆོག་གི་ལྷ། །ཧཱུྃ་གི་རྣམ་པ་སྟོང་གྱུར་པ། །ཡི་གེ་ཧཱུྃ་ལ་ཕྱག་འཚལ་བསྟོད། །སྔོན་དུ་རྩ་ནི་ཀུན་སྦྱར་ལ། །ཕྱིས་ནི་ས་བོན་རྣམ་པར་འཕྲུལ། །ལྟེ་བར་ཕྱུགས་ཀྱི་ ཞགས་པ་ནི། །ཕྱུགས་ཀྱིས་གྲོལ་ཤིང་ཤིན་ཏུ་གྲོལ། །ཤར་གྱི་ཕྱོགས་སུ་གཞུ་རྒྱལ་ནི། །པདྨ་ཡི་ནི་དཀྱིལ་འཁོར་ཉིད། །གཤེར་བ་ཡང་ནི་ནུབ་ཀྱི་ཕྱོགས། །རྣམ་པར་ཤེས་པའང་ལྷན་ཅིག་འབྱིན། །ནམ་མཁའི་དབུས་སུ་བདག་ཉིད་བྱ། །བདག་ ཉིད་དབུས་སུ་ནམ་མཁའོ། །གཉི་གའི་དབུ་མ་ཤེས་བྱས་ལ། །གྲོལ་བ་ཉིད་དུ་ཐེ་ཚོམ་མེད། །སྟོང་པའི་དབུས་སུ་བདག་གི་ནི། །བདག་ཉིད་རྟགས་ནི་མཚོན་པའོ། །རྟགས་ཀྱི་བདག་ཉིད་འབྱིན་པ་ནི། །བསྒོམས་པས་ས་ཡི་འབྱིན་པའོ། །གཞུ་ ལས་རྒྱལ་ཞིང་གཤེར་བ་ཉིད། །སྐམ་པོ་པདྨ་འབྱིན་པ་ལས། །བདུན་ཅུ་རྩ་གཉིས་མཉམ་འབྱིན་པ། །རྩ་དགུ་ཡི་ནི་མིང་འདི་ཉིད། །རྩ་དགུའི་ས་ནི་རྟག་གྱུར་པ། །གསུམ་པོ་འབྱིན་ཅིང་ཡང་དག་སྡུད། །གཤེར་དང་སྐམ་པོ་ཞེས་བྱ་བ། །རྩ་བ་གཞུ་ ལས་རྒྱལ་བ་ཉིད། །དངོས་པོ་ཡི་ནི་མཚན་ཉིད་པའི། །འདི་ཡིས་འབྱིན་ཅིང་ཡང་དག་སྡུད། །པདྨ་དགུར་ནི་མཉམ་བཤད་པ། །རྣམ་པར་ཤེས་པ་ལྷན་ཅིག་གནས། །སྟེང་འོག་ཕྱོགས་ཀྱང་སྟོང་པ་ཉིད། །དབུ་མ་སྟོང་པ་ཉིད་དུ་ནི། །རྟག་ཏུ་སྟོང་པ་ གསུམ་བསྒོམ་པ། །གང་གིས་དེ་ཤེས་མཁས་པའོ། །གཡོན་གྱི་གློ་རུ་སེར་སྐྱ་དང་། །གཡས་པར་ནག་པོ་ཆེན་པོ་གནས། །རྩ་ལྔ་ལས་ནི་མཉམ་འབྱིན་པ། །ལྔ་ཉིད་དུ་ནི་སྦྱར་བར་བྱ། །ཆུ་དང་མེ་དང་ནམ་མཁའ་དང་། །ས་ཉིད་བཞི་སྟེ་མཉམ་ པའི་གདན། །ཆུ་ཤིང་མེ་ཏོག་ལྟ་བུ་ནི། །ལྟེ་བའི་དབུས་སུ་རྣམ་པར་གནས། །རྟག་ཏུ་ཁ་ནི་རབ་ཟླུམ་པ། །མཁས་པ་ཡིས་ནི་རྒྱས་པར་བྱ། །འདབ་མ་བརྒྱད་པར་རྟག་ཏུ་གྱུར། །གསུངས་པའི་གེ་སར་དང་ལྡན་པར། །དེ་ཡི་དབུས་སུ་བཤད་པ་ ནི། །རྣམ་ཤེས་ལྷན་ཅིག་བསྒོམ་པ་ནི། །ཕྲ་རབ་རྡུལ་གྱི་རྣམ་པ་ལྟར། །རྣམ་པར་ཤེས་པ་མཚོན་པར་བྱ། །སྐྲ་ཡི་རྩེ་མོ་བརྒྱ་ཡི་ཆར། །འོད་ཟེར་གཡོ་བ་མེད་པར་གནས། །ཀུན་ནས་སྦྱོར་བ་གསུམ་པས་དཀྲི། །དཀྲིས་པའི་མཚན་ཉིད་འཁོར་ལོ་འདྲ། ། རྫ་མཁན་འཁོར་ལོ་ལྟ་བུར་འཁོར། །གནས་སུ་བཟློག་པ་ཡེ་ཤེས་སོ། །རང་བཞིན་བརྒྱད་པའི་དབྱེ་བ་ཡིས། །སྐྱེས་བུ་དབུས་སུ་སྦྱར་བའི་དོན། །དབུས་མས་འབྱིན་ཅིང་ཡང་དག་སྡུད། །ཐམས་ཅད་ལྟ་བ་འཇོམས་པར་བྱེད། །རྩ་བརྒྱད་མངོན་ པར་ཀུན་ནས་ལྡན། །དཀར་པོ་དུད་པ་པདྨ་དུང་། །གི་ཝང་དྲི་མེད་འབྱེད་པ་དང་། །ས་གདུགས་བརྒྱད་པའི་དབྱེ་བའོ། །བདག་མེད་ཆོས་དང་ཡང་དག་སྦྱོར། །བདག་མེད་པས་ནི་རྣམ་པར་དཀྲིས། །ཁམས་གསུམ་སྐྱེས་པ་ཟད་བྱེད་ནས། །ཡེ་ཤེས་ ནུས་པ་ཡིས་ནི་འཇོམས། །དང་པོར་དཀར་པོར་ཡང་དག་བསྒོམ། །གཉིས་པར་སེར་པོར་བསྒོམ་པ་དང་། །གསུམ་པར་ཀུན་ནས་དམར་པོར་བསྒོམ། །བཞི་པ་ལ་ནི་ནག་པོ་ཉིད། །རྩའི་འཁོར་ལོ་བསྒོམ་པ་སྟེ་ལེའུ་དང་པོ་ཞེས་བྱ་ བ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་ས་བོན་བསྒོམ་པ་ནི། །ས་བོན་ངེས་པར་དེ་བཞིན་གཤེགས། །དབྱངས་ཀྱི་ཡི་གེའི་མཚན་ཉིད་དོ། །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ཕ་རོལ་ འགྲོ། །དག་པའི་ལུས་ཀྱི་ངོ་བོ་ཡིས། །ཡེ་ཤེས་ལུས་ནི་དག་པའི་དངོས། །དག་ཅིང་དག་པ་དེ་བཞིན་དངོས། །དང་པོའི་རྣལ་འབྱོར་མཚན་ཉིད་དོ། །དེ་བཞིན་ཉོན་མོངས་མུན་པ་ནི། །རྣམ་ཤེས་ལྷན་ཅིག་སྣང་བའོ། །ཡེ་ཤེས་རྡོ་རྗེས་བཅོམ་ ནས་ནི། །སྣང་བ་ལ་སོགས་ཐོབ་པར་འགྱུར། །དག་པའི་ལུས་དང་སེམས་ཀྱིས་ནི། །བློ་ལྡན་དཀྱིལ་འཁོར་མཚོན་པར་བྱ། །སློབ་དཔོན་དང་བྲལ་འདི་ཡིས་ནི། །རྟག་ཏུ་ས་སྟེངས་དངོས་གྲུབ་མེད། །སློབ་དཔོན་ཡོན་ཏན་གཟུང་བྱ་ཞིང་། །སྐྱོན་ནི་ ནམ་ཡང་མ་ཡིན་ནོ། །དཀྱིལ་འཁོར་ཆོ་གའི་མཚན་ཉིད་ནི། །དེ་བཞིན་མཉམ་པར་བརྟགས་ལ་བྱ། །གྲྭ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དེ་དབུས་པདྨ་མཉམ་པར་བྲི། །དབུས་སུ་མཆོག་གི་ཡི་གེ་ནི། །ཡི་གེའི་ གཟུགས་དང་དབྱིབས་སུ་ནི། །ཡི་གེ་རུ་ནི་རྣམ་ཤེས་བྱ། །ཤར་དུ་དཀར་པོ་ཀུན་ནས་བསམ། །ནུབ་ཏུ་དུ་བའི་ས་བོན་བཞིན། །ལྷོར་ནི་དུང་གི་ས་བོན་དང་། །བྱང་དུ་པདྨའི་ས་བོན་ནོ། །དབང་ལྡན་མཚམས་སུ་རོ་ཙ་ན། །མེ་རུ་དྲི་མེད་གསུམ་འབྱུང་ བའོ། །བདེན་བྲལ་དུ་ནི་འབྱེད་པ་ཤེས། །ཐམས་ཅད་ལས་ལ་རླུང་ཉིད་དོ། །འདི་ལྟར་དཀྱིལ་འཁོར་མཉམ་ཤེས་བྱ། །རྟག་ཏུ་དཀྱིལ་འཁོར་བསམ་པར་བྱ། །དཀྱིལ་འཁོར་བསམས་པ་ཙམ་གྱིས་ནི། །སྡིག་པ་སྤངས་ཤིང་རྣམ་པར་གྲོལ། ། རྣལ་འབྱོར་སྦྱོར་བ་ཙམ་གྱིས་ནི། །བཟའ་བ་རྣལ་འབྱོར་བརྟག་པར་བྱ། །དབང་པོ་ལྔ་ནི་ཚིམ་བྱས་པས། །མི་འཆི་མཛེས་པར་གྱུར་པའོ། །དང་པོར་བདག་ཉིད་སྦྱང་བ་དང་། །གཉིས་པར་རྟག་ཏུ་དཀྱིལ་འཁོར་ཉིད། །གསུམ་པར་བདག་གི་གདན་ དང་ནི། །བཞི་པ་ལ་ནི་སྦྱོར་བའི་གདན། །ས་བོན་གྱི་དཀྱིལ་འཁོར་བསྒོམ་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཡི་གེའི་མཚན་ཉིད་ཅེས་བྱ་བ། །ཡིག་དོན་དབྱངས་ལས་ཡང་ དག་འབྱུང་། །ཡི་གེ་རུ་ནི་རྣམ་ཤེས་བྱ། །མགྲིན་པ་མཆུ་དང་རྐན་དང་ནི། །ཡི་གེ་ལྕེ་ཡིས་ཡོངས་བསྒྱུར་བའོ། །ཀ་ཚན་དུད་པ་ལས་བྱུང་ཉིད། །ཙ་ཚན་དཀར་པོ་ཡང་དག་མཚུངས། །ཊ་ཚན་དུང་ལས་ཡང་དག་འབྱུང་། །པདྨ་ཉིད་ལས་ཏ་ཡིས་ ཚོགས། །དབྱངས་བཞི་ཡི་ནི་འདུ་ཤེས་སུ། །སོ་སོར་དབྱངས་ནི་འབྱུང་བའོ། །ཡི་གེ་གཉིས་ལས་ཀུན་འབྱུང་བ། །དབྱངས་ཀྱི་ཡི་གེ་དམན་པ་ཉིད། །ཁ་དོག་མེད་ཅིང་ཁ་དོག་འབྱུང་། །གཟུགས་མེད་གཟུགས་ཀྱི་ངོ་བོ་ཉིད། །རིང་བ་མ་ ཡི་མཐང་བ་མིན། །རིགས་པ་དང་ནི་རིགས་མིན་ཉིད། །སྟོང་མིན་སྟོང་པའི་ཡང་དག་དངོས། །གང་གིས་དེ་ཤེས་མཁས་པའོ། །གཟུགས་དང་སྟོང་པ་དེ་བཞིན་དབུས། །བློ་དང་ལྡན་པས་གཟུང་བར་བྱ། །སྲོག་གི་ཡི་གེར་ལྷན་ཅིག་པས། །ཇི་ ལྟར་གཟུགས་དོན་མཛེས་པ་དང་། །ཡིད་འོང་འོད་ཟེར་ཡི་གེ་ནི། །དུས་ལས་འདས་པ་ཕྱག་འཚལ་འདུད། །སྟོང་པ་དང་ནི་པདྨ་རྒྱལ། །པདྨ་དཀར་པོའི་ཡི་གེ་ནི། །དེ་བཞིན་གང་ཤེས་རྣལ་འབྱོར་པ། །སྦྱོར་བའི་གདན་གྱི་མིང་ཉིད་ཡིན། །སྟོང་ པས་ལུས་ནི་སྦྱང་བྱས་ལ། །སྟོང་པ་ཉིད་དུ་ལྷན་ཅིག་བསྐྲུན། །ས་བོན་བསྐྲུན་པ་ཙམ་གྱིས་ནི། །ཡི་གེའི་མཚན་ཉིད་ལྷན་ཅིག་གོ། །ཡི་གེའི་མཚན་ཉིད་རབ་ཏུ་བྱེད་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པ་རྫོགས་སོ།། །།བརྫུན་གྱི་ཚིག་ནི་མི་ སྨྲ་སྟེ། །བརྫུན་དུ་སྨྲ་བར་རབ་གོམས་པས། །བསླབ་པ་ཐམས་ཅད་རྣམ་པར་མནན། །ཉེས་པ་ཐམས་ཅད་ཀུན་གྱི་གནས། །ཆགས་པའི་ཐག་པའི་རང་བཞིན་གྱིས། །འཁོར་བའི་ཕུར་པ་ལ་རབ་བཏགས། །མི་གཙང་བུམ་པའི་ མར་ལྟ་བུ། །ཐམས་ཅད་དུ་ནི་རྟག་ཏུ་སྤང་། །ལུས་ཀྱི་རྣམ་པ་གསུམ་ཉིད་དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་ཉིད་ནི། །མཁས་པ་ཡིས་ནི་རྟག་ཏུ་བསྡམ། །ངག་གི་མཆོད་པ་མངོན་རྫོགས་པའོ། །དེ་ཉིད་དམན་པའི་ སྒྲུབ་པ་པོས། །བསྒྲུབ་བྱ་འགྲུབ་པར་མི་འགྱུར་བས། །རྣལ་འབྱོར་སྦྱོར་བའི་མཚན་ཉིད་ཀྱིས། །དེ་ཕྱིར་དེ་ཉིད་ལ་མཉམ་བརྟེན། །བླ་མ་བསྙེན་བཀུར་བསྟེན་ལ་རིག །ཅི་འབྱོར་པ་ཡི་རྫས་ཉིད་དང་། །ཡང་ན་རིག་དང་རིག་པར་བརྗེ། །བཞི་པ་ཉེ་ བར་རྙེད་མི་འགྱུར། །བཅུ་བཞི་དང་ནི་བཅྭ་ལྔ་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལ། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །འབད་པས་གཏོར་མ་སྦྱིན་པར་བྱ། །བདུན་གྱི་སྡེ་ཚན་ཙ་མུཎྜི། །ཁྲོ་གཉེར་ཅན་ལ་ཉི་ཤུ་ལྔ། །སྡེ་ཚན་བརྒྱད་པ་མཱ་ མ་ཀཱི། །སྒྲོལ་མ་སྡེ་ཚེན་ལྔ་པར་བཤད། །མཁའ་འགྲོ་མ་ཡང་ལྔ་པར་བཤད། །འབྱུང་བ་སྡུད་པ་དྲུག་པའོ། །རི་ཁྲོད་མ་ནི་དགུ་པར་བཤད། །སངས་རྒྱས་སྤྱན་མ་བཅྭ་བརྒྱད་དེ། །རྣལ་འབྱོར་མ་ནི་བརྒྱད་ཅུ་ཉིད། །ཕྱི་ཡི་མཆོད་པས་ མཚུངས་པའོ། །དབུས་སུ་བདེ་བ་ཆེན་པོར་བཤད། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་བསྐོར། །ཧ་ཡི་རྣམ་པ་ཁ་དོག་འཕྲོག །ཧོ་ཡི་རྣམ་པ་དྲི་མ་མེད། །དཔའ་བོ་ཧྲིཿཡིས་འཛོམས་པ་ནི། །རིམ་པ་འདི་ལྟར་ཤེས་པར་བྱ། །ཁ་ཅིག་དྲི་ཡི་རང་ བཞིན་དང་། །ཁ་ཅིག་མེ་ཏོག་གི་རང་བཞིན། །ཁ་ཅིག་སྤོས་ཀྱི་རང་བཞིན་དང་། །ཁ་ཅིག་གཏོར་མའི་རང་བཞིན་དུ། །དེ་བཞིན་བྱང་ཆུབ་སེམས་དཔའ་བརྒྱད། །ཕྱི་ཡི་མཆོད་པར་གནས་པ་ཉིད། །དམ་ཚིག་དང་གཏོར་མ་དང་མཆོད་པའི་ལེའུ་ སྟེ་བཞི་པ་རྫོགས་སོ།། །།དེ་ནས་གཞན་ཡང་རང་བཤད་པ། །ཡི་གེ་ལས་ཀྱི་མཚན་ཉིད་ནི། །རང་བཞིན་མཉམ་པར་བཤད་པ་ཉིད། །ཁྱད་པར་ཉིད་དུ་སྦྱར་བར་བྱ། །ཨོྃ་ནི་ལྟེ་བར་མངོན་པར་དགང་། །ཨོཾ་ནི་རང་བཞིན་མེད་པ་ཉིད། ། ཨོཾ་ནི་གཟུང་འཛིན་དང་བྲལ་བ། །ཨོཾ་ནི་སྟོང་པ་ཉིད་དུ་བཤད། །ཨོཾ་ནི་ཡི་གེ་བརྒྱད་ཅུའོ། །ཀ་ནི་འགུགས་པའོ། །ཁ་ནི་ཟ་བའོ། །ག་ནི་དྲི་བའོ། །གྷ་ནི་འཇོམས་པའོ། །ང་ནི་སྐྱོང་བའོ། །ཙ་ནི་གཡོ་བའོ། །ཚ་ནི་ཚིག་དོར་རོ། །ཛ་ནི་ འགུགས་པའོ། །ཛྷ་ནི་འདར་བའོ། །ཉ་ནི་ཤེས་པའོ། །ཊ་ནི་དཀར་པོའོ། །ཋ་ནི་འབར་བའོ། །ཌ་ནི་དབུལ་བའོ། །ཌྷ་ནི་རྣམ་པར་གཡེང་བའོ། །ཎ་ནི་སྐྲག་པའོ། །ཏ་ནི་འབར་བའོ། །ཐ་ནི་ཞི་བའོ། །ད་ནི་བསྐྲུན་པའོ། །དྷ་ནི་རྒྱས་ པའིའོ། །ན་ནི་སྐྲག་པ་པོ། །བ་ནི་ཚོད་པའོ། །ཕ་ནི་སྤྱན་ནོ། །བ་ནི་འབར་བའོ། །བྷ་ནི་འཇིགས་པ་ཡང་དག་པར་བྱེད་པའོ། །མ་ནི་ཟ་བའོ། །ཨ་ནི་འཁྲུལ་འཁོར་འཇིག་པའོ། །ཝ་ན་རྩོད་པའོ། །ར་ནི་སྐེམ་པའོ། །ལ་ནི་དབང་དུ་བྱེད་ པའོ། །ས་ནི་དགྲ་འཇོམས་པའོ། །ཥ་ནི་གནོད་པའོ། །ཤ་ནི་ལྟུང་པའོ། །ཧ་ནི་དྲག་པོའོ། །ཀྵ་ནི་བསྐྱོད་པའོ། །ཨཱི་ནི་དབང་ཕྱུག་གོ། །སྭཱ་ཧཱ་ནི་རྣམ་པས་རྒྱས་པའོ། །ཕཊ་ཀྱིས་རྣམ་པས་འཇོམས་པ་དང་། མ་ཌའི་རྣམ་པས་འཇོམས་པར་ བྱེད། །ག་ཧ་ཡིས་ནི་དབང་དུ་བྱེད། །པོ་ཥ་ཧྲི་ཡིས་རྒྱས་པར་བྱེད། །རེ་ཊ་ཡིས་ནི་ཞི་བའོ། །གྷ་ཏ་ཡིས་ནི་གཅོད་པའོ། །སྔགས་ལ་སྔགས་ཀྱི་རྣམ་པར་སྦྱར། །དོན་གཞི་ལས་དང་ལྷན་ཅིག་ཏུ། །དེ་ཡི་མིང་ནི་རབ་ཏུ་སྦྱར། །ལས་ནི་འདི་ལྟར་ བཤད་པ་ཡིན། །སྔགས་ཀྱི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །དགེ་འདུན་ལ་ཡང་སྐྱབས་སོང་བས། །དེ་ནི་ངན་འགྲོར་ མ་ཡིན་ནོ། །བསོད་ནམས་ཡི་རང་སྡིག་པ་བཤགས། །ཚུལ་ཁྲིམས་ཚད་མེད་ཡན་ལག་དང་། །དེ་བཞིན་བརྟུལ་ཞུགས་ཡན་ལག་ཉིད། །རྣལ་འབྱོར་བསྟན་བཅོས་རྗེས་རིག་པས། །འདི་ལྟ་བུ་ནི་རྟག་ཏུ་སྤང་། །དེ་ལྟར་ལན་ གཉིས་ལན་གསུམ་དུ། །བྱང་ཆུབ་སྙིང་པོར་བྱས་ནས་ནི། །སྙིང་རྗེ་མཆོག་དང་ལྡན་པ་ཡིས། །འགྲོ་དྲུག་འཁོར་ལོ་ཉེ་བར་བཤད། །སྲིད་པའི་ཉེས་པ་ལ་ཞེན་པའི། །དེ་ལྟའི་སེམས་ནི་རྣམ་པར་སྤང་། །དེ་ཡི་སྡིག་པ་ཞི་བ་དང་། །བསོད་ནམས་ རབ་ཏུ་འཕེལ་བར་འགྱུར། །ཨོཾ་མ་ཧཱ་དེ་བི། མ་ཧཱ་སུ་ལེ། མ་ཧཱ་ཏེ་ཛ། མ་ཧཱ་པོ་ཏ། མ་ཧཱ་བ་ལེ། །མ་ཧཱ་ཡཛྙེ། ཨོཾ་སེ་ཏ་བྷི་ཛ་གྲྀཧྞཱ་ནི། ཨོཾ་སི་ཏི་བྷི་ཛ་ཡ་དྷཱ་ར་ཡཱ་མི། ཨོཾ་དྷཱུ་མ་བི་ཛ་ཛ། ཨོཾ་དྷཱུ་མ་བི་ཛ་བྷྱོ་བཏྟ་ན། དེ་རིང་བདག་ལ་དགོངས་སུ་ གསོལ། །གསོད་དང་རྐུ་རང་འདོད་ཆགས་དང་། །དེ་བཞིན་བརྫུན་དང་ཕྲེང་བ་དང་། །བྱུག་པ་གར་ལ་སོགས་པ་དང་། །ལྷག་པའི་བཟའ་བ་བསྡམ་པར་བྱ། །ལོངས་སྤྱོད་ལ་དགའ་ཆོས་མི་རྙེད། །སྭ་བྷཱ་བ་ཤུད་དྷྱཿསརྦ་དྷརྨཱཿསྭ་བྷཱ་པ་ཤུདྡྷོ྅ཧཾ། བཛྲ་ཤུད་དྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧྃ། ཡོ་ག་ཤུད་དྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་རིང་བདག་ལ་དགོངས་སུ་གསོལ། །བདག་ནི་རྣལ་འབྱོར་མཆོག་རབ་སྟེར། །བདག་གིས་རྣམ་ཤེས་རྒྱལ་པོ་བསྐྱེད། །བདག་གིས་རྣམ་ཤེས་འཕྲོ་བ་ཤེས། །དེ་རིང་སློབ་ མ་དོན་དམ་དེ་ཉིད་རྒྱལ་པོ་ཉིད་རྒྱལ་པོ་ཉིད་ཀྱིས་དབང་བསྐུར་གསོལ། །བཀྲ་ཤིས་མངོན་པར་འདོད་ཕྱིར་དམྱལ་བ་ལས་བྱུང་རྟགས་བསྟན་པས། །འགྲོ་བའི་འཁོར་ལོ་ཐམས་ཅད་ལས་ནི་རྣམ་པར་ལྡོག་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་མཆོག་ཏུ་གྲུབ་གྱུར་ཅིག །བསླབ་པའི་ལེའུ་ སྟེ་དྲུག་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། །མདོར་ན་ལྕགས་ཀྱུ་རྣམ་པ་གསུམ། །སྦྱིན་པ་སྦྱིན་པར་མི་བྱའོ། །འཁྲིག་པའི་དངོས་པོ་བསྟེན་པ་ལས། །ཁྲག་དང་ཁུ་བ་ཡང་དག་འབྱུང་། །སྔོན་གྱི་ས་ལ་མ་རིག་པས། ། རྟགས་སུ་གཟུགས་ཀྱིས་དཀྲིས་པའོ། །ཞག་བདུན་པ་ན་ཁུ་བ་ཡིས། །རྣམ་ཤེས་ལྡར་ནི་ཡང་དག་བྱུང་། །བཅུ་གཉིས་ཞག་ན་ཤེས་བྱ་བ། །བརྒྱད་པར་རྟག་ཏུ་མཁྲང་འགྱུར་ཉིད། །རོ་ནི་ཉིན་ཞག་བཅུ་དྲུག་ན། །ཨར་བུ་ཏ་ར་ནི་ཞག་ལྔར་རོ། །ཕྱོགས་ གསུམ་ལ་བརྟག་གཟུགས་བརྙན་ཉིད། །དེ་ཡི་ངོ་གདོང་རྐང་ལག་དང་། །བ་སྤུ་སོར་ནི་འགྱུར་བའོ། །ཟླ་གསུམ་རྐང་པ་རྣ་བའོ། །ཟླ་དྲུག་གཟུགས་ཕྱེད་བཅས་པར་འགྲོ། །རྣམ་ཤེས་ལྔ་དང་སེམས་པའོ། །གནས་སྐབས་བཅུ་ནི་རྣམ་བཤད་པ། །མངལ་ ནས་སྐྱེས་པའི་སྐྱེ་བ་པོ། །རྣལ་འབྱོར་རིག་པའི་སྦྱོར་བ་ཡིས། །མངལ་གྱི་གནས་སྐབས་རྣམ་པར་བཤད། །སྐྲ་དང་སྤུ་དང་སེན་མོ་སོ། །རྡུལ་དང་དེ་བཞིན་དྲི་མ་ཤ། །རུས་པ་མགོ་བོ་ལྟོ་བ་དང་། །གཉེ་མ་བཤང་དང་གཅི་བ་དང་། །མཆིལ་མ་སྣབས་དང་ སྐྱུགས་པ་དང་། །རབ་འཛག་མི་གཙང་རྣམ་པ་གང་། །འདུ་བྱེད་ཆོ་གས་སྐྱེ་བའོ། །རྣལ་འབྱོར་བ་ཡིས་ཀུན་ཤེས་ནས། །སྔོན་གྱི་ལས་ཀྱི་འབྱིན་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། །རྣམ་པར་ ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། །རེག་པའི་རྐྱེན་གྱིས་ཚོར་བ། །ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། །ལེན་པའི་རྐྱེན་གྱིས་ སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་ལས་སྐྱེ་ཞིང་འབྱུང་བར་ འགྱུར་རོ། །མངལ་ན་གནས་པའི་རབ་ཏུ་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཡོན་ཏན་ལས་ནི་ཡོན་ཏན་སྐྱེ། །རྣམ་ཤེས་གཟུགས་ཀྱི་ངོ་བོ་ནི། །ཁ་དོག་བདུན་པའི་འོད་ཟེར་ནི། ། དབང་པོ་ལྔ་ཡི་འོད་ཟེར་ཉིད། །མིག་དང་རྣ་བ་སྣ་དང་ལྕེ། །རྩ་དགུ་ལས་ནི་རྣམ་པར་འབྱུང་། །གཟུགས་དང་དབང་པོ་ལྷན་ཅིག་ཚོགས། །འོད་ཟེར་འབྱིན་ཅིང་སྡུད་པའོ། །དེ་ལ་དབུགས་ཀྱང་སྦྱར་བར་བྱ། །མཐེ་བོང་ལྷན་ཅིག་ ཙམ་གྱི་ནི། །གཟུགས་ནི་དབུས་སུ་རྣམ་པར་འགྲོ། །ཀླུ་དགུས་རྟག་ཏུ་པདྨ་ལ། །ཉིན་ཞག་གཅིག་ལ་བརྒྱད་དུ་ནི། །གཟུགས་དང་ཁ་དོག་ཡོན་ཏན་དུ། །དེ་ཡི་གཟུགས་ནི་རྟག་ཏུ་འགྲོ། །གཉིས་པའི་སྦྱོར་བའི་དབུས་སུ་ནི། །ཞི་བ་ལྷན་ཅིག་ བརྩམ་པར་བྱ། །དྲུག་ཅུ་རྩ་བཞིར་སྐྱེ་བ་ནི། །སྦྱོར་བ་རྩེ་མོར་འཛིན་པའོ། །བརྒྱད་པ་དབང་ལ་མཉམ་གནས་པ། །སྦྱོར་བ་དབུ་མར་མཚུངས་པའོ། །བརྒྱད་ལ་ནག་པོར་ཀུན་ནས་སྦྱོར། །སྦྱོར་བ་སྔོན་དུ་གཟུང་བར་བྱ། །རྩ་དགུ་ཡི་ནི་གདན་ཉིད་ལ། ། ཀླུ་ཡི་གདེངས་ཀ་ཀུན་ནས་མནན། །རྩ་ཡིས་གཡོགས་ཤིང་རབ་ཏུ་བསྐོར། །ཐམས་ཅད་འབྱིན་ཅིང་ངེས་པར་རྒྱལ། །བྱང་དུ་དཀར་པོ་ཞེས་བྱ་བ། །དུད་པ་དེ་བཞིན་དེ་ཡི་ལྷོར། །དབུགས་ནི་མདོར་བསྡུས་བཤད་པའོ། །གཡོན་པའི་དབུགས་ནི་དྲི་མེད་ གསུམ། །ཉིན་དང་མཚན་གྱི་དངོས་པོ་ཡིས། །འཕོ་བ་བརྒྱད་དུ་བཤད་པའོ། །དེ་ཡི་སྦྱོར་བས་འཕོ་བ་ནི། །འཕོ་བའི་སྦྱོར་བས་གཟུང་བར་བྱ། །འབྱིན་པ་པདྨའི་རྣམ་པར་མཉམ། །རྩ་ཡི་འཁོར་ལོ་རྣམ་པར་གནས། །གང་ཞིག་གལ་ཏེ་ ཡང་དག་མིས། །ཤི་བར་གྱུར་ཀྱང་མི་གཏང་ངོ་། །འདི་ལྟར་རླུང་གི་རྒྱུན་ཚོགས་ནི། །དུ་བར་ཀུན་ཏུ་ཡང་དག་གནས། །པདྨའི་རྣམ་པ་ལྟར་མཉམ་པ། །རྩ་ཡི་འཁོར་ལོ་རྣམ་པར་གནས། །དཀར་པོ་དབང་པོ་ལྔ་བཤད་པ། །དེ་བཞིན་དུ་ནི་རུས་ པའོ། །འབུ་དང་སྲིན་བུ་པདྨའོ། །རུས་པའི་མཚམས་སུ་གནས་པ་ནི། །དུ་བ་རུ་ནི་གྱུར་པའོ། །རོ་ཙ་ན་ནི་རླུང་དུ་མཚུངས། །དྲི་མེད་གསུམ་ནི་ལག་པའི་མཐའ། །དབྱེ་བ་རྐན་དང་མགྲིན་པའོ། །ས་གདུགས་རྐེད་བརྒྱབ་ལ་ནི། །རང་ བཞིན་མེད་པའི་འབྱིན་བྱེད་པའོ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །འཆི་བའི་དུས་སུ་གནས་པ་ཉིད། །གལ་ཏེ་དུས་ལ་བབ་ཙམ་གྱིས། །དབུགས་ནི་ཆད་ཅིང་འཆད་པར་འགྱུར། །དེ་བཞིན་འཇིགས་པ་ཆུ་མཐོང་ན། །འགྲམ་པའི་མཚམས་ ནི་གཡོ་བར་འགྱུར། །བཅུ་གཉིས་ཞག་ལ་ཁྲི་ཕྲག་གཅིག །ཆུ་ཚོད་དབུགས་ནི་ཆད་པའོ། །གང་ཞིག་མཚན་མོའི་མཚན་ཉིད་ནི། །ལྷོ་ཕྱོགས་བགྲོད་པར་ཡང་དག་བཤད། །བྱང་དུ་བགྲོད་པར་བཤད་པ་ནི། །ཇི་ལྟར་ཉིན་མོའི་རྣམ་པའི་འོད། ། སོར་མོ་དྲུག་པ་ཙམ་ཉིད་དུ། །ནང་གི་རྣམ་ཤེས་འཕོ་བའོ། །གསང་ཞིང་གསང་བ་གསང་ཆེན་པོ། །སྦྱོར་བ་གསང་བར་མཚུངས་པའོ། །རྣལ་འབྱོར་ཤེས་པའི་རྣལ་འབྱོར་པས། །དེ་ཕྱིར་གསང་བ་ལ་མཉམ་བསྟེན། །ནང་གི་ལེའུ་ཞེས་བྱ་བ་ སྟེ་བརྒྱད་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །རྡོ་རྗེ་སྦྱོར་བའི་མཚན་ཉིད་ནི། །པདྨའི་གཟུགས་ཉིད་གཟུང་བ་ཉིད། །མཆོག་དང་རྡོ་རྗེ་མཆོག་མཉམ་པའི། །པདྨ་མཉམ་པར་བྱས་ནས་ནི། །འཁྲིག་པ་བདུད་ རྩིའི་སྦྱོར་བའོ། །ཐིག་ལེ་ཡི་ནི་རང་བཞིན་ཉིད། །རྣལ་འབྱོར་བ་ཡི་ཐིག་ལེ་གསང་། །ཀུ་ཤའི་རྩེ་མོ་བདུན་གྱི་ཆས། །རྣལ་འབྱོར་མ་ནི་བརྒྱད་ལ་དབུལ། །བདུད་རྩི་སྲུབ་པ་བླང་བྱས་ལ། །གློ་རུ་ཐིག་ལེ་བཞིན་དུ་དབུལ། །ཉོན་མོངས་རྟག་ཏུ་ སྐད་ཅིག་གིས། །ཨ་རྫ་ཀ་ཡི་དོག་པ་བཞིན། །རྣལ་འབྱོར་བསྟན་བཅོས་བལྟས་ནས་ནི། །འདུལ་བ་འདི་ནི་རྟག་ཟློས་པའི། །སེམས་ཅན་འཇིག་རྟེན་འདས་པ་ཐོབ། །ངན་པར་སྤྱད་པའི་དྲི་མ་འདམ། །བློ་ལྡན་གང་ཞིག་གིས་བཀྲུས་ནས། ། དགེ་བ་འདི་ཡིས་དྲི་མ་འདི། །གང་གི་ལམ་ནས་འགྲོ་བ་ཡི། །དེས་བྱས་བདེ་གཤེགས་ཉིད་དུ་འགྱུར། །རྩའི་འཁོར་ལོ་ཞེས་བྱ་བ་ལེའུ་དགུ་པ་རྫོགས་སོ།། །།སྟོང་ཉིད་དངོས་པོའི་གཟུགས་ཀྱིས་ནི། །དབུས་སུ་ལྷན་ཅིག་བསྒོམ་པར་ བྱ། །སྟོང་པའི་དེ་ཉིད་ཀྱིས་བཀྲུས་ལ། །སྟོང་པ་སྟོང་པའི་ས་བོན་བཞིན། །ཕྱོགས་སྟོང་ཆུར་ནི་བཤད་པ་ཉིད། །དེར་ནི་པདྨ་གཟུགས་བཅས་པའོ། །པདྨའི་དབུས་སུ་པདྨ་དེ། །ཡིད་འོང་ལྷན་ཅིག་འབྱུང་བའོ། །རྣམ་ ཤེས་གདན་དུ་རེ་ཕའོ། །དེ་ཉིད་རེ་ཕ་དང་ལྷན་ཅིག །དེ་བཞིན་སྟེང་དུ་ཐིག་ལེ་བཤད། །དབུས་སུ་རྣམ་ཤེས་ལྷན་ཅིག་བཞིན། །ས་ནི་འོད་ཟེར་གཟུགས་ཅན་དུ། །ཁྲུ་ཕྱེད་དུ་ནི་བསྒོམ་པར་བྱ། །རྣམ་ཤེས་དཀར་པོར་བསྒོམ་བྱ་བ། །གང་ ཞིག་སྦྱོར་བ་ཤེས་ལ་སྣང་། །སྣང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་བྱ། །གཞན་གྱི་ཡེ་ཤེས་མཆོག་འགྲོ་བ། །དཀར་པོ་མདུན་དུ་རབ་ཏུ་བཤད། །དུད་པ་ཕྱི་རོལ་ནུབ་ཏུའོ། །དེ་ཡི་ གཡོན་པ་གཟུང་བྱས་ལ། །དབུས་སུ་རྣམ་ཤེས་ལྷན་ཅིག་ཏུ། །རྣམ་པར་ཤེས་པ་སེར་པོར་བསྒོམ། །དེ་ཡི་མིང་ཅན་རོ་ཧི་ཏ། །མིང་ནི་སྟོང་པར་དེ་བཞིན་བཤད། །དུང་གི་ཕྱི་རོལ་རྣམ་བསྐོར་བས། །དེ་ཡི་སེམས་ཀྱང་བསྒོམ་པར་བྱ། །བློ་ལྡན་ཕ་ རོལ་སེམས་ཤེས་པས། །གཞན་སེམས་རྟག་ཏུ་ཡི་གེ་རུ། །མཉམ་པར་བཞག་ཅིང་བསྒོམས་ཙམ་གྱིས། །གཞན་སེམས་ཤེས་པར་འགྱུར་པའོ། །གཞན་གྱི་སེམས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས་ གཞན་ཡང་བཤད་བྱ་བ། །རྔུབ་པར་ལྷན་ཅིག་མཚུངས་པ་ཡིས། །རྩ་རྣམས་དགུ་ནི་བསྡམ་པར་བྱ། །རྔུབས་ཤིང་བཀང་བའི་བདག་ཉིད་ཀྱིས། །རང་ཉིད་སྦྱོར་བས་ཡང་དག་བཀྲུ། །དབུགས་ཀྱི་འབྱིན་བྱེད་གཡོ་བ་ཉིད། །བློ་ལྡན་སྒོ་ནི་སྡོམ་པ་ པོས། །གཡོ་བའི་ཡི་གེ་སྦྱར་བར་བྱ། །དབུགས་ཀྱི་མཐར་ནི་སྦྱར་བ་ཡིས། །འབྱུང་བ་སླར་ནི་མི་བཟློག་གོ། །དབུགས་ཀྱི་མཐར་ནི་འབྱུང་བ་ཡིས། །བློ་དང་ལྡན་པས་དགང་ཞིང་སྟོང་། །གང་བ་ལ་ནི་ལྷ་ཉིད་ཀྱི། །རྩ་ཉིད་དགུ་ཡི་ཡི་གེའོ། ། བློ་ལྡན་ལྷན་ཅིག་རྔུབ་པ་ཡིས། །སྡུད་པའི་གཟུགས་ནི་གཅིག་གིས་སོ། །རྔུབ་དང་འབྱིན་དང་བཀང་བ་ཡིས། །འཕོ་བར་སྦྱོར་བ་ལྷན་ཅིག་གནས། །རིགས་པས་དུས་ལ་བབ་པའི་ཚེ། །འཕོ་བར་ལྷན་ཅིག་སྦྱོར་བ་བརྩམ། །འཕོ་བ་སྦྱང་ པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཚིགས་དགུ་ལས་ནི་འབྱིན་པའོ། །དེ་བཞིན་ཚིགས་དགུ་གོང་དུ་བཤད། །ལྷན་ཅིག་འཕོ་བ་བསྟེན་པར་བྱ། །དུད་པའི་ས་བོན་གྱིས་གཡོ་ ཞིང་། །དེ་བཞིན་ཐམས་ཅད་མཁྱེན་པར་འགྲོ། །ནག་པོའི་སྦྱོར་བའི་བསྒོམ་པ་ཡིས། །ཚངས་པའི་བུག་ལས་རྣམ་པར་འབྱུང་། །རྣམ་ཤེས་ཡང་དག་སྦྱོར་ཞེས་བྱ། །གདན་དུ་རླུང་གི་དཀྱིལ་འཁོར་དང་། །རླུང་གི་ས་བོན་མཉམ་པར་བཤད། །དེ་ཡི་ ཅོད་པན་བཞིན་དུ་འཕོ། །དེ་བཞིན་ཚིགས་དགུ་ལས་ནི་སྟེང་། །ཚངས་པའི་བུག་པ་དང་མཚུངས་པའོ། །ཚངས་པའི་བུག་པ་ལས་བྱུང་ནི། །མོད་ལ་འཕོ་བའི་འབྱུང་ཉིད་ཡིན། །མོད་ལ་འཕོ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་གཞན་ཡང་ རབ་བཤད་པ། །དེ་ཉིད་མཚན་ཉིད་ཡང་དག་ལྡན། །དེ་ཉིད་ལྷན་ཅིག་བསྒོམས་པ་ཡིས། །གདན་ནི་དཀར་པོར་ཡང་དག་གྱུར། །སྟོང་བའི་མིང་ཞེས་བྱ་བར་བཤད། །ཞི་བའི་དུས་སུ་ཀུན་སྦྱར་བས། །ཞི་བར་ལྷན་ཅིག་བརྩམ་པར་བྱ། །ཞི་བའི་ ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་བ་རྫོགས་སོ།། །།དེ་ནས་གཞན་ཡང་རབ་བཤད་པ། །བདག་ཉིད་རྟགས་ནི་སྦྱང་བ་བཞིན། །སྦྱང་ཞིང་བདག་ཉིད་ཆེན་པོར་སྦྱང་། །སྟོང་ཉིད་ལྷན་ཅིག་སྤྱང་བར་བྱ། །རླུང་གི་དཀྱིལ་འཁོར་དབུས་སུ་ནི། །མེ་ཡི་ དཀྱིལ་འཁོར་མཚུངས་པའོ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །ཉི་མའི་དཀྱིལ་འཁོར་མཚུངས་པའོ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་མཚུངས་པའོ། །དེ་དབུས་དེ་ཉིད་གསུངས་པ་ནི། །ལྷན་ཅིག་མྱུ་གུའི་མཚན་ ཉིད་དོ། །གསང་ཞིང་གསང་བའི་གསང་ཆེན་པོ། །སྙིང་པོ་སྙིང་པོ་ཆེན་པོ་ཡིས། །དེ་ཉིད་མི་ཤེས་ཐམས་ཅད་ཀྱི། །རྣམ་ཤེས་ལྷན་ཅིག་སྦྱང་བར་བྱ། །བཅྭ་ལྔ་པ་བདུན་གྱི་བདུན་པ་ཞེས་བྱ་བ་རྫོགས་སོ།། །།དེ་ནས་གཞན་ ཡང་རབ་བཤད་བྱ། །དཀར་པོའི་ས་བོན་བརྒྱད་པ་མཐོང་། །དགུ་མཐའ་དུ་བའི་ས་བོན་བཞིན། །དུང་གི་ས་བོན་ཡན་ལག་དྲུག །དང་པོ་སྒྲ་ཡིག་པད་ས་བོན། །མགོ་ཡང་དེ་བཞིན་དབྱངས་ཡིག་མཐའ། །དང་པོའི་ཆ་ནི་དྲི་མེད་གསུམ། །དབྱེ་བ་སྡེ་ ཚན་ཐ་མའོ། །མཐའ་ཡི་སྒྲ་ཡིག་ས་ཡི་གདུགས། །ཡི་གེའི་ས་བོན་གེར་ཤེས་བྱ། །སྡུག་པ་ལས་ནི་མྱ་ངན་དང་། །སྡུག་པ་ལས་ནི་འཇིགས་པ་སྐྱེ། །སྡུག་པ་དང་ནི་རྣམ་བྲལ་བས། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་པ་ལས་ནི་མྱ་ངན་ དང་། །འདོད་པ་ལས་ནི་འཇིགས་པར་འགྱུར། །འདོད་པ་དང་ནི་རྣམ་བྲལ་བས། །མྱ་ངན་མེད་ཅིང་འཇིགས་པ་མེད། །སྔོན་གྱི་མཚན་ཉིད་ལྡན་བྱས་ཏེ། །དེ་ཉིད་ལྷན་ཅིག་གདན་ལ་ནི། །དེ་ཡི་བདག་ཉིད་ཆེར་ལྡན་པའི། །དེ་ཉིད་འོད་ཟེར་བདུན་པའོ། ། རླུང་གི་དཀྱིལ་འཁོར་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་འདྲ་བའོ། །པདྨ་ཉིད་དང་གཞལ་ཡས་ཁང་། །རྣམ་པར་ཤེས་པ་ལྷན་ཅིག་བསྐྱེད། །མདུན་དུ་རེ་ཕ་སེར་པོ་ཡང་། །སྡེ་ཚོན་ལྷན་ཅིག་སེམས་བཞིན་ནོ། །ས་ཡི་མཚམས་སུ་བསྒོམ་བྱ་བ། །རང་ ལུས་ས་བོན་ལྷན་ཅིག་བཅས། །སེམས་དཔའི་སྐྱིལ་ཀྲུང་མིང་དང་ནི། །བློར་ནི་གསང་བའི་རི་རབ་གཉིས། །མིག་ནི་སྣ་རྩེ་རབ་ལྟ་བྱ་ཞིང་། །དབུགས་ཀྱིས་ལྟེ་བའི་དྲུང་བར་རོ། །མཉམ་བཞག་སྦྱོར་བའི་ངོ་བོ་ཡིས། །གསང་བའི་གདན་ལ་མཉམ་པར་ཞོན། ། ཞེན་པས་སྡིག་ལས་གྲོལ་བར་བྱེད། །གདན་ལ་ཀུན་ཏུ་ཞོན་ཙམ་གྱིས། །རྒྱལ་པོ་དབང་དུ་འགྱུར་བའོ། །ཡང་ན་སྔགས་ཀྱི་བཟླས་པ་ཡིས། །འདི་ནི་དབང་གི་བརྩམ་པར་བྱ། །ཡང་ན་སྨན་དང་ལྡན་པ་ཡིས། །སྔགས་ནི་གཞན་གྱི་གདན་ཉིད་དོ། །ལེའུ་ དང་པོའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཚིགས་དགུ་ལས་ནི་འབྱིན་པ་པོ། །འབྱིན་པ་སྟོང་པ་མཉམ་པར་བཤད། །ཚིགས་ཉིད་རྐེད་པ་ཉིད་དང་ནི། །ཚིགས་དང་ལྟེ་བ་དཀར་པོའོ། །དཀར་པོས་ཁོག་པ་དཀྲིས་པའོ། །སྙིང་གི་སྟོང་པ་ དུ་བ་ཉིད། །ཤི་ཡང་དུ་བར་འགྱུར་བའོ། །སྙིང་ལ་དུང་ཉིད་ཡང་དང་ནི། །དུང་གི་ཚིགས་ལ་གནས་པ་ཉིད། །སྙིང་གི་སྟེང་དུ་པདྨ་ཉིད། །བྲང་ལ་པདྨ་རྣམ་པར་བཤད། །དེ་བཞིན་མགྲིན་པར་གིའུ་ཝང་དང་། །དབང་པོ་ལྔ་ལ་གིའུ་ཝང་བཤད། །དྲི་མེད་གསུམ་ ནི་སོ་ཡི་མཚམས། །ས་ཡི་གདུགས་ནི་ཕོ་ཉ་ཙར། །འབྱེད་པ་གནག་དང་གཡོན་པ་ལ། །ས་གདུགས་ཕོ་ཉའི་རྩ་བ་ལ། །འབྱིན་པ་ཚངས་པའི་བུག་པའོ། །འདི་ཡིས་སྒོ་རྣམས་བསྡམས་ན་ནི། །རྣམ་པར་ཤེས་པ་གང་ཞེས་བརྗོད། །ལེའུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །ཆོ་ག་འདིས་ནི་བརྩམ་པ་དང་། །ཡི་གེ་འདིས་ནི་སྦྱར་བ་དང་། །འདིས་ནི་བསྒོམས་པ་ཙམ་ཉིད་ཀྱིས། །ཚད་མར་སྦྱོར་བའི་རྣལ་འབྱོར་གང་། །དེ་བཞིན་ཡི་གེའི་ཚད་མ་གང་། །ལྷ་ཉིད་ལྡན་པའི་ཚད་མ་གང་། །འགྲོ་བ་ ཁྱོམ་པའི་ཚ་དམ་གང་། །ལན་ཅིག་བསྒོམས་པ་ཙམ་གྱིས་ནི། །དགྲ་ཡི་མཐར་ནི་འགྲོ་བའོ། །དེ་བཞིན་དགྲ་ཡི་མིང་བཤད་པ། །ནག་པོ་ལྷན་ཅིག་སྦྱར་བར་བྱ། །ལེའུ་གསུམ་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །སྦྱོར་བ་མཆོག་གི་ ཚིག་བྱ་བ། །ལྷ་ཉིད་ལྷན་ཅིག་ངོ་བོ་ཡིས། །དུད་པའི་ས་བོན་གྱིས་སྤྱན་དྲང་། །ཨོཾ་དྷཱུ་མ་དྷཱུ་མ་པི་ཛ་ཡཀྵ་ར་དྷུ་མ་བྷྱོ་མནྟྲ་བཱ་ལ་ཡཾ་སྭཱ་ཧཱ། མཐའ་ཡི་ཡི་གེ་ལྡན་པ་ཡི། །མཆོག་གི་ཡི་གེ་དགྱེས་པར་བྱ། །དམ་ཚིག་སེར་པོ་བསྒོམས་པ་ཡིས། །ཨོཾ་ས་མ་ཡ་ ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ་དྷུ་མ་བཱི་ཛ་སྭཱ་ཧཱ། ལེའུ་བཞི་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །སྐྱེ་བ་བཞི་ཡི་ཁྱད་པར་ཉིད། །དུང་ཅན་མ་དང་པདྨ་ཅན། །དེ་བཞིན་རི་མོ་གླང་པོ་ཅན། །པདྨ་ཅན་ནི་བད་དྲི་དང་། །གླང་ཆེན་མྱོས་པའི་ འགྲོས་སུ་འགྲོ། །རྟག་ཏུ་སྙན་པར་སྨྲ་བ་དང་། །ཆུང་དང་འབྲིང་གིས་ནུས་པའོ། །ཡན་ལག་ཐམས་ཅད་སྨད་པ་དང་། །པདྨའི་འདབ་མ་འདྲ་བའི་མིག །ཇི་སྲིད་སྐྲ་ནི་དེ་བཞིན་འཁྱིལ། །བཞིན་དང་སོ་ནི་ཕྲ་བ་དང་། །སོར་མོ་ཕྲ་ ཞིང་ཡན་ལག་དམན། །སོར་མོ་དམར་ཞིང་ཆུང་བ་ཉིད། །ཞི་བའི་གཟུགས་ཅན་དབུ་མར་བཤད། །པདྨ་ཅན་གྱིས་དཔལ་འགྲུབ་ཅིང་། །ཞི་བའི་ལོངས་སྤྱོད་ལ་རབ་སྦྱར། །ལེའུ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གླང་ཅན་མ་ནི་ ཆང་དྲི་དང་། །དམན་དང་འབྲིང་གི་རྩོལ་དང་བཅས། །མཆུ་འཕྱང་བྱིན་པ་སྦོམ་པ་དང་། །གླང་ཆེན་མྱོས་པའི་འགྲོས་སུ་འགྲོ། །གཟུགས་རིང་སེན་མོ་རིང་བ་དང་། །ནུ་མ་འཕྱད་ཞིང་སྐྲ་རྩུབ་པའོ། །འདོད་པ་ཆུང་ཞིང་བྱིན་པ་སྦོམ། །དེ་བཞིན་དཔུང་པ་མཐོ་ བའོ། །མིག་དང་སེན་མོ་ཕྲ་བ་དང་། །སྦྲང་རྩི་ལ་དགའ་སྙན་པར་སྨྲ། །བཞིན་ནི་རབ་ཏུ་དགོད་པ་དང་། །དབྱངས་སྙན་འདོད་ལ་སྲེད་པ་ཉིད། །གསང་བའི་ཁ་ཁྱེར་རྒྱས་པ་དང་། །ས་ལ་རྐང་མཐིལ་མཉམ་པར་གནས། །རྟག་ཏུ་ཆང་ལ་དགའ་བ་དང་། ། དོན་འདོད་པ་ཡང་གླང་པོ་མ། །རྒྱས་པའི་ལས་ལ་སྦྱར་བར་བྱ། །ལེའུ་དྲུག་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །དུང་ཅན་མ་ནི་དུང་གི་མདོག །ཞིབ་མའི་གདོང་ཅན་བྱིན་པ་རིང་། བྱ་རོག་སྐད་དང་བྱ་རོག་དྲི། །སོར་སྦོམ་སོར་མོ་རིང་བ་ ཅན། །སྐྲ་རྩུབ་ཡན་ལག་འཇམ་པ་དང་། །བོང་ཆེན་རི་དགས་མགྱོགས་འགྲོས་འགྲོ། །མགྲིན་པ་རིང་ཞིང་སོ་སྒོ་ཅན། །སྣ་མཐོ་མཆན་ཁུང་སྦུ་དང་ནི། །གདུགས་ཀྱི་རྣམ་པ་མཆུ་འདྲ་བའི། །འདི་ལྟའི་མཚན་ཉིད་ལྡན་པ་ནི། །བློ་དང་ལྡན་པས་ལྷན་ཅིག་ སྤང་། །དབང་ལ་སྦྱར་བའི་བུད་མེད་དོ། །ལེའུ་བདུན་པའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །རི་མོ་ཅན་ལ་རི་མོ་དགའ། །རི་མོའི་གཟུགས་དང་ཁ་དོག་བཞིན། །ནུ་མ་ཆུང་ཞིང་སོར་མོ་ཕྲ། །སྒྲ་ཆུང་ཡན་ལག་ཆུང་བ་དང་། །བྱད་ཆུང་ སྐྲ་ཡང་ཆུང་བ་དང་། །བྱ་རོག་རང་བཞིན་བྱ་རོག་སྐད། །ཤེ་ལ་དགའ་ཞིང་དྲག་ཏུ་སྨྲ། །འདི་ནི་མཐའ་ཡི་མཚན་ཉིད་དེ། །བུད་མེད་ནག་མོའི་ལ་ས་ལ་སྦྱར། །མིག་གཡོན་མ་དང་འོག་མིག་མ། །ཙུ་ཏའི་གདོང་པ་བཀྲ་བའི་ལུས། །རྟག་ཏུ་སྐྲ་དང་སོ་སྟེ་ བ། །འདོད་པ་དྲག་ཅིང་དྲག་པར་འབབ། །མདོག་སྐྱ་སྒུར་ཞིང་ཐུང་བ་དང་། །ནུ་མ་མཐོ་ཞིང་དཔུང་པ་མཐོ། །འདི་ཡི་སྨིན་མ་རྗེ་ངར་ཙམ། །འདི་ཡིས་བྲན་ཀུན་ཟ་འཇོམས་ཤིང་། །ཡང་ན་བདག་པོ་གསོད་བྱེད་པས། །འདི་འདྲའི་བུད་མེད་རྣམ་པར་སྤང་། ། པདྨ་ཅན་ནི་ལྷ་ཡི་རིགས། །གླང་པོ་ཅན་མ་གནོད་སྦྱིན་རིགས། །དུང་ཅན་མ་ནི་མི་ཡི་རིགས། །རི་མོ་ཅན་ནི་རི་དགས་ཆ། །ལེའུ་བརྒྱད་པའོ།། །།མིར་སྐྱེས་པ་ནི་ཀུན་སྦྱོར་བས། །སྔོན་དུ་རིགས་ཀྱི་ཆ་ཉིད་ནི། །བ་ཌ་བ་ནི་གླང་པོར་བཤད། ། ཡི་དགས་ཅན་མ་རྩ་ཡི་རིགས། །པ་ར་པ་ནི་ལྷ་ཡི་རིགས། །གདུགས་ལྟར་དཔུང་པ་མགྲིན་པ་རིང་། །སོ་སྟོ་མཆུ་ནི་སྣུམ་པ་དང་། །པདྨའམ་ནི་དམར་པོའི་རིགས། །དཔྲལ་བ་སྨིན་མ་རྒྱ་ཆེ་ཞིང་། །སྐྲ་ནི་འཇམ་ཞིང་སེར་སྐྱའོ། །གཟུགས་ནི་འཚམ་ཞིང་ རྗེ་ངར་རིང་། །སྣ་མཐོ་སྣ་ནི་འཕྲང་བ་དང་། །ཡན་ལག་འཇམ་ཞིང་དཔུང་པ་རིང་། །ངང་པའི་འགྲོས་དང་ངང་པའི་སྐད། །དྲི་དང་མེ་ཏོག་ལ་དགའ་ཞིང་། །འོ་མ་ལ་དགའ་སྦྱིན་པ་གཏོང་། །བསོད་ནམས་ཆེ་དང་སྒེག་པར་བཅས། །དབང་ཕྱུག་དཔལ་ནི་ རབ་སྟེར་ཞིང་། །སེམས་བརྟན་ཁ་ཟས་ཉུང་དུས་འཚོ། །ལེའུ་དང་པོ་ཞེས་བྱ་བའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །གླང་པོ་ཅན་མ་ལུས་བོང་ཆེ། །བྱིན་པ་རིང་ཞིང་ངོ་གདོང་ཆེ། །མིག་ཕྲ་རྣ་བ་འཕྱང་བ་དང་། །སྐྲ་རྩུབ་པ་དང་ཕུམ་པ་ ཅན། །མཆུ་འཕྱངས་ཡན་ལག་རྒྱས་པ་ཉིད། །ཟས་ནི་དྲག་ཏུ་ཟ་བ་དང་། །ཞིབ་མའི་གདོང་བ་ཅན་རྣ་བ་འཕྱང་། །འདོད་པ་ཆུང་ཞིང་འདུས་ལ་དགའ། །དཔུང་མགོ་རས་འཕྱང་ཡན་ལག་ཕྲ། །སྐྲ་རིང་སོ་ནི་སྟོ་བ་དང་། །སེན་མོ་ཆུང་ཞིང་རྐང་པ་ འཇམ། །སྣ་དང་ལྟོ་བ་རིང་བ་དང་། །བུང་མའི་སྐད་དང་ལུས་པོ་རྩུབ། །འདོད་ལ་དགའ་ཞིང་གཏི་མུག་དངོས། །ཕྱུག་ཅིང་ཐམས་ཅད་བདག་པོའོ། །ལེའུ་གཉིས་པ་ཞེས་བྱ་བའོ།། །།དེ་ནས་གཞན་ཡང་རབ་བཤད་པ། ། རི་དགས་ཅན་མ་རི་དགས་རྐང་། །མིག་དཀྱུས་རིང་ཞིང་ལུས་བོང་ཆེ། །སྐྲ་ཕྲ་སོ་ནི་ཆུང་བ་དང་། །མཆུ་བ་སྙུང་ལུས་ནི་མཛེས་པ་དང་། །ཏིལ་གྱི་བཞིན་དང་པགས་པ་སྲབ། །མང་ལ་དགའ་ཞིང་མང་དུ་སྨྲ། །བྱ་རོག་སྐད་དང་རྐང་པ་འགྱུར། །རྟག་ཏུ་དབུལ་ཞིང་མི་ བརྟན་པ། །གདུག་སེམས་ལྡན་པའི་བདག་ཉིད་ཅན། །སྡིག་བྱེད་ཚིག་འདོར་སྨྲ་བའི་ས། །དུད་འགྲོའམ་ཡང་ན་ཡི་དགས་རིགས། །ལེའུ་གསུམ་པ་ཞེས་བྱ་བའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །མཁས་ཤིང་བརྩོན་འགྲུས་བརྟན་པ་ དང་། །ཤེས་རབ་བརྟུལ་ཞུགས་བརྟན་པ་ཉིད། །སྙིང་སྟོབས་བརྟན་ཞིང་སྟོང་པ་ཉིད། །མགྲིན་པ་བུམ་པ་འདྲ་བ་དང་། །ལུས་པོ་འཚམ་ཞིང་ཡན་ལག་ཕྲ། །པགས་པ་སྲ་བ་ཅིང་སེན་མོ་དམར། །སྙན་པར་སྨྲ་ཞིང་སྙིང་རྗེ་ཆེ། །སྦྱིན་པའི་བདག་ཉིད་ལ་ རྟག་དགའ། །མེ་ཏོག་དྲིལ་དགའ་བ་ཉིད། །སྦྱོར་དང་ཡེ་ཤེས་ལ་དགའ་བ། །སྙིང་རྗེར་མངོན་དགའི་བདག་ཉིད་སེམས། །བུད་མེད་ལས་ནི་ཁྱད་པར་འཕགས། །ལེའུ་བཞི་པ་ཞེས་བྱ་བའོ།། །།ཆང་ལ་མངོན་དུ་དགའ་བ་དང་། །རྟག་སྲེད་ ལ་ནི་དགའ་བ་ཡི། །རྟག་ཏུ་ས་སྟེངས་སྦྱོར་བ་དམན། །འདི་ལྟ་བུ་ནི་སྤང་བར་བྱ། །ལེའུ་ལྔ་པ་ཞེས་བྱ་བའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཐབ་ཁུང་ཐབ་ཁུང་མཉམ་ཤེས་བྱ། །ཀུ་རུ་མེ་ནི་ཀུན་ཏུ་བརྟགས། །རྩ་བའི་འཁོར་ལོ་ པདྨ་མཉམ། །དུ་བ་མེར་ནི་རབ་ཏུ་བརྟག །དཀར་བའི་ས་བོན་གྱིས་ནི་ཤིང་། །དུང་གི་ས་བོན་མེ་ཏོག་བཞིན། །གཏོར་མ་སྤོས་ནི་པདྨར་བཤད། །ཁམས་ལྔ་ཉེ་བར་ལོངས་སྤྱད་བྱ། །གིའུ་ཝང་དྲི་མ་གསུམ་བྱེད་པ། །ས་གདུགས་འབྱིན་བྱེད་ས་བོན་ བཞིན། །སྲིན་ལག་མཐེ་བོང་གུང་མོ་ནི། །ལྷན་ཅིག་ཕྱག་རྒྱར་སྦྱར་བྱས་ལ། །བདུད་རྩིའི་ཡི་གེའི་ངོ་བོ་ཡིས། །བདག་ཉིད་མཆོད་སྦྱིན་སྲེག་པར་བྱེད། །བསྲེག་རྫས་འོ་མ་བཏུང་བའོ། །བཅྭ་ལྔ་དང་ནི་བཅུ་བཞི་ལ། །ཁྱད་པར་དུ་ཡང་ཚེས་བརྒྱད་ ལ། །མཉམ་པར་སྦྱོར་བས་ཆ་སྤངས་ལ། །བདག་བཞིན་བླ་མ་སྦྱིན་སྲེག་བྱ། །དེ་བཞིན་ལྷ་འཇོམས་ཇི་ལྟ་བར། །ཡང་ན་གསང་བ་འཇིག་བྱེད་པ། །ཡང་ན་བླ་མ་མཉེས་པར་ཡང་། །དེ་བཞིན་བླ་མ་བླངས་པ་དང་། །ཆོ་ག་རྫོགས་པར་བླང་པ་དང་། ། བདག་ཉིད་མེ་ལ་ལྷན་ཅིག་སྦྱར། །རྣལ་འབྱོར་པ་ཡིས་སྡིག་འཇོམས་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །ལེའུ་དྲུག་པ་ཞེས་བྱ་བའོ།། །།དེ་ནས་གཞན་ཡང་རབ་བཤད་པ། །ཕྱག་རྒྱ་ཡི་ནི་ཆོ་ག་མཆོག །གཡས་བརྐྱང་རྐང་པས་ མནན་ནས་ནི། །སྡིགས་མཛུབ་སྙིང་གར་རྣམ་པར་སྦྱིན། །རྣལ་འབྱོར་པ་ཡིས་སྡིག་འཇོམས་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །སེ་གོལ་ཧཱུྃ་གི་རྣམ་པ་དང་། །ལྷན་ཅིག་ཏུ་ནི་སྦྱར་བྱས་པས། །ཀླུ་རྣམས་སྐྲག་པར་བྱེད་པ་དང་། །ལོག་འདྲེན་ འདར་བར་བྱེད་པ་དང་། །སྒོ་འཕར་འབྱེད་པ་དང་། འབྱུང་པོ་གསོད་པ་དང་། ཤ་ཟ་འདུལ་བ་དང་། ཡི་དགས་སྐྲོད་པ་དང་། འདི་ནི་ཚམ་ངམ་གྱི་ཆོ་གའི་སྔགས་དང་ཕྱག་རྒྱའོ། །གཞན་ཡང་རྡོ་རྗེ་ཚམ་ངམ་གྱི་སྔགས་དང་ཕྱག་རྒྱས་མི་བརླག་པར་ བྱེད་པ་དང་། སྟེང་དུ་འཕེན་པ་དང་། འབྱུང་པོ་འཇོམས་པ་ལ་དུ་བའི་ས་བོན་གྱིས་རབ་ཏུ་སྦྱར་བར་བྱའོ། །འཇིག་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲང་བར་བྱའོ། །པདྨའི་གདན་དབུལ། འཇིག་རྟེན་པ་ཡི་གནས་ཙམ་ ནི། །དུང་པའི་ལྕགས་ཀྱུས་སྤྱན་དྲང་ལ། །རྡོ་རྗེ་ཞགས་པས་བཅིང་བར་བྱ། །རྡོ་རྗེ་ལྕགས་སྒྲོག་གིས་དགྱེས་བྱ། །རྡོ་རྗེ་དྲིལ་བུས་མཆོད་པར་བྱ། །མེ་ཏོག་གི་སོར་དང་། དྲིའི་སོར་མོ་དང་། སྤོས་ཀྱི་སོར་མོ། །མར་མེའི་སོར་མོ། །གཏོར་ མའི་སོར་མོ་རྣམས་ཀྱིས་མཆོད་པ་ལྔ་མཉམ་པར་བྱས་ཏེ་མཆོད་པར་བྱའོ། །ར་བའི་ཕྱག་རྒྱ་དང་། དྲ་བའི་ཕྱག་རྒྱ་དང་། །ཕུར་པའི་ཕྱག་རྒྱ་དང་། ཨུཏྤ་ལའི་ཕྱག་རྒྱ་དང་། ཤ་ག་ཏིའི་ཕྱག་རྒྱ་དང་། པདྨའི་ཕྱག་རྒྱས་རྒྱས་པའོ། ། ཆུའི་སྦྱིན་སྲེག་གི་ཕྱག་རྒྱ་དང་། མེ་ལ་པདྨའི་ཕྱག་རྒྱ་དང་། རྡོ་རྗེ་གྲི་གུག་གིས་གཅོད་པ་དང་། ལོག་པའི་གྲི་གུག་གིས་གསོད་པ་དང་། ཕག་མོའི་ཕྱག་རྒྱས་སྐྲོད་པ་དང་། སྙིང་གར་བསྡུ་ཞིང་གཤེགས་སུ་གསོལ་པའོ། །ཕྱག་རྒྱའི་ལེའུ་ཞེས་ བྱ་བ་སྟེ་ལེའུ་བདུན་པ་ཞེས་བྱའོ།། །།ཀྱེ་མའོ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །དེས་ན་དེ་བཞིན་འདོད་པ་སྤང་བར་བྱ། །འདོད་པ་རྣམས་ནི་དུག་ལྟར་ཉེས་མཐའ་ཡས། །དམྱལ་བར་ལྟུང་ཞིང་ཡི་དགས་གནས་ སུ་སྐྱེ། །སྐད་ཅིག་དབང་དུ་མི་འགྱུར་འདོད་པ་ཡི། །ཡོན་ཏན་འདི་དག་སྨིག་རྒྱུ་ལྟ་བུ་དང་། །སྙིང་པོ་མེད་ཅིང་ཆུ་བུར་དབུ་བར་མཚུངས། །ཐོག་མ་ལང་ཚོ་མཆོག་གི་གཟུགས་འཛིན་པ། །སྡུག་ཅིང་ཡིད་འོང་འདི་ནི་བྱིས་པའི་དུས། །གཟུགས་མཛེས་ གཟུགས་ནི་མི་སྡུག་གཟུགས་སུ་འགྱུར། །མཛའ་མེད་འཆི་དང་མཚུངས་པར་འགྱུར་བ་ཡི། །འགྲོ་འདི་ནོར་གྱིས་དབུལ་ཞིང་སློང་མོ་བའོ། །དེ་ཕྱིར་འབད་པས་རྣལ་འབྱོར་པས། །ཐམས་ཅད་དུ་ནི་ལུས་བསྡམ་ཞིང་། །བཟའ་བ་བཅའ་བ་བསྡམ་པར་བྱའོ། །སྤྱོད་ པའི་དུས་ལ་འདི་ཡིས་བསྡམ། །ལེའུ་བརྒྱད་པ་སྟེ་བསྟན་བཅོས་བཞི་པ་ཞེས་བྱ་བ་རྫོགས་སོ།། །།སོར་བརྒྱད་ལས་ནི་ལྷག་པ་རུ། །ཇི་སྲིད་ཁྲུ་སྟོང་བར་དུ་ནི། །བརྒྱད་པ་དགྲ་ནི་འཇོམས་པ་དང་། །བཅུ་པར་རྟག་ཏུ་རྒྱས་པའོ། །བཅུ་གཉིས་ དབང་དུ་ཡང་དག་ལྡན། །བཅུ་བཞི་དེ་བཞིན་ཞི་བ་ཉིད། །བཅུ་དྲུག་ཏུ་ནི་ཀུན་ཏུ་བརྐོ། །ཁ་ཁྱེར་གསུམ་པར་མངོན་པར་སྤྱོད། །ཞི་བ་ལ་ནི་གྲུ་བཞི་བ། །ཡོངས་སུ་དགོད་པ་དབང་དུ་ལྡན། །ཡང་ན་རྒྱས་པ་ལ་ཡང་ཡིན། །དང་པོར་ས་ནི་སྦྱང་བར་བྱ། ། བཛྲ་སྤོ་ཊ་མ་ཧཱ་ཏེ་ཛ་ཧཱུྃ་ཕཊ། རྡོ་རྗེའི་ཕུར་བུ་ལ་ཧྲཱིཿཧ་ཧ་ཞེས་སོ། །རྡོ་རྗེའི་རབ་ལ་ནི་ཧ་ཞེས་དང་། རྡོ་རྗེའི་ཆོ་ག་ལ་ནི་ཧེ་ཧེའོ། །ལྕེ་སྦྱང་བ་ལ་ནི་སའོ། །ལག་པ་སྦྱང་བ་ལ་ནི་ཨཱཿཧཱུྃ་ངོ་། །རྡོ་རྗེའི་ཕྱག་རྒྱའི་བདག་ཉིད་ཀྱིས་ནི་དགོད་པའོ། །མེ་ཡི་དབུས་སུ་ པདྨ་ཉིད། །དེ་ཡི་དབུས་སུ་མེ་ཡི་ལྷ། །དུ་བའི་ལྕགས་ཀྱུས་གཞུག་བྱས་ལ། །རྡོ་རྗེ་ཞགས་པས་བཅིང་བར་བྱ། །ཞལ་གསུམ་ཕྱག་ནི་དྲུག་པ་ཉིད། །སྤྱན་གསུམ་དེ་བཞིན་ལྟོ་པ་དང་། །རལ་པ་དམར་སེར་ཡང་དག་ལྡན། །བུ་རམ་མདོག་ཅན་གསུས་ པ་འཕྱང་། །སྐྱབས་སྦྱིན་དང་ནི་དབྱུག་པ་དང་། །སྡིགས་མཛུབ་དང་ནི་རྩེ་གསུམ་ཉིད། །ཨོཾ་ས་སྭཱ་ཧཱ་མེའི་སྙིང་པོའོ། །ཨོྃ་ཏུ་ཏ་ཧཱུྃ་ཏབྟ་ཏེ་ས་སྭཱ་ཧཱ། ནོར་གྱི་ཕྱག་རྒྱས་མཆོད་པར་བྱ། །དངོས་པོ་ལྔ་ཡིས་དེ་བཞིན་བསྲེག །ཇི་ལྟར་འབྱོར་པ་གསུམ་གྱིས་མཆོད་ གང་ཕྱིར་དེ་ནི་གཤེགས་སུ་གསོལ། །དེ་བཞིན་པདྨར་བསྒྱུར་བ་ལྔས། །ཨོཾ་ཀ་མ་ལ་ཨུཏྤ་ལོ་ཧྲཱིཿ། ལྷ་ཉིད་རྩ་དང་ལྷན་ཅིག་བཞིན། །སྒྲ་ཡིས་ལྟ་ནི་དབྱུང་བྱ་བ། །ཞི་བར་དཀར་པོར་ཡང་དག་ལྡན། །རྒྱས་པར་སེར་པོར་རྣམ་པར་བསྒོམ། །དབང་ལ་ དམར་པོར་ཡང་དག་ལྡན། །ནག་པོ་ཉིད་ནི་དྲག་པོའོ། །ལྷ་ཡི་གཟུགས་ནི་བསྒོམ་པ