Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 077_རྒྱུད་འབུམ།_ཀ

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
།མཁའ་འགྲོ་མ་རྣམས་ངེས་འགྲོ་བའི། །དེ་
ཡི་མཚན་མར་ཀུན་ཤེས་བྱ། །གློ་བུར་རྣམ་པར་བཟློག་འགྱུར་ཏེ། །སྔར་བཞིན་གདོང་ནི་འཇིག་གྱུར་པ། །རྣམ་པ་དེ་ལྟ་དེ་ཡི་དེ། །གང་གི་རྡོ་རྗེ་ལྟ་བུར་གསལ། །སྒྲ་ནི་ཁུ་བྱུག་སྐད་ལྟ་བུར། །མཆོག་ཏུ་གསལ་བར་དེའི་དེ་ཉིད། །འདི་ཡི་མཚན་མ་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུར་མེ་

ལོང་བཅས། །གཉིས་པར་ཡང་ནི་གྱུར་པ་ཡང་། །རལ་གྲི་འདྲ་བར་མེ་ལོང་བཅས། །རྒྱལ་མཚན་མདུང་འདྲར་རྟག་ཏུ་འབྱུང་། །མེ་ལོང་ཁ་སྦྱར་བར་ཤེས་བྱ། །མཚན་མར་བྱས་པའི་གཟུགས་རྣམས་ནི། །མདོར་བསྡུས་རྣམ་པར་ཤེས་བྱ་སྟེ། །མཚན་ཉིད་འདི་དག་དང་
ལྡན་པ། །མཁའ་འགྲོ་མ་མཆོག་ཡིན་ཞེས་བྱ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་མཁའ་འགྲོ་མའི་ཁྱད་པར་གྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་གཞན་སྐད་བརྡ་རྣམས་ནི། །སྒྲུབ་པོ་ལ་འདིར་བཤད་བྱ་བ། །གང་གིས་མིང་
པོའམ་སྲིང་མོར་ནི། །ཐེ་ཚོམ་མེད་པར་ཤེས་འགྱུར་བའོ། །པོ་ཏངྒི་ཞེས་བྱ་བ་ནི་གསོང་པོར་སྨྲ་བའོ། །པྲ་ཏི་པོ་ཏངྒི་ཞེས་བྱ་བ་ནི་གསོང་པོར་སྨྲ་བའི་ལན་ནོ། །ག་མུ་ཞེས་བྱ་བ་འགྲོའོ་ཞེས་སྨྲ་བ་ཡིན་ནོ། །ལུམྦ་ཞེས་བྱ་བ་ནི་འོང་ངོ་ཞེས་བརྗོད་པ་ཡིན་ནོ། །དེ་ཧཾ་ཞེས་བྱ་བ་ནི་གྲོང་ཁྱེར་
ཞེས་སྨྲ་བའི་ལན་ནོ། །ཙ་ཏུ་ཀ་ཞེས་བྱ་བ་ནི་ཟུང་ཞིག་ཅེས་སྨྲ་བ་ཡིན་ནོ། །བཱི་རཱ་ཎ་ཞེས་བྱ་བ་ནི་སྙིང་ཉིད་དོ། །མཱ་ར་ཎ་ཞེས་བྱ་བ་ནི་སྨྲ་ངན་ནོ། །ཀ་ཀ་ནི་དྲིལ་བུའོ། །ཀ་ར་ཎ་ང་ནི་ཕག་པའི་ཟེ་བའོ། །ཤྲ་བ་ཎ་ནི་རྣ་བའོ། །ཨ་མྲྀ་ཏ་ནཾ་ནི་བདུད་རྩིའི་གནས་སོ། །ས་མཱ་ག་མཱ་ནི་མིའོ། །ཏཱ་ལི་
ཀ་ནི་མཁའ་འགྲོ་མའོ། །ན་ར་ཀཾ་ནི་དཀྱིལ་འཁོར་རོ། །ཨ་མུ་ཀཾ་ནི་དུར་ཁྲོད་དོ། །ཀཱ་ཁི་ལ་ནི་སྒོའོ། །ཤྭ་ས་ནཾ་ནི་བྲམ་ཟེའི་རིགས་སོ། །པ་རི་དི་ནི་རྒྱལ་རིགས་སོ། །བི་ར་ཏི་ནི་རྗེ་རིགས་སོ། །ཀྲུ་ར་ནི་དམངས་རིགས་སོ། །ཨནྟ་སྠཱ་ན་ནི་སྨེ་ཤ་ཅན་ནོ། །པ་ཤུལ་ལི་ཀ་ནི་ཁྱིམ་མོ། །བྷ་གི་ནི་
མཁའ་འགྲོ་མའོ། །མེ་ད་ཀ་ནི་ཆུའོ། །གྲྀ་ཧ་དེ་ནི་ཕྱག་རྒྱས་འདེབས་པའོ། །ལྕེ་སོ་ལ་རེག་པ་ནི་བདག་ཅག་ལྟོགས་སོ་ཞེས་སྟོན་པའོ། །གནྡ་པ་སི་ནི་སྲེད་པའོ། །ཀུ་ཏ་ནི་གནས་ཆེ་གེ་མོ་ནས་འོངས་སོ་ཞེས་བྱ་བའོ། །ཀི་ར་ཎ་ནི་མེ་ཏོག་གོ །ཏུ་ལཾ་བ་ནི་རྒོད་པའོ། །ད་རོ་ནི་སོའོ། །
ནི་རོ་དྷ་ནི་ཆར་འབབ་པ་ཟློག་པའོ། །ཏྲྀཔྟི་ནི་ཞུ་བའོ། །དྷུ་ར་ཡུ་ནི་ཕྱི་རོལ་ལོ། །དྷཱུ་པ་བྲི་ཡ་ནི་སྤྲིན་ནོ། །སཱ་ནུ་ནི་རི་བོའོ། །ས་རི་ཏ་ནི་འབབ་ཆུའོ། །ཨངྒུ་ལ་ནི་ཡན་ལག་གོ །བ་ད་ན་ནི་གདོང་ངོ་། །རཱ་ཛི་ཀཱ་ནི་ལྕེའོ། །ཨཱ་ད་ནཱ་ནི་སོའོ། །པཾ་ཀྟི་ནི་རྒྱལ་མཚན་ནོ། །ཙན་དྲོ་ནི་ཕྲེང་བའོ། །

ཙ་ལ་ནི་རླུང་ངོ་། །པྲ་བ་ཧ་ནི་གྲུའོ། །པ་ཤུ་ནི་རི་དགས་སོ། །ཡ་ཏི་ནི་དཀྱིལ་འཁོར་རོ། །སྭ་སཾ་ནི་བཞི་མདོའོ། །ཕཱལྐུ་ཤཾ་ནི་སྐྱེ་བའོ། །མ་ཧཱ་ཀྵ་ར་མ་ནི་ཕྱུགས་ཆེན་པོའོ། །ག་ནི་ར་སྐྱེས་སོ། །ནཱ་ཞེས་བྱ་བ་ནི་མིའོ། །གོ་ཞེས་བྱ་བ་ནི་ཁྱུ་མཆོག་གོ །མ་ཞེས་བྱ་བ་ནི་མ་ཧེའོ། །བྷ་ནི་ཟ་བའོ། །
ཧ་རྣམ་གྲངས་སོ། །ཨཔྤ་ཀ་ནི་རྒྱལ་པོའི་སྐྱེས་བུའོ། །བྲང་ལ་རེག་པ་ནི་ནགས་ན་གནས་པའོ། །ཁ་ལ་རེག་པ་ནི་ཟོས་སོ་ཞེས་པའོ། །སོ་ལ་རེག་པ་ནི་ངོམས་སོ་ཞེས་པའོ། །ཧོ་ཞེས་པ་ནི་རྣམ་གྲངས་ཏེ་ཁ་ཅིག་ཏུའོ། །ཧྲཱྀ་ནི་ངོ་ཚའོ། །སྟོང་པ་ལ་རེག་པ་ནི་མེད་དོ་ཞེས་པའོ། །བརླ་ལ་རེག་པ་
ནི་མཻ་ཐུན་གྱིས་ཤིག་པའོ། །སྟེང་ཉིད་ནི་དེ་བཞིན་ནོ་ཞེས་པའོ། །ཨེ་བ་ཞེས་བྱ་བ་ནི་འོག་ན་མེད་པའོ། །ཕྱག་རྒྱ་དང་ཕྱག་རྒྱའི་ལན་གསང་བའི་བརྡ་ཉིད་དེ་དཔའ་བོས་གསུངས་པ་སྡེ་བཞིའི་མཚན་ཉིད་དོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སྡེ་བཞིའི་མཚན་ཉིད་ཐམས་ཅད་ཀྱི་བརྡའི་ཚིག་
གི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དོན་ཀུན་འདོད་པ་ཡི། །སྦས་པ་བརྒྱད་མཐར་སྦྱར་བ་སྟེ། །མོས་པ་དམན་པའི་སེམས་ཅན་དག །རྨོངས་ཤིང་མི་ཤེས་སེམས་ལྡན་ལའོ། །དེ་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གསལ་བར་གསུངས་པའི་གསང་
སྔགས་ནི་འདི་ཡིན་ཏེ། ཨོྃ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱུ་ཀལྤཱགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་གདྷཱ་རི་ཎེ། བྱཱགྷཱ་ཛི་ནཱམྤ་ར་དྷ་རཱ་ཡ། མ་ཧཱདྷཱུ་མྡྲཱནྡྷ་ཀྔ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་
ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ་པ་ས་རུ་དྷི་རཱ་ནྟྲ་མཱ་ལཱ་བ་ལཾ་བི་ནེ། གྲྀཧྣ་གྲྀཧྣ་ས་པྟ་པཱ་ཏཱུ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བཱ། །ཏརྫ་ཡ་ཏརྫ་ཡ། ཨཱཀ་ཌྷ་ཨཱཀ་ཌྷ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀྵླཾ་ཀྵླཾ། ཧཱཾ་ཧཱཾ།
ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ། དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་གསང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་གཞན་ཡང་འཇིག་རྟེན་ནི། །གསུམ་པོ་དག་ན་ཡོད་མིན་པའི། །ཤྲཱི་ཧེ་རུ་

ཀའི་སྔགས་ཤེས་ན། །གསང་སྔགས་ཐམས་ཅད་ཡོངས་འདོར་བའོ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །ཕོ་ཉ་རྣམས་ནི་ཡང་དག་གནས། །འོག་དང་སྟེང་གི་དངོས་གྲུབ་སྟེར། །བདག་གི་ཕོ་ཉ་མ་ཀུན་འགྲོ། །པོ་ཉ་མོ་དེ་དོན་ཀུན་སྟེར། །མཐོང་
དང་དེ་བཞིན་རེག་པ་དང་། །ཙུམ་པ་ན་དང་རྟག་པར་འཁྱུད། །རྣལ་འབྱོར་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེན་དངོས་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང་། །
ཆུང་མ་ཕོ་ཉ་མོ་གནས་ལ། །གང་ལ་རྟག་ཏུ་སྔགས་སྦྱིན་པ། །དེ་ཡི་དེ་ཉིད་ཆོ་ག་བཤད། །དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། །སྐྱེས་པ་བུད་མེད་གཡོན་ནས་འགྲོ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །ཁྱིམ་དང་ཞིང་དུ་རྣམ་གནས་པ། །ཤིན་
ཏུ་རིང་ཡང་ཤེས་པར་འགྱུར། །ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །རྒྱུད་འདི་རུ་ནི་སྒྲུབ་པ་པོ། །ལེགས་པར་གྱུར་པ་ཉིད་ཡིན་ཏེ། །བརྙས་མི་བྱ་ཞིང་སྤང་མི་བྱ། །ནུས་པ་ཡིས་ནི་མཆོད་པར་བྱ། །ཀཱ་ཀའི་གདོང་སོགས་བརྒྱད་པོ་ནི། །གྲོལ་དང་
དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བར་བྱེད། །ལྷ་མོ་གཞན་ཡང་ཀུན་སྦྱོར་བ། །རྣམ་པར་རྨོངས་པས་འདོད་པ་མིན། །གཉིས་སུ་མེད་དང་ཐོགས་མེད་མིན། །དམ་ཚིག་སྤྱོད་པ་སྤྱད་བྱ་བ། །བུད་མེད་དབང་ཕྱུག་ལེགས་
པར་སྦྱོར། །ཚངས་སྤྱོད་དེ་བཞིན་བསམ་གཏན་ཏེ། །ཁྲོ་མེད་སྦུབས་སུ་ཀུན་ཏུ་སྤྱོད། །འདི་བརྒྱད་དམ་ཚིག་ཀུན་སྤྱོད་ཡིན། །བསྒྲུབ་པ་ལ་ནི་གནས་པ་ཡི། །སྒྲུབ་པ་པོས་ནི་རྟག་ཤེས་བྱ། །རྒྱུད་རྣམས་ཐམས་ཅད་ཐུན་མོང་སྟེ། །རྒྱུ་མེད་པར་ནི་གཞོམ་མི་བྱ། །དད་པ་ཉིད་ཀྱིས་བླང་
བྱ་ཡི། །མིག་དང་ལག་པས་མ་ཡིན་ནོ། །གསང་བ་འདི་ནི་མི་བསྟན་ཅིང་། །རབ་ཏུ་འབད་དེ་བསྟན་པར་བྱ། །བློ་ལྡན་མཐེའུ་ཆུང་བསྐྱོད་པར་ནི། །ཕོ་ཉ་མོ་རྣམས་ཡང་དག་གནས། །དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉེས་བྱེད་རྣམ་པར་དག་པ་དང་། །

གསལ་བྱེད་ཡོན་ཏན་ལྡན་པའི་མི། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སློབ་མ་ཡོངས་སུ་བརྟག་པ་དང་སྡོམ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་དཔའ་བོའི་སྤྱོད་བརྟུལ་ཞུགས། །རྣལ་འབྱོར་མ་ཀུན་རབ་སྒྲུབ་པ། །མཚན་ཉིད་དབྱེ་བ་ཤེས་བྱས་ནས། །དངོས་གྲུབ་མྱུར་དུ་
འཇུག་བྱེད་ནི། །གྲོང་དང་གྲོང་དུ་དེ་སོང་ནས། །ཕོ་ཉའི་གཟུགས་ནི་མཚོན་པར་བྱ། །ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། །དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །
མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །སྔགས་དང་ཕྱག་རྒྱས་སྒྲུབ་པ་པོ། །མཆོད་པ་ཉིད་ལ་རབ་ཏུ་འཇུག །འདི་ལས་གཞན་པའི་མཆོད་མེད་དེ། །དེ་ལྟར་བསྟན་བཅོས་ངེས་པ་ཡིས། །ཕོ་ཉའི་ལམ་ལ་དགའ་རྣམས་ཀྱི། །སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན། །རིག་སྔགས་ཕྱག་རྒྱར་ཡང་དག་
ལྡན། །ཙ་རུ་རྟག་ཏུ་བཟའ་བར་བྱ། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །བཟའ་མིན་པར་ནི་མི་བརྟག་གོ །དེ་ཉིད་དབྱེར་མེད་དེ་ཡིས་ནི། །ཕོ་ཉ་མོ་ནི་གཉིས་བསྒྲུབ་བྱ། །དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །ཕོ་ཉ་གཅིག་པུ་ཁོ་ན་ཡིན། །རང་དགའ་
ཉིད་དང་དངོས་གྲུབ་ནི། །སྒྲུབ་པ་དག་དང་ཉེ་བ་སྟེ། །བླ་མ་རྒྱུད་རིམ་གྱིས་ཐོབ་པའི། །དབང་བསྐུར་བས་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཕྱག་རྒྱར་ལེགས་སྦྱོར་ངང་ཚུལ་ཅན། །ལེགས་རྫོགས་ཡེ་ཤེས་རྒྱུད་སྐྱེས་པའོ། །ནང་པར་སྔར་ལངས་སེམས་བདག་
ཉིད། །ལུས་ལ་ཐམས་ཅད་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པར་ཀུན་ཏུ་སྤྱད། །ལུས་ནི་དག་བྱེད་བྱས་ནས་སུ། །རྟག་ཏུ་སྔགས་ནི་བརྗོད་ནས་སུ། །རྣལ་འབྱོར་གནས་རྣམས་ངེས་བསྟན་ཅིང་། །མཚོན་ཆ་རྣམས་ནི་འགོམ་མི་བྱ། །དམ་ཚིག་
ཅན་ལ་ཁྲོ་མི་བྱ། །མངོན་པར་བརྩོན་ལས་འདའ་མི་བྱ། །དེ་དང་ལྷན་ཅིག་བདེ་བར་བྱ། །གྲོལ་བའི་དོན་དང་བདེ་དོན་དུ། །དམ་ཚིག་སྤྱོད་པ་ཉིད་དུ་བྱ། །རྣམ་འཁྲུལ་སེམས་པ་ལས་གྲོལ་ཞིང་། །མཚན་མོ་རྟག་པར་གཅེར་བུ་སྟེ། །གནག་དང་དམར་བར་རྟག་ཏུ་འགྱུར། །སྲོག་ཆགས་

ཡན་ལག་ན་བཟར་གྱོན། །མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་ཆ་ཚངས་པའི་སྐུད་པ་དང་། །མགོ་བོའི་ཕྲེང་བས་མགུལ་དུ་བརྒྱན། །སྐེ་རགས་སིལ་སིལ་སྒྲ་སྒྲོགས་ཤིང་། །རལ་པའི་ཅོད་པན་དར་གྱིས་དཔྱངས། །བཅོས་མའི་སྐྲ་ལ་སོགས་པས་བརྒྱན། །
རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བཅས། །ཌ་མ་རུ་རྡུང་ཧཱུྃ་སྒྲ་སྒྲོགས། །དཔའ་བོ་དཔའ་མོ་ཐམས་ཅད་ནི། །གོ་ཆ་གསུམ་གྱིས་བརྒྱན་པ་ཡིན། །བདེ་བ་འདོད་པས་བདེ་བསྐྱོད་བྱ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་ལ། །གཙང་སྦྲ་ཤྲཱི་ཧེ་རུ་ཀར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །སྒྲུབ་
པ་པོ་ཡིས་དངོས་གྲུབ་བརྩོན། །མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། །སྤྱི་བོར་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་དང་། །དུས་ཀུན་ཏུ་ནི་རྣམ་པར་གནས། །མཚན་མོ་རྟག་པར་གསལ་བྱ་ཞིང་། །ཉིན་པར་གསང་བ་ཉིད་དུ་བྱ། །དབྱེ་བའི་ཡེ་ཤེས་ཤིན་ཏུ་སྦས། །
རབ་ཏུ་ཞི་ཞིང་ངལ་བ་ཐུལ། །གཙང་སྦྲ་གསུམ་དུ་ཤེས་བྱ་ཞིང་། །རང་གི་རྒྱུན་བཞིན་རྣམ་པར་གནས། །རིགས་དང་རིགས་མིན་ངོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤངས། །ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་ཟ་བ་ཉིད། །
གཙང་སྦྲ་གསུམ་བ་ཡིན་པར་བཤད། །རྣལ་འབྱོར་པ་ཡིས་རྟག་པ་རུ། །གཙང་སྦྲ་འདི་དག་རྟག་ཏུ་བསྐྱང་། །གཙང་མ་དག་པའི་རིམ་ཐོབ་ན། །དངོས་གྲུབ་གང་ལས་འབྱུང་མི་འགྱུར། །དེ་ཉིད་བསྡུས་ལས་གང་གསུངས་དང་། །དེ་བཞིན་བདེ་མཆོག་ལས་གང་གསུངས། །གསང་
བའི་རྒྱུད་ལས་ཡང་དག་བཤད། །དེ་བཞིན་དཔལ་མཆོག་དང་པོ་དང་། །རྡོ་རྗེ་འཇིགས་བྱེད་རྒྱུད་དུ་ནི། །བཟླས་དང་བརྟུལ་ཞུགས་སོགས་འགྲུབ་སྟེ། །དེ་འདིར་བསམ་གཏན་ཙམ་གྱིས་ནི། །སྔགས་པས་སྐད་ཅིག་གིས་འགྲུབ་འགྱུར། །རྣལ་འབྱོར་ལམ་ལ་དགའ་རྣམས་ཀྱིས། །
འདི་ནི་གཙང་སྦྲའི་སྤྱོད་པར་བཤད། །གཙང་སྦྲའི་བསོད་ནམས་གང་འགྱུར་བ། །སྨྲ་བར་ནུས་པར་འོས་མ་ཡིན། །སྒྲུབ་པོའི་ཡོན་ཏན་རྒྱ་ཆེན་པོ། །ཁ་ཅིག་གིས་ནི་སྨྲ་བ་འམ། །གདོང་གཅིག་གཅིག་གིས་བརྗོད་དེ་ཅི། །སྟོང་ཕྲག་བརྒྱ་ཡི་གདོང་གྱུར་མིན། །ཧེ་རུ་ཀ་དཔལ་ཡེ་ཤེས་

ཆེ། །རྣམ་པར་དག་པའི་མཚན་ཉིད་ཀུན། །སྒྲུབ་པ་པོ་ཡི་བདེ་བའི་ཆུ། །གཉིས་མེད་གཉིས་སུ་མེད་པ་ཉིད། །གཉིས་མེད་སྦྱོར་བས་རེག་པ་ནི། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲ་བས་ཀྱང་། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ལུས་དག་པ་ལ་སྐྱོན་མེད་པའི། །
མི་མཆོག་ཀུན་ནས་སྤྱོད་བྱེད་པ། །སྡིག་པ་ཐམས་ཅད་རྣམ་དག་སྟེ། །དེ་བཞིན་གཤེགས་པའི་ས་ཐོབ་བོ། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་བཞིན་གཤེགས་པའི་རིགས་སྐྱེ་ཞིང་། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །དེ་ལྟར་རྟག་ཏུ་མཆོད་བྱས་ནས། །གུས་པ་ཡིས་ནི་གཏོར་
མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོའི་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །རྡོ་རྗེ་ཕག་མོ་མྱོས་བྱེད་ཤ་རྣམས་ཀྱིས། །སྐྱེ་བོ་གུས་པས་དེ་རྣམས་མཆོད་བྱས་པས། །ཧེ་རུ་ཀ་དཔལ་
མངོན་དགར་གྱུར་པ་ལ། །མགུ་བའི་ཐུགས་ཀྱིས་མཆོག་ནི་སྩོལ་འགྱུར་ཏེ། །དེ་རྣམས་ལག་གནས་མཆོག་རྣམས་སོ། །མཚན་མོ་བརྟུལ་ཞུགས་ཅན་གཏོར་མ། །སྐྲ་གྲོལ་གཅེར་བུར་གྱུར་པས་སྦྱིན། །ཤྲཱི་ཧེ་རུ་ཀའི་བདག་ཉིད་དུ། །སྦྱོར་དེས་མ་མོ་རྣམས་མཉེས་འགྱུར། །དཔལ་
ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སྤྱོད་པ་དང་བརྟུལ་ཞུགས་དང་། མཆོད་པ་དང་། གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།གང་ཡང་ལེགས་མཆོད་རྣམ་དག་དངོས། །མྱ་ངན་འདས་འབྱུང་དཔའ་བོ་སྟེ། །བདག་ཉིད་མཆོད་པ་དེ་ཡིས་ནི། །སངས་རྒྱས་སོགས་ཀུན་
མཆོད་པ་ཡིན། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །བརྟན་པ་སྔོན་འགྲོའི་གཡོ་བ་སྟེ། །ཞི་བའི་འདུས་པས་ལེགས་གནས་པའི། །སྤུན་དང་དཔའ་བོ་མཆོད་པར་བྱ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཀུན་འབྱུང་བྱ། །སྔགས་དང་ཕྱག་རྒྱ་ཉིད་དག་དང་། །
ཡེ་ཤེས་དེ་ནི་བསྟན་མི་བྱ། །དག་བྱེད་ཟས་ལ་བཟའ་བར་བྱ། །རྟག་ཏུ་དམ་ཚིག་སྤྱོད་བྱས་ནས། །གསང་སྔགས་སུ་ལའང་སྦྱིན་མི་བྱ། །མན་ངག་ཉམས་པར་སྦྱིན་མི་བྱ། །དམ་ཚིག་གནས་ལ་དོན་ཅི་བཞིན། །མན་ངག་རྣམས་ཀྱང་སྦྱིན་པར་བྱ། །ཕོ་ཉ་མ་གཏོགས་གཞན་དག་ལ། །

འདོད་ལ་རྨོངས་པས་འགྲོ་མི་བྱེད། །ཕོ་ཉ་ལ་རྟག་ཞེན་ཐར་པ། །འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ། །སྐྱེ་གནས་དམན་དང་ཅིག་ཤོས་ལའང་། །བསྙེན་བཀུར་ཉིད་ནི་བྱ་བ་མིན། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོ་ཉིད་གནས། །དཀའ་ཐུབ་ངེས་པར་ཟད་པར་
འགྱུར། །འཁོར་ལོའམ་དེ་བཞིན་གྲུབ་པ་ལ། །མཆོག་ལ་ལྷན་ཅིག་དགུག་པར་བྱ། །དེ་ལྟར་རྫས་ནི་རྣམ་ངེས་ཡིན། །འཇིག་རྟེན་ལ་རྟག་གཡོན་ནས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་འདོར། །ལག་པ་གཡོན་པ་ཡོངས་སུ་བསྒྱུར། །གཡོན་གྱི་སྤྱོད་པས་རབ་མཆོད་བྱེད། །གཡོན་
པས་འཁྱུད་པ་ཙམ་དང་ནི། །གཡོན་པ་ཡིས་ནི་མཆོད་ཅིང་ཟ། །བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། །སྒྲུབ་པ་པོ་ནི་བྱ་བ་བརྩོན། །དམ་ཚིག་རིགས་ལ་སྤྱོད་པ་དང་། །གཅིག་ཏུ་ཟས་ལ་སྤྱོད་པར་བྱེད། །རིགས་ལྔ་ལ་ནི་ཀུན་སྤྱོད་པ། །རིགས་བཞིར་རབ་ཏུ་བརྟག་པར་
བྱ། །རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་གྲུབ་པ་རབ་ཏུ་མཆོད། །བ་ལང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་བྱ་དག་གིས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་
ཟས་དེ་བཞིན། །ཤྲཱི་ཧེ་རུ་ཀའི་སྤྲུལ་པ་སྟེ། །ཉེར་སྤྱོད་བསྟན་བཅོས་རྣམ་ཀུན་སྤངས། །རྟག་པ་ཉིད་དུ་འཛིན་པ་ནི། །ལས་རྣམས་ཀུན་ལ་བསྲུང་བ་དང་། །བགེགས་མེད་ཇི་བཞིན་དེ་གྲུབ་པ། །འདིར་ནི་འགར་ཡང་འགྲུབ་མ་ཡིན། །དེ་ཡི་ཕོ་ཉ་མ་མཆོག་བཟང་། །ལྷན་ཅིག་བརྩོན་
པར་ལྡན་པ་ཡིན། །ཀུན་ནས་ཆགས་དགའི་ལེགས་སྦྱོར་བས། །རྣལ་འབྱོར་རྫས་ཀྱི་རྣམ་འབྱེད་ཉིད། །བླ་མའི་མན་ངག་ལ་ཆགས་པ། །དེ་ནི་དོན་ནོར་སྦྱིན་དང་མཚུངས། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ནང་གི་སྦྱིན་སྲེག་དང་། རིགས་གཅིག་དང་ལྡན་པའི་ཆོ་གའི་
ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་གཞན་ཡང་བསྟན་པ་ནི། །ཕོ་ཉའི་མཚན་ཉིད་ཤེས་བྱ་བ། །གང་གིས་ཡང་དག་ཤེས་འགྱུར་བ། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། །མིང་པོ་དང་ནི་ཕ་དང་ཡང་། །བདག་པོ་ཉིད་དུ་སྐད་ཅིག་མཐོང་། །ལྕེ་སྦོམ་མིག་ནི་དམར་

སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །བཟླས་དང་བརྟུལ་ཞུགས་ལ་རྟག་དགའ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མོ་སོགས་གོ་འཕང་བཅས། །མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །རྩ་བའི་
སྔགས་ནི་རྟག་ཏུ་ཟློས། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བདུད་ཀུན་རབ་ཏུ་ཞི་བར་བྱེད། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །རྣལ་འབྱོར་རོལ་པའི་འབྲས་རབ་སྟེར། །གསང་སྔགས་འདི་ལས་འབྱུང་བ་ཡིན། །སྔགས་དང་ཕྱག་རྒྱར་ཡང་དག་ལྡན། །སྒྲུབ་པ་པོ་ནི་དངོས་གྲུབ་
བརྩོན། །ཕྱག་རྒྱ་དང་བྲལ་གསང་སྔགས་ཏེ། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཇི་སྲིད་དྲོ་བའི་བྱ་བ་དག །མངོན་པར་བརྩོན་པས་རྟོགས་པར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་
འགྱུར། །དཔེར་ན་ལ་ལ་མར་འདོད་པས། །འབད་པས་ཆུ་ནི་བསྲུབས་གྱུར་ཀྱང་། །མར་སར་འབྱུང་བར་མི་འགྱུར་གྱི། །ལུས་ཉོན་མོངས་པ་ཁོ་ནར་ཟད། །འཛིན་ཅིང་མཆོད་པར་བྱེད་པ་ནི། །འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པའི། །རྣལ་འབྱོར་གཞན་ལ་བརྟེན་པ་ནི། །གཞན་དུ་དེ་བཞིན་
དོན་མེད་འགྱུར། །རྣལ་འབྱོར་ཆེ་མཆོག་དཔའ་བོ་ནི། །ཡུལ་ཕྱོགས་གང་ན་གནས་གྱུར་པ། །རིགས་ངན་ཀླ་ཀློ་ཡིན་ན་ཡང་། །ཡུལ་དེ་ཡོངས་སུ་བརྟགས་པ་སྟེ། །སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་པར་གནས། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཕོ་
ཉའི་མཚན་ཉིད་དང་ནུས་པའི་གནས་སྐབས་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཤིན་ཏུ་རྙེད་དཀའི་དགོད་པ་སྟེ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་སྒྲུབ་བྱེད་པའོ། །ས་ཡི་ཆ་ནི་མཉམ་ཡིད་འོང་། །ཙནྡན་གྱིས་ནི་ཉེ་བར་
བྱུག །དྲི་བཟང་དྲི་ལྡན་ས་ལ་ནི། །མེ་ཏོག་སིལ་མ་གཅལ་དཀྲམ་ཞིང་། །མར་མེའི་ཕྲེང་བ་ཡང་དག་དཀྲིགས། །སྤོས་ཀྱི་དྲི་ཡིས་ཉམས་དགའ་བར། །བདག་གིས་ཐམས་ཅད་བྱས་ནས་ནི། །ཕྱོགས་བཅིང་བ་ནི་བྱས་ནས་སུ། །དེ་ནས་རྫ་རྔ་བཅིང་བྱ་སྟེ། །རི་མོ་དུག་པ་

ཡོངས་སུ་ཟླུམ། །ཡི་གེ་ཕྱི་མོ་མཉམ་བྲིས་ལ། །ཤིན་ཏུ་མཉམ་བཞག་དགོད་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །ལུགས་སུ་འབྱུང་དང་ཟློག་པ་ཡིས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །གྲངས་དེ་དག་གི་ནང་ཆུད་པར། །
དགེ་བ་ཐུབ་པས་བྱས་ནས་ནི། །རེ་མིག་སུམ་ཅུ་གཉིས་པ་བླང་། །ལྔ་པ་ཡིས་ནི་ཁྱད་པར་བྱ། །བརྒྱ་ཕྱེད་ཕྱེད་པ་ཡང་དག་བླང་། །ཉི་ཤུ་རྩ་བཞི་པ་ཡིས་ཕྱེ། །རེ་མིག་སུམ་ཅུ་དྲུག་པ་བླང་། །གསུམ་པ་ཡིས་ནི་ཁྱད་པར་དབྱེ། །དེ་ནས་སུམ་ཅུ་གཉིས་པ་བླང་། །ལྔ་པ་ཡིས་ནི་ཁྱད་པར་བྱ། །
དེ་ནས་ཉི་ཤུ་ལྔ་པ་གཟུང་། །ཉི་ཤུ་བཞི་པ་དག་དང་སྦྱར། །སུམ་ཅུ་གསུམ་པ་ཡང་དག་བླང་། །རེའུ་མིག་བཅྭ་ལྔ་པ་ཡིས་ལྡན། །ལྔ་པ་དག་དང་ཡང་དག་བཅས། །མཛེས་པའི་མཆོག་ནི་ཡིན་པར་འདོད། །ཉི་ཤུ་རྩ་གཉིས་པ་དང་ལྡན། །བཅུ་གཅིག་པ་ཡི་མཚན་པའོ། །ཚིག་གི་དང་
པོ་ཡིན་པར་འདོད། །རེ་མིག་བཅུ་དགུ་པ་གཟུང་བྱ། །མེ་ཡི་བུ་དང་ཡང་དག་ལྡན། །རེ་མིག་གསུམ་པས་ཕྱེ་བའོ། །ཡ་ཚོགས་བརྒྱད་པའི་ས་བོན་ལ། །རེ་མིག་སུམ་ཅུ་དྲུག་པ་དང་། །ཡང་དག་ལྡན་པའི་ཡི་གེར་གྱུར། །སླར་ཡང་ཚིག་ནི་དེ་དག་ཉིད། །འདོད་པའི་དོན་ཀུན་སྒྲུབ་བྱེད་
ཡིན། །དེ་ནས་རང་བྱུང་བླངས་ནས་ནི། །རེ་མིག་ལས་ནི་ལྔ་པར་སྦྱར། །སྤྱི་བོར་ནཱ་ད་ཐིག་ལེར་སྦྱར། །དོན་ཀུན་སྒྲུབ་ཅེས་བྱ་བ་ཡི། །ཚིག་ནི་གཉིས་པ་ཡིན་པར་བཤད། །རེ་མིག་བཅུ་དགུ་པ་ཉིད་ལ། །ཉི་ཤུ་རྩ་བདུན་པ་ཡིས་ཕྱེ། །གསུམ་པ་དག་དང་ཡང་དག་ལྡན། །སུམ་ཅུ་
གསུམ་པ་ལེགས་བླངས་ཏེ། །རེ་མིག་གི་ནི་གཉིས་པར་སྦྱར། །ཉི་ཤུ་པ་དང་ཡང་དག་ལྡན། །མཛེས་པའི་མཆོག་ནི་ཡིན་པར་འདོད། །དེ་བཞིན་ཉི་ཤུ་གཅིག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་ཡིན། །ལན་གཉིས་བཟླས་པའི་ཚིག་ཏུ་ནི། །ཤིན་ཏུ་མཉམ་པར་བཞག་སྟེ་བཏུ། །དེ་ནས་གོ་
རིམས་བཟློག་པས་གཟུང་། །རེ་མིག་ལས་ནི་དང་པོ་ཉིད། །བཞི་པའི་མཐའ་དང་ཡང་དག་ལྡན། །དེ་བཞིན་བཅྭ་ལྔ་པ་དང་བཅས། །ཆོས་དོན་འདོད་དང་ཐར་པ་ཡི། །ཚིག་ནི་གསུམ་པ་ཡིན་པར་བཤད། །རེ་མིག་གཉིས་པའི་ས་བོན་དང་། །རེ་མིག་སུམ་ཅུ་དྲུག་པ་ཉིད། །

དེ་བཞིན་ཉི་ཤུ་དྲུག་པ་ཡང་། །སུམ་ཅུ་གསུམ་པ་ཡང་དག་བླང་། །རེ་མིག་བཅུ་གསུམ་པ་ཡིར་ལྡན། །རེ་མིག་ལས་ནི་བཅུ་པ་ཉིད། །གོ་རིམས་བཟློག་པས་སྒྲུབ་པོས་བླང་། །རེ་མིག་ལས་ནི་བཅུ་དགུ་པ། །རེ་མིག་ཉི་ཤུ་གསུམ་པ་ལ། །རེ་མིག་གཉིས་པར་ཡང་དག་ལྡན། །སྟེང་
དུ་ཐིག་ལེས་རྣམ་པར་བརྒྱན། །དེ་ནས་ས་བདག་གཟུང་བྱས་ལ། །བརྒྱད་པ་ཡང་ནི་དེ་བཞིན་ཏེ། །མེ་ཡི་བུ་ཡིས་ཁྱད་པར་དབྱེ། །ཡི་གེ་ཧཱུྃ་གིས་མཐའ་རུ་སྦྱང་། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱའི། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའི། །ཨོྃ་ནི་ཀུན་ལ་གསལ་བྱེད་
ཡིན། ཧཱུྃ་དང་ཕཊ་ནི་མཐའ་རུ་སྦྱར། །རིག་རྒྱལ་འཁོར་ལོས་སྒྱུར་བའི་སྔགས། །འདི་ནི་མ་བྱུང་འབྱུང་མི་འགྱུར། །དེ་ཉིད་བསྡུས་དང་དཔལ་མཆོག་དང་། །བདེ་མཆོག་རྡོ་རྗེ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །བདེ་བའི་
དཀྱིལ་འཁོར་བསྲུང་དོན་དུ། །གདུག་པ་ཐམས་ཅད་ཁྱད་པར་གྱིས། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་། །བརྟག་མི་དགོས་པར་འཆི་བར་འགྱུར། །འཁོར་ལོའི་སྦྱོར་བདག་ཉིད་ཀྱིས་བཟླ། །དངོས་གྲུབ་ཀུན་གྱི་འབྲས་སྐྱེད་པའོ། །ཨོྃ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྞ་གྲྀཧྞ་ཧུྃ་ཧཱུྃ་
ཕཊ། ཨོྃ་གྲིཧྞཱ་པ་ཡ་གྲྀཧྜཱ་པ་ཡ་ཧུྃ་ཧཱུྃ་ཕཊ། །ཨོྃ་ཨཱ་ན་ཡ་ཧོཿབྷ་ག་བཱཾ། བིདྱཱ་རཱ་ཛ་ཧུཾ་ཧཱུྃ་ཕཊ། དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྫ་རྔ་བཅིང་བའི་སྔགས་བཏུ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཤ་ཆེན་ཐམས་ཅད་ཀྱི། །འཇིགས་བྱེད་རྡོ་རྗེ་སྐྱེས་ཡིན་བཤད། །འདི་ནི་གདུག་པ་
ཐམས་ཅད་ཀྱི། །འཇིགས་བྱེད་མི་བཟད་པར་བཤད་དོ། །འདི་ལྟར་ཁྱི་དང་ཕག་གི་ཤ། །ཟངས་ཀྱི་གཙུག་ཕུད་ཅན་དེ་བཞིན། །མངོན་སྤྱོད་ཀྱི་ནི་བྱ་བ་ལ། །བཟའ་དང་སྦྱིན་སྲེག་གཏོར་མ་བྱ། །བྱ་བ་རྣམ་སྤྱོད་མེད་པར་བྱ། །མ་ལུས་ལུས་པ་མེད་གྲུབ་ཅིང་། །རྒྱལ་སྲིད་ཐམས་ཅད་རབ་
འགྲུབ་འགྱུར། །དུང་དང་ཉ་ཕྱིས་མུ་ཏིག་གི། །རྒྱུ་མཚན་གསུམ་པོ་འབྱུང་བ་ཡིས། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཟླ་བ་ཕྱེད་པས་རྒྱན་དུ་བྱས། །རྣམ་པ་དེ་ལྟར་གྱུར་པ་ཉིད། །དཔའ་བོའི་དབང་ཕྱུག་ཡིན་པར་

བཤད། །བརྡ་ནི་ལྔ་པོ་བསྟན་པ་དག །སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་གནས་ཡིན་ཏེ། །བརྡ་རྣམས་ཀྱི་ནི་རབ་འཇུག་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་དང་། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །རྡོ་རྗེ་སེམས་དཔའ་མཐེ་བོར་བཞུགས། །
ལྕུག་མར་དེ་བཞིན་རྣམ་སྣང་མཛད། །གོ་ཆའི་རྣམ་པ་དེ་ལྟ་བུར། །གཙོ་བོར་པདྨ་གར་མཛད་དེ། །བསྟན་པར་དངོས་གྲུབ་ཐམས་ཅད་ནི། །རབ་སྩོལ་པ་ཡི་དཔའ་བོ་བཞུགས། །མཐེའུ་ཆུང་ལ་ནི་མཁའ་སྙིང་པོ། །མི་ཟད་སྐུ་དང་ལྡན་པ་ཉིད། །སེན་མོའི་ངོས་ནི་རྟ་འགྲིན་གྱི། །གནས་
སུ་གྱུར་པར་བཤད་པ་ཡིན། །འདི་དག་ཐམས་ཅད་དཔའ་བོ་ནི། །གཡོན་པ་ལས་བྱུང་རྒྱུ་ཡིན་ནོ། །ལག་མཐིལ་ཤྲཱི་ཧེ་རུ་ཀ་ཡི། །ཕག་མོའི་འདུས་པ་དགའ་བྱེད་ཡིན། །རྒྱབ་ཏུ་ཤིན་ཏུ་ངེས་བྱས་ནས། །བདག་ཉིད་ལྔ་པོ་བསྟན་པར་བྱ། །འདི་དག་ལག་ཏུ་དགོད་པ་སྟེ། །མཛའ་བ་
ཐམས་ཅད་འདུས་པ་ཡིན། །རྣམ་པ་དེ་ལྟའི་ཆོ་ག་ཡིས། །དཔའ་བོ་དམ་པ་མཆོད་པར་བྱ། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་བརྗོད། །ཙུམ་བི་ཀ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་
ཡིན། །དབུས་སུ་དཔའ་བོ་ཀུན་གྱི་གནས། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །གསང་བ་འདི་ནི་མི་བཤད་ཅིང་། །རབ་ཏུ་འབད་དེ་སྦ་བར་བྱ། །དེ་ལྟར་བརྡ་བྱ་དཔའ་བོ་རྣམས། །གཅིག་ཏུ་ཟས་ལ་བརྩམ་པར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་དྲ་
བའི་བདེ་མཆོག་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་བཟའ་བ་དང་སྦྱིན་སྲེག་དང་གཏོར་མའི་བྱ་བ་ལ་ལག་པའི་བརྡའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །བཟའ་དང་སྟོན་མོ་འདུས་པ་སྟེ། །ཡང་དག་ཆོ་ག་གང་གིས་ནི། །དངོས་
གྲུབ་མྱུར་དུ་རབ་འཇུག་པའོ། །ཕྱུགས་རྣམས་ཀྱི་ནི་དགུག་པ་ཉིད། །སྒྲུབ་པོས་སྔར་བསྟན་རིམ་པ་འདིས། །ཕྱུགས་རྣམས་དང་ནི་དེ་བཞིན་ལྔ། །བོང་བུ་རུ་སྦལ་མི་རྔ་མོ། །ཅེ་སྤྱང་རྟ་ལ་སོགས་རྣམས་ཀྱིས། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །ཕྱུགས་འདི་དག་ནི་སྒྲུབ་ཡན་ལག །

རིགས་རྣམས་ལས་ནི་རིགས་མཆོག་ཕྱུགས། །རྐང་བཞི་རྣམས་ལས་གླང་པོར་བརྗོད། །འདབ་ཆགས་རྣམས་ལས་ངང་པ་ཉིད། །དུད་འགྲོ་རྣམས་ལས་དུད་འགྲོ་ཕྱུགས། །ལྷ་རྣམས་ལས་ནི་མཆུ་གཡོ་བ། །རྣམ་པ་དེ་ལྟར་བརྗོད་པ་སྟེ། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ། །
ཕྱུགས་དེ་དག་ནི་རྣམ་པར་བཤད། །ཁྭ་དང་ཆུ་སྐྱར་ཅེ་སྤྱང་དང་། །སྐྱེ་གཉིས་བློན་པོ་ཆེན་པོ་དང་། །ཁྲུང་ཁྲུང་བཞད་དང་ཀདམྦ། །བཟའ་དང་སྦྱིན་སྲེག་གཏོར་བྱ་བས། །འདོད་པ་དག་ནི་འགྲུབ་པར་འགྱུར། །ཁྱི་ནག་མོ་ཡི་འོ་ཐུག་ནི། །མ་ཤའི་འབྲས་ནི་ནག་པོར་ལྡན། །འདོད་པས་
དོགས་པ་མེད་པ་རུ། །ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར། །རོ་ཡི་ཁར་ནི་སྦྱིན་སྲེག་བྱ། །དེ་ནས་ཡི་དགས་ལངས་ནས་ནི། །སྒྲུབ་པོ་དེ་ལ་འདྲི་བྱེད་དེ། །ཅི་བགྱི་ཞེས་ནི་སྨྲ་འགྱུར་ཞིང་། །ས་འོག་ལས་སམ་རལ་གྲིའམ། །ཚར་གཅོད་ཕན་འདོགས་ཉིད་དག་དང་། །རིལ་བུ་མིག་སྨན་
གཏེར་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །དངོས་འདི་དེ་བཞིན་གཅིག་བྱིན་ནས། །འགྲོ་བར་འགྱུར་གྱི་གཞན་དུ་མིན། །སྟེང་དང་འོག་ཏུ་ཕོ་ཉ་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །བ་ལང་གནས་དང་ལྡིང་བ་ཉིད། །ལྷག་མ་སྐམ་པོ་རྩ་དེ་ནས། །བདེ་
བ་ཆེན་པོའི་ངོ་བོར་བྱ། །ཡང་ན་རུ་སྦལ་དག་གིའོ། །འདི་དེ་དངོས་གྲུབ་སྦྱིན་འགྱུར་ཞིང་། །ཕྱག་བཞི་པ་དང་ཞལ་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །སྐུ་ནི་དཀར་བའི་ཁྲོ་བོ་ཆེ། །དེ་ནས་དྲག་ཤུལ་གཟུགས་འཆང་བ། །རྡོ་རྗེ་ཕག་མོ་ལ་གཟིགས་པ། །དེ་ཡི་སྐུ་མདོག་མཚོན་ཆ་
འཆང་། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སྐུ་ལ་ཐལ་བས་ཉེ་བར་བྱུགས། །རལ་པའི་ཅོད་ཅན་མདུད་དང་ལྡན། །ཕྱག་རྒྱ་ཡིས་ནི་སྐུ་ལ་བརྒྱན། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དགས་ཆེན་པོ་གདན་དུ་བྱས། །སྒྲུབ་པ་པོ་ཡིས་དུས་རྟག་ཏུ། །སྔགས་དེ་ཤེས་ནས་བསྒོམ་པར་
བྱ། །དེ་ལྟའི་ཡོན་ཏན་ཁྱད་འཕགས་པས། །འདོད་པ་ཡི་ནི་དངོས་གྲུབ་འགྱུར། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དུད་འགྲོ་ཕྱུགས་དང་རོ་ལངས་སྒྲུབ་པ་དང་། བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་སྒྲུབ་པོའི་མཆོག་ཀུན་ནི། །

སྦྱོར་བ་ཀུན་ལ་མེད་པའོ། །བཟའ་དང་བཅའ་དང་ཉ་ཤ་སོགས། །ནུས་པ་ཇི་བཞིན་བྱ་བ་སྟེ། །མེད་པར་གྱུར་ཀྱང་བཟའ་བ་ནི། །ལྔ་པོ་ཉིད་དུ་བྱ་བ་ཡིན། །བཟའ་དང་བཅའ་བ་རྒྱ་ཆེ་བ། །རྟག་ཏུ་མཚན་མོ་ཉིད་དུ་བྱ། །དེ་ནས་ཕོ་ཉ་རབ་སྦྱིན་ཞིང་། །ཁྱད་པར་དུ་ནི་སྒྲུབ་པ་པོ། །
རང་གི་པང་དུ་མགོ་བཞག་ལ། །དཔའ་བོ་གཉིས་མེད་རབ་ཏུ་མཆོད། །མ་འམ་ཡང་ན་སྲིང་མོ་འམ། །བུ་མོའམ་ཡང་ན་ཆུང་མ་གཉེན། །རྣམ་པ་འདི་ལྟའི་ཆོ་ག་ཡིས། །བཅིངས་པ་ལས་ནི་རབ་གྲོལ་བྱ། །དེ་ནས་སྔགས་འདི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་པར་དུའོ། །སློབ་
དཔོན་ལུས་སུ་ལེགས་གནས་ཏེ། །སྒྲུབ་པ་པོ་ལས་མཆོད་པ་ལེན། །དཔའ་བོ་རྣམས་ཀྱི་སྟན་དག་དང་། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །གླུ་དང་གར་ལ་སོགས་པ་བྱ། །ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང་། །རྣལ་འབྱོར་ཡེ་ཤེས་ཞེན་མ་གྱུར། །
དེ་སྲིད་འཁོར་འགྱུར་ཞིང་། །སྡུག་བསྔལ་མྱ་ངན་གྱིས་གཡེངས་འགྱུར། །དངོས་པོ་ཀུན་གྱིས་སྒྲུབ་པ་པོས། །དེ་ནས་ཕྱག་རྒྱ་མཆོད་པར་བྱ། །མཆོད་པས་མཆོད་པར་འདོད་པ་སྟེ། །བརྙས་པ་ཡིས་ནི་ངེས་པར་སྲེག །རྣལ་འབྱོར་རྒྱུད་དུ་མི་རྣམས་ཀྱི། །ཕྱག་རྒྱ་ཆེན་པོ་དང་
པོ་འགྲུབ། །རབ་ཏུ་འབད་པས་མཆོད་པར་བྱ། །ཕྱི་ནས་དཔའ་བོ་རྣམས་ཀྱིས་ནི། །དཔའ་བོ་ཉིད་ལ་སྤྱད་པར་བྱ། །དེ་ལྟར་མཆོད་བྱས་དེ་ནས་ནི། །ས་འོག་སྒྲུབ་པོ་ལངས་པ་དང་། །ཞི་བ་ཉིད་དང་རྒྱས་པ་དང་། །དབང་དང་དགུག་པ་དག་དང་ནི། །གསད་དང་བསྐྲད་པ་ལ་སོགས་དང་། །
རྨུགས་དང་རེངས་པ་དེ་བཞིན་ཏེ། །དབྱེ་བ་ཉིད་དང་ཚར་གཅོད་དང་། །ལས་ཀྱི་དངོས་གྲུབ་མཆོད་པར་བྱ། །གང་ཅིའང་རུང་བའི་ལས་གྱུར་ལ། །ཉོན་མི་མོངས་པར་འགྲུབ་འགྱུར་ཏེ། །ཐེ་ཚོམ་མེད་པར་སྒྲུབ་པ་པོའི། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །དཔལ་ཧེ་རུ་ཀའི་ངེས་པར་
བརྗོད་པ་ལས་གསང་བའི་མཆོད་པ་དང་བསྙེན་བཀུར་གྱི་མཆོད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།དེ་ནས་མཁའ་འགྲོ་མ་དྲ་བའི། །འཁོར་ལོ་ཞེས་པའི་ཆོ་ག་རྒྱས། །ལས་གང་ཅི་ཡང་དེ་མྱུར་བར། །སྒྲུབ་པ་པོ་ནི་ཐེ་ཚོམ་མེད། །དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་

ངེས་པར་བྱ། །སྨིན་མའི་དབུས་སུ་གཞུག་པར་བྱ། །ཨ་བདྷཱུ་ཏཱིའི་གནས་དེ་བཞིན། །དཔའ་བོའི་འཆོལ་བར་བྱས་ཆགས་པར། །བཟའ་བ་ཡང་ནི་དེ་ནས་བསྲེག །གོ་མཱང་ས་དང་རུ་དྷི་ར། །འབད་པས་བསྲེག་བྱ་ལྔ་དག་བྱ། །དེ་ནས་འབར་བའི་བྱིན་ཟ་ལ། །སྲེག་བླུགས་དགུ་ནི་སྦྱིན་
པར་བྱ། །འབར་ཕྲེང་རྒྱ་མཚོ་བལྟ་བར་བྱ། །ཀུན་ནས་སྒོ་ཡི་འཁོར་ལོ་ཉིད། །དཔའ་བོའི་དབང་པོ་ཞལ་བཞི་པ། །དཔའ་བོ་དཔའ་མོའི་གནས་དེ་བཞིན། །འདབ་ལ་ཕོ་ཉ་མོ་བཞི་ཡིན། །དཔའ་བོ་ཀུན་དང་གཉིས་མེད་བདེ། །ཆོ་ག་ཇི་བཞིན་རྣམ་པ་ཡིས། །ཁཎྜ་རོ་ཧཱ་ཕྱི་རོལ་ནི། །
རང་གི་གཟུགས་སུ་རྣམ་ཞུགས་པ། །འཁོར་ལོའི་དབུས་སུ་བལྟ་བར་བྱ། །འཁོར་ལོ་འདི་དག་གསལ་བར་ནི། །རིམ་པ་ཇི་ལྟ་བ་བཞིན་བྱ། །རིག་པའི་རྒྱ་མཚོའི་ལས་དེ་བཞིན། །མདོར་བསྡུས་ནས་ནི་གསུངས་པ་ཡིན། །ཕོ་ཉ་གཉིས་མེད་སྦྱོར་བའི་བདག །འགྲུབ་འགྱུར་འདི་
ལ་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཕོ་ཉ་མོའི་སྦྱིན་སྲེག་དང་ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །ཇི་བཞིན་རིམ་གྱིས་མཚོན་པ་སྟེ། །མཆོད་པ་གཉིས་མེད་སྦྱོར་བའི་བདག །ལས་ནི་སོ་སོར་སྦྱར་བར་བྱ། །གང་
དག་རབ་གྲུབ་བྱེད་པའི་སྔགས། །དེ་ཡི་དབྱེ་བ་རིམ་བཞིན་བཤད། །ཁ་དོག་ཕོ་ཉ་སོགས་སྔགས་གང་། །མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཕན་ཚུན་མདུད་རྒྱུད་དཔའ་བོ་ནི། །ཡུལ་ཉིད་ཀྱིས་ནི་ཕྱེ་བའོ། །ས་བོན་ཕྲེང་བས་དེ་ནས་གཟུང་། ཧཱུྃ་ནི་མཐའ་རུ་གནས་པ་ཡིན། །
བསྒྲུབ་བྱ་འགོག་པར་གྱུར་པ་ནི། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །དེ་བཞིན་བུང་བ་ལྟར་འཁོར་བྱ། །ལྕགས་ཀྱུ་ཉིད་ཀྱིས་དགུག་པ་དང་། །གཏུན་ཤིང་གིས་བསྐྱོད་དེ་བཞིན་ཏེ། །རྡོ་རྗེ་ཉིད་ཀྱིས་
འདེབས་པར་བཤད། །དབུག་ལ་མདས་ནི་སྦྱར་བྱ་སྟེ། །དུས་མིན་འཆི་བ་བླུ་བ་ལ། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་གཉིས་སུ་མེད་པའི་ལས་དང་དུས་མ་ཡིན་པར་འཆི་བ་བླུ་པའི་ཆོ་

གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སྔགས་ཀྱི་དགོད་པ་རབ་ཏུ་གྲགས། །མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། །མཚན་མ་གཉིས་ལ་སྔགས་སྦྱར་ཏེ། །མཁའ་འགྲོ་དཔའ་བོ་གཉིས་མེད་པ། །སྙིང་པོ་
རྣམས་ཀྱིས་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །བློ་ལྡན་མཁའ་འགྲོ་མ་བསྲུབ་བྱ། །དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །རྣམ་དབྱེ་རང་དགས་སྔགས་པ་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅོད་
ཕན་འདོགས་དོན་རྣམས་ལ། །ལས་ཀྱི་དངོས་པོར་རྣམ་པར་སྒོམ། །དེ་ཉིད་དབྱེ་བར་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །རབ་ཏུ་སྒྲུབ་པའི་སྦྱོར་དོན་ལ། །ཕྱི་རོལ་ཇི་བཞིན་ནང་དེ་བཞིན། །འདི་ཡིས་མྱུར་དུ་ལྷ་དང་ནི། །ལྷ་མིན་མིར་བཅས་བསྒྲུབ་པར་བྱ། །དཔལ་ཧེ་རུ་ཀའི་ངེས་པར་
བརྗོད་པ་ལས་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གཟུགས་ནི་གནོན་པའི་ཆོ་ག་སྟེ། །ཕན་ཚུན་སྦྱར་བའི་གསང་སྔགས་ནི། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །བཟའ་བ་ཟོས་མིད་དེ་ནས་ནི། །བཟླས་པའི་
མཐར་ནི་སྐྱུག་པར་བྱ། །མཚན་མོ་བདུན་ནི་རྫོགས་པ་དང་། །བཟའ་དང་བཏུང་བ་དག་ལ་སྦྱར། །འདི་ཡིས་ཇི་སྲིད་འཚོ་ཡི་བར། །དབང་དུ་འགྲོ་བར་ཐེ་ཚོམ་མེད། །སེར་སྐྱའི་མར་ནི་འཐུངས་ནས་སུ། །བཟླས་པའི་མཐར་ནི་སྐྱུག་པར་བྱ། །དེ་ཡིས་རང་གི་གདོང་བསྐུས་ན། །གལ་ཏེ་རྟག་
ཏུ་ཁྲོས་གྱུར་པ། །མཐོང་བ་ཙམ་གྱིས་དབང་དུ་འགྱུར། །ཏིལ་མར་སཱ་ལུ་བཏགས་པ་དང་། །ལྡན་པས་ལུས་ནི་བསྐུས་གྱུར་ཅིང་། །སྣུམ་ཁུར་སྔགས་པས་བྱས་ནས་ནི། །བཟའ་བ་ལ་ནི་རབ་ཏུ་སྦྱར། །གལ་ཏེ་ལས་འདི་མ་བཏང་ན། །ཇི་སྲིད་འཚོ་བར་རྟག་དབང་འགྱུར། །ཏིལ་ནག་དག་ནི་
ཟོས་ནས་སུ། །སྐེ་ཚེར་བཅས་པ་སྐྱུགས་པ་དང་། །རུ་རྟ་བཤང་བ་དང་ལྡན་པ། །ལས་སྐྱེས་ལྟོ་བའི་སྲིན་བུ་ནི། །རང་གི་ཁྲག་དང་བཏགས་ནས་ནི། །རང་གི་ཁུ་བ་ཉིད་དང་སྦྱར། །བཟའ་བཏུང་མིག་སྨན་གོས་ལ་ནི། །བྱུག་པ་ཉིད་དུ་རབ་ཏུ་སྦྱར། །འདི་ཡིས་ཇི་སྲིད་འཚོ་ཡི་བར། །དབང་དུ་འགྱུར་

བར་གདོན་མི་ཟ། །བ་ལང་ཤ་སྲེག་སྦྱིན་སྲེག་ནི། །ཁྲག་གིས་བསྐུས་ན་ལྷ་རྣམས་ནི། །དེ་མོད་དབང་དུ་འགྱུར་བའམ། །གལ་ཏེ་མ་འོངས་འཆི་བར་འགྱུར། །བདག་ཉིད་དེ་ཡི་མདུན་དུ་ནི། །བསྒོམས་ནས་མཁས་པས་སྦྱིན་སྲེག་བྱ། །སྦྱིན་སྲེག་མཐར་ནི་གཏོར་མ་བྱ། །ཁམས་གསུམ་སྐད་ཅིག་
གིས་འགུགས་པ། །མཚན་བདུན་གྱིས་ནི་འགྲུབ་པར་འགྱུར། །འཇིག་རྟེན་གསུམ་ན་རྙེད་དཀའ་བའི། །དམ་ཚིག་སྤྱོད་པའི་མཚན་ཉིད་ནི། །རྟག་ཏུ་རང་སྔགས་སྦས་པ་ཡིས། །རབ་ཏུ་འབད་དེ་གསང་བར་བྱ། །སྦས་དོན་རྙེད་པར་མི་འགྱུར་ཞིང་། །སྐལ་བ་དམན་པས་འགྲུབ་མི་འགྱུར། །བསོད་
ནམས་ཆུང་བའི་སྒྲུབ་པོས་ཀྱང་། །ང་མཉེས་བྱས་པས་རྙེད་པར་འགྱུར། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །།དེ་ནས་བརྡ་ནི་མཁའ་འགྲོ་མའི། །ལུས་ཀྱི་མཚན་ཉིད་གང་ཡིན་དང་། །དཔའ་བོའི་ཡན་ལག་དབྱེ་བ་
ནི། །གྲུབ་པར་གྱུར་པ་དེ་འགྲུབ་འགྱུར། །དཔའ་བོའི་དབང་ཕྱུག་མི་འདྲི་ཞིང་། །རྣམ་པ་ཀུན་དུ་སྦ་བར་བྱ། །གང་གི་ཐད་དུའང་མི་གདོན་ཏེ། །གཡོན་པའི་ཀུན་སྤྱོད་སྒྲུབ་པ་པོས། །གསང་བའི་མཚན་ཉིད་མཁའ་འགྲོ་ཡི། །སྔགས་རྣམས་བག་མེད་པས་འདོན་ན། །དེ་ལ་ང་ནི་མི་ལྟ་སྟེ། །མཁའ་འགྲོ་
སྟོང་ཕྲག་དུ་མ་ཡིས། །ངན་པའི་བདག་ཉིད་ཅན་དེ་ཟ། །དམ་ཚིག་འཇོམས་ཤིང་ངན་སྤྱོད་དེ། །བྲམ་ཟེ་གསོད་པར་ཐེ་ཚོམ་མེད། །སྡིག་སྤྱོད་རྨོངས་པའི་བདག་ཉིད་ཅན། །བསླུས་གྱུར་ངན་པའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང་། །དེ་ལ་ང་ནི་སྐྱོབ་མི་བྱེད། །གསང་བ་པ་ཡི་
ནང་ན་ནི། །སྒྲུབ་པོ་དེ་ནི་ཕྱུགས་དང་འདྲ། །བླ་མ་དམ་ཚིག་ལ་འཁུ་བ། །སངས་རྒྱས་འཇིག་རྟེན་དེ་ལས་ལྷུང་། །ཧེ་རུ་ཀ་དཔལ་ལྟ་དཀའི་རྒྱུད། །གང་ཞིག་སྲུང་བར་བྱེད་པ་ནི། །མཁའ་འགྲོ་མར་བཅས་དགེ་སྡོང་ཞེས། །དེ་ལ་ང་ནི་རྗེས་སུ་འཛིན། །བླ་མ་ལ་ནི་བསྙེན་བཀུར་བྱེད། །གསོང་པོར་
བྱེད་པའི་སྒྲུབ་པ་པོ། །མཁའ་འགྲོ་མ་ལ་རྟག་དགའ་བ། །དེ་ལ་དངོས་གྲུབ་འབྱུང་བར་འགྱུར། །སྒྲུབ་པ་པོ་ནི་དཔའ་ཉིད་འགྱུར། །ཁམས་གསུམ་མཁའ་ལ་རྒྱུ་བའི་བདག །སྒྲུབ་པོ་དཔའ་བོ་ཉིད་འདོད་པ། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །དེ་ནི་རྣལ་འབྱོར་ལ་རབ་འཇུག །ཡང་དག་སྦྱིན་

པའང་རིག་པར་འགྱུར། །ཧེ་རུ་ཀ་ཡི་བརྟུལ་ཞུགས་འཛིན། །སློབ་དཔོན་དཔའ་བོ་མཐོང་གྱུར་ན། །མཐོང་ཞིང་མཐོང་ཞིང་ཀུན་ཏུ་དགའ། །སྒྲུབ་པ་པོས་ནི་སྔགས་འདི་ཡིས། །དཔའ་བོའི་རྩ་བའི་གསང་སྔགས་མཆོག །ལན་བདུན་དུ་ནི་བརྗོད་པར་བྱ། །རབ་སྔགས་ཧཱུྃ་ལ་
སོགས་པས་ཕྱེ། །དེ་རྣམས་འབད་དེ་ཕྱག་བྱས་ན། །སངས་རྒྱས་ལ་སོགས་ཐམས་ཅད་མཆོད། །རྟག་པ་ཉིད་དུ་དཔའ་ཆེན་དང་། །རོལ་པར་ལྡན་པར་ཐེ་ཚོམ་མེད། །དེ་ཡི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་བཅས། །དེ་དང་
གང་ཞིག་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །འབབ་ཆུའི་འགྲམ་དང་རྒྱ་མཚོ་དང་། །རི་བོ་དང་ནི་བཞི་མདོ་དང་། །ལྟེང་ཀ་དང་ནི་ཁྲོན་པ་མཚེའུ། །ཁང་སྟོང་དང་ནི་ལམ་སྲང་དག །ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་ཏུ་ཞེན་པར་ལྟ་ལ་གནས། །འཇིགས་པ་
ཆེན་པོ་དུར་ཁྲོད་དུ། །མཁའ་སྤྱོད་དེ་བཞིན་ས་འོག་དང་། །རོ་ལངས་ཀྱང་ནི་དུ་མ་ཞིག །འཇིགས་པའི་གཟུགས་དང་སྟོབས་ཆེན་པོས། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །ཅི་བདེ་བར་ནི་རོལ་པར་མཛད། །རི་སུལ་ཚང་ཚིང་གསང་བ་དང་། །རྣལ་འབྱོར་མ་དང་གསང་བའི་མི། །ཕྱོགས་ནི་དེ་དང་དེ་
དག་ཏུ། །སྒྲུབ་པ་པོ་དང་ས་སྟེང་རོལ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མའི་སྒྲུབ་པའི་ས་དང་གསང་བའི་དཔའ་བོའི་གནས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།དེ་ནས་གྲུབ་པའི་རྣལ་འབྱོར་ཆེ། །སྔགས་ནི་རྣམ་པ་བརྒྱད་ཀྱིས་རྒོད། །དེ་ནས་འདི་ལ་ཡང་དག་མཐོང་། །
གསོལ་པར་འགྱུར་བ་གདོན་མི་ཟ། །འཇིགས་པའི་སྒྲ་ནི་རྣམ་མང་པོ། །མི་བཟད་མཁའ་འགྲོ་འཇིགས་བྱེད་པ། །དཔའ་བོ་འཇིགས་པར་གྱུར་ན་ནི། །སྐྲག་ཅིང་རྣམ་པར་འབྱེར་བར་བྱེད། །གལ་ཏེ་དཔའ་བོ་མི་འཇིགས་ན། །ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་ཁྱེར་ནས་སུ། །
མཁའ་འགྲོ་མ་ནི་དེ་དག་དང་། །རྟག་ཏུ་མངོན་པར་རྩེ་བྱེད་དེ། །བདེ་བ་ཅན་གྱི་གནས་འགྲོ་འགྱུར། །ཧེ་རུ་ཀ་དཔལ་གུས་འདོད་པས། །མཁའ་ལ་འགྲོ་བའི་གནས་སུ་ཁྱེར། །སྒྲུབ་པ་པོ་ནི་སྔགས་ལུས་ཅན། །འཁོར་བར་འཆི་དང་རྒ་བ་མེད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་བལྟ་བ་དང་

ཧ་ཧར་རྒོད་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །།ད་ནི་རབ་ཏུ་བཤད་བྱ་བ། །གང་གིས་ས་སྟེངས་དབང་དུ་འགྱུར། །དཔའ་བོའི་སྔགས་ཀྱི་ཟླ་བ་ཡིས། །རྣལ་འབྱོར་ཆོ་གར་གནས་པས་འགྲུབ། །སྒྲོན་མ་མྱོས་བྱེད་བཅས་པ་དང་། །ཉ་ཡི་ཤ་དང་ལྡན་པར་ནི། །དཔའ་དབང་གནས་
སྐབས་ཐམས་ཅད་དུ། །ཉི་མ་བདུན་གྱིས་སྒྲུབ་པ་པོའི། །མཚན་མོའི་སྦྱིན་སྲེག་བྱེད་ལ་གཞོལ། །དངོས་གྲུབ་རྒྱ་ཆེན་སྩོལ་བར་འགྱུར། །བརྒྱ་དང་རྩ་བརྒྱད་ལྡན་ཉིད་ཀྱིས། །ཐུན་གསུམ་དུ་ནི་སྒྲུབ་བྱེད་ན། །རྒྱལ་པོ་དཔུང་དང་བཅས་པར་ནི། །ཉིན་བདུན་གྱིས་ནི་དབང་དུ་འགྱུར། །ཕྱེད་
ཀྱིས་དཔའ་བོ་བློན་པོ་སྟེ། །དེ་ཡི་ཕྱེད་ཀྱིས་བློན་པོ་ཡི། །རྒྱལ་ཕྲན་ལ་ནི་སུམ་ཅུ་གཉིས། །བསྲེག་པའི་རིམ་གྱིས་སྦྱིན་སྲེག་བྱ། །ཉི་ཤུས་བྲམ་ཟེ་ཉིད་ལ་ནི། །ཉི་མ་བདུན་གྱིས་སྦྱིན་སྲེག་བྱ། །དེ་བཞིན་རྒྱལ་རིགས་དག་ལ་བདུན། །སྦྱིན་སྲེག་ལྔ་པོ་རྗེ་རིགས་ལ། །དམངས་རིགས་ལ་ནི་སྦྱིན་སྲེག་
གསུམ། །ཐ་མ་ལ་ནི་སྦྱིན་སྲེག་གཅིག །དེ་ལྟར་དཔའ་བོས་རིགས་རིམ་གྱིས། །ཟླ་བ་གཅིག་ནི་ཡང་དག་སྤྱད། །སྔགས་ཀྱི་ནུས་པ་སྒྲུབ་པ་པོས། །འགྲོ་བ་ཐམས་ཅད་དགུག་པར་བྱ། །དཔའ་བོས་ཆོ་ག་སྔ་མ་ཡིས། །འདོད་པས་བསྟེན་ན་ཐོབ་པར་འགྱུར། །ས་སྟེང་འདོད་པའི་དབང་ཕྱུག་
བཞིན། །དཔལ་ལྡན་སྐལ་པ་བཟང་པོར་འགྱུར། །སྒྲུབ་པོ་མཁའ་འགྲོ་མ་རྣམས་ཀྱི། །ཡིད་འོང་འགྱུར་བར་གདོན་མི་ཟ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རིགས་ལྔ་པོ་དབང་དུ་བྱ་བ་དང་། ཕྱག་རྒྱ་ཆེན་པོ་བསྟེན་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ལས་ཀྱི་མཆོག་
རབ་ནི། །གང་གིས་ཤེས་ན་སྒྲུབ་པ་པོས། །དབང་དང་དགུག་དང་དབྱེ་བ་དང་། །གསད་དང་བསྐྲད་པ་ལ་སོགས་དང་། །རྨུགས་དང་རེངས་པར་བྱ་བ་དང་། །རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་འགྱུར་བ་དང་། །འོན་དང་དེ་བཞིན་ལོང་བ་དང་། །མ་ནིང་ཉིད་དུ་
བྱ་བ་དང་། །གཟུགས་ནི་ཡོངས་སུ་འགྱུར་བ་སྟེ། །ལས་ཆེན་བཅུ་གཉིས་འདི་དག་ནི། །རྟག་ཏུ་སྒྲུབ་པ་པོ་ཡིས་བསྒྲུབ། །དངོས་གྲུབ་སྒྲུབ་པ་པོ་ལ་ནི། །དྲན་པ་འགྲུབ་འགྱུར་གདོན་མི་ཟ། །ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པའི་རང་

སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་ཡིན། །དེ་རྣམས་མཁའ་འགྲོ་མ་རུ་བཤད། །ཀུ་ལུ་ཏ་དང་དགོན་པ་དང་། །སིནྡྷུའི་ཡུལ་དང་གྲོང་ཁྱེར་དབང་། །གསེར་གྱི་གླིང་དང་སཽ་རཱཥྚ། །དེ་བཞིན་ལྷ་ཡི་ཁྱིམ་དང་ནི། །ཡི་དགས་གྲོང་དང་ཁ་བའི་
གནས། །ཀཱཉྩིའམ་ལམྦཱ་ཀ་ཡི་ཡུལ། །ཀ་ལིངྒ་དང་ཀོ་ས་ལ། །ཏྲི་ཤ་ཀུ་ནེ་ཨོ་ཏྲེ་དང་། །ཀཱ་མ་རཱུ་པ་མཱ་ལ་ཝ། །ལྷ་མོའི་མཁར་དང་རཱ་མའི་དབང་། །གོ་ད་བ་རི་ཨརྦུ་ཏ། །ཨཽ་ཌྱན་ཛཱ་ལནྡྷ་ར་དང་། །པུལླཱི་ར་མ་ལ་ཡ་སོགས། །ཡུལ་འདི་དག་གི་བུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །
དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིས། །རྣལ་འབྱོར་མ་དྲུག་ཀུ་ལུ་ཏར། །མྱ་ངམ་ཡུལ་ན་མ་མོ་རྣམས། །སིནྡྷུའི་ཡུལ་ན་ལཱ་མ་སྟེ། །རིགས་ཀྱི་གཙོ་མོ་ན་ག་རར། །ལམྦཱ་ཀ་དང་སཽ་རཱཥྚ་ར། །རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ། །ཡི་དགས་གྲོང་དང་ནགས་ཆེན་པོར། །
མཁའ་འགྲོ་རཱུ་པི་ཀ་རུ་བཅས། །ཁ་བའི་རི་དང་ཀཱཉྩིར་ནི། །བྱིས་བཅས་མ་རུ་བཤད་པ་སྟེ། །པཱཉྩ་ལ་ཡི་ཡུལ་དག་ན། །ཁྱིམ་གྱི་ལྷ་མོ་ཀ་ལིངྒར། །བརྟུལ་ཞུགས་འཛིན་པ་རྣམས་ཡིན་ནོ། །ཀོ་ས་ལར་ནི་ཤ་ཟ་བ། །ཡི་དགས་གྲོང་དུ་དེ་བཞིན་དུ། །རྡོ་རྗེ་མཁའ་འགྲོ་སྦོམ་དབང་ཕྱུག །ཏྲི་ཤ་ཀུ་ནེར་
དུམ་སྐྱེས་མ། །བུལླཱིར་མ་ལ་ཡ་དེ་བཞིན། །གསེར་རིར་སྨེ་ཤ་ཅན་རིགས་སྐྱེས། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །ལྷག་མ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ། །ཧེ་རུ་ཀ་དཔལ་སྦྱོར་བ་ཆེ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །མཁའ་འགྲོ་ཉི་ཤུ་རྩ་བཞི་
འདིས། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་བ་ཀུན་ནི་འདི་ཡིས་ཁྱབ། །མཁའ་འགྲོ་མ་ཡི་དམ་ཚིག་འདི། །སྤྲུལ་པ་སྒོམ་པ་ཉིད་ཡིན་ཏེ། །བསམ་གཏན་ལ་སོགས་གང་ཅིའང་རུང་། །ས་སྟེང་ན་ནི་རྫོགས་འགྱུར་བའོ། །གཡོན་གྱི་སྤྱོད་པ་གཅེར་བུ་ཡིས། །མཚན་མོ་རྟག་ཏུ་མཉམ་བཞག་པས། །
སྐྱེས་པའམ་གལ་ཏེ་གཡོན་པ་ཀུན། །རྣལ་འབྱོར་མ་ཀུན་དཔའ་བོ་འགྲོ། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །རང་བྱུང་རྟག་ཏུ་མཆོད་ན་ནི། །མ་ལུས་ལུས་པ་མེད་གྲུབ་ཅིང་། །གཡོན་པའི་མཆོད་པ་ལ་རབ་འཇུག །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དགོད་

པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་གོ །།དེ་ནས་དཔའ་བོ་མེ་ཏོག་ཆུ། །འཐུངས་ནས་སྔགས་འདི་རྗེས་དྲན་བྱ། །རྟག་ཏུ་འདི་ལྟར་བྱ་བ་ཉིད། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས། །མཚན་མོ་རྟག་ཏུ་ཤ་བཟའ་བ། །སྔགས་འདི་ཉིད་ཀྱིས་ལན་གསུམ་བསྔགས། །མྱུར་དུ་བདེ་བ་འཐོབ་པར་
འགྱུར། །འཐུངས་དང་དེ་བཞིན་བྱིན་པ་དང་། །རེག་ནས་བཞག་ན་གཙོ་མོ་ཆེ། །བདེན་པས་ཚངས་པར་སྤྱོད་པ་དང་། །ཐོག་མཐར་བཞད་པའི་ཕྱག་རྒྱ་ཡིས། །བལྟ་བའི་བསྙེམས་པ་དྲགས་ལྡན་པ། །མཚན་མོའང་དེ་བཞིན་ཉིན་མོ་ནི། །འདིས་ནི་བཞད་པ་དག་ཏུ་བྱ། །གཟུགས་དང་ལས་ཀྱི་གསང་བ་
གང་། །ཇི་ལྟར་གནས་པ་དཔའ་བོ་ཉོན། །རྟག་ཏུ་དེ་ཡི་མཆི་མ་འབྱུང་། །དད་པས་དེ་ཡི་སྤུ་ཡང་ལྡང་། །རྡོ་རྗེ་ལ་ནི་འགོམ་མི་བྱེད། །དེ་བཞིན་གཅེར་བུར་མཆོད་པ་སྟེ། །འདོད་པའི་དབང་ཕྱུག་ཐམས་ཅད་ཀྱི། །ཕྱག་རྒྱའི་ཚོགས་ཀྱི་རིམ་པ་ཉིད། །དབུགས་འབྱིན་སྐུལ་དང་རྒོད་པ་དང་། །སྒེག་
པའི་གར་ནི་ངོ་མཚར་བས། །སྣ་ཚོགས་གང་དག་མདུན་བྱེད་ཅིང་། །ཕྱག་རྒྱ་སྔགས་ནི་རྗེས་དྲན་བྱ། །ཧ་ཧ་ཧེ་ཧེ་རྣམ་བརྒྱད་བཞད། །སྣ་ཚོགས་དབང་ཕྱུག་མཆོག་ཏུ་དགའ། །ཧཱ་ཧཱ་ཞེས་བྱ་འདི་ཉེ་བར། །རྟག་ཏུ་མཆི་མ་འབྱུང་བ་དང་། །དེ་ཉིད་ཀྱིས་དེ་དགར་འགྱུར་ཞིང་། །བསམ་གཏན་གྱི་
སྔགས་ལེགས་པར་སྦྱོར། །གཙོ་མོ་རྣམས་དང་དཔའ་བོ་ནི། །སྤུ་ལྡང་བ་དང་ལྷན་ཅིག་བདེ། །རྡོ་རྗེ་འགོམ་པར་མི་བྱ་བ། །གཡོན་པས་ཡོངས་སུ་བརྟགས་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་བཞད་པའི་སྔགས་དང་མཁའ་འགྲོ་མའི་གཟུགས་ཀྱི་སྒྱུ་མའི་ཆོ་གའི་ལེའུ་སྟེ་བཞི་
བཅུ་རྩ་གཉིས་པའོ།། །།དེ་ནས་སྤྱན་རས་གཟིགས་བཤད་དེ། །དཔའ་བོ་དང་ནི་གཉིས་མེད་མི། །གནས་ཀྱི་དབྱེ་བ་ཆོ་ག་ཤེས། །སྒོམ་ལ་རྟག་ཏུ་མངོན་དགའ་བའོ། །ལམ་གྱི་བཞི་མདོ་འམ་ཁྱིམ་དག་གམ། །དཔའ་བོའི་གནས་དང་རི་བོར་ནི། །མཁའ་འགྲོ་མ་ཡིས་དམ་ཚིག་
གནས། །རིང་པོ་ནས་ཀྱང་གཟིགས་པར་འགྱུར། །ཕྱག་རྒྱས་གཅེར་བུར་མཆོད་པ་ཡི། །ལག་པས་གོ་འཕང་དམ་པ་སྟེ། །གོས་ཉིད་ཀྱིས་ནི་བཀབ་པའམ་གཞན། །འདོད་པ་རྣམས་ཀྱིས་གོས་མི་འགྱུར། །དེ་བཞིན་སྐྲ་གྲོལ་གཙོར་གྱུར་པས། །ལས་རྣམས་ཐམས་ཅད་བརྩམ་པར་བྱ། །

རྩ་བའི་སྔགས་དང་དེ་བཞིན་གཞན། །ཕྱོགས་བཅིང་བར་ནི་འཇུག་པ་ཡིས། །ལྷ་དང་ལྷ་ཡི་ཚོགས་ཀྱིས་ཀྱང་། །མ་མཐོང་བར་ནི་མཆོད་པར་གྱིས། །སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་ལ་གྱེན་དུ་འཐོར། །མེ་ཏོག་དེ་དག་མ་ལྷུང་ཞིང་། །མེ་ཏོག་ས་ལ་མ་མཐོང་ན། །གནས་
ཀྱི་ཁྱད་པར་ལ་གནས་དང་། །མཁའ་ལ་འགྲོ་བ་སྟོང་ཕྲག་གི། །གནས་ལ་དབང་ནི་བྱེད་པར་འགྱུར། །ངག་གི་དབང་ཕྱུག་མ་རྣམས་དང་། །ངག་གི་དབང་ཕྱུག་འགུགས་པར་འགྱུར། །ལྷ་དང་ལྷ་ཡི་གཏམ་ཤེས་ཤིང་། །རིམ་པ་ཇི་ལྟ་བཞིན་དུའོ། །སྐར་མའི་རྒྱུ་བ་ཤེས་པར་འགྱུར། །གྲོང་དང་
གྲོང་རྡལ་དེ་བཞིན་དགོན། །གྲོང་ཁྱེར་དང་ནི་བཞི་མདོ་དང་། །ཤིང་གཅིག་དང་ནི་དཔའ་བོའི་ཁྱིམ། །རི་རྩེ་དང་ནི་མཚན་དྲུང་དུ། །སྙིང་པོའམ་ཉེ་སྙིང་རྟག་དྲན་ན། །ལྷ་དང་མི་ཡིས་མཐོང་མི་འགྱུར། །དེ་བས་ཡུལ་ཕྱོགས་འདི་དག་ཏུ། །སྒྲུབ་པ་པོ་ནི་རྟག་ཏུ་གནས། །ཡི་གེ་བདུན་གྱི་བདག་
ཉིད་ཅན། །ཤིང་རྩེར་ཁ་དོག་དམར་བསམས་ནས། །མྱུར་དུ་ལྷུང་བ་མི་ཕྱེད་པར། །ས་རྣམས་ཀྱང་ནི་གཞན་དུ་མིན། །བདག་གི་ལུས་ལ་རྣམ་བཀོད་དེ། །ས་ལ་ཀུ་ཤའི་སྟན་དུ་ཉལ། །ཡི་གེ་བདུན་གྱིས་བདག་ཉིད་སྔགས། །བརྒྱ་རྩ་བརྒྱད་ནི་ཉིད་དུ་བཟླས། །རྨི་ལམ་དུ་ནི་བྱ་བ་ཀུན། །ཡིད་
ལ་འདོད་པ་སྟོན་པར་འགྱུར། །དུས་མིན་འཆི་དང་བཅོམ་དང་ཉམས། །བྱ་བ་ཀུན་ཏུ་གང་གྱུར་དང་། །རྣམ་པ་སྣ་ཚོགས་གཞན་དག་ཀྱང་། །ཐམས་ཅད་རྨི་ལམ་དག་ཏུ་སྟོན། །དེ་བཞིན་སྔགས་བཟླས་རལ་གྲི་ཆུ། །མཐེ་བོ་མར་མེ་མེ་ལོང་ལ། །སྔགས་པ་བདག་ཉིད་རྟག་རྣལ་འབྱོར། །པྲ་
སེ་ན་ནི་འབེབས་པར་བྱེད། །བསྒོམས་ནས་ལན་བདུན་བཟླས་བརྗོད་པས། །དགེ་དང་མི་དགེ་སྟོན་པར་འགྱུར། །དེ་ནས་དཔའ་བོའི་ཡི་གེ་བདུན། །སྔགས་དགོད་དབྱེ་བ་ཉིད་ཀྱིས་ཏེ། །ཉི་མའི་དབུས་སུ་བསམས་ནས་ནི། །སྟོང་གི་བར་དུ་བཟླ་བར་བྱ། །ཤེལ་གྱི་རྣམ་པ་ལྟ་བུར་ནི། །ནད་
ཀྱིས་གདུངས་ལ་བསྟན་པར་བྱ། །མཐོང་བ་ཙམ་གྱི་མོད་ལ་ནི། །ནད་ཀུན་འཇིག་པར་ཐེ་ཚོམ་མེད། །ནད་ལས་རྣམ་པར་གྲོལ་འགྱུར་ན། །སྟོན་ཀའི་དུས་ཀྱི་ཟླ་བ་འདྲ། །ཟླ་བའི་དབུས་སུ་རྣམ་བཀོད་ཅིང་། །ལག་པ་གཡོན་པར་འཁོར་ལོ་ཉིད། །ཡི་གེ་ཤེལ་གྱི་མདོག་ལྟར་སྣང་། །ནད་

རྣམས་ཀུན་ལ་དགོད་པར་བྱ། །རིམས་དང་གདོན་སོགས་བརྗེད་བྱེད་དང་། །གཟེར་སོགས་ཀུན་དང་མཛེ་ཅན་དང་། །དུག་གིས་ཟིན་སོགས་ནད་རྣམས་དང་། །ནད་ཀུན་ཐེ་ཚོམ་མེད་པར་ནི། །ཟླ་གཟུགས་ཡི་གེ་བསམས་ནས་ནི། །ཕྱོགས་བཅུར་རྣམ་པར་འབྱེད་བར་འགྱུར། །མཚན་མོ་གསང་
བ་ལ་གནས་ཏེ། །གོ་མཱང་ས་ནི་མངར་གསུམ་བཏགས། །ཡིག་བདུན་གསང་སྔགས་ཤེས་པ་དང་། །སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས། །སྔགས་པ་ནང་པར་དུས་སུ་ནི། །གསེར་སྲང་སྟོང་ནི་རྙེད་པར་འགྱུར། །སྦྱིན་སྲེག་སྟོང་ཕྲག་བཅུ་ཡིས་ནི། །ཡུལ་འཁོར་དམ་པ་རྙེད་པར་འགྱུར། །
ཡང་ན་གསང་སྔགས་རྒྱལ་པོ་ནི། །གནས་ནི་གང་དུ་བསམས་པ་དང་། །དེ་དང་དེར་ནི་དེ་ཡི་ཚེ། །སྐྱེ་བར་འགྱུར་བར་གདོན་མི་ཟ། །དཀར་པོ་ཡིས་ནི་ཞི་བར་འགྱུར། །ནག་པོས་སྐད་ཅིག་དག་གིས་གསོད། །དམར་པོས་དབང་དུ་འགྱུར་བ་སྟེ། །འཕྲལ་དུ་ངེས་པར་འགུགས་པར་འགྱུར། །
སེར་པོས་ཐམས་ཅད་གནོན་འགྱུར་ཏེ །འདི་ནི་བསྟན་བཅོས་ངེས་པ་ཡིན། །སེར་པོས་དཔུང་ནི་གནོན་པ་དང་། །གྲུ་དང་འཁྲུལ་འཁོར་གླང་པོ་གནོན། །དཀར་པོ་བསམས་པ་ཙམ་གྱིས་ནི། །འཆི་བ་ངེས་པར་སློང་བར་འགྱུར། །སྦྲུལ་ཆེན་བརྒྱ་ཡིས་ཟིན་པ་ནི། །དེ་ཡང་མྱུར་དུ་སློང་བར་བྱེད། །
དུག་གིས་བརྒྱལ་བ་རྣམས་མཐོང་ནས། །རབ་ཏུ་སད་པས་སད་པར་འགྱུར། །རིམས་དང་གདོན་དང་བརྗེད་བྱེད་ནི། །ལག་པ་མཐོང་བས་འཇིགས་པར་འགྱུར། །རྒྱན་པོ་གཡུལ་དུ་ཁུ་ཚུར་བཅིངས། །ཡིད་ལ་རྟག་ཏུ་ཟློས་བྱེད་ན། །ཁུ་ཚུར་མ་བཀྲོལ་དེ་སྲིད་དུ། །བྱ་བ་ཐམས་ཅད་བསྒྲུབ་
པར་འགྱུར། །དགྲ་བོ་གལ་ཏེ་ལག་ན་ནི། །མཚོན་ཆ་འཕྱར་བར་བྱེད་པ་ཡང་། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །མཚོན་ཆ་གཏོང་བར་མི་ནུས་སོ། །གཞན་ཡང་བྱ་བ་ཐམས་ཅད་ནི། །དེ་བཞིན་ཉིད་དུ་སྒྲུབ་པར་བྱེད། །འབྲས་བུ་མེ་ཏོག་འདབ་མ་དང་། །སོ་རྩི་དེ་བཞིན་ཟས་རྣམས་ལ། །ལུས་ཀྱི་སྦྱོར་
བ་དང་པོ་སྟེ། །དེ་བཞིན་གཉིས་པ་ནུས་པ་ཡིན། །གསུམ་པ་དག་ནི་ངག་ཉིད་དོ། །བཞི་པ་དམིགས་པར་མི་འགྱུར་ཏེ། །སྔགས་ཀྱི་རྒྱལ་པོས་འགྲུབ་པར་འགྱུར། །ས་གཞི་ཤིང་དང་བཅས་པ་དང་། །རྒྱ་མཚོ་སྐ་རགས་བཏགས་དེ་ལ། །འདིར་ནི་འགྲུབ་པར་ཐེ་ཚོམ་མེད། །ཁམས་གསུམ་རྒྱུ་དང་མི་

རྒྱུའི་བར། །དམོད་འདེབས་ཕན་འདོགས་ནུས་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཉེ་བའི་སྙིང་པོའི་ལས་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།དེ་ནས་ཕོ་ཉ་ལ་བརྟེན་ཏེ། །ཡི་གེ་བདུན་པ་དང་ལྡན་པ། །གང་དུ་ལས་ལ་ཡང་དག་བརྩམས། །དེ་ཡི་
མོད་ལ་མྱུར་དུ་འགྲུབ། །ཡི་གེ་བདུན་པའི་ཆོ་ག་ཡིས། །རྣལ་འབྱོར་མ་དྲུག་རྣམ་པར་དགོད། །འཁོར་ལོར་ལེགས་པར་གནས་པ་དྲུག །རྣམ་པ་དེ་ལྟའི་ཆོ་ག་ཡི། །གཡོན་པ་ཉིད་དུ་བསྐུལ་དང་བཅས། །གང་གིས་གཟུང་འཛིན་བསམས་ནས་ནི། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །གང་ལ་ལག་
པ་དེ་བསྟན་པ། །དེ་ནི་ངེས་པར་འགུགས་པར་འགྱུར། །ཙནྡན་དམར་པོའི་རྡུལ་དང་ནི། །དེ་བཞིན་སྐེ་ཚེ་ལན་ཚྭ་དང་། །བསྒྲུབ་པར་བྱ་བའི་རྐང་རྗེས་ལ། །གཅིག་ཏུ་བྱས་ནས་བརྟག་པར་བྱ། །ལག་པ་གཉིས་ཀྱིས་མཉེས་ནས་ནི། །རྣལ་འབྱོར་མ་ལ་སྦྱིན་སྲེག་བྱ། །མཚན་མོ་སྨེ་ཤ་ཅན་མེ་འམ། །
དུར་ཁྲོད་མེ་ལ་ཕྱེ་མ་བསྲེག །བསྒྲུབ་པར་བྱ་ལ་མངོན་ཕྱོགས་ཏེ། །སྦྱོར་བ་འདི་ནི་བརྩམ་པར་བྱ། །ཇི་སྲིད་བརྒྱ་ཡི་བར་དུ་བཟླས། །དེས་ནི་ངེས་པར་འགུགས་པར་འགྱུར། །བསྒྲུབ་པར་བྱ་བའི་བདག་ཉིད་དང་། །ནོར་དང་སྐྱེ་བོ་དབང་དུ་འགྱུར། །སྦྱོར་བ་འདི་ནི་གྲུབ་པ་སྟེ། །གཞན་དུ་ན་ནི་ང་མི་སྨྲ། །
རྡུལ་དེ་ཉིད་ནི་བླངས་ནས་སུ། །ལྕགས་ཕྱེ་དང་ནི་རྣམ་པར་བསྲེས། །དུར་ཁྲོད་རས་ལ་བཏུམས་ནས་ནི། །ལན་བདུན་བཟླས་ལ་བཞི་མདོ་རུ། །སོར་བརྒྱད་ཙམ་དུ་ས་བརྐོས་ལ། །དགྲ་ཡི་མིང་དང་བཅས་པར་ནི། །གང་གི་མིང་སྨོས་སྦས་གྱུར་པ། །དེ་ནི་མྱུར་དུ་གནོན་པར་འགྱུར། །ཕྱེ་མ་དེ་ཉིད་
བཟླས་ནས་སུ། །འབད་དེ་བ་ཡི་འོ་མ་ཡིས། །དེ་ནི་སླར་ཡང་གསོས་གྱུར་ན། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །ཕྱེ་མ་དེ་ནི་བླངས་ནས་ནི། །མྱོས་བྱེད་ལྔ་དང་ལྡན་པ་རུ། །དེ་ནི་དུར་ཁྲོད་རས་ཀྱིས་བཅིང་། །དགྲ་ཡི་མིང་ཡང་བྲི་བར་བྱ། །བཟླས་བརྗོད་ལན་བརྒྱ་བྱས་ནས་ནི། །དུར་ཁྲོད་དུ་ནི་
ངེས་སྦས་ན། །བསྒྲུབ་བྱ་སྨྱོ་བ་ཉིད་དུ་འགྱུར། །བཏོན་པ་ཉིད་ཀྱིས་ཐར་བར་འགྱུར། །བཏོན་ནས་བ་ཡི་འོ་མ་ཡིས། །འབད་པས་དེ་བཞིན་བཀྲུ་བར་བྱ། །སླར་ཡང་གསོ་བ་དེ་དག་ནི། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མ་དྲུག་གི་ཡི་གེ་བདུན་གྱི་

ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།དེ་ནས་ལས་ཀྱི་རབ་མཆོག་ནི། །ངག་གི་དངོས་གྲུབ་བྱེད་པའོ། །ཀ་ར་བཱི་རའི་མེ་ཏོག་དམར། །བརྒྱ་རྩ་བརྒྱད་ནི་བླངས་ནས་སུ། །འབད་དེ་བ་ཡི་འོ་མ་དང་། །བཟླས་བརྗོད་བརྒྱ་ཡང་བྱ་བ་ཡིན། །ལན་རེ་བཟླས་པའི་མེ་ཏོག་གིས། །ལིང་
གའི་སྤྱི་བོར་བསྣུན་པར་བྱ། །དེ་ལྟར་ཤིན་ཏུ་མཉམ་བཞག་པས། །ཉི་མ་བདུན་དུ་བྱ་བ་ཡིན། །དེ་ནས་ཉིན་ཞག་བཅུ་གཅིག་པར། །མེ་ཏོག་དག་ནི་བླངས་ནས་སུ། །ཆུ་བོ་ཆེན་པོར་སོང་ནས་ནི། །རེ་རེ་ནས་ནི་ཆུ་ལ་དོར། །དེ་དག་ཐམས་ཅད་རིམ་བཞིན་དུ། །ལན་རེ་བཟླས་ནས་རབ་ཏུ་བྱ། །
ཆུ་བོར་མེ་ཏོག་ཐ་མ་ནི། །རྒྱུན་ལས་བཟློག་སྟེ་རབ་འབབ་ན། །ཆུ་དང་བཅས་པར་བླངས་ནས་ནི། །སོས་མ་རེག་པར་དེ་འཐུངས་ན། །གསང་བའི་རྒྱུད་ལས་བྱུང་བ་ཡི། །སྒྲུབ་པོའི་ཚིག་ནི་འགྲུབ་པར་འགྱུར། །དེ་ནས་སྐྱེ་གནས་བརྒྱ་བཅིངས་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །སྔགས་
པ་བསྒྲུབ་བྱར་མངོན་ཕྱོགས་ན། །བསྒྲུབ་པར་བྱ་བའི་ལྟོ་བར་གནས། །དེ་ལ་ཡིད་ཀྱི་གནས་བཞིན་དུ། །བློ་ལྡན་ཐུན་གསུམ་མཐེའུ་ཆུང་བསྐྱོད། །བྲམ་ཟེ་གསོད་པ་དག་གིས་ཀྱང་། །ཞག་བདུན་བརྒྱ་བྱིན་སོགས་ངེས་འགུགས། །ཙནྡན་དམར་པོའི་རྡུལ་ལས་ནི། །བསྒྲུབ་པར་བྱ་
བའི་གཟུགས་བྱས་ལ། །ཚ་བ་གསུམ་གྱིས་ལུས་ལ་བསྐུ། །སྤྲ་ཚིལ་གྱིས་ཀྱང་རབ་ཏུ་བྱུག །སྒྲུབ་པ་པོ་ཡི་གསང་གནས་སུ། །ཟངས་མའི་ཁབ་ཀྱིས་ཕུག་ནས་ནི། །སེང་ལྡེང་མདག་མེ་དུ་མེད་ལ། །མཁས་པས་ཉི་མ་བདུན་དུ་བསྲོ། །ལན་བརྒྱ་བཟླས་ཏེ་བཟླས་པའི་མཐར། །མི་ཡི་
བདག་པོ་མདུན་ན་འདོན། །བཙུན་མོའི་འཁོར་དང་བཅས་པ་ནི། །ངེས་པར་འགུགས་པར་བྱེད་པ་ཡིན། །མི་ཡི་བདག་པོ་འཁོར་བཅས་པ། །གྲོ་གའི་འདབ་མར་བྲི་བྱ་བ། །གི་ཝང་དག་གིས་བྲིས་ནས་ནི། །མིང་དང་སྤེལ་ནས་གང་ལ་ནི། །མངོན་པར་ཕྱོགས་ཏེ་བརྒྱ་བཟླས་ནས། །སེང་ལྡེང་མེ་ལ་
དེ་གདུངས་ཤིང་། །དུར་ཁྲོད་མེ་སྟེང་གྲུབ་ཕྱིར་བཤད། །ཇི་སྲིད་སྤྲ་ཚིལ་མ་ཞུའི་བར། །བསྲོས་པར་གྱུར་ན་རྒྱལ་པོ་ནི། །འཁོར་ལོས་སྒྱུར་དང་བཅས་པར་ཡང་། །ངེས་པར་འགུགས་པར་འགྱུར་བ་ཡིན། །བསྒྲུབ་པར་བྱ་བའི་རྐང་རྗེས་ལས། །ཙནྡན་དམར་པོ་ཉིད་དང་ནི། །དུར་ཁྲོད་ལྷག་མ་ཐལ་

བས་སྤྱོས། །སྒྲུབ་པ་པོ་ཡིས་གཅིག་བསྡུས་ལ། །སེང་ལྡེང་མེ་ནི་དུ་མེད་ལ། །རབ་ཏུ་འབད་པས་བསྲོ་བར་བྱ། །རྡུལ་དེ་ལག་པ་གཉིས་ཀྱིས་ནི། །མཉེས་ནས་སྦྱིན་སྲེག་བྱས་ནས་ནི། །ཇི་སྲིད་དུ་ནི་བསྲེགས་པས་འགྲུབ། །རྡུལ་དེ་བླངས་ནས་མ་ཡེངས་པར། །དབུགས་མི་འབྱིན་
པར་སྦས་ན་ནི། །བརྒྱལ་ཞིང་སེམས་དང་བྲལ་འདྲ་ལ། །རྨོངས་ཤིང་ཉོན་མོངས་པ་ཉིད་དང་། །རླུང་གི་ཤུགས་ཀྱིས་འོངས་ནས་ནི། །སྒྲུབ་པ་པོ་ཡི་སྟེང་དུ་ལྷུང་། །ཕྱུགས་སམ་ཡང་ན་ཕོ་ཉ་མོ། །མཁས་པ་ཡིས་ནི་དབྱེ་བ་ཡིན། །དེ་ནས་ལས་ཀྱི་ཕོ་ཉ་མོར། །བྱ་བ་འདི་ནི་འཛིན་པ་ཉིད། །ཀ་ར་
བཱི་རའི་ལྕུག་མ་ནི། །རླན་བཅས་དཔུང་པའི་ཚད་མཉམ་བླངས། །འབར་འགྱུར་རོ་བསྲེག་མེ་ལ་དོར། །ཇི་སྲིད་དེ་ནི་མ་ཚིག་པ། །མྱུར་དུ་སོང་སྟེ་དེ་བླངས་ལ། །རིག་པ་ལན་བདུན་བཟླས་ནས་ནི། །གང་ཞིག་བཟླས་ཏེ་བསྐོར་ན་ནི། །དེ་ནི་དེ་ཡི་སྐད་ཅིག་ལ། །སྐྱེས་པའམ་བུད་མེད་རང་གཟུགས་ཅན། །
རླུང་གི་ཤུགས་ཀྱིས་འོང་བར་འགྱུར། །ཀ་ར་བཱི་རའི་མེ་ཏོག་དམར། །བརྒྱ་བཟླས་རྒྱལ་གྱི་སྦྱོར་བ་ལས། །སྒྲུབ་པོས་གིའུ་ཝང་གིས་བྱུགས་ལ། །མེ་ཏོག་ཆུ་ལ་གནས་པ་ལ། །ཆུ་བོ་ཆེན་པོར་ཞུགས་ནས་ནི། །ལྟེ་བ་མན་ཆོད་ཆུར་བཅུག་སྟེ། །ལག་པ་སྦྱར་བའི་དབུས་གནས་ལ། །རིག་པ་
སྟོང་དུ་བཟླས་ནས་ནི། །ལག་པ་གཉིས་ཀྱིས་ཕྱེར་བརླགས་ཏེ། །ཆུ་དང་བཅས་པར་བཏུང་བར་བྱ། །དེ་ནས་སྒྲུབ་པ་པོ་དེ་ཡིས། །ཚིག་གི་དངོས་གྲུབ་ཐོབ་པར་འགྱུར། །རྒྱལ་པོའམ་རྒྱལ་པོའི་ཆུང་མ་ནི། །ཡིད་ཀྱིས་ངེས་པར་འགུགས་པར་འགྱུར། །ལྷར་བཅས་ལྷ་མིན་མི་རྣམས་ནི། །མྱུར་དུ་དབང་
དུ་བྱེད་པར་འགྱུར། །ཁྲོས་པས་ཚིག་གིས་གསོད་འགྱུར་ཞིང་། །དབྱེ་དང་བསྐྲད་པ་ཉིད་ཀྱང་བྱེད། །སྒྲུབ་པ་པོ་ཡི་ཚིག་ཉིད་ཀྱིས། །ཚར་གཅོད་པར་ནི་བྱེད་པར་འགྱུར། །ཚིག་ཙམ་གྱིས་ནི་ཆུ་བོ་དང་། །ཤིང་རྟ་འཁྲུལ་འཁོར་རྒྱ་མཚོ་དང་། །གླང་པོ་རྟ་དང་དེ་བཞིན་སྤྲིན། །སྐྱེས་བུའམ་ཡང་ན་བྱ་ཡང་གནོན། །
ཡིད་ཀྱིས་ཡིད་ལ་གང་འདོད་པ། །ཚིག་གིས་ཐམས་ཅད་བྱེད་པར་འགྱུར། །དགུག་པ་ཡི་ནི་སྦྱོར་བ་དག །བུད་མེད་ཐམས་ཅད་རྨོངས་བྱེད་པ། །ཀར་བཱི་རའི་མེ་ཏོག་ནི། །དམར་པོ་ཡང་དག་བླངས་ནས་སུ། །རིག་པ་ལན་བརྒྱ་བཟླས་པ་དག །སྐྱེ་གནས་དབུས་སུ་གཞུག་པར་བྱ། །མེ་ཏོག་དེ་ནི་ཁ་སྦྱར་བྱས། །

གསང་བའི་གནས་སུ་ངེས་པར་སྦྱར། །གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡན། །སྔགས་པས་བརྒྱ་ཕྲག་གཅིག་ཏུ་བཟླས། །སྐྱེ་གནས་དབུས་ཀྱི་མེ་ཏོག་དེ། །སྒྲུབ་པ་པོ་ཡིས་གཅིག་བླངས་ལ། །མེ་ཏོག་གིས་ནི་གང་བསྣུན་པ། །དེ་ནི་མོད་ལ་དབང་དུ་འགྱུར། །བརྒྱལ་ཞིང་སེམས་དང་བྲལ་བ་དང་། །ཡན་ལག་
ཚིགས་ཀུན་གཞན་དབང་སྟེ། །མངོན་འགྱུར་སེམས་ནི་ཟློག་པ་རུ། །སྐད་ཅིག་གིས་ནི་དབང་དུ་བྱེད། །འདི་ནི་ཡིད་ཆེས་དངོས་གྲུབ་སྟེ། །དོན་ཡོད་དབང་དུ་བྱེད་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མ་དྲུག་དང་ཚིག་གི་དངོས་གྲུབ་ལུང་བསྟན་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་
པའོ།། །།དེ་ནས་ཡི་གེ་ཧ་ལྔ་ནི། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །གང་ཞིག་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་རབ་འཇུག་པའོ། །ཧཾ་ཧཽ་ཧོ་ཧཻ་ཧཿ ཡི་གེ་ཧ་ལྔ་ལག་པ་ཡིས། །བསྐུལ་དང་ལྡན་པས་མཉེས་ན་ནི། །ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་། །དགྲ་བོ་དེ་ཡི་མོད་ལ་འཆི། །རང་གི་
ཁྲག་ནི་ཐོད་གནས་པ། །སྲིན་ལག་གིས་ཁྲག་མཉེ་བར་བྱ། །ཇི་སྲིད་སྐམས་ཀྱི་བར་དུ་སྟེ། །དེས་ནི་བསྒྲུབ་བྱ་རྣམ་པར་འཇིག །གལ་ཏེ་ཁྲོ་བོ་འབར་བ་དང་། །མིག་དམར་བ་ཡིས་བཟླས་ན་ནི། །དཔུང་ཚོགས་བཞོན་པར་བཅས་པ་ཡི། །རྒྱལ་པོ་མྱུར་དུ་འཆི་བར་བྱེད། །བྱི་ལ་དང་ནི་ནེའུ་ལེ་དང་། །ཁྭ་དང་ཝ་
དང་ཆུ་སྐྱར་ནི། །མཁའ་འགྲོ་མ་ལ་སྟོབས་ཅན་སྦྱར། །འདི་དག་མྱུར་དུ་འགྲུབ་ཡིན་པར། །རྒྱུད་འདི་ལ་ནི་ཐེ་ཚོམ་མེད། །རི་བོང་ལ་སོགས་སྤུ་ལས་ནི། །སྲད་བུ་བྱས་ཏེ་ལན་སྟོང་བཟླས། །གང་གི་མགུལ་དུ་བཅིངས་གྱུར་པ། །དེ་ནི་དེ་དང་འདྲ་བར་འགྱུར། །ལག་པར་བཟླས་བརྗོད་སྟོང་བྱས་ཏེ། །ཀ་ར་བཱི་རའི་
མེ་ཏོག་དང་། །ཡི་གེ་རེ་རེ་མངོན་བཟླས་ལ། །སྦྲུམ་མ་ལ་ནི་རེག་གྱུར་ན། །མངལ་ནི་རྣམ་པར་འཕོ་འགྱུར་ཏེ། །གཏང་ན་ཐར་བར་འགྱུར་བ་ཡིན། །གང་ལ་སྡིགས་མཛུབ་བྱས་ཏེ་འཆི། །སླར་ཡང་འཚོ་བར་བྱེད་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཡི་གེ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་
པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ། །འདི་ནི་བརྗོད་པ་ཙམ་གྱིས་ཀྱང་། །དངོས་གྲུབ་ཐམས་ཅད་སྐྱེད་བྱེད་ཡིན། །དེ་ནས་མཁའ་འགྲོ་མའི་རིག་པ་ཆེན་པོ་བཟླས་ན་རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་པས་ནི་དཔལ་ཆེན་པོ་

བསྐྱེད་པར་འགྱུར་རོ། །མི་རུས་ཀྱི་རྒྱུ་ལ་ཕུར་བུ་སོར་དྲུག་པ་བྱས་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གང་གི་སྒོར་སྦས་པ་དེའི་རིགས་རྒྱུད་རྣམས་གཅོད་པར་འགྱུར་རོ། །ཞིང་དང་ར་བ་དང་མ་ཧེ་དང་གླང་པོ་ཆེ་དང་། རྟའི་གནས་སུ་བརྐོས་ཏེ་སྦས་ན་ཐམས་ཅད་བརླག་པར་འགྱུར་རོ། །དེ་ནས་
རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན་རྒྱལ་པོའི་སྒོར་ས་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ་མཁས་པས་བཞག་ནས་ཉིན་ཞག་དང་པོ་ལ་མ་ཏུ་ལུང་གའི་མེ་ཏོག་དང་འབྲས་བུ་རྣམས་དང་ཀུ་སུ་མ་བསྲེས་པས་སྦྱིན་སྲེག་བརྒྱ་སྟོང་བྱས་ན་དེ་དབང་དུ་འགྱུར་རོ། །སྔགས་འདི་ཉིད་
ཀྱིས་དགུག་པ་དང་། གནོན་པ་དང་། སྐེམས་པ་དང་། རྨོངས་པ་དང་། རྨུགས་པ་དང་། ཚིག་འཕྲོག་པ་དང་། ལོང་བར་བྱེད་པ་དང་། དིག་པ་ཉིད་དང་། སླར་གཏོང་བར་བྱེད་དོ། །དེ་ནས་སྐྱེས་པ་བུད་མེད་དུ་བྱ་བར་འདོད་ན་སྐྱེས་པའི་རོའི་མེ་ཏོག་དང་། ཀ་ག་ཨན་དི་ཀའི་འབྲས་བུ་དང་། ཁྭའི་སེན་མོ་དང་།
རྐང་པའི་འོག་གི་པགས་པ་ཆ་མཉམ་པར་བྱས་ལ་རི་བོང་གི་ཁྲག་དང་བཏགས་ཏེ། རིལ་བུ་བཅུ་གཅིག་བྱས་ལ་གྲིབ་མ་ལ་སྐམ་མོ། །དེ་བཞིན་དུ་ཞག་བཟང་པོ་ལ་ལག་པ་ལ་བཅིངས་ཏེ་ཉི་མ་བཅུ་གཉིས་པ་ལ་གང་གི་སྤྱི་བོར་ཕྱེ་མ་བཞག་པ་དེ་བུད་མེད་དུ་འགྱུར་རོ། །དེ་ནས་སྐྱེས་པ་ཁྱིར་བྱ་བར་འདོད་ན་
རྒྱལ་གྱི་ལྕགས་ནེའུ་ལེའི་མགོ་བོར་བཞག་ལ་མཚན་མོ་བདུན་གྱི་བར་དུ་བརྒྱ་སྟོང་སྦྱིན་སྲེག་བྱས་ལ་ཉིན་ཞག་བརྒྱད་པ་ལ་གུར་ཀུམ་དང་། མཉམ་པོར་སྦྱར་ཏེ་ལན་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་ཕྱེ་མའི་སྦྱིན་སྲེག་བྱས་ལ་དེའི་ཐལ་བ་གང་གི་སྤྱི་བོར་བཞག་པ་དེ་ཁྱིར་འགྱུར་རོ། །སླར་གསོ་བ་ནི་
མཚན་མོའི་དུས་སུ་མཁའ་འགྲོ་མ་རྣམས་ལ་མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་བྱིན་ན་དེའི་འོག་ཏུ་རྣལ་མར་འགྱུར་རོ། །རྫས་རྫས་མ་ཡིན་པར་བྱ་བར་འདོད་ན། གསེར་ཤིང་གི་འབྲས་བུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་རྫས་མ་ཡིན་པར་འགྱུར་རོ། །ཨ་རུ་རའི་སྦྱིན་སྲེག་བྱས་ན་རྣལ་མར་འགྱུར་རོ། །
དེ་ནས་སྨྱོ་བར་བྱ་བར་འདོད་ན་བྱ་ཆེན་པོའི་གནས་ཀྱི་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་སྨྱོ་བར་འགྱུར་རོ། །སླར་བཟློག་པ་ནི་འབྲས་ཀྱི་ཕུབ་མའི་སྦྱིན་སྲེག་བྱས་ན་ཞི་བར་འགྱུར་རོ། །བྱི་ལའི་སྤུ་ཟླ་བ་གཟས་ཟིན་པའི་ཚེ་བསྡུས་ལ་གང་གི་མིང་ནས་སྨོས་ནས་སྔགས་ཀྱི་སྦྱིན་སྲེག་བྱས་ནས་ཐལ་བ་དེ་གང་གི་སྤྱི་

བོར་བཞག་པ་དེ་བྱི་ལར་འགྱུར་རོ། །སླར་བཟླས་ན་རྣལ་མར་འགྱུར་རོ། །བྱ་རོག་གི་རྒྱུས་པ་ལ་སྲད་བུ་བྱས་པ་བཟུང་ལ་མངོན་པར་བཟླས་ཏེ་གང་གི་མགུལ་དུ་བཅིངས་པ་དེ་བྱ་རོག་ཏུ་འགྱུར་རོ། །གང་དང་གང་གི་རྒྱུས་པས་སྲད་བུ་བྱས་པ་ལ་མངོན་པར་བཟླས་ཏེ་མགུལ་དུ་བཅིངས་པ་དེ་དེ་དང་འདྲ་བར་འགྱུར་རོ། །
དེ་བཞིན་དུ་ཁྭ་དང་ཐི་བ་དང་རྨ་བྱ་དང་ཆུ་སྐྱར་དང་། འུག་པ་དང་། ཁྲ་དང་བྱ་རྒོད་ཀྱི་གཟུགས་འཛིན་པར་འགྱུར་རོ། །བ་ལང་གི་སྤུ་ལས་སྲད་བུ་བྱས་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་མགུལ་དུ་བཅིངས་ན་དེ་བ་ལང་དུ་འགྱུར་རོ། །རྐང་བཞི་པ་ལ་སོགས་པ་གང་དང་གང་གི་སྤུ་ལས་སྲད་བུ་བྱས་ལ་མངོན་
པར་བཟླས་ཏེ་མགུལ་དུ་བཏགས་ན་དེ་དེའི་གཟུགས་འཛིན་པར་འགྱུར་རོ། །བཀྲོལ་ན་ཐར་བར་འགྱུར་རོ། །འབྲས་སོ་བ་ལ་བཟླས་ལ་ནོར་གྱི་བདག་པོ་ཆེན་པོའི་ཁྱིམ་དུ་བཅུག་ལ་ལྷག་མས་བདག་ཉིད་དབང་བསྐུར་ན་མཚན་བདུན་གྱིས་སོ་བ་ཐམས་ཅད་འགུགས་པར་འགྱུར་རོ། །དཔལ་ཧེ་རུ་ཀའི་ངེས་པར་
བརྗོད་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ལས་ཐམས་ཅད་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ཀུན་གྱི་དགེ་བ་གང་། །སྙིང་པོ་རྣལ་འབྱོར་མ་ཀུན་གྱི། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །གང་ཞིག་དྲན་པ་ཙམ་གྱིས་
ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །ཡང་དག་དངོས་གྲུབ་རིམ་གྱིས་སོ། །ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཡེ་ནཱི་རྞཎ་བཛྲ་བ་ཡེ་ནཱི་ཀི་ཌཱ་དྡྷ་བུ་རྦས་ཨོྃ། སྔགས་འདི་བཀླགས་པས་འགྲུབ་པ་སྟེ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། །ཁཎྜ་རོ་ཧ་ལཱ་
མ་སོགས། །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །སྔགས་ནི་འདི་ཉིད་ཡིན་པར་གྲགས། །ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །ལས་ནི་གང་དག་ཡོད་པ་དག །སྔགས་ཀྱིས་དེ་དག་ཐམས་ཅད་བསྒྲུབ། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །དངོས་གྲུབ་ཐམས་ཅད་རབ་སྩོལ་བ། །
འདི་ལས་ཤིན་ཏུ་མཆོག་གྱུར་མེད། །འཇིག་རྟེན་གསུམ་ན་ཅི་ཡང་མེད། །གང་ཕྱིར་འདི་ནི་བླ་ན་མེད། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཀུན་གྱི་གནས། །མདོར་བཤད་རྒྱས་པར་མ་ཡིན་ནོ། །མེ་ཏོག་འབྲས་བུ་སྣ་ཚོགས་ཀྱིས། །རི་བོ་བཟང་པོ་བྲི་བྱ་ཞིང་། །དེ་ཡི་སྟེང་དུ་རྟག་བསྒོམ་པ། །

མཁའ་འགྲོ་དེ་བཞིན་ལཱ་མ་དང་། །ཁཎྜ་རོ་ཧ་རྣལ་འབྱོར་མ། །དཔའ་བོ་རྣམས་ཀྱི་དཔའ་བོ་ཉིད། །ཧ་ཧ་ཧེ་ཧེ་ཞེས་བྱ་བ། །དཔའ་བོ་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །དེ་བཞིན་པདྨ་གར་དབང་དང་། །ཤྲཱི་ཧེ་རུ་ཀ་ཉིད་དང་ནི། །མཁའ་
སྙིང་དང་ནི་རྟ་མགྲིན་ཉིད། །རིན་ཆེན་རྡོ་རྗེ་སྟོབས་པོ་ཆེ། །མིག་མི་བཟང་དང་འཇིགས་བྱེད་དང་། །རྡོ་རྗེ་བཟང་དང་རབ་བཟང་དང་། །རྡོ་རྗེ་ཧཱུྃ་མཛད་དཔའ་ཆེན་པོ། །དེ་བཞིན་རྡོ་རྗེ་རལ་པ་ཅན། །མྱུ་གུ་ཅན་དང་རྡོ་རྗེའི་ལུས། །རྡོ་རྗེའི་འོད་ནི་ཉིད་དག་དང་། །འོད་དཔག་མེད་དང་ལྷ་ཡི་དགྲ། །དེ་བཞིན་མཆེ་བ་
རྣམ་གཙིགས་དང་། །ཀེང་རུས་ཀེང་རུས་ཆེན་པོ་དང་། །ཐོང་པའི་དུམ་བུ་ལ་སོགས་པ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །འགྲོ་བ་འདི་དག་ཐམས་ཅད་ཁྱབ། །དཔའ་བོ་རྣམས་དང་མཁའ་འགྲོ་ཉིད། །རྣལ་འབྱོར་མ་ནི་རབ་གཏུམ་སོགས། །བྱ་བ་ཀུན་ལ་སྒྲུབ་པ་པོས། །འཁོར་ལོར་བཞུགས་
པར་བལྟ་བར་བྱ། །གྲུབ་འདོད་ཤིན་ཏུ་མཉམ་བཞག་པས། །འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ། །སྔར་བཤད་པ་ཡི་ཆོ་ག་ཡིས། །མཁའ་འགྲོ་དྲ་བའི་བདེ་མཆོག་བརྗོད། །འཁོར་ལོ་ཆེན་པོ་གྲུབ་ཀུན་གནས། །དེ་བཞིན་དངོས་གྲུབ་ཀུན་གྱི་གཞི། །འདི་ནི་སངས་རྒྱས་བྱེ་བ་དང་། །དཔའ་བོ་བྱེ་
བས་ལེགས་པར་གསུངས། །མཁའ་འགྲོ་མ་ནི་རེ་རེ་ཡི། །འཁོར་ནི་བྱེ་བ་དག་ཏུ་འགྱུར། །རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །གཟུགས་ཅན་མ་དང་དུམ་སྐྱེས་མ། །དེ་བཞིན་ལཱ་མ་ལ་སོགས་ནི། །དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དཔའ་བོ་དང་མཁའ་འགྲོ་
མ་ཐམས་ཅད་ཀྱི་གནས་གསང་བའི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཇི་བཞིན་ཆོ་གས་ཕྱུགས་བསྒྲུབ་བྱ། །གང་གིས་ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བའོ། །སྔགས་པས་འབྲས་ཀྱི་ཕྱེ་མ་ལས། །རིམ་བཞིན་
དུ་ནི་ཕྱུགས་གཟུགས་བྱ། །མི་དང་རུ་སྦལ་རྔ་མོ་དང་། །བོང་བུ་སྤྱང་ཀི་རྟ་ལ་སོགས། །དེ་ལྟར་སྣ་ཚོགས་ཕག་དག་སྟེ། །ཕྱུགས་འདི་དག་ཏུ་ཤེས་པར་བྱ། །མཚན་ཉིད་ཇི་ལྟར་གྱུར་པ་དང་། །འདི་རྣམས་ལས་ནི་བཤད་པར་བྱ། །སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །གསུམ་མམ་བཞི་འམ་ལྔ་

ཉིད་དམ། །སྐྱེ་བ་དྲུག་དང་བདུན་གྱུར་པ། །ཕྱུགས་རྣམས་སུ་ནི་གདོན་མི་ཟ། །གང་གི་ཁ་ཡི་དྲི་ཞིམ་ཞིང་། །མིག་མི་འཛུམས་པར་རྣམ་པར་བལྟ། །བདེན་པར་སྨྲ་ཞིང་མཐོང་ན་དགའ། །རྟག་ཏུ་དམ་ཆོས་དགར་འགྱུར་ཞིང་། །རང་གི་སྐྱེ་བ་ཤེས་པ་དང་། །ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ། །མཚན་
ཉིད་འདི་དག་ལྡན་པར་ནི། །སྐྱེ་བ་བདུན་དུ་འབྱུང་བ་ཡིན། །དེ་ནི་ཟོས་པ་ཙམ་གྱིས་ནི། །ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །མནམས་པའམ་རེག་པ་ཙམ་གྱིས་སམ། །གང་ཞིག་ཐིག་ལེ་བྱེད་པ་དེ། །མོད་ལ་འགྲུབ་པར་འགྱུར་བ་སྟེ། །འདི་ནི་རང་དགའི་གཟུགས་འཆང་འགྱུར། །དེ་ཡི་སྙིང་
ཀའི་རོ་ཙ་ན། །མཁས་པ་ཡིས་ནི་བླངས་ནས་ནི། །སྙིང་པོའི་སྔགས་ནི་བཟླས་ནས་སུ། །དེ་ཡི་ཐིག་ལེ་བྱ་བ་ཡིན། །སེམས་ཅན་གང་དང་གང་གི་ནི། །གཟུགས་སུ་བྱེད་པར་འདོད་པ་ན། །དེ་དང་དེ་ཡི་གཟུགས་སུ་ནི། །ཐིག་ལེས་འགྱུར་བར་ཐེ་ཚོམ་མེད། །མཁས་པས་ཤིང་ལོ་ཁུ་བ་ནི། །
རོ་ཙ་ནར་བཅས་བླངས་ནས་སུ། །དཔྲལ་བར་ཐིག་ལེ་བྱས་ན་ནི། །དེ་གཟུགས་འགྱུར་བར་ཐེ་ཙོམ་མེད། །ཕྱུགས་ཉིད་ཀྱི་ནི་བ་སྤུ་ཡིས། །ལག་པ་སྤྱི་བོར་བཅིང་བར་བྱ། །དེ་ཡི་ཡན་ལག་ལྔར་ལྡན་ཞིང་། །དེ་ཡི་སྤུ་དང་རྣམ་བསྲེས་པ། །ལག་པ་སྤྱི་བོར་བཅིངས་ན་ནི། །དེ་ཡི་གཟུགས་འགྱུར་ཐེ་ཙོམ་
མེད། །རྣལ་འབྱོར་པ་ནི་བསྒོམས་ཤིང་ཟློས། །མི་རྣམས་ནུས་པ་ལྡན་ཡིན་ཡང་། །དཀའ་ཞིང་ཉོན་མོངས་ལ་དགའ་བ། །དངོས་གྲུབ་ལམ་ནི་འགོག་པ་ཡིན། །གླང་པོ་རྟ་དང་བོང་བུ་དང་། །རུ་སྦལ་རྔ་མོ་ཕག་དང་ཝ། །ཁྭ་དང་འུག་སོགས་བྱ་རྒོད་དང་། །ཁྲུང་ཁྲུང་ཁྲ་དང་ས་ར་ལ། །གཟུགས་བཟང་
བ་དང་གཟུགས་ངན་དང་། །ལྷ་ཡི་གཟུགས་སུ་དེ་འགྱུར་རོ། །རྣལ་འབྱོར་དཔའ་ཆེན་རང་དགའི་གཟུགས། །སྐྱེ་འགྱུར་འདི་ལ་ཐེ་ཙོམ་མེད། །འདི་བས་ཤིན་ཏུ་མཆོག་གྲུབ་པ། །འཇིག་རྟེན་གསུམ་ན་ཡོད་མ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སྐྱེ་བ་བདུན་པའི་བསྒྲུབ་པར་བྱ་བའི་
གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།དེ་ནས་སྦྱིན་སྲེག་ཆོ་ག་ནི། །ངེས་པར་དབང་དུ་བྱེད་འགྱུར་བ། །ཡང་དག་ཆོ་ག་གང་གིས་ནི། །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བཤད། །གོ་མཱང་ས་ནི་མྱོས་བྱེད་བསྲེ། །ལག་པ་གཡོན་པས་སྦྱིན་སྲེག་བྱས། །སངས་རྒྱས་ཀྱང་ནི་

དབང་འགྱུར་ན། །ཕྲན་ཚེགས་མི་ནི་སྨོས་ཅི་དགོས། །ཁ་ཆུ་སོ་ཤིང་དག་དང་ནི། །དེ་བཞིན་རང་གི་ལུས་མཉེས་པ། །མྱོས་བྱེད་མིང་དང་བཅས་པ་ཡིས། །ཁམས་གསུམ་དག་ནི་དབང་དུ་འགྱུར། །ཟླ་མཚན་གྱི་ནི་ཁྲག་དང་ནི། །ཟོས་ནས་རློན་པའི་ཟས་དག་དང་། །མི་ཡི་སྐྲ་དང་ལྡན་པ་ཡིས། །
མོད་ལ་འགུགས་པར་འགྱུར་བ་ཡིན། །རང་གི་ལུས་ལས་སྐྱུགས་པ་འམ། །མཁས་པས་རང་སྐྲས་སྦྱིན་སྲེག་བྱ། །ནིམ་པའི་ཤིང་ལ་རབ་སྦྱར་ན། །མོད་ལ་དབྱེ་བར་འགྱུར་བ་ཡིན། །མཉམ་པར་བཞག་པས་དྷ་དུར་མེ། །ཡུངས་མར་ཚན་དེར་བསྒྲེས་པ་ཡི། །བྱ་རོག་གཤོག་པས་སྦྱིན་སྲེག་བྱས། །
འཕྲལ་དུ་འཆི་བའམ་སྐྲོད་པར་འགྱུར། །ཉལ་དང་མ་ཉལ་འདུག་པའམ། །ཟས