Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 077_རྒྱུད་འབུམ།_ཀ

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཡིད་ལ་འདོད་པ་
བྱེད་པ་སྟེ། །དབང་གཉིས་སྙོམས་པར་འཇུག་པ་ཡི། །སྙོམས་པར་ཞུགས་པའང་དེ་ཉིད་འཛིན། །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡིས། །དེ་ལྟ་བུར་ནི་བྱེད་པ་ཡི། །བཅུ་དྲུག་ཆར་ནི་མི་ཕོད་དོ། །རི་བོ་ཚང་ཚིང་སྨན་ལྗོངས་སམ། །ཆུ་བོ་ཆེ་རྣམས་ངོགས་དག་དང་། །
གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དཀྱིལ་འཁོར་དུ་འཇུག་པའི་ལེའུ་སྟེ་དང་པོའོ།། །།དེར་ནི་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དུར་ཁྲོད་ཐལ་བར་ལྡན་པ་དང་། །བདུད་རྩི་ལྔ་དང་
བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །གནས་དེ་རུ་ནི་བསྒོམས་པ་ཡིས། །དུར་ཁྲོད་དུ་ནི་ཀུན་ཏུ་བརྟག །རོ་བསྲེགས་སོལ་བའི་ཕྱེ་མ་དང་། །དུར་ཁྲོད་སོ་ཕག་ལྡན་པ་ཡིས། །དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །སློབ་
དཔོན་དགེ་བའི་མཚན་ཉིད་ཅན། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་གཙང་ཤིང་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཐོད་པས་སྤྱི་བོར་བརྒྱན་བྱས་ཤིང་། །ཡན་ལག་ཐལ་བས་བྱུགས་པ་དང་། །གུག་སྐྱེད་
དག་གིས་ལུས་བརྒྱན་ཅིང་། །རུས་པའི་ཕྲེང་ལ་སོགས་པས་བརྒྱན། །དུམ་གཅིག་སྤྱི་བོར་བརྒྱན་པ་དང་། །རུས་པའི་ཕྲེང་བ་རྣམ་པར་འཕྱང་། །ཁ་ཊྭཱྃ་ག་ནི་ལག་ན་གནས། །བདག་ཉིད་ཁྲག་འཐུང་དཔལ་བྱས་ནས། །དེ་འོག་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་ནི་སྙིང་གར་དགོད། །
བདག་ཉིད་དེ་ལྟར་གོ་བགོས་ནས། །ར་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་ཡང་ནི་མཚོན་ཆ་དགོད། །འཁོར་ལོ་མཚོན་ཆའི་ཕྲེང་བ་དག །སྟེང་དུ་མདའ་ཡི་དྲ་བ་ཉིད། །སླར་ཡང་བདག་ཉིད་མཁའ་སྤྱོད་དུ། །གུར་བྱས་དེ་ནི་གོ་ཆར་འགྱུར། །དེ་ལྟར་གོ་ཆ་དེ་བགོས་ནས། །སྐབས་

གསུམ་པས་ཀྱང་མི་ཕྱེད་དོ། །དེ་ལྟར་བདག་ཉིད་རབ་བསྲུངས་ཤིང་། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཆེན་པོ་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །དེ་ནས་སེམས་མེད་སྲད་བུའམ། །རུ་དྷི་ར་ནི་ཆེན་པོས་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་
མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཁྲུ་གང་ཁྲུ་བཞི་འམ་ཁྲུ་བརྒྱད་པ། །སྒོ་བཞི་ཀུན་ནས་ཟུར་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྔགས་པས་ཉིས་འགྱུར་རྣམ་པར་སྤྱད། །མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད། །དེ་ཡི་དབུས་སུ་པདྨ་ནི། །འདབ་
བཅས་ལྟེ་བ་འབར་དང་བཅས། །གེ་སར་ཡང་དག་ལྡན་པར་གཞག །ལྟེ་བར་དགོད་བྱ་དཔའ་བོ་ནི། །འཇིགས་བྱེད་ཀྱང་ནི་འཇིགས་པར་མཛད། །མདངས་དང་ལྡན་ཞིང་རབ་ཏུ་འབར། །ཧ་ཧ་ཞེས་པའི་སྒྲ་ཆེར་བཞད། །ཐོད་པའི་ཕྲེང་བའི་རྒྱན་དང་ལྡན། །བཟང་པོ་སྤྱན་གསུམ་
ཞལ་བཞི་མངའ། །གླང་བོའི་པགས་པ་རྣམ་པར་བགོས། །སྨིན་མ་བཟང་པོ་རྡོ་རྗེ་དབྱེས། །ཕྱག་ན་ཁ་ཊྭཱཾ་མི་ཐོད་བསྣམས། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །དེ་མདུན་གནས་པའི་ལྷ་མོ་ནི། །རྡོ་རྗེ་ཕག་མོ་རབ་འཇིགས་མ། །ཧེ་རུ་ཀ་དཔལ་ཆེ་ལ་ཕྱོགས། །སྤྱན་གསུམ་དྲག་
པོའི་གཟུགས་ཅན་ཡིན། །ཀ་པཱ་ལ་ནི་ཨནྟྲས་བཀང་། །ཁ་ནས་རུ་དྷི་ར་འཛག་ཅིང་། །ལྷ་དང་ལྷ་མིན་མིར་བཅས་པ། །ཕྱོགས་ཀུན་ཏུ་ནི་སྡིགས་མཛུབ་བྱེད། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོ་ཡི་ནི་རིགས་ལས་བྱུང་། །ཕྱོགས་དང་ཕྱོགས་ཀྱི་མཚམས་རྣམས་དང་། །འཁོར་
ལོའི་དབུས་སུ་མཆོད་པར་བྱ། །དེ་བཞིན་འདིར་ནི་དཔའ་བོ་ཡང་། །འཁོར་ལོར་ཡང་དག་གནས་པ་མཆོད། །སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད། །གཉིས་མེད་དཔའ་བོ་མཆོད་པར་བྱ། །དེ་ནས་བུམ་པ་བྱ་བ་ནི། །རྩ་བ་ནག་པོ་ལ་སོགས་མེད། །མུ་ཏིག་གསེར་དང་རིན་ཆེན་དང་། །བྱི་
རུ་དངུལ་དང་ཟངས་མ་སྟེ། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །སྣོད་ནི་སྟེང་དུ་གཞག་པར་བྱ། །མགྲིན་པ་སྲད་བུས་དཀྲི་བ་དང་། །ཁ་ནི་འདབ་མས་བརྒྱན་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་པ། །བརྒྱད་ནི་སྒོ་རུ་རྣམ་པར་དགོད། །གོས་ཟུང་གིས་ནི་ལེགས་

དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་གཞག །གསེར་རམ་དངུལ་ལམ་རིན་ཆེན་ནམ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང་། །གསེར་གྱིས་མཛེས་པར་སྤྲས་པར་བྱ། །གྲོང་མཆོག་ཡིད་འོང་མཆོད་ན་ནི། །གྲུབ་པ་ཉིད་དུ་ཐེ་ཚོམ་མེད། །
བདག་ཉིད་ཀུན་ནས་ཞལ་ལ་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་སྟེང་དུ་དགོད། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་ཏུ་དགོད་
པར་བྱ། །གང་ཡང་ས་འོག་མཁའ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་དགོད། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་དེ་བཞིན་སྤོས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །མར་མེ་བརྒྱ་ཡང་
དབུལ་བྱ་ཞིང་། །དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གནས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང་། །མེ་ཏོག་ཕྲེང་བ་དུ་མ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །བླ་རེ་དང་ནི་ཡོལ་བ་དག །མཛེས་པ་ཇི་ལྟ་དེ་
བཞིན་ཏེ། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་སྟེ་མཆོད་པར་བྱ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྒྲུབ་པོས་དངོས་ཀུན་གྱིས། །དང་པོར་སློབ་དཔོན་མཉེས་པར་བྱ། །གྲུབ་འདོད་ཤིན་ཏུ་
མཉམ་བཞག་པས། །ཅི་ནུས་པས་ནི་བླ་མ་མཆོད། །དྲིལ་བུ་སྒྲ་ལྡན་དཔྱངས་པ་དང་། །མེ་ཏོག་སྤོས་རྣམས་ཀྱིས་བརྒྱན་ཅིང་། །ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ། །སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །འདོད་པ་ཀུན་ལྡན་མཆོད་ནས་ནི། །
བུ་སྡུག་དེ་དག་གདོང་པ་ལ། །དར་རས་ལེགས་པར་བཀབ་ནས་སུ། །ཐལ་མོ་མེ་ཏོག་གིས་བཀང་སྟེ། །ཡང་དག་པར་ནི་ཞུགས་པ་དག །སྒྲུབ་པོ་ཤིན་ཏུ་མཉམ་བཞག་པས། །དེ་ནས་བསྐོར་བ་བྱས་ནས་ནི། །བློ་བཟང་ཡིད་ནི་མཉམ་བཞག་པ། །ཕོ་བྲང་ཉམས་དགར་གཞུག་པར་བྱ། །

ལྷོ་ཡི་ཕྱོགས་སུ་ལུས་བསྟན་ལ། །ཐལ་མོའི་མེ་ཏོག་དེ་ནས་དོར། །དཀྱིལ་འཁོར་སྟེང་དུ་དོར་བར་བྱ། །གང་དུ་མེ་ཏོག་དེ་ལྷུང་བ། །ཤྲཱི་ཧེ་རུ་ཀའི་གནས་སོགས་བསྟན། །དེ་ཡི་རིགས་ནི་རྣམ་བསྟན་ཏེ། །དེ་ནི་རིགས་དེའི་མིང་འགྱུར་བར། །སློབ་དཔོན་གྱིས་ནི་མིང་བསྟན་ནོ། །དེ་ནས་
སློབ་དཔོན་ལེགས་པར་ནི། །མཉམ་པར་བཞག་སྟེ་ཕྱག་རྒྱ་མཆོད། །དེ་ནས་སློབ་མ་ཕྱི་དེ་ཉིན། །ལས་ནི་ཡང་དག་སྤྱད་པར་བྱ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་
ནི་གནས་གང་ཡིན། །དེར་དེ་ཡང་དག་བསྟན་པར་བྱ། །སློབ་དཔོན་དང་བཅས་ཕོ་བྲང་ལ། །དེ་ནས་སློབ་མས་རབ་བཏུད་ནས། །ཕྱིར་ཡང་གཡོན་ནས་བརྩམས་པ་ཡིས། །དེ་ནས་བསྐོར་བ་བྱས་ནས་ནི། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཇི་བཞིན་ཆོ་གས་ཕྱག་བྱའོ། །དེ་ནས་བླ་མ་དག་
ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །གསེར་ནི་བརྒྱ་སྟོང་དབུལ་བ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །རས་ནི་ཟུང་གྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་དང་། །རྣ་རྒྱན་དང་ནི་གདུ་བུ་དང་། །མགུལ་གདུབ་སོར་གདུབ་དམ་པ་དང་། །གསེར་
ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །ཕྱག་བཙལ་ནས་ནི་དབུལ་བར་བྱ། །ཇི་སྐད་གསུངས་བཞིན་སློབ་མ་ནི། །བློ་དང་ལྡན་པས་བླ་མ་ལ། །དངོས་པོ་ཀུན་གྱིས་བདག་ཉིད་ནི། །དེ་བཞིན་དུ་ནི་དབུལ་བར་བྱ། །དེང་ནས་
བརྩམས་ཏེ་བྲན་དུ་བདག །ཁྱེད་ལ་བདག་གིས་ཕུལ་བ་ལགས། །དེ་ནས་སྒྲུབ་པོས་རབ་ངེས་པར། །དེ་ལྟར་ཆོ་ག་བྱས་ན་ནི། །དེ་ནས་དེ་ལ་མཁའ་འགྲོ་མ། །རྣལ་འབྱོར་མ་མོ་རྣམས་མཉེས་འགྱུར། །མཁའ་འགྲོ་མ་དང་ལཱ་མ་དང་། །ཁཎྜ་རོ་ཧཱ་གཟུགས་ཅན་མ། །སྒྲུབ་པོ་
མཁའ་འགྲོ་མ་ལྷན་ཅིག །དེ་དང་རྣམ་སྤྱོད་ཀུན་ཏུ་འགྲོ། །ཐམས་ཅད་སྒྲུབ་པོ་དེ་ཡི་ནི། །ཅི་བགྱི་བྱེད་པར་ཐེ་ཚོམ་མེད། །རྣལ་འབྱོར་འདི་ནི་སྒྲུབ་འགྱུར་ན། །འཇིག་རྟེན་གསུམ་དུ་མི་བཟློགས་ཤིང་། །མི་སྣང་ཕུག་དང་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །

སྒྲུབ་པ་པོ་ནི་འདོད་ཙམ་གྱིས། །རྟག་པར་རྒྱུན་དུ་བསྐྱེད་པར་འགྱུར། །གཟུགས་ནི་དུ་མ་བྱེད་པ་དང་། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །མཁའ་འགྲོ་རྣམས་ཀྱང་ཁྱད་པར་དུ། །སྐད་ཅིག་དེ་ལ་སྦྱོར་བསྐྱེད་དེ། །འགྲོ་བ་རྣམས་ཀྱང་ངེས་གནོན་པར། །ལན་ཅིག་
བལྟས་པས་རྣལ་འབྱོར་པས། །སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུངས་དང་མཚུངས། །རྣལ་འབྱོར་འདི་ནི་མཆོག་རབ་དང་། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་འདོད་
གྱུར་པ། །ལྷ་དང་ལྷ་མིན་མི་རྣམས་ཏེ། །འདི་དག་ཟིལ་གྱིས་གནོན་པར་འགྱུར། །རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱི་ནི་སྒྲུབ་པ་པོ། །རྒོད་དང་ལྟ་དང་ལག་འཛིན་གྱིས། །འཁྱུད་དང་གཉིས་སྤྲད་ལ་སོགས་ལ། །དབང་བསྐུར་བར་ནི་གྱུར་པ་ཡིན། །ཐམས་ཅད་
རྒྱུད་ལས་དམ་པའོ། །འདི་ནི་ལྷ་མི་ཟིལ་གནོན་འགྲོ། །དེ་ཉིད་བསྡུས་པའམ་སྡོམ་པའམ། །གསང་བའམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་ཧེ་རུ་ཀ་ལ་གནས། །
དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཡོན་ཏན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མཁའ་འགྲོ་མ་རྣམས་ནི། །གནས་ན་རྣམ་པར་འགྱིང་བ་སྟེ། །བརྩོན་ཆེན་འཁོར་ལོས་སྒྱུར་མ་དང་། །སྟོབས་ཆེན་མ་དང་རབ་དཔའ་མོ། །འཁོར་ལོའི་
གོ་ཆ་ཆང་འཚོང་མ། །ཁཎྜ་རོ་ཧཱ་འཁོར་ལོའི་ཤུགས། །བྱ་གདོང་མ་དང་རྟ་རྣ་མོ། །ཤིན་ཏུ་བཟང་མོ་ལྗང་ལྷ་མོ། །ཆང་འཐུང་མ་དང་རླུང་ཤུགས་མ། །དེ་བཞིན་འཇིགས་བྱེད་ཆེན་མོ་དང་། །ས་སྲུང་མ་དང་ཤིང་གྲིབ་མ། །ལང་ཀའི་དབང་ཕྱུག་མིའུ་ཐུང་མ། །དཔའ་བོའི་བློ་
མ་སྣ་ཆེན་མ། །འོད་ལྡན་མ་དང་གཏུམ་མིག་མ། །རབ་གཏུམ་མ་སྟེ་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུྃ་ཧཱུྃ་

ཕཊ་སྦྱར་ཏེ། །རྣལ་འབྱོར་རབ་མཆོག་འདི་མཐོང་ན། །མེ་སྟེ་གཞན་དག་སོག་མར་མཚུངས། །ཨོྃ་ནི་ཀུན་ལ་གསལ་བྱེད་དེ། །གྲུབ་སྩོལ་འདོད་པ་ཐམས་ཅད་བྱེད། །དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །དེ་ནས་དེ་རྟག་བསྒོམ་པར་བྱ། །དངོས་
གྲུབ་དེ་བཞིན་གཤེགས་གསུངས་བཞིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ། །སྔགས་པས་ཆོ་ག་བཞིན་དུ་བྲི། །
ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཡོངས་བསྡོམས་པ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཐུབ་པ་མཆོག་གི་རེ་མིག་ལ། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་དོན་ཐམས་ཅད་སྒྲུབ་བྱེད་པའོ། །
བཞི་པའི་ལྔ་པ་གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །ལྔ་པ་ཡི་ནི་བཞི་པ་དང་། །དང་པོའི་གསུམ་པ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དགུ་པ། །བཞི་པའི་དང་པོ་གང་ཡིན་དང་། །མཐར་གནས་པ་ཡི་བཞི་པ་དང་། །དེ་ཉིད་ཀྱི་ནི་གཉིས་པ་དང་། །སུམ་ཅུ་པ་ནི་ཡང་དག་བླང་། །
དེ་བཞིན་ཉི་ཤུ་དྲུག་པ་ཉིད། །དེ་དག་ཐམས་ཅད་ལེགས་བསྡུས་ལ། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་ཡང་། །དེ་ནས་སུམ་ཅུ་རྩ་གསུམ་གཟུང་། །དང་པོའི་དང་པོ་ཉིད་དག་དང་། །མཐར་གནས་པ་ཡི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་དང་། །སུམ་ཅུ་རྩ་གཉིས་ཉིད་དག་དང་། །བཞི་པ་ཡི་
ནི་ལྔ་པ་དང་། །ལྔ་པ་ཡི་ཡང་བཞི་པ་དང་། །མཐར་གནས་པ་ཡི་དང་པོ་གང་། །གཉིས་པ་ཡི་ནི་གསུམ་པ་དང་། །གསུམ་པའི་དང་པོ་གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །དང་པོ་ཡི་ཡང་དང་པོ་དང་། །དེ་བཞིན་བཅུ་གཅིག་པ་ཉིད་དང་། །དེ་བཞིན་མཁས་པས་བཅུ་དྲུག་པ། །གསུམ་
པའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །བཞི་པའི་གསུམ་པ་གང་ཡིན་དང་། །ཨུཥྨ་ཎཱ་ཡི་གཉིས་པ་ཉིད། །དང་པོའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཉི་ཤུ་རྩ་བརྒྱད་པ་ཡང་ངོ་། །དང་པོ་ཡི་ནི་གསུམ་པ་དང་། །ལྔ་པ་ཡི་ཡང་བཞི་པ་དང་། །དེ་བཞིན་སུམ་

ཅུ་རྩ་གཅིག་བླང་། །བཅྭ་ལྔ་པ་ནི་ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་ལྔ་པ། །དང་པོའི་གཉིས་པ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཡི་གེ་སུམ་ཅུ་རྩ་གཉིས་དང་། །ཨུཥྨཱ་ཎཱ་ཡི་ཐ་མ་ཉིད། །སུམ་ཅུ་རྩ་གཉིས་པ་ཉིད་དང་། །ལྔ་པ་ཡི་ནི་བཞི་པ་དང་། །གཉིས་པ་ཡི་ནི་
གསུམ་པ་དང་། །ལྔ་པ་ཡི་ནི་བཞི་པ་དང་། །ཨུཥྨཱ་ཎཱ་ཡི་གསུམ་པ་དང་། །གཞན་ཡང་ཉི་ཤུ་རྩ་བདུན་པ། །ཨནྟསྠཱ་ཡི་དང་པོ་དང་། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཨནྟསྠཱ་ཡི་གཉིས་པ་དང་། །དེ་བཞིན་ཡང་ནི་སུམ་ཅུ་པ། །ལྔ་པ་ཡི་ནི་དང་པོ་དང་། །ཨུཥྨཱ་ཎཱ་ཡི་དང་པོ་ཉིད། །
དེ་བཞིན་ཡི་གེ་དྱ་ཉིད་དང་། །བཞི་པའི་དང་པོ་གང་ཡིན་དང་། །ཨུཥྨཱའི་དང་པོ་གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ། །དང་པོའི་གཉིས་པ་གང་ཡིན་དང་། །གསུམ་པའི་དང་པོ་ཉིད་དག་དང་། །དང་པོའི་གསུམ་པ་གང་ཡིན་དང་། །བཞི་པའི་བཞི་པ་གང་ཡིན་དང་། །ཨནྟསྠཱ་
ཡི་གཉིས་པ་དང་། །གསུམ་པ་ཡི་ཡང་ལྔ་པ་དང་། །ཡི་གེ་བྱཱ་ནི་དེ་ནས་བླང་། །དང་པོ་ཡི་ནི་བཞི་པ་དང་། །དེ་ནས་བརྒྱད་པ་ཉིད་དག་དང་། །བཞི་པའི་ལྔ་པ་ཉིད་དག་ཡིན། །ལྔ་པ་ཡི་ཡང་ལྔ་པ་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །བཞི་པ་ཡི་ནི་བཞི་པ་དང་། །སླར་ཡང་ཉི་ཤུ་
རྩ་བདུན་པ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཉི་ཤུ་རྩ་ལྔ་ཡང་དག་བླང་། །སུམ་ཅུ་རྩ་གསུམ་ཉིད་དག་དང་། །བཞི་པ་ཡི་ནི་བཞི་པ་དང་། །ལྔ་པ་ཡི་ནི་ལྔ་པ་དང་། །བཞི་པ་ཡི་ཡང་ལྔ་པ་དང་། །དང་པོའི་དང་པོ་ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཨནྟསྠཱ་ཡི་བཞི་པ་དང་། །
དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཨུཥྨཱ་ཎཱ་ཡི་གཉིས་པ་ཉིད། །དེ་བཞིན་ཉི་ཤུ་རྩ་དྲུག་པའོ། །དང་པོའི་དང་པོ་ཉིད་དང་ནི། །མཐར་གནས་པ་ཡི་གཉིས་པ་ཉིད། །གཉིས་པ་ཡི་ནི་དང་པོ་ཉིད། །དྲུག་པ་ཡི་ཡང་གཉིས་པའོ། །དང་པོ་ཡི་ནི་དང་པོ་དང་། །མཐར་གནས་གཉིས་པ་དེ་བཞིན་
ཏེ། །གཉིས་པ་ཡི་ནི་དང་པོ་དང་། །བདུན་པ་ཡི་ནི་གཉིས་པ་དང་། །དྲུག་པ་ཡི་ཡང་གསུམ་པ་དང་། །བཞི་པ་ཡི་ཡང་ལྔ་པ་ལ། །བཞི་པ་ཡིས་ནི་སྦྱར་བར་བྱ། །མཐར་གནས་པ་ཡི་བཞི་པ་དང་། །ལྔ་པ་ཡི་ཡང་ལྔ་པ་ལ། །བཞི་པ་ཡིས་ནི་གདན་དུ་བྱ། །ལྔ་པ་ཡི་ནི་དང་པོ་ལ། །

འོག་ཏུ་མེ་ཡི་གདན་དང་ལྡན། །ཨུཥྨཱ་ཎཱ་ཡི་གསུམ་དེ་བཞིན། །མཐར་གནས་པ་ཡི་དང་པོ་ཡང་། །བཞི་པ་ཡི་ནི་དང་པོ་ཉིད། །མེ་ཡིས་གདན་དུ་བྱས་པའོ། །བདུན་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ཡང་དང་པོ་གང་། །ཀ་ཥར་གྲགས་པའི་དང་པོ་གཟུང་། །ལྔ་པ་ཡི་ནི་བཞི་
པ་དང་། །མཐར་གནས་པ་ཡི་དང་པོ་གང་། །དེ་བཞིན་ཡང་ནི་རིལ་པོ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །བདུན་པ་ཡི་ཡང་དང་པོ་དང་། །ཨུཥྨཱ་ཎཱ་ཡི་བཞི་པ་གཟུང་། །བདུན་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་སེམས་དཔས་ཕྱེ་བ་དག །ཨུཥྨཱ་ཎཱ་ཡི་བཞི་པ་ཉིད། །འོད་བྱེད་གདན་དུ་
བྱས་པའོ། །བདུན་པ་ཡི་ནི་བཞི་པ་ལ། །འོག་ཏུ་ཡང་ནི་མེ་ཡི་གདན། །ཚེག་དྲག་དང་ནི་ཡང་དག་ལྡན། །ལྔ་པ་ཡི་ནི་གཉིས་པ་དང་། །དེ་བཞིན་ཉི་ཤུ་གཉིས་པ་ཉིད། །དྲུག་པ་ཡི་ནི་གཉིས་ཉིད་དང་། །དེ་བཞིན་བཅུ་གཅིག་པར་ནི་ངེས། །སླར་ཡང་ཉི་ཤུ་རྩ་གཉིས་གཟུང་། །
གསུམ་པ་ཡི་ནི་དང་པོ་དང་། །བཞི་པ་ཡི་ནི་གསུམ་པ་དང་། །ཨུཥྨཱ་ཎཱ་ཡི་བཞི་པ་ཉིད། །ལྔ་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་བཞི་པ་དང་། །ཉི་ཤུ་གཅིག་པ་དེ་ནས་བཏུ། །གཉིས་པ་ཡི་ནི་དང་པོ་དང་། །ལྔ་པ་ཡི་ནི་དང་པོར་ངེས། །གཉིས་ལས་དྲུག་པའི་ཡི་གེའོ། །
ལྔ་པ་ཡི་ནི་བཞི་པ་དང་། །དེ་བཞིན་ཀ་ཥར་གྲགས་ཉིད་དང་། །ཉི་ཤུ་བཞི་པ་དེ་ནས་བཏུ། །སླར་ཡང་རིལ་པོ་ཇི་བཞིན་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །ཨུཥྨཱ་ཎཱ་ཡི་གསུམ་པ་དང་། །མཐར་གནས་པ་ཡི་གཉིས་པ་ཉིད། །ལྔ་པ་ཡི་ནི་བཞི་པ་དང་། །སླར་ཡང་འོད་བྱེད་སྦྱིན་པར་བྱ། །
ཡི་གེ་ཉི་ཤུའི་འོག་ཏུ་ནི། །བཅུ་དྲུག་པ་ནི་གདན་དུ་བྱ། །འོག་ཏུ་མེ་ཡིས་གསལ་བྱས་ལ། །ལྔ་པ་ཡི་ནི་ལྔ་པ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །ལྔ་པ་ཡི་ནི་གསུམ་པ་དང་། །དྲུག་པ་ཡི་ཡང་གསུམ་པ་དང་། །མཐར་གནས་པ་ཡི་བཞི་པ་དང་། །ཉི་ཤུ་ལྔ་པས་ཁྱད་པར་དབྱེ། །
བཞི་པ་ཡི་ནི་ལྔ་པ་དང་། །གཉིས་པ་ཡི་ནི་གསུམ་པ་ལ། །ཉི་མའི་བུ་ཡིས་ཁྱད་པར་དབྱེ། །ཨུཥྨཱ་ཎཱ་ཡི་བཞི་པ་དང་། །འོག་ཏུ་བཅྭ་ལྔ་པ་ཡི་གདན། །དང་པོ་ཡི་ཡང་གསུམ་པ་དང་། །དེ་ནས་མེ་ཡིས་གདན་དུ་བྱ། །བདུན་པ་ཡི་ནི་བཞི་པ་དང་། །འོག་ཏུ་བཅྭ་ལྔ་པ་ཡི་གདན། །

ཨུཥྨཱ་ཎཱ་ཡི་གསུམ་པ་ཉིད། །ལྔ་པ་ཡི་ནི་དང་པོ་ལ། །བཅུ་དྲུག་པ་ཡིས་གདན་དུའོ། །དེ་ནས་ཉི་ཤུ་གཅིག་པ་བླང་། །བཞི་པ་ཡི་ནི་དང་པོ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །གཉིས་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོ་དང་། །ལྔ་པ་ཡི་ནི་
བཞི་པ་དང་། །གསུམ་པ་ཡི་ནི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་དང་། །ཨུཥྨཱ་ཎཱ་ཡི་གསུམ་པ་ཉིད། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །འོད་བྱེད་མཉམ་པར་གནས་པའོ། །ལྔ་པ་ཡི་ནི་གསུམ་པ་དང་། །བཞི་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་གསུམ་པ་ལ། །མེ་ཡིས་
སྟེང་ནས་གསལ་བར་བྱ། །མཐར་གནས་པ་ཡི་དང་པོར་གསུངས། །དེ་ནས་ཡི་གེ་བཅུ་དྲུག་འོག །གསུམ་པ་ཡི་ནི་གསུམ་པ་དང་། །སྤྱི་བོར་མེ་ཡི་ཡི་གེས་མཚན། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །དང་པོ་ཡི་ནི་དང་པོ་དང་། །གཉིས་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་བཞི་པ་ལ། །
བཅུ་གསུམ་པ་ཡིས་མནན་པའོ། །དང་པོའི་དང་པོ་དེ་བཞིན་ཏེ། །གཉིས་པ་ཡི་ནི་དང་པོ་དང་། །གསུམ་པ་ཡི་ནི་བཞི་པ་ཡི། །སྟེང་དུ་བཅུ་གསུམ་པ་ཉིད་དང་། །ཨུཥྨཱ་ཎཱ་ཡི་བཞི་པ་ལ། །ཉི་ཤུ་བདུན་པས་གདན་དུ་བྱ། །ཡ་ཡིག་བརྒྱད་པའི་ས་བོན་ལ། །འོད་བྱེད་ཀྱིས་ནི་གསལ་
བྱས་པ། །གཉིས་པ་ཡི་ནི་གསུམ་པ་ལ། །བཅྭ་ལྔ་པ་ཡིས་གདན་དུ་བྱ། །གཉིས་པ་ཡི་ནི་གསུམ་པ་ལ། །གསུམ་པའི་ལྔ་པ་ལ་ནི་བསྐྱོན། །ཀ་ཥའི་ས་བོན་བཏུས་ནས་ནི། །ཉི་ཤུ་ལྔ་པས་གདན་དུ་བྱ། །རིལ་པོ་མཛེས་པ་བཏུས་ནས་ནི། །ཡི་གེ་མ་ཡིས་གདན་དུ་བྱ། །ཨུཥྨཱ་ཎཱ་ཡི་
བཞི་པ་ཉིད། །བདུན་པ་ཡི་ནི་བཞི་པ་དང་། །ཡ་ཚོགས་བརྒྱད་པའི་ས་བོན་དང་། །དེ་བཞིན་སུམ་ཅུ་གསུམ་པར་ངེས། །ལྔ་པའི་བདག་ཉིད་ཡོངས་བཏུས་ལ། །ཡང་ནི་དེ་ལ་གཉིས་པར་ངེས། །གཉིས་པ་ཡི་ནི་དང་པོ་དང་། །མཐར་གནས་པ་ཡི་གསུམ་པ་དང་། །དེ་བཞིན་སུམ་
ཅུ་རྩ་གཉིས་པ། །དྲུག་པ་ཡི་ནི་གསུམ་པ་དང་། །བདུན་པ་ཡི་ནི་བཞི་པ་དང་། །དྲུག་པའི་གསུམ་པ་དེ་བཞིན་ཏེ། །ལྔ་པ་ཡི་ནི་བཞི་པ་དང་། །དྲུག་པ་ཡི་ནི་གསུམ་པ་སྟེ། །གཉིས་གཉིས་རྐང་པ་བཞི་ཡིན་ནོ། །རིག་པའི་རྒྱལ་པོའི་གསང་སྔགས་ཏེ། །བྱ་བ་ཐམས་ཅད་རབ་

སྒྲུབ་པའོ། །འདི་ལས་ཤིན་ཏུ་མཆོག་གྱུར་པ། །འཇིག་རྟེན་གསུམ་ན་ཡོད་མིན་ཏེ། །ཧེ་རུ་ཀ་དཔལ་སྔགས་ཤེས་ན། །མེ་སྟེ་གཞན་དག་སོག་མ་འདྲ། །རྩ་བའི་སྔགས་སུ་རབ་ཏུ་གྲགས། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའི་ཆོ་གའི་ལེའུ་
སྟེ་ལྔ་པའོ།། །།གཞན་ཡང་ཡི་གེ་ཉི་ཤུ་གཉིས། །སྙིང་པོ་ཉེ་སྙིང་ཡི་གེ་བདུན། །ཡ་ཚོགས་བརྒྱད་པའི་ས་བོན་དང་། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི། །ཡི་གེ་བར་མ་དོར་བྱས་ལ། །ཡན་ལག་དྲུག་ནི་ཧེ་རུ་ཀ །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་རེ་རེར་ཡང་
དག་གནས། །ཨོྃ་ན་མཿསྭཱ་ཧཱ་བཽ་ཥཊ། །ཧཱུྃ་ཧཱུྃ་ཕཊ་དང་ཡང་དག་ལྡན། །སྒྲུབ་པོས་སྙིང་པོར་ཤེས་པར་བྱ། །དང་པོ་སྙིང་ག་ཉིད་དུ་སྟེ། །གཉིས་པ་སྤྱི་བོར་ཤེས་པར་བྱ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །བཞི་པ་གོ་ཆ་ཉིད་དུ་ཡིན། །ལྔ་པ་མིག་ཏུ་གྱུར་པ་སྟེ། །དྲུག་པ་
མཚོན་ཆ་ཞེས་བྱར་འདོད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དཔའ་བོ་དྲུག་གི་གོ་ཆ་བཏུ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། །ཡི་གེ་གཉིས་པ་དག་དང་སྦྱར། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །ཡི་གེ་དྲུག་པས་བརྒྱན་
པར་བྱ། །དབྱངས་ཀྱི་བཞི་པ་ཉིད་ཀྱང་ནི། །ཡི་གེ་བདུན་པ་ཉིད་དང་སྦྱར། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པས་ཡི་གེ་བརྒྱད་དང་སྦྱར། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པས་བརྒྱན་པར་བྱ། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་
བཅུ་གཉིས་པ་དང་སྦྱར། །དབྱངས་ཡིག་གཉིས་པར་ལྡན་པ་ནི། །ཡི་གེ་ཉི་ཤུ་གཅིག་པ་གཟུང་། །མཁས་པས་ཡི་གེ་བཅུ་བཞི་པ། །ཡི་གེ་ཉི་ཤུ་པ་དང་སྦྱར། །དབྱངས་ཀྱི་གསུམ་པ་ཉིད་དག་ནི། །ཡི་གེ་བཅྭ་ལྔ་པ་དང་སྦྱར། །དབྱངས་ཡིག་བཅྭ་ལྔར་ཡང་དག་ལྡན། །ཡི་གེ་
བཅུ་དྲུག་པ་མཛེས་བྱ། །དབྱངས་ཡིག་གསུམ་པ་དང་ལྡན་པའི། །ཡི་གེ་བཅུ་བདུན་པ་རུ་འདོད། །དབྱངས་ཀྱི་གཉིས་པ་ཉིད་དག་ནི། །ཡི་གེ་བཅྭ་བརྒྱད་པ་རུ་སྦྱར། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར་སྦྱར། །དབྱངས་ཡིག་ལྔ་པ་ཉིད་དང་ནི། །ཡི་གེ་ཉི་

ཤུ་གསུམ་པར་སྦྱར། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་སྦྱར། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་སྦྱར། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་དྲུག་འགྱུར། །ཉི་ཤུ་བརྒྱད་པ་ཉིད་དག་ནི། །དབྱངས་ཡིག་བཅྭ་
ལྔ་པ་དང་སྦྱར། །གསུམ་པའི་དང་པོ་ཡང་དག་ལྡན། །འོག་མའི་ཆ་ནི་མེ་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་ཤུ་རྩ་དགུ་པའོ། །ཡི་གེ་སུམ་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །ཡི་གེ་སུམ་ཅུ་རྩ་གཉིས་པ། །དབྱངས་ཡིག་
བཅུ་གསུམ་པ་དང་སྦྱར། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉི་མར་ཡང་དག་ལྡན་པར་བྱ། །དབྱངས་ཡིག་བཞི་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞིར་ལྡན་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དབྱངས་ཡིག་ལྔ་པ་ཉིད་དག་ནི། །སུམ་ཅུ་བདུན་པར་ཡང་དག་ལྡན། །མཁའ་འགྲོ་
མ་རྣམས་སྒྲུབ་བྱེད་ཡིན། །སུམ་ཅུ་བརྒྱད་པ་འདི་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །བཞི་བཅུ་རྩ་གཉིས་པ་ཉིད་ལ། །འོག་གི་ཆར་ནི་སྒྲུབ་པ་པོས། །མེ་དང་སྦྱར་བ་བྱ་བ་ཉིད། །བཞི་བཅུ་གསུམ་པ་ཉིད་
དག་ནི། །དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །ཡི་གེ་བཞི་བཅུ་ལྔ་པ་ནི། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །དབྱངས་ཡིག་ལྔ་པ་ཉིད་དག་ཀྱང་། །བཞི་བཅུ་རྩ་དྲུག་པ་ལྡན་པ། །དཔའ་བོ་ཐམས་ཅད་རབ་མཆོད་ཡིན། །བཞི་བཅུ་རྩ་བདུན་པ་ཉིད་ནི། །དབྱངས་ཡིག་གཉིས་པ་
དང་སྦྱར་བ། །འདི་ནི་རྡོ་རྗེ་སེམས་དཔའ་མཆོག །དེ་བཞིན་ལྔ་བཅུ་རྩ་གཅིག་པ། །དབྱངས་ཡིག་ལྔ་པ་ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ལྔ་བཅུ་རྩ་གཉིས་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་ནི། །འདི་ཉིད་
ཡིན་པར་ཐེ་ཚོམ་མེད། །དེ་བཞིན་ལྔ་བཅུ་རྩ་གསུམ་པ། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །ཡི་གེ་ལྔ་བཅུ་རྩ་དྲུག་པ། །དབྱངས་ཡིག་དྲུག་པ་དང་ཡང་སྦྱར། །དགྲ་རྣམས་ངེས་པར་གསོད་བྱེད་ཡིན། །ཨནྟསྠཱ་ཡི་བཞི་པ་དང་། །དབྱངས་ཡིག་གཉིས་པར་སྦྱར་བར་བྱ། །

དེ་བཞིན་བཅྭ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །ཡི་གེ་ལྔ་བཅུ་རྩ་དགུར་འགྱུར། །ཡི་གེ་དྲུག་ཅུ་རྩ་གཅིག་ཉིད། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །དེ་བཞིན་དྲུག་ཅུ་རྩ་གཉིས་པ། །དབྱངས་ཡིག་གསུམ་པར་
སྦྱར་བ་ནི། །མཁའ་འགྲོ་མ་ཡི་མཆོག་ཏུ་འདོད། །ཡི་གེ་དྲུག་ཅུ་རྩ་གསུམ་ཉིད། །དབྱངས་ཡིག་བཅུ་གཅིག་ཡང་དག་ལྡན། །མཛེས་པའི་ཡི་གེ་ཀུན་མཆོག་ཉིད། །དེ་བཞིན་དྲུག་ཅུ་རྩ་ལྔ་པ། །རྡོ་རྗེ་སེམས་དཔས་ཕྱེ་བ་དག །ས་བོན་འདི་ནི་ལྷ་རྫས་མཆོག །གྲུབ་སྦྱིན་ཐར་
པ་སྦྱིན་ཆེན་པོ། །ཡི་གེ་དྲུག་ཅུ་རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་ཡང་སྦྱར། །བྱ་བ་ཀུན་ལ་གྲུབ་སྦྱིན་པར། །དེ་ལྟར་དེ་བཞིན་གཤེགས་པས་གསུངས། །ཡི་གེ་དྲུག་ཅུ་རྩ་བདུན་པ། །དབྱངས་ཡིག་གཉིས་པར་ཡང་དག་ལྡན། །རྣལ་འབྱོར་མ་ཡི་བྱ་བ་ཀུན། །འདི་
ཉིད་ཡིན་པར་ཐེ་ཚོམ་མེད། །དྲུག་ཅུ་བརྒྱད་པ་ཉིད་ལ་ཡང་། །དེར་ནི་ཡི་གེ་པ་སྦྱར་བ། །ས་བོན་ཡི་གེ་འདི་ཡི་ནི། །འོག་གི་ཆར་ནི་བརྟག་པར་བྱ། །ཡི་གེ་བདུན་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པར་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་
མེད། །བདུན་ཅུ་རྩ་བཞི་པ་ཉིད་ནི། །དབྱངས་ཡིག་གཉིས་པར་སྦྱར་བ་དག །གདོད་ནས་གྲུབ་པ་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས། །ཡི་གེ་བདུན་ཅུ་ལྔ་པ་ཉིད། །མ་མོ་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་རབ་མཆོག་སྟེ། །བྱ་བ་ཀུན་ལ་དམ་
པ་ཡིན། །བདུན་ཅུ་རྩ་དྲུག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང་། །ཉི་མ་ཡིས་ནི་དབྱེ་བྱ་སྟེ། །ཡི་གེ་པ་ནི་དེར་སྦྱར་བྱ། །མཆོག་ཏུ་མཛེས་པ་གཞན་ཡོད་མིན། །ཡི་གེ་བདུན་ཅུ་རྩ་བདུན་པ། །དེར་ནི་དྷ་དང་སྦྱར་བར་བྱ། །ས་བོན་འདི་ནི་ལྷ་རྫས་མཆོག །མཁའ་འགྲོ་
མ་ཡི་མཛེས་པར་འདོད། །བདུན་ཅུ་རྩ་བརྒྱད་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཞིང་། །ས་བོན་འདི་ནི་མཆོག་བཟང་པོ། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ། །བཞི་པའི་མཐའ་ཡི་ཁྱད་པར་བྱེད། །གདོད་ནས་གྲུབ་བྱེད་འདི་ཡིན་ཏེ། །དངོས་

གྲུབ་ཀུན་ལ་འཇུག་བྱེད་པའོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །དབྱངས་ཡིག་གཉིས་པ་དང་སྦྱར་བྱ། །མ་མོ་རྣམས་ལས་ལྔ་པ་ཉིད། །དེ་བཞིན་ཡི་གེ་བརྒྱད་ཅུ་བརྒྱད། །མ་མོ་དག་ལས་ལྔ་པ་ཉིད། །ཡི་གེ་བརྒྱད་ཅུ་རྩ་དགུ་པ། །མ་མོ་རྣམས་ལས་ལྔ་པ་ཉིད། །
དེ་བཞིན་ཡི་གེ་དགུ་བཅུ་པ། །མ་མོ་དག་ལས་ལྔ་པ་དང་། །ཡི་གེ་དགུ་བཅུ་རྩ་གཅིག་པ། །མ་མོ་རྣམས་ལས་གཉིས་པ་ཉིད། །ཡི་གེ་དགུ་བཅུ་རྩ་དྲུག་པ། །དབྱངས་དག་ལས་ནི་གཉིས་པ་དང་། །ཡི་གེ་དགུ་བཅུ་རྩ་དགུ་པ། །གདུག་པ་རྣམས་ནི་སྐྲག་བྱེད་ཅིང་། །སྔགས་པ་
རྣམས་ལ་བདེ་འབྱུང་བྱེད། །དབྱངས་རྣམས་ཀྱི་ནི་བཅུ་གསུམ་པ། །ཡི་གེ་གཉིས་པར་ཡང་དག་ལྡན། །དབྱངས་ལས་བཅུ་གསུམ་པ་ཉིད་དང་། །ཡི་གེ་ལྔ་པར་ཡང་དག་ལྡན། །གདུག་པ་རྣམས་ནི་ཟད་བྱེད་ཅིང་། །མཁའ་འགྲོ་རྣམས་ཀྱི་བདེ་འབབ་པའོ། །དབྱངས་རྣམས་
ལས་ནི་བཅུ་བཞི་ཉིད། །ཡི་གེ་བརྒྱད་པར་ཡང་དག་ལྡན། །བཅྭ་ལྔ་པ་ཡི་གདན་དུ་བྱས། །དབྱངས་དག་ལས་ནི་བཅུ་བཞི་པ། །ཡི་གེ་དགུ་པར་ཡང་དག་ལྡན། །སྤྱི་བོར་ཐིག་ལེས་མཚན་པའོ། །སྒྲུབ་པོ་མཁའ་འགྲོ་མ་རྣམས་ནི། །ཁྱད་པར་དུ་ནི་དགའ་བྱེད་པའོ། །དབྱངས་
རྣམས་ལས་ནི་བཅུ་གཅིག་པ། །བཅུ་གཉིས་པ་ཡིས་ཡང་དག་ལྡན། །སྤྱི་བོར་ཐིག་ལེས་མཚན་པའོ། །འབྱུང་པོ་ཐམས་ཅད་སྐྲག་བྱེད་ཅིང་། །སྒྲུབ་པོ་རྣམས་ལ་ཕན་འབྱུང་བའོ། །བཅུ་གཅིག་པར་ནི་ཡང་དག་ལྡན། །ཡི་གེ་བཅུ་གསུམ་པ་ཉིད་ལ། །ཐིག་ལེས་རྣམ་པར་བརྒྱན་
པའོ། །འབྱུང་པོ་ཐམས་ཅད་སྐྲག་བྱེད་ཅིང་། །སྒྲུབ་པོ་རྣམས་ལ་ཕན་འབྱུང་བའོ། །དབྱངས་རྣམས་ལས་ནི་ལྔ་པ་ཉིད། །ཡི་གེ་སུམ་ཅུ་གཉིས་པར་ལྡན། །དབྱངས་རྣམས་ལས་ནི་གསུམ་པ་དང་། །ཡི་གེ་སུམ་ཅུ་གསུམ་པར་ལྡན། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་
སུམ་ཅུ་བཞི་པར་ལྡན། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་སུམ་ཅུ་དྲུག་པར་ལྡན། །ཐོག་མའི་གཉིས་པར་ཡང་དག་ལྡན། །ཡི་གེ་སུམ་ཅུ་རྩ་བདུན་པ། །དབྱངས་ལས་གསུམ་པར་ཡང་དག་ལྡན། །ཡི་གེ་བཞི་བཅུ་པ་ལའོ། །མ་མོའི་བཅུ་གཅིག་ཡང་དག་ལྡན། །

ཡི་གེ་བཞི་བཅུ་རྩ་གཅིག་པ། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་གཉིས་པར་ལྡན། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་བཞི་པར་ལྡན། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་བཞི་བཅུ་བརྒྱད་པར་ལྡན། །དབྱངས་དག་ལས་ནི་གཉིས་པ་ཉིད། །
ཡི་གེ་བཞི་བཅུ་དགུ་པར་ལྡན། །མ་མོ་ལས་ནི་ལྔ་པ་ཉིད། །ཡི་གེ་ལྔ་བཅུ་གསུམ་པར་ལྡན། །ཡི་གེ་ལྔ་བཅུ་རྩ་བཞི་པ། །ཐིག་ལེས་ཀྱང་ནི་རྣམ་བརྒྱན་པའོ། །ཡི་གེ་ལྔ་བཅུ་རྩ་ལྔ་པ། །སྤྱི་བོར་ཐིག་ལེས་མཚན་པ་ལ། །དབྱངས་ཀྱི་གཉིས་པར་སྦྱར་བའོ། །ཡི་གེ་ལྔ་བཅུ་རྩ་བདུན་
པ། །སྤྱི་བོར་ཐིག་ལེས་མནན་པའོ། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་ལྔ་བཅུ་རྩ་བརྒྱད་པ། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་དྲུག་ཅུ་ལྔ་པ་ལའོ། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་དྲུག་ཅུ་བརྒྱད་པར་ལྡན། །དངོས་གྲུབ་ཐམས་ཅད་འགུགས་བྱེད་ཅིང་། །
སྒྲུབ་པོ་རྣམས་ལ་དཔལ་སྦྱིན་པའོ། །མ་མོ་ལས་ནི་བཞི་པ་ཉིད། །ཡི་གེ་བདུན་ཅུ་གཅིག་པར་ལྡན། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །མ་མོ་ལས་ནི་བཞི་པ་ཉིད། །ཡི་གེ་བདུན་ཅུ་གཉིས་པར་ལྡན། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཐིག་ལེ་ཡིས་ནི་མཉམ་པར་
མནན། །དབྱངས་ཀྱི་བཅུ་བཞི་པར་ངེས་ལྡན། །ཡི་གེ་བདུན་ཅུ་རྩ་གསུམ་པའོ། །མ་མོ་ལས་ནི་བཅུ་བཞི་པ། །ཡི་གེ་བདུན་ཅུ་བཞི་པར་ལྡན། །དེ་བཞིན་ཐིག་ལེས་རྣམ་བརྒྱན་པའོ། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་བདུན་ཅུ་ལྔ་པར་ལྡན། །མ་མོ་ལས་ནི་གཉིས་
པ་ཉིད། །ཡི་གེ་བདུན་ཅུ་བརྒྱད་པར་ལྡན། །སྟེང་དུ་ཐིག་ལེས་མཚན་པའོ། །མ་མོ་ལས་ནི་བཞི་པ་དང་། །ཡི་གེ་བདུན་ཅུ་རྩ་དགུ་པ། །སྤྱི་བོར་ཐིག་ལེས་མནན་པའོ། །དབྱངས་རྣམས་ལས་ནི་དྲུག་པ་ཉིད། །རྟ་ཡི་རྒྱལ་པོ་བསྐྱེད་པ་ལ། །ཐིག་ལེ་ནཱ་དས་རྣམ་བརྒྱན་པ། །
དབྱངས་རྣམས་ལས་ནི་གསུམ་པ་ཉིད། །ཡི་གེ་བཅུ་དྲུག་ལྡན་པའོ། །ཡི་གེའི་གྲངས་ནི་བརྒྱ་ཡི་སྟེང་། །དགུ་བཅུ་དང་ནི་རྩ་བརྒྱད་དོ། །འདི་ནི་རེ་མིག་ལས་བཏུས་པ། །ཧེ་རུ་ཀ་དཔལ་མགོན་པོ་ཡི། །རྩ་བའི་སྔགས་མཆོག་ཏུ་ཤེས་བྱ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་། །

མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། །དཔལ་ལྡན་ཁྲག་འཐུང་ལྷ་རིག་རྒྱལ། །བཀླགས་པས་གྲུབ་པ་དོན་ཡོད་པ། །ཡི་གེ་ཨོཾ་ནི་དང་པོ་སྟེ། །ཧཱུྃ་ཧཱུྃ་ཕཊ་ནི་མཐའ་མར་སྦྱར། །རྩ་བའི་སྔགས་ཏེ་སྔགས་འདི་ནི། །སྒྲུབ་པ་ཐམས་ཅད་གྲུབ་བྱེད་ཡིན། །དཔལ་ཧེ་
རུ་ཀའི་ངེས་པར་བརྗོད་པ་ལས་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རང་གི་བདག་ཉིད་ཀྱི། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་ཡི། །འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཧཱ་སྭཱ་རཾ་བ་སཾ་ལ་ཛཱ་ནཱིཀིཌཱ་ཕཊ་ཧཱུྃ་ཧཱུྃ་ཀཾ་རུ་རུ་ཧེ་ཧེ་བཛྲ་
ཤྲཱི་ཨོཾ། །རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཊཕ་ཧཱུྃ་ཧེཾ་ཧྲཱིཾ་ཧཾ་ཨོྃ། །ཡི་གེ་པྃ་དང་ཡྃ་དང་ནི། །ཡི་གེ་མྃ་དང་ཧྲཱིཾ་ཉིད་དང་། །ཧཱུྃ་དང་ཕཊ་ཅེས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །ཨོྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་
བྱུང་འབྱུང་བར་མི་འགྱུར་རོ། །ས་སྟེངས་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་གོ་བཟློག་པའི་སྙིང་པོ་དང་རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་
བརྒྱད་པའོ།། །།དེ་ནས་རྩ་བའི་གསང་སྔགས་ཀྱི། །ལས་མཆོག་གོ་རིམས་ཇི་བཞིན་དུ། །དེ་ནི་རྣམ་པར་བཤད་པར་བྱ། །འཇིག་རྟེན་གསུམ་གང་ཅི་ཡོད་རྣམས། །ཐམས་ཅད་སྐད་ཅིག་གིས་འགྲུབ་པར། །ལས་རྣམས་ཐམས་ཅད་བྱེད་པའོ། །ལྷ་ཐམས་ཅད་དང་ཀླུ་ཐམས་
ཅད་དང་གནོད་སྦྱིན་ཐམས་ཅད་དང་དྲི་ཟ་ཐམས་ཅད་ཀྱི་སྐྱེ་གནས་ཐམས་ཅད་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ། །སྤྲིན་ཐམས་ཅད་འཐོར་བ་དང་ཆར་འབེབས་པར་བྱེད་པ་དང་ཟློག་པར་བྱེད་པའོ། །རྒྱ་མཚོ་སྐེམས་པར་བྱེད་དོ། །ཆུ་བོ་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་སྟོན་ནོ། །དབང་
པོ་ཟློག་པར་བྱེད་དོ། །གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་པས་ས་གཡོ་བར་བྱེད་པ་དང་ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བར་བྱེད་དོ། །སྔགས་ཐམས་ཅད་འཕྲོག་པར་བྱེད་པ་དང་། དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ། །ཁྲག་འདྲེན་པར་བྱེད་པ་དང་སླར་ཡང་

གཏོང་བར་བྱེད་དོ། །གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ། །འདོད་ན་སྣང་བར་བྱེད་ཅིང་འདོད་ན་མི་སྣང་བར་བྱེད་དོ། །ཁང་བཟངས་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ། །དུག་བདུད་རྩིར་བྱེད་པ་དང་བདུད་རྩི་ཡང་དུག་ཏུ་བྱེད་དོ། །ཟླ་བ་ཆུར་བྱེད་པ་དང་ཆུ་ཟླ་བར་བྱེད་
དོ། །དྲི་ཐམས་ཅད་འཕྲོག་པར་བྱེད་དོ། །གང་དུ་འདོད་པ་དེར་འཕོ་བར་བྱེད་དོ། །ནམ་མཁའ་ལྡིང་གི་གདོང་དང་། འགྲོ་བ་འབྱིན་པར་བྱས་པ་ཞི་བ་འདུས་པའི་ལྷ་མོ་དང་གང་ཞིག་ཀུན་ཏུ་སྤྱོད་པའི་མིའི་མཆོག་དེའི་ལག་མཐིལ་ན་ཡོད་པའི་དཔལ་གང་གིས་ཀྱང་མི་འཕྲོག་པར་འགྱུར་
རོ། །རྣམ་པ་དེ་ལྟ་བུའི་ཆོ་ག་དང་ལྡན་པའི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་སྐལ་བར་འགྱུར་རོ། །དྲན་པ་ཙམ་གྱིས་གསོད་པར་བྱེད་པ་དང་མེ་སྐྱེད་པར་བྱེད་དོ། །ས་འོག་རྣམ་པར་གཤེགས་པར་བྱེད་པ་དང་། སེར་བ་འབེབས་པ་དང་ཡང་ཟློག་པར་བྱེད་དེ། དྲན་པ་ཙམ་གྱིས་གློག་
སྐྱེད་པར་བྱེད་དོ། །ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གར་བྱེད་དུ་འཇུག་གོ། །གང་གིས་གྲུབ་པའི་ཕྱིར་མིང་ནས་བཟུང་སྟེ་ལན་ཅིག་བཟླས་ན་དེའི་མོད་ལ་འཆི་བར་འགྱུར་རོ། །ས་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར་རོ། །འདོད་ན་སྡུད་པར་འགྱུར་རོ། །བཅོམ་ལྡན་འདས་འདི་
ལ་ནི་བརྟུལ་ཞུགས་མི་དགོས། སྤྱོད་པ་དང་སྨྱུང་བ་མི་དགོས་ཏེ། རྟོག་པའི་བྱ་བ་ཆོ་ག་འདིས་ཅི་འདོད་པའི་ལས་རྣམས་བྱའོ། །གལ་ཏེ་ཁྲོས་པས་ལན་ཅིག་བཟླས་ན་བྱེ་བ་གསོད་པར་འགྱུར་རོ། །ཞི་བས་བཟླས་ན་འཚོ་བར་བྱེད་དོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་པས་གང་
ལ་བསྣུན་པ་དེའི་མོད་ལ་ལྟུང་བར་བྱེད་དོ། །ཐལ་བ་ལ་ཡོངས་སུ་བཟླས་ཏེ་གང་ལ་བསྣུན་ན་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་ནས་སྤང་ལེབ་ལ་སོགས་པ་ལ་མཚན་མ་གང་གི་མིང་བྲིས་པ་དེ་གདོན་ཆེན་པོས་བཟུང་བར་འགྱུར་རོ། །ཨ་ཏི་
མུཀྟའི་ལྕུག་མ་ལ་ལན་ཅིག་བཟླས་ནས་གང་ལ་བསྣུན་པ་དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་འོང་བར་འགྱུར་རོ། །གསེག་མ་ལ་ལན་ཅིག་བཟླས་ཏེ་གང་ལ་བརྡེགས་པ་དེ་རེངས་པར་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །གུ་གུལ་གྱི་བདུག་པ་ལ་ལན་ཅིག་བཟླས་

ཏེ་སྤོས་སུ་སྦྱར་ན་སེམས་ཅན་ཐམས་ཅད་འབེབས་པར་འགྱུར་རོ། །ལག་པ་ལ་ལན་ཅིག་བཟླས་ཏེ་བཀབ་ན་ནག་པོས་ཟིན་པའི་དུག་སོས་པར་བྱེད་དོ། །མཁའ་འགྲོ་མས་རྒྱས་བཏབ་པ་ལ་ལན་ཅིག་བཟླས་པའི་ཆུས་དེ་གཏོང་བར་བྱེད་དོ། །ཀ་ར་བཱི་རའི་ལྕུག་མ་ལ་ལན་
ཅིག་བཟླས་པས་མངལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཧེ་རུ་ཀ་དཔལ་ཡེ་ཤེས་ནི། །མི་ཤེས་དངོས་གྲུབ་མངོན་འདོད་པ། །དེ་ནི་ཕུབ་མ་བརྡུང་བ་སྟེ། །གསང་སྔགས་འདི་ནི་མེད་པ་རུ། །དངོས་གྲུབ་དང་ནི་བདེ་བ་དག །མི་ཡིས་ཐོབ་པར་མི་འགྱུར་རོ། །གསང་སྔགས་
འདི་ནི་མི་ཤེས་པར། །རྣལ་འབྱོར་པ་ནི་མངོན་འདོད་པ། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །གསང་སྔགས་འདི་ནི་འདོད་སྤྱོད་པའི། །དངོས་གྲུབ་ཐམས་ཅད་སྦྱིན་བྱེད་ཡིན། །སྒྲུབ་པོ་སྔགས་དང་ཕྱག་རྒྱ་དག །བདེར་གཤེགས་གསུངས་པ་འདི་ཤེས་
པ། །བཟའ་བཏུང་ལ་སོགས་ཙ་རུ་ཡི། །བཟའ་དང་བཏུང་བའི་རོ་སོགས་པ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྩ་བའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་དགུ་པའོ།། །།དེ་ནས་སྐུ་གསུམ་བཤད་པར་བྱ། །ཁྲག་འཐུང་
དཔལ་གཉིས་མེད་སྦྱོར་བས། །གང་གིས་ཤེས་པ་ཙམ་གྱིས་ནི། །འདིར་ནི་གྲུབ་པར་ཐེ་ཚོམ་མེད། །སྐུ་གསུམ་པོ་ནི་བཤད་པར་བྱ། །ཆོས་ཀྱི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ལྟར་ལེགས་སེམས་གྱུར་པ་ལ། །དེ་ཚེ་ཡེ་ཤེས་ང་སྨྲའོ། །ལོངས་སྤྱོད་
རྫོགས་པའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ནས་མཉམ་པར་བཞག་པ་ལ། །ལོངས་སྤྱོད་རྫོགས་པར་ང་རབ་སྨྲ། །སྤྲུལ་པའི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་འགྱུར་བ། །དེ་ཚེ་སེམས་དེ་རྩེ་གཅིག་ལ། །སྤྲུལ་པའི་སྐུར་ཡང་ང་སྨྲ་སྟེ། །ཡེ་ཤེས་
ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་འཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀར་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །གསང་སྔགས་འདི་ཡི་སྙིང་པོ་ནི། །གསང་བ་བཤད་ཀྱིས་སྒྲུབ་པོ་ཉོན། །སྙིང་པོ་བཟླས་པས་དཔག་ཚད་བྱེ་བ་འཕགས་པར་འགྱུར་ཞིང་

འགྲོ་བ་དང་འོང་བར་འགྱུར་རོ། །གཟུགས་སྟོང་ཕྲག་དུ་མར་བྱེད་དོ། །ཁང་བཟངས་དང་ཤིང་དང་ཁྱིམ་ལ་འཛེགས་ཏེ་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་རོ། །ནམ་མཁའ་ལ་འགྲོ་ཞིང་འོང་བ་ལས་གཞན་དུ་མི་འགྱུར་རོ། །འདོད་ན་སྣང་བར་འགྱུར་
ཞིང་འདོད་ན་མི་སྣང་བར་འགྱུར་རོ། །འདོད་ན་བྱིས་པ་དང་། རྒན་པོ་དང་། དར་ལ་བབ་པའི་གཟུགས་འཛིན་པར་འགྱུར་རོ། །འདོད་ན་གླང་པོ་ཆེ་དང་། མ་ཧེ་དང་། བ་མེན་དང་། སྟག་དང་། སེང་གེ་དང་། ཁྱུ་མཆོག་དང་། བྱི་ལ་དང་། རི་བོང་དང་། རྔ་མོའི་གཟུགས་འཛིན་པར་འགྱུར་
བ་དང་། འདོད་ན་རྨ་བྱ་དང་། ཁྱིམ་བྱ་དང་། ངང་པ་དང་། ངུར་པ་དང་། ཆུ་སྐྱར་དང་། འུག་པ་དང་། ཁྲ་དང་། བྱ་རྒོད་དང་། བྱ་རོག་གི་གཟུགས་འཛིན་པར་འགྱུར་རོ། །གང་འདོད་པ་དེའི་གཟུགས་སུ་བྱེད་དོ། །ཚིག་འཕྲོག་པ་དང་། ཉན་པ་
འཕྲོག་པ་དང་། སྣ་འཕྲོག་པ་དང་། ལྕེ་འཕྲོག་པར་བྱེད་དོ། །གང་གི་འདོད་པ་དེའི་ཁྲག་འདྲེན་པར་བྱེད་པའམ། རེངས་པར་བྱེད་དོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སྐུ་གསུམ་གྲུབ་པའི་སྙིང་པོའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་
ཡང་སྒྲུབ་པ་པོས། །སྐྱེ་བ་བདུན་པའི་བར་འབྱུང་བ། །གང་གིས་བསྟེན་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ལ་འཇུག་པའོ། །དངོས་གྲུབ་ཐོབ་འགྱུར་བཤད་པར་བྱ། །སྐྱེས་བུ་གང་ཞིག་རྡུལ་དྲི་ཞིམ་པར་གྱུར་པ་དང་། བདེན་པར་སྨྲ་བ་དང་། ཡུན་རིང་པོར་མིག་མི་འཛུམས་
པ་དང་། ཁྲོ་བ་མེད་པར་འགྱུར་བ་དང་། ཁ་ནས་དབུགས་དྲི་ཞིམ་པར་འབྱུང་བ་དེ་ནི་སྐྱེ་བ་བདུན་དུ་མིའི་སྐྱེ་བར་གྱུར་པ་ཡིན་ནོ། །གྲིབ་མ་བདུན་པ་བྱ་ངང་པའི་འགྲོས་ཅན་སྙིང་རྗེ་དང་ཡང་དག་པར་ལྡན་པ་དེ་བསྟེན་ན་དེའི་སྙིང་ག་ན་རོ་ཙ་ན་ཡོད་དེ། དེ་བླངས་ལ་དཔལ་ཧེ་རུ་
ཀའི་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་བསྟེན་པ་ཙམ་གྱིས་འཇིག་རྟེན་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །དཔག་ཚད་བྱེ་བ་ལྔ་བཅུར་ཉིན་ཞག་གཅིག་གིས་འགྲོ་ཞིང་འོང་བར་

འགྱུར་རོ། །ལྷའི་ལུས་ཀྱང་ཐོབ་པར་འགྱུར་རོ། །དཔལ་ཧེ་རུ་ཀའི་སྙིང་པོ་གང་ཞིག་ཤེས་པ་དེ་གང་དང་གང་འདོད་པ་དེ་དང་དེ་སྟེར་བར་འགྱུར་རོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་སྐྱེ་བ་བདུན་པའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་
ཉེ་བའི་སྙིང་པོ་ནི། །དངོས་གྲུབ་ཐམས་ཅད་འཇུག་བྱེད་ཅིང་། །འཇིག་རྟེན་གསུམ་འགྱུར་གང་ཅུང་ཟད། །དེ་ཀུན་སྐད་ཅིག་གིས་འགྲུབ་བཤད། །ཊཕ་ཧཱུྃ་ཧུྃ་ཧ་ཧ་ཧྲཱིཿཨོཾ། །འདི་ནི་སྙིང་པོའི་ཉེ་བའི་སྙིང་པོའོ། །གསང་སྔགས་འདི་འབུམ་བཟླས་པས་འཇིག་རྟེན་གསུམ་ཡང་
གཡོ་བར་བྱེད་དོ། །ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། དྲི་ཟ་དང་། མིའམ་ཅི་རྣམས་འགུགས་པར་བྱེད་དོ། །རྒྱ་མཚོ་དང་། འབབ་ཆུ་དང་། མཚེའུ་ལ་སོགས་པ་སྐེམས་པའམ། གནོན་པར་བྱེད་དོ། །གང་དུ་བཟླས་པའི་གནས་
དེར་མཁའ་འགྲོ་མ་ཐམས་ཅད་སྒྲུབ་པ་པོའི་མངག་གཞུག་བྱེད་པར་འགྱུར་རོ། །འདིས་ཆུ་ལ་ཡོངས་སུ་བཟླས་ཏེ་བདག་ཉིད་ཀྱི་མིག་བཀྲུས་ན་སྐྱེ་བ་བདུན་པའི་མི་ཤེས་པར་འགྱུར་རོ། །ཚེ་ཟད་པ་ཡང་འཆི་བ་བཞིན་དུ་སྣང་བ་དང་། ཚེ་རིང་བ་གསོན་པར་སྣང་བར་འགྱུར་རོ། །
མིག་ལ་མངོན་པར་བསྔགས་ནས་གང་ལ་བལྟས་པ་དེ་གནོན་པར་འགྱུར་རོ། །དཔའ་བོ་ཤི་བའི་རྐང་མཐིལ་གྱི་པགས་པ་བླངས་ཏེ། མིའི་ཁྲག་དང་བཏགས་ཏེ་རྣ་བའི་མིག་སྨན་དང་ཐོད་པར་བཅུག་ལ་ལྡོང་རོས་དང་། གིའུ་ཝང་དང་། གུར་གུམ་དང་ཁྲག་དང་བསྣོས་ཏེ་གྲིབ་མ་ལ་
བསྐམས་ལ་ལྕགས་གསུམ་གྱིས་དཀྲིས་པ་བྱ་སྟེ། ཡང་དེ་ལྷག་པར་གནས་པ་སྐར་མ་རྒྱལ་ལ་བྱ་བ་ཡང་དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་སྟེ། ཡང་བརྒྱ་རྩ་བརྒྱད་བཟླས་ན་དེ་དེའི་མོད་ལ་མི་སྣང་བར་འགྱུར་ཞིང་གྲིབ་མ་མེད་པར་འགྱུར་ཏེ། ལྷ་
རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་ན། ས་སྟེང་གི་མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ཁ་ལས་བཏོན་ན་ནི་སྣང་བར་འགྱུར་རོ། །རྒྱུད་འདིར་མཁའ་སྤྱོད་གྲུབ་པའི་རིལ་བུ་འདི་ནི་དཔའ་བོ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ། །དཔལ་ཧེ་རུ་ཀའི་སྙིང་པོའི་ཉེ་བའི་

སྙིང་པོའི་སྔགས་འདིས་འཛུབ་མོའི་རྩེས་མགོའི་ཐོད་པའི་ཤ་མེད་པར་བྱས་ལ་མཉེས་ན་དེའི་ཁྲག་འདྲེན་པར་བྱེད་དོ། །གཡོན་པས་ཡང་དང་ཡང་དུ་མཉེས་པས་ནི་འཇུག་པར་འགྱུར་རོ། །མངོན་པར་བཟླས་ཏེ་མགོའི་ཐོད་པར་ཁུ་ཚུར་བསྣུན་ན་གང་གི་མིང་ནས་སྨོས་ཏེ་བྱས་པ་དེའི་ཀླད་པ་
འགས་པར་འགྱུར་རོ། །གསང་སྔགས་རྗེས་སུ་དྲན་ལ་ཐོད་པ་འོ་མས་བཀང་ན་ཉེ་བར་ཞི་བར་འགྱུར་རོ། །གིའུ་ཝང་ལ་བཟླས་ཏེ་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་རྒྱས་བཏབ་པར་འགྱུར་རོ། །མཛུབ་མོ་ལ་ཡོངས་སུ་བཟླས་ཏེ་གང་ལ་སྡིགས་མཛུབ་བྱས་པ་དེ་དེའི་མོད་ལ་
ལྟུང་བར་འགྱུར་རོ། །སྔགས་བཟླས་ནས་རྐང་པ་ས་ལ་བསྣུན་ན་གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །ཆུ་ལ་བཟླས་ཏེ་ས་ལ་གཏོར་ན་སླར་འཚོ་བར་འགྱུར་རོ། །གསང་སྔགས་བཟླས་པའི་མཛུབ་མོའི་རྩེ་མོས་སྟོང་ལ་ཡང་སྡིགས་མཛུབ་བྱས་ན་བལྟས་
པ་དེ་ཐམས་ཅད་གནོན་པར་འགྱུར་རོ། །ཚིག་གིས་ནི་གྲོལ་བར་འགྱུར་རོ། །སྨེ་ཤ་ཅན་གྱི་ཐལ་བ་ལ་བཟླས་བརྗོད་བརྒྱ་བྱས་ཏེ་སེམས་ཅན་གང་རྗེས་སུ་དྲན་པ་དེ་ལ་བསྣུན་པ་དེའི་གཟུགས་འཛིན་པར་འགྱུར་རོ། །སྦྱིན་སྲེག་གི་མེའི་ཐལ་བ་ལ་བཟླས་བརྗོད་བརྒྱ་བྱས་ཏེ་གང་ལ་
བསྣུན་པ་དེ་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་། །ཆུ་ལ་བརྒྱ་བཟླས་པས་གཏོར་ན་སླར་སྣང་བར་འགྱུར་རོ། །ཐོད་པའི་ཕྱག་རྒྱ་ཁ་སྦྱར་བཅིངས་ལ་དབུགས་མི་འབྱིན་པར་གང་གི་མིང་ནས་བཟླས་པ་དེ་སྨྱོ་བར་འགྱུར་རོ། །སྐྱེ་བོ་སྟོང་ཡང་སྨྱོ་བར་འགྱུར་རོ། །ཡིད་ཀྱིས་གྲོལ་བར་འགྱུར་རོ། །
གང་གི་མིང་ནས་སྨོས་ཏེ་གཙུག་པུད་ལ་ལན་བཅུ་བཟླས་ཏེ་མདུད་ན་མཁའ་འགྲོ་མ་ཐམས་ཅད་འགྲོ་བར་འགྱུར་རོ། །ཁང་སྟོང་དུ་སོང་སྟེ་ལན་བརྒྱ་བཟླས་ནས་སྤྱི་བོར་བཅིངས་ལ་མིག་བགྲད་དེ་ཇི་སྲིད་དུ་བཟླས་པ་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །བཀྲོལ་ན་སྣང་བར་འགྱུར་རོ། །གསེག་མ་ལ་
མངོན་པར་བཟླས་ཏེ། སྟེང་དང་འོག་དང་ཕྱོགས་མཚམས་རྣམས་སུ་གཏོར་ན་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱང་འཆིང་བར་འགྱུར་རོ། །མཁའ་འགྲོ་མའི་སྦྱོར་བ་ཐམས་ཅད་ཀྱང་འཕྲོག་པར་འགྱུར་རོ། །

སྟན་དང་མལ་ཁྲི་ལ་སྐྱེས་པ་དང་། བུད་མེད་འདུ་བ་ལ་བལྟས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་འབྱར་བར་འགྱུར་རོ། །ཡིད་ཀྱིས་ནི་གྲོལ་བར་འགྱུར་རོ། །གྱོ་མོག་དང་བཅས་པ་ལ་ཡོངས་སུ་བཟླས་ཏེ་ཆུ་བོར་བཅུག་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་འགྱུར་རོ། །
གྱོ་མོག་དང་བཅས་པ་དེ་ཉིད་ཀྱིས་རྦ་རླབས་གནོན་པར་འགྱུར་རོ། །ཡིད་ཀྱིས་ནི་བཟློག་པར་འགྱུར་རོ། །སྔགས་བཟླས་ཏེ་སྟེང་དུ་བལྟ་བཞིན་དུ་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ། །གཞན་གྱི་དཔུང་མངོན་དུ་ཕྱོགས་ན་བཟླས་བརྗོད་སྟོང་བྱས་ཏེ་གཡུལ་དུ་ཞུགས་པ་ན་མཚོན་ཆ་
བརྒྱས་བསྣུན་ཀྱང་གནོད་པའི་ཚོར་བ་འབྱུང་བར་མི་འགྱུར་ཞིང་མཚོན་གྱིས་ཀྱང་ཆོད་པར་མི་འགྱུར་རོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གོ་ཆའི་ལས་རྣམས་ནི། །
འཇིག་རྟེན་གསུམ་ན་གང་ཡོད་པ། །ཡིད་ལ་འདོད་པ་དེ་དག་ཀུན། །གོ་རིམས་བཞིན་དུ་བཤད་པར་བྱ། །དེ་ལ་གོ་ཆ་ཟློས་བཞིན་དུ་ཡང་ལམ་དུ་ཞུགས་ན་རྐུན་མ་དང་སྟག་གིས་འཇིགས་པར་མི་འགྱུར་བའམ། མི་སྣང་བར་འགྱུར་རོ། །གོ་ཆ་ཟློས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་བུད་མེད་
ཀྱི་གནས་སུ་ཞུགས་ན་ཡང་མི་སྣང་བར་འགྱུར་ཏེ། གང་འདོད་པ་དེ་བླངས་ཏེ་འགྲོ་བར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་། །གོ་ཆའི་སྔགས་བརྒྱ་ཟློས་པའི་ལག་པས་གང་ལ་རིག་པ་དེ་མདུང་བཞིན་དུ་རེངས་པར་འགྱུར་རོ། །སུམ་ཅུ་རྩ་གསུམ་པས་ཀྱང་མི་གཡོའོ། །
སྔགས་ཟློས་པའི་རྐང་པས་བསྣུན་ན་ཐར་བར་འགྱུར་རོ། །རང་གི་ཁྲག་ལ་ལན་གསུམ་བཟླས་ནས་ཐིག་ལེ་བྱས་ལ་གང་དང་ལྷན་ཅིག་སྨྲ་བ་དང་། གང་གིས་མཐོང་ཞིང་གང་མཐོང་བ་དེ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། །གང་གི་ཁྱིམ་དུ་ཁྲོ་བ་དང་བཅས་པས་ལན་སྟོང་བཟླས་
ན་ཐམས་ཅད་ལ་རིམས་ཀྱིས་འདེབས་པར་འགྱུར་རོ། །ཆུ་ལ་ལན་ལྔ་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ། །གང་གི་གདོང་ལ་བལྟས་ཏེ་བཟླས་པ་དེའི་ཚིག་འཕྲོག་པར་འགྱུར་རོ། །འབབ་ཆུའི་འགྲམ་དང་ལྟེང་ཀར་གནས་ཏེ་སྟོང་བཟླས་ན་ཆུའི་སྟེང་དུ་གནས་ཏེ། ཐང་ལ་ཇི་

ལྟ་བ་དེ་བཞིན་དུ་ཆུ་ལའང་དེ་བཞིན་དུ་འགྲོའོ། །ཆུ་ལ་ཞུགས་ན་ཆུ་བོའམ་རྒྱ་མཚོ་ཡང་གནས་སོ། །ལག་པ་གཉིས་དྲིལ་ཕྱིས་བྱས་ལ་ལན་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང་དུ་འགྱུར་རོ། །རྣལ་འབྱོར་མ་ནི་སྣ་ཚོགས་གཟུགས། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །ཁཎྜ་
རོ་ཧཱ་དེ་བཞིན་ཏེ། །གཟུགས་ཅན་མ་རུ་རབ་གྲགས་པ། །དེ་ལ་སོགས་པའི་རྣལ་འབྱོར་མ། །དེ་ཀུན་དེ་ཡི་དབང་དུ་འགྱུར། །སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་ལ། དེ་གྱོན་པའི་ལུས་ཀྱིས་རྣལ་འབྱོར་མ་མཉམ་པར་བཞག་པས་སྟོང་ཕྲག་བཅུ་བཟླས་ན་དེའི་འོག་ཏུ་འགྲུབ་
པར་འགྱུར་རོ། །དེ་གྱོན་པའི་ལུས་ཀྱིས་དཔག་ཚད་སྟོང་གི་བར་དུ་ནམ་མཁར་མི་སྣང་བར་འགྱུར་རོ། །གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ། །དེས་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་སུ་འགྲོ་བར་འགྱུར་རོ། །སྟེང་གི་རྒྱུད་དུ་འགྲོ་བར་འགྱུར་རོ། །དབང་པོ་གང་དང་གང་ལམ་
གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ་བཟླས་བརྗོད་སྟོང་བྱས་ཏེ་གང་ལ་ཐིག་ལེ་བྱས་པ་དེ་ཤིང་དུ་འགྱུར་རོ། །ཆུ་ལ་ལན་བདུན་བཟླས་པས་གཏོར་ན་
འདི་ནི་སླར་འཚོ་བར་འགྱུར་རོ། །གླང་པོ་ཆེའི་རྐང་མཐིལ་དང་བསྒྲུབ་བྱའི་རྡུལ་བླངས་ཏེ་བཟླས་བརྗོད་སྟོང་བཟླས་ནས་གང་ལ་བསྣུན་ན་དེ་གླང་པོ་ཆེར་འགྱུར་རོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་གོ་ཆའི་སྔགས་ཀྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ།། །།བོང་བུའི་
རྣམ་པའི་རྣལ་འབྱོར་བདག །ཡིད་ཀྱི་ཤུགས་ནི་བཟློག་བྱའི་ཕྱིར། །གང་གིས་སྒྲུབ་པོ་འགྲུབ་པ་ཡི། །སྒྲུབ་པ་དེ་ནས་བཤད་པར་བྱ། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །ཁཎྜ་རོ་ཧེ་འདོད་གཟུགས་ཅན། །བོང་བུའི་རྣམ་པ་ཁྲག་འཛག་ཞལ། །མཁའ་འགྲོ་རྩེ་གསུམ་ལག་ན་
ཐོགས། །བསྒྲུབས་ན་ཚེ་ཟད་པ་དང་ནི། །ཚེ་རིང་བ་ཡང་སྣང་བ་ཡིན། །འདིར་ནི་བོང་བུའི་རྣལ་འབྱོར་བདག །དེ་བཞིན་བོང་བུར་མཐོང་བ་ཡིན། །གླང་པོ་ཉིད་དུ་སྔོན་དུ་གང་། །མཐོང་སྟེ་གླང་པོའི་གཟུགས་ཅན་ཡིན། །གང་དང་གང་གི་སྐྱེ་བ་གང་། །སྔོན་གྱི་སྐྱེ་བར་གྱུར་པ་

དག །དེ་དང་དེ་ཡི་གཟུགས་སྣང་བར། །རྣལ་འབྱོར་པས་ནི་འདིར་མཐོང་འགྱུར། །སྔོན་ནས་སྐྱེ་བ་བདུན་དུ་ནི། །གྲུབ་པ་སྟེར་བ་ཡོད་གྱུར་ན། །དེ་ཡིས་གཏོར་མའི་བྱ་བ་དག །བྱས་ནས་སྒྲུབ་པོས་འགྲུབ་པར་འགྱུར། །དེ་བཞིན་དཔག་ཚད་བརྒྱ་ཕྲག་ནི། །
སྟོང་གི་སྟེང་དུ་སྐད་ཅིག་འགྲོ། །འདི་ནི་རྣལ་འབྱོར་སྔགས་མཆོག་གཙོ། །མཁའ་འགྲོ་མ་ཡི་སྦྱོར་སྒྲུབ་བྱེད། །རྣལ་འབྱོར་མཚན་མས་གང་ཟློས་པ། །ཟླ་བ་གཅིག་གིས་འགྲུབ་པར་འགྱུར། །དེ་ནི་གསང་བའི་རྒྱུད་འདི་ཡི། །སྔགས་ཀྱི་སྙིང་པོ་དགེ་བ་ཡིན། །དེ་ཉིད་མཆོག་
ཤེས་གང་དེ་འདིར། །རྣལ་འབྱོར་པ་རུ་ཐེ་ཚོམ་མེད། །མཁའ་འགྲོ་དྲ་བའི་སྡོམ་པར་ནི། །དེ་དག་ཐམས་ཅད་བརྗོད་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དཔལ་ཧེ་རུ་ཀ་བོང་བུའི་རྣམ་པར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་སྡོམ་པ་རྣམས་
ལ་ནི། །གང་ཞིག་བརྡར་གྱུར་ཤེས་པ་དག །དེ་ཉིད་ཀྱིས་དེ་གྲུབ་པ་ནི། །ཐེ་ཚོམ་མེད་པར་བཤད་པར་བྱ། །ཌཱ་ཞེས་བྱ་བ་སྐྱེས་བུར་བཤད། །ཌཱི་ཞེས་བྱ་བ་བུད་མེད་ཡིན། །པཱུ་ཞེས་བྱ་བ་གནོན་པ་ཡིན། །སཱུ་ཞེས་བྱ་བ་ཟ་བ་ཡིན། །མཱ་ཞེས་བྱ་བ་མ་རུ་བཤད། །ཡཱ་ཞེས་བྱ་བ་ཆུང་
མ་ཡིན། །བྷཱི་ཞེས་སྲིང་མོ་དེ་བཞིན་ཏེ། །བཱི་ཞེས་བྱ་བ་མཛའ་མོར་བཤད། །ལུ་ཞེས་བྱ་བ་བུ་མོ་ཡིན། །ཤྲཱི་ཞེས་ཁྲག་ཏུ་ཤེས་པར་བྱ། །སོ་ཞེས་ཞི་བའི་བཏུང་བ་ཡིན། །པེ་ཞེས་དེ་བཞིན་བཏུང་བ་སྟེ། །ཧེ་ཞེས་བྱ་བ་དེ་བཞིན་ཤ །བྷ་ཞེས་བྱ་བ་ཟ་བ་ཡིན། །བྷུ་ཞེས་བྱ་བ་འདྲེས་པ་
ཡིན། །པཱི་ཞེས་དུར་ཁྲོད་དེ་བཞིན་ཏེ། །དྷུ་ཞེས་བྱ་བ་རོ་རུ་ཤེས། །བྷཱི་ཞེས་རྣལ་འབྱོར་མ་རུ་བཤད། །ག་ཞེས་དེ་བཞིན་ལཱ་མ་ཡིན། །སྟྲི་ཞེས་བྱ་བ་གཟུགས་ཅན་མ། །ཀུ་ཞེས་དེ་བཞིན་མཁའ་འགྲོ་མ། །ཧ་ནི་ཁཎྜ་རོ་ཧཱ་ཉིད། །ཛ་ཞེས་བྱ་བ་བྱིན་པ་གཉིས། །ཀ་ཞེས་བྱ་བ་དཔུང་
པ་ཟུང་། །བྷ་ཞེས་བྱ་བ་གསོང་པོར་སྨྲ། །སཱ་ཞེས་ལེགས་འོངས་བྱ་བ་ཡིན། །མི་ཞེས་བྱ་བ་ཉ་ཡིན་ལ། །བ་ཞེས་བྱ་བ་ཟ་བ་ཡིན། །པེ་ཞེས་བྱ་བ་བཏུང་བ་བཏུང་། །གྷ་ནི་བགྲོད་དང་བགྲོད་མིན་ཡིན། །ཀཱ་ཞེས་བྱ་བ་འདོད་པ་ཡིན། །ས་ཞེས་བྱ་བ་གཞན་མི་འགྲོ། །ར་ཞེས་

བྱ་བ་ཁྱོ་མེད་མོ། །ངུ་ཞེས་བྱ་བ་སྤྱོད་ངན་མོ། །སུ་ཞེས་བྱ་བ་སྐལ་བཟང་མ། །ན་ཞེས་བྱ་བ་སྐལ་ངན་མ། །ས་ཞེས་བྱ་བ་དམ་ཚིག་ཅན། །ཨ་ཞེས་བྱ་བ་དམ་ཚིག་མེད། །ཨཱ་ཞེས་བྱ་བ་འོངས་པ་ཡིན། །ན་ཞེས་བྱ་བ་མ་འོངས་ཡིན། །སོ་ཞེས་བྱ་བ་ཆགས་པ་ཡིན། །འདི་དག་
ནི་ཡི་གེ་རེ་རེའི་བརྡ་ཡིན་ཏེ། དཔའ་བོ་དང་སྲིང་མོར་འདུ་ཤེས་པར་བྱེད་པ། གུས་པ་དང་མི་གུས་པ་ལ་སྦྱིན་པར་བྱ་བ་དམ་ཚིག་གི་མཆོག་ཡིད་དུ་འོང་བ་ཕན་འདོགས་པར་བྱེད་པ་སྟེ་གུས་པ་ལ་སྦྱིན་པར་བྱ་བའོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཡི་གེའི་བརྡའི་ཆོ་གའི་
ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་སྐལ་ལྡན་སྐལ་ལྡན་མིན། །མདོར་བསྡུས་ནས་ནི་རབ་བཤད་བྱ། །དམ་ཚིག་མདོག་ལ་གནས་པ་སྟེ། །སྐལ་ལྡན་ཡིད་འོང་ཕན་འདོགས་བྱེད། །གུས་པ་ཉིད་ལ་རབ་སྦྱིན་བྱ། །དེ་ནས་རིགས་ཀྱི་དབྱེ་གཟུང་ན། །དཔའ་དང་གཉིས་མེད་
རྣལ་འབྱོར་མ། །གང་གིས་ཤེས་པ་ཙམ་གྱིས་ནི། །སྒྲུབ་པོ་དངོས་གྲུབ་ཐོབ་འགྱུར་བའོ། །བུད་མེད་པད་རྩ་ལྟར་དཀར་གང་། །པདྨའི་འདབ་ལྟར་དཀྱུས་རིང་མིག །རྟག་ཏུ་གོས་ནི་དཀར་ལ་དགའ། །ཙནྡན་སར་པའི་དྲི་དང་ལྡན། །བདེ་གཤེགས་པ་འདུས་ཉིད་ལ་དགའ། །
དེ་རིགས་རུས་བྱུང་ཤེས་པར་བྱ། །ཕུད་གང་བཙོ་མའི་གསེར་འདྲ་ཞིང་། །དམར་དང་སེར་བའི་གོས་ལ་དགའ། །ཛཱ་ཏི་ཙམ་པའི་དྲི་དང་ལྡན། །དེ་ནི་དཔའ་བོའི་རྗེས་འགྲོར་འགྱུར། །གང་ཞིག་ཨུཏྤལ་ལྟར་སྔོ་བསངས། །གོས་ནི་སྔོན་པོ་འཛིན་ལ་དགའ། །ཨུཏྤལ་སྔོན་པོར་
སྣང་བའི་དྲི། །དེ་ནི་དཔའ་བོ་དྲན་རྗེས་འགྲོ། །བུད་མེད་གང་ཞིག་མཛེས་མ་སྟེ། །པགས་པ་པད་དཀར་འདབ་འདྲ་མ། །རྟག་ཏུ་པདྨའི་རྩ་བའི་དྲི། །དེ་ནི་དེ་བཞིན་དཔའ་བོའི་བློ། །དམར་ཞིང་དཀར་བའི་བུད་མེད་གང་། །གཟུགས་བཟང་ཁ་ནི་དམར་བ་དང་། །མཱ་ལི་ཀ་
དང་ཨུཏྤལ་དྲི། །དེ་ནི་རྡོ་རྗེའི་རིགས་བྱུང་ཡིན། །སེར་ཞིང་ལྗང་བའི་བུད་མེད་གང་། །གོས་ནི་དཀར་པོ་འཆང་བར་དགའ། །མགོ་ལ་མེ་ཏོག་དྲི་དང་ལྡན། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན། །བུད་མེད་གང་ཞིག་ཁ་དོག་དམར། །དེ་ཡི་མདོག་གི་གོས་འཆང་ཞིང་། །

རྟག་ཏུ་ག་བུར་དྲི་དང་ལྡན། །རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཡིན། །རྣལ་འབྱོར་མ་ཡི་རིགས་རྣམས་ནི། །དེ་ལྟར་བདུན་པོ་ངས་བཤད་པ། །གཡོན་པའི་ཀུན་སྤྱོད་ལ་རྟག་དགའ། །འདི་དག་རང་རྒྱའི་མདོག་གིས་ཁྱབ། །རིགས་ཀྱི་རིག་པའི་ཡི་གེ་ཡང་། །
རིགས་ཀྱི་རྗེས་སུ་འདིར་འགྱུར་བ། །འདི་ལ་ཁ་དོག་དྲུག་ཏུ་འགྱུར། །རང་གི་ཕྱག་རྒྱ་འཆིང་བ་དང་། །རང་རིགས་ལས་བྱུང་ཚིག་ཏུ་སྨྲ། །གཡོན་ནས་འགྲོ་བའི་བུད་མེད་གང་། །རྣལ་འབྱོར་མ་ལའང་གཡོན་ལ་བརྟག །སྐད་ནི་ཆེན་པོར་རབ་སྨྲ་བ། །གཡོན་ནས་ལྟ་བས་
རྣམ་པར་བལྟ། །བུད་མེད་རྣམས་མཐོང་རབ་སྨྲ་བ། །དེ་ནི་དམ་ཚིག་ལྡན་པར་བཤད། །བུད་མེད་རྣམས་གང་གསོལ་བཏབ་བྱེད། །རིགས་ཀྱི་ས་བོན་རབ་ཏུ་སྨྲ། །རིགས་ཀྱི་བྱ་བ་མི་འདོར་ཞིང་། །རང་གི་གཙུག་ལག་ཚིག་མི་སྤོང་། །རང་གི་རིགས་ཀྱི་རིག་པ་ཟློས། །
དེ་ནི་དམ་ཚིག་ལྡན་པར་བརྗོད། །ཕྱག་འཚལ་བ་ནི་གང་འཆིང་བ། །གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད། །ལྷ་མོ་རྣམས་དང་ཀུན་སྨྲ་བ། །དེ་ནི་ངེས་པར་བདེན་པར་འགྲོ། །མཐེ་བོ་གཡོན་པས་ས་ལ་ནི། །རྐང་པས་རི་མོ་འདྲི་བྱེད་ཅིང་། །མགོ་ནི་འཕྲུག་པར་བྱེད་པ་
སྟེ། །ཟུར་གྱིས་བལྟ་ཞིང་ལག་གཡོན་གྱིས། །སྒྲུབ་པ་པོ་ལ་ཁྱད་པར་དུ། །དེ་ཡི་རང་རིག་དྲན་པའོ། །མཁུར་བའམ་ཀོ་སྐོ་དག་དང་ནི། །སྣ་དག་ཏུ་ནི་སོར་མོར་སྟོན། །ཟུར་གྱིས་བལྟ་ཞིང་ལན་ཅིག་སྔགས། །བཟླས་ནས་རིག་ལ་རྣམ་པར་བལྟ། །བདེན་པར་འགྲོ་བའི་
རྣལ་འབྱོར་མ། །ངེས་པར་དམ་ཚིག་ཅན་ཡིན་ནོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མའི་མཚན་ཉིད་ངེས་པར་བརྟག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྙེད་དཀའ་རྣལ་འབྱོར་མ། །དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི། །བདུད་རྩི་ལྔ་རྣམས་ཡང་དག་
འབྱུང་། །ཡ་མི་ནཱི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་མ་མཛེས་མ་དག །བྷ་སུ་ར་མཁའ་འགྲོ་རྣམས་བདུན། །བསྡུས་མ་རང་མཚན་ཉིད་འདིར་བཤད། །གཟུགས་ཅན་མ་དང་ཙུམ་པི་ཀཱ། །ལཱ་མ་ཡོངས་གྱུར་བྱིས་བཅས་མོ། །

མི་ལྡོག་ཨེ་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་བདུན་དུ་བཤད། །མངོན་པར་ཞེན་པས་ལྟ་བ་དང་། །སྨིན་མ་འདེགས་པར་གར་བྱེད་ཅིང་། །སྔོན་གྱི་གཟུགས་ནི་སྡུད་བྱེད་གང་། །ཕྱིས་ནི་འཇིག་པར་བྱེད་པ་ཡིན། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོ་གཉིས་མེད་
བསྟན་པར་བྱ། །གྲུང་བའམ་ཡང་ན་མི་གྲུང་བ། །བྱིས་པ་འཁྱུད་ཅིང་ཙུམ་པ་ན། །དེ་ནི་ཙུམ་བི་ཀར་ཤེས་བྱ། །མཁའ་འགྲོ་སྡིག་པ་འཇོམས་མ་ཡིན། །ཟུར་བལྟ་གདོང་ལ་ཁྲོ་གཉེར་ལྡན། །སྨིན་མ་སྒྱུར་ཞིང་སྡིགས་མཛུབ་དང་། །དབུགས་འབྱིན་འཇིགས་པར་བྱེད་གང་ཡིན། །
འདི་ན་གཞན་ཡང་དབུགས་མི་འབྱིན། །འཇིགས་པར་བྱེད་པ་གང་ཡིན་པ། །དེ་ནི་ལཱ་མ་ཡིན་པར་བསྟན། །ཕག་དང་དྲེད་དང་བྱིལ་དང་། །ཅེ་སྤྱང་ར་དང་རྟ་དག་དང་། །ཐམས་ཅད་དེར་ནི་འཇིགས་བྱེད་པ། །ཡོངས་སུ་གྱུར་པར་དེ་བཤད་དོ། །ཤིན་ཏུ་དགའ་བས་
རྒོད་པ་དང་། །སོང་ནས་སླར་ཡང་མི་ལྡོག་པ། །རྗེས་སུ་ཆགས་པས་གསོལ་བར་འདོད། །ཁཎྜ་རོ་ཧཱར་དེ་བཤད་དོ། །ཡིད་ནི་བྱུང་བས་ལག་པའམ། །བོང་བའམ་ནི་རྐང་པས་སམ། །གོས་མཐའ་འམ་ཡང་ན་ཤིང་དག་གིས། །དེས་རེག་པ་ནི་འཚོ་མི་འགྱུར། །མི་
ལྡོག་པར་ནི་ཤེས་བྱ་སྟེ། །བསྒྲུབ་བྱ་མིན་པར་དེ་ལ་བརྗོད། །རྒོད་སྨྲ་རྒྱུ་མེད་པ་རུ་ནི། །ངུ་ཞིང་རབ་ཏུ་ཁྲོས་པ་སྟེ། །དེ་ནི་ཨེ་ཧི་ཀར་དྲན་བྱ། །ལྷ་མོ་གསོང་པོར་སྨྲ་བ་ཡིན། །སངས་རྒྱས་པ་དང་རྟག་ཏུ་སྨྲ། །དེ་ཉིད་རྡོ་རྗེའི་རིགས་ལས་བྱུང་། །མཁའ་འགྲོ་མ་ཡི་རིགས་
ཕྱག་རྒྱ། །དཔའ་བོས་བསྟེན་ཕྱིར་མཚོན་པར་བྱ། །ཐོད་པ་དགྲ་སྟ་མཆེ་བ་དང་། །འཁོར་ལོ་རྡོ་རྗེ་རྒྱལ་མཚན་དང་། །རལ་གྲི་ཀུན་ཏུ་སྐྲག་བྱེད་ཉིད། །དུང་དང་བརྒྱད་དུ་ཤེས་པར་བྱ། །རིགས་ཀྱི་ཕྱག་རྒྱ་ཡིན་པར་བཤད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་
མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་བརྗེ་བ་དང་ཕྱག་མཚན་དང་ཕྱག་རྒྱ་བསྟན་པའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་མཆོག་གི་གོ་འཕང་ནི། །གང་གིས་ཡང་དག་ཤེས་པ་ཡིས། །མཁའ་འགྲོའི་དམ་ཚིག་ལ་གནས་

པའོ། །དམར་ཞིང་སེར་བའི་བུད་མེད་གང་། །པདྨའི་དྲི་ནི་རྣམ་པར་གཏོང་། །ལྟ་སྟངས་རང་བཞིན་ཞི་བ་དང་། །ཞེན་པར་བལྟ་བའི་རྗེས་འགྲོ་བ། །བུད་མེད་གང་ཞིག་སེར་མོ་དམར། །དེ་བཞིན་སྐྱེ་བོ་ཀུན་ལ་བརྩེ། །ཁྱིམ་དུ་པདྨ་འདྲི་བ་ནི། །པདྨ་གར་དབང་
རིགས་བྱུང་ཡིན། །སྨིན་མའི་དབུས་ན་རྩེ་གསུམ་ཡོད། །ལུས་ཀྱི་མདོག་ནི་སྐྱ་བསངས་དང་། །རྟག་ཏུ་རྡོ་རྗེ་རིགས་སྒོམ་པ། །གང་གི་ཁྱིམ་དུ་རྡོ་རྗེ་འདྲི། །རྟག་པར་མཆོད་པ་བྱེད་པ་ཡི། །མཁའ་འགྲོ་མ་དེ་དཔལ་ལྡན་ནི། །ཧེ་རུ་ཀ་ཡི་རིགས་བྱུང་ཡིན། །གང་གི་དཔྲལ་བར་རྩེ་གསུམ་ནི། །
མདུང་ཐུང་དག་ཀྱང་སྣང་འགྱུར་ཞིང་། །མིག་དམར་མདོག་ནི་དམར་སེར་ཡང་། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་ལ་ཡང་། །རྟག་ཏུ་ཡིད་ནི་དགར་གྱུར་ཅིང་། །དེ་ཡི་ཁྱིམ་དུ་རྡོ་རྗེའི་མཚན། །རྟག་ཏུ་གང་ཞིག་མཆོད་བྱེད་པ། །ཤྲཱི་ཧེ་རུ་ཀའི་གཟུགས་ལས་བྱུང་། །མཁའ་
འགྲོ་ཡིན་པར་གདོན་མི་ཟ། །འཁོར་ལོ་གང་གི་དཔྲལ་བ་འམ། །ལག་པར་ཡང་ནི་སྣང་གྱུར་པ། །སྤྲིན་སྔོན་དག་དང་འདྲ་བ་སྟེ། །རྟག་ཏུ་དཔྲལ་བར་དར་འཆིང་བ། །སྐལ་བ་ཆེན་པོར་ཀུན་ཚོགས་ཤིང་། །མཆོག་ཏུ་བདེ་བ་གང་ཡིན་དང་། །ཁྱིམ་དུ་འཁོར་ལོ་འདྲི་བྱེད་ཅིང་། །རྟག་ཏུ་དེ་
ལ་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བའི། །མཁའ་འགྲོ་མ་ཡི་སྟོབས་ཀྱིས་དྲེགས། །གང་ཞིག་སྨིན་མ་སྣག་འདྲ་ཞིང་། །སོ་ནི་དཀར་ཞིང་མཐོ་བ་དང་། །གཡོན་པ་རྟག་ཏུ་མ་རུངས་པ། །སྙིང་སྟོབས་ལྡན་པར་གྱུར་པ་དང་། །རྟག་ཏུ་ཁྲུས་ལ་དགའ་བ་དང་། །མང་དུ་སྨྲ་བར་མི་བྱེད་
ཅིང་། །ཁྱིམ་དུ་རྡོ་རྗེ་འདྲི་བ་དང་། །རྟག་ཏུ་དགེ་བས་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བ། །སྟོང་ཕྲག་བཅུ་དང་ལྡན་པ་ཡིན། །སེར་ཞིང་གསེར་གྱི་མདོག་འདྲར་སྣང་། །མིག་མི་གཡོ་ཞིང་ཁ་སྤུ་སེར། །རྡོ་རྗེ་གང་གི་དཔྲལ་བའམ། །ལག་པར་ཡང་ནི་སྣང་གྱུར་པ། །རྟག་ཏུ་
རྒྱལ་སྲིད་དག་ལ་གནས། །བསྙེམས་ཤིང་བདེན་པར་སྨྲ་བ་དང་། །མཱ་ལི་ཀ་ཡི་དྲི་བྱུང་ཞིང་། །གང་གི་ཁྱིམ་དུ་རྡོ་རྗེ་ནི། །རྟག་ཏུ་འདྲི་ཞིང་ཆེར་མཆོད་པ། །ཁཎྜ་རོ་ཧཱའི་རིགས་ལས་བྱུང་། །རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག །གང་ཞིག་རྟག་པར་ཤ་ལ་དགའ། །སྐེམ་ཞིང་མིག་སྨན་ནག་པོའི་

མདོག །དཔྲལ་བར་མདུང་རྩེ་ལྟ་བུ་ཡོད། །གང་ཞིག་གདུག་པའི་ལས་ལ་དགའ། །རྟག་ཏུ་དུར་ཁྲོད་དག་ཏུ་འགྲོ། །འཇིགས་པ་མེད་ཅིང་རྩོག་མེད་དེ། །གང་གི་དཔྲལ་བར་ཐིག་ལེ་དང་། །ཁྱིམ་དུ་ཐོད་པ་འདྲི་ཞིང་མཆོད། །དཔལ་ལྡན་ཧེ་རུ་ཀ་དེ་ཡི། །མཁའ་འགྲོའི་རིགས་ལས་བྱུང་བ་
ཡིན། །སྤྲིན་གྱི་མདོག་འདྲའི་བུད་མེད་གང་། །སོ་ནི་མི་མཉམ་པར་གནས་ཤིང་། །རྟག་ཏུ་གདུག་པའི་ལས་ལ་དགའ། །གཡོན་གྱི་མཆེ་བ་གཙིགས་པ་དག །དེ་ཡི་ཁྱིམ་དུ་དགྲ་སྟ་ནི། །འདྲི་ཞིང་རྟག་ཏུ་མཆོད་བྱེད་པ། །རྣམ་པར་འདྲེན་པའི་རིགས་བྱུང་བའི། །མཁའ་འགྲོ་ཡིན་པར་
ཐེ་ཚོམ་མེད། །མཁའ་འགྲོ་མ་ཡི་ཚོགས་འདི་དག །ཤྲཱི་ཧེ་རུ་ཀའི་རིགས་ལས་བྱུང་། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བའི་མཚན་ཉིད་སྤྲུལ་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཁ་དོག་གི་མཚན་ཉིད་དང་། མཚན་མའི་ངེས་པའི་ཆོ་གའི་ལེའུ་
སྟེ་བཅྭ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལཱ་མ་ཡི་ནི་ཁྱད་པར་དུ། །སྒྲུབ་པོ་གང་གིས་ཡན་ལག་གི། །ཆ་ཤས་ཡང་དག་ཤེས་པའོ། །གང་གི་བཞིན་ནི་ཡོངས་རྒྱས་པར། །ཀུན་ནས་ཟླུམ་པོར་སྣང་འགྱུར་ཞིང་། །ཁ་ཡི་སྨ་ར་རྟག་པར་ཡོད། །སྤུ་དང་སྨིན་མ་རིང་བ་དང་། །
གོས་བཟང་གཙང་ཞིང་ཞི་བ་དང་། །མི་གཡོ་བདེན་པར་སྨྲ་བ་དང་། །རྟག་ཏུ་དམ་པའི་ཆོས་ལ་དགའ། །དེ་ནི་དཔའ་བོའི་སྲིང་མོར་བཤད། །པདྨའི་ཕྱག་རྒྱ་སྦྱིན་བྱ་བ། །ཡང་ན་རུ་སྦལ་ཕྱག་རྒྱ་བྱ། །པགས་པ་རིལ་པ་སྤྱི་བླུགས་ཉིད། །ཕྱག་རྒྱའི་ལན་དུ་བརྗོད་པ་ཡིན། །དེ་ནི་ཚེས་བཅུའི་དུས་ཚིགས་
ལ། །ཁྱིམ་དུ་པདྨ་འདྲི་བར་འགྱུར། །ལཱ་མའི་བུད་མེད་རྣམས་ཀྱི་ནི། །མཚན་ཉིད་གྱུར་པ་འདི་དག་ཡིན། །མཆུ་གཉིས་གློ་ཞིང་མིག་དཀྱུས་རིང་། །མིག་ནི་དམར་ཞིང་སེར་སྐྱར་གནས། །ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཅན། །དཀར་ཞིང་ཙམ་པ་ལྟ་བུར་སྣང་། །ཤིན་ཏུ་རིང་མིན་ཐུང་བའང་
མིན། །སྣ་ཚོགས་པ་ཡི་གོས་ལ་དགའ། །དཔྲལ་བར་རི་མོ་གསུམ་ཡོད་ཅིང་། །མཚམས་ན་གྱེན་དུ་བསྟན་པ་ལས། །རྒོད་ཅིང་དགའ་བ་ཉིད་དག་དང་། །ལམ་ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་འཆི་བ་རྣམས་ཀྱི་ནི། །གཏམ་དག་ལ་ནི་རྟག་ཏུ་དགའ། །དེ་ལྟར་རབ་དྲེགས་མཐོང་ནས་

ནི། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །རྐང་པ་གཡོན་པ་བསྐུམ་པ་ཡི། །གར་ཉིད་ཀྱང་ནི་བསྟན་པར་བྱ། །གཡོན་པ་དག་ནས་ཡོངས་བཟློག་པ། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དང་ནི་ཚེས་བརྒྱད་ནི། །དེ་ཡི་དུས་ཚིགས་ཡིན་པར་བཤད། །ཁྱིམ་དུ་མདུང་རྩེ་གསུམ་
པ་ཡང་། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །གང་གི་མཁུར་ཚོས་དག་ཏུ་ནི། །ཁུང་བུར་སྣང་བའང་གནས་གྱུར་ཅིང་། །དེ་བཞིན་རྟག་ཏུ་དམར་ཞིང་སེར། །མིག་ནི་ལྗང་སེར་དག་ཏུ་སྣང་། །སྐྲ་ནི་དེ་བཞིན་འཁྱིལ་བ་དང་། །
མགོ་དང་དཔྲལ་བར་དར་བཅིངས་སྣང་། །རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་མགྲིན་པ་རིང་བ་དང་། །རྟག་ཏུ་གོས་དམར་ལ་དགའ་ཞིང་། །རྒོད་ཅིང་གླུ་ནི་ལེན་པ་ཉིད། །གློ་བུར་དུ་ནི་ཁྲོ་བ་དང་། །སེམས་ནི་རྣམ་པར་གཡོ་བ་དང་། །རྩོད་པ་ལ་ནི་དགའ་བ་སྟེ། །འདི་འདྲའི་རབ་
དྲེགས་མཐོང་ནས་ནི། །མདུང་གི་ཕྱག་རྒྱ་རབ་སྦྱིན་བྱ། །གཉིས་པ་ཉིད་ནི་འབད་པ་ཡིས། །དྲིལ་བུའི་ཕྱག་རྒྱ་རབ་སྦྱིན་བྱ། །གཡོན་གྱི་ཕྱོགས་སུ་བཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །ཐུང་ཞིང་བྱིན་པ་སྦོམ་པ་དང་། །རྟག་ཏུ་གོས་སེར་ལ་དགའ་ཞིང་། །ཕྲག་པ་དག་ནས་
གོས་ཀྱང་འཕྱང་། །དེ་འདྲའི་བུད་མེད་མཐོང་ནས་ནི། །འཁོར་ལོའི་ཕྱག་རྒྱ་བསྟན་བྱ་ཞིང་། །འབད་པ་ཡིས་ནི་གཉིས་པ་ཡང་། །དུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་བཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དེ་ཡི་དུས་ཡིན་ཏེ། །དེ་ཡི་ཁྱིམ་དུ་
རྡོ་རྗེ་འདྲི། །ཤྲཱི་ཧེ་རུ་ཀ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །ལུས་ཀུན་ལ་ནི་བ་སྤུ་ཡོད། །མིག་ནི་གནས་ཅིང་སེར་བ་དང་། །སྦོམ་ཞིང་རྣམ་འགྱུར་མི་བཟད་པ། །བཞིན་འཕེལ་ཆེ་ཞིང་ཁ་ཆེ་ལ། །གསུས་པ་གློ་ཞིང་ཁ་དོག་གནག །མིག་ཟླུམ་སྣ་ནི་ཉམས་པ་དང་། །རྟག་ཏུ་
གླུ་ལ་མཁས་པ་དང་། །སྤྲིན་གྱི་མདོག་ཅན་ཡིད་འཕྲོག་པ། །འདི་འདྲའི་རབ་དྲེགས་མཐོང་ནས་ནི། །ཀླུ་ཡི་ཕྱག་རྒྱ་བསྟན་པར་བྱ། །གཉིས་པ་ཡང་ནི་འབད་པ་ཡིས། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་བཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །དེ་ཡི་དུས་

ཚིགས་བཅུ་གཅིག་སྟེ། །ཁྱིམ་དུ་མཆེ་བ་འདྲི་བར་བྱེད། །རྡོ་རྗེ་ཕག་མོ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་
བ། །ལག་པ་གཡོན་གྱི་བརྡ་རྣམས་ནི། །གང་གིས་ཤེས་པས་ཡང་དག་པར། །མིང་སྲིང་དུ་ནི་དེ་བཞིན་འགྱུར། །གང་གིས་ལག་གཡོན་སྟོན་པ་ནི། །གསོང་པོར་སྨྲ་ཞེས་སྟོན་པ་ཡིན། །གང་ཞིག་སྲིན་ལག་སྟོན་པ་ནི། །གསོང་པོར་སྨྲ་བའི་ལན་འགྱུར་ཡིན། །གང་ཞིག་ལྟོ་བ་རྡེབས་
པ་ནི། །བདག་ཉིད་བཀྲེས་པར་སྟོན་པ་ཡིན། །གང་ཞིག་དཔྲལ་བ་སྟོན་པ་ནི། །ནམ་མཁའ་ལས་ནི་འོངས་ཞེས་པའོ། །གང་ཞིག་ཁར་ནི་སོར་མོ་འཇུག །ཟོས་ཟིན་ཞེས་ནི་སྨྲ་བ་ཡིན། །གང་ཞིག་ལྕེ་ནི་བསྐྱོད་པ་དག །ཟའོ་ཞེས་ནི་སྨྲ་བ་ཡིན། །གང་ཞིག་པུས་མོ་ལ་རེག་པ། །
ངལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་སོར་མོའི་རྩེ་ལ་རེག །ངལ་སོས་ཞེས་ནི་སྨྲ་བ་ཡིན། །གང་ཞིག་སོ་ནི་འཆའ་བྱེད་པ། །བཟའ་ཡི་ཞེས་ནི་སྟོན་པ་ཡིན། །གང་ཞིག་པ་ཏི་ས་སྟོན་པ། །དེ་ལྟར་གྱིས་ཞེས་སྟོན་པ་ཡིན། །གང་ཞིག་ཁྲོ་གཉེར་སྟོན་པ་ནི། །བཅིངས་སོ་ཞེས་ནི་སྟོན་པ་
ཡིན། །གང་ཞིག་མཁའ་ལྡིང་སྟོན་པ་ནི། །གྲོལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་ཁུ་ཚུར་སྟོན་པ་ནི། །དེ་ལ་པ་ཏིས་བསྟན་བྱ། །རྣམ་པར་འགྱུར་བ་བལྟས་ནས་ནི། །གང་ཞིག་སྐྲ་ནི་སྟོན་པ་ལ། །ཁ་ཊྭཱཾ་ག་ནི་དེ་ལ་བསྟན། །གང་ཞིག་ཡན་ལག་བསྐྱོད་པ་དང་། །དེ་ལ་མཆེ་
བ་གཉིས་བསྟན་བྱ། །གང་ཞིག་ལག་པས་ལག་པ་སྟོན། །གཏོར་མ་ཟ་ཞེས་སྨྲ་བ་ཡིན། །གང་ཞིག་ལག་པ་གཡས་པ་སྟོན། །དེ་ལྟར་གྱིས་ཞེས་སྨྲ་བ་ཡིན། །གང་ཞིག་རྣ་བ་ལ་རེག་པ། །གནས་པར་བྱ་ཞེས་སྟོན་པ་ཡིན། །གང་ཞིག་སེན་མོས་སེན་མོ་རེག །ཤི་ཡིས་ཁྱེར་
ཞེས་སྨྲ་བ་ཡིན། །གང་ཞིག་ས་འདྲི་དཀྱིལ་འཁོར་དུ། །དེ་རིང་འཇུག་ཅེས་སྨྲ་བ་ཡིན། །གང་ཞིག་ནུ་མ་ལ་རེག་པ། །བདག་གི་བུ་ནི་སྲུངས་ཞེས་སྨྲ། །གང་ཞིག་གཡོན་མ་ཐེབས་ལ་འདྲི། །བླ་མའི་སྐྱེ་བོས་ང་སྲུངས་སྨྲ། །གང་ཞིག་མིག་ནི་རྣམ་འཛུམས་བྱེད། །དེ་ལྟར་བྱོས་ཞེས་

སྨྲ་བ་ཡིན། །གང་ཞིག་ཚིགས་ལ་རེག་པ་ནི། །བདེ་བར་ཉལ་ཞེས་སྨྲ་བ་ཡིན། །ཕོ་ཉ་མོ་ནི་གང་ཡང་རུང་། །དེ་དག་ཀུན་གྱིས་ཡང་དག་སྤྱད། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱའི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ།། །།
དེ་ནས་གསང་བ་ཆེན་པོ་ཡི། །ལྟ་བ་ང་ཡིས་བཤད་པར་བྱ། །བུད་གང་སྤྱི་གཙུག་རེག་བྱེད་པ། །མགོ་བོ་དེ་ལ་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་པ་ནི། །དེ་ལ་མཁུར་ཚོས་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ། །དེ་
ལ་ཀོ་སྐོ་བསྟན་པར་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །ལྟོ་ནི་དེ་ལ་བསྟན་པར་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་དཔུང་པ་བསྟན་པར་བྱ། །གང་ཞིག་སུམ་རྐེད་སྟོན་བྱེད་པ། །དེ་ལ་རྒྱབ་ནི་བསྟན་པར་བྱ། །གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ་ཀོ་སྐོ་བསྟན་པར་བྱ། །གང་
ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ལྟེ་བ་བསྟན་པར་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་ལིང་ག་བསྟན་པར་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་འཕོངས་ནི་བསྟན་པར་བྱ། །གང་ཞིག་པུས་མོ་སྟོན་བྱེད་པ། །དེ་ལ་བྱིན་པ་བསྟན་པར་བྱ། །གང་ཞིག་རྐང་པ་སྟོན་བྱེད་པ། །དེ་ལ་
རྐང་མཐིལ་བསྟན་པར་བྱ། །གང་ཞིག་སོར་ཚིགས་སྟོན་བྱེད་པ། །དེ་ལ་སོར་མོ་བསྟན་པར་བྱ། །གང་ཞིག་ས་ནི་སྟོན་པ་ལ། །དེ་ལ་ནམ་མཁའ་བསྟན་པར་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ལ་ཉི་མ་བསྟན་པར་བྱ། །གང་ཞིག་འབབ་ཆུ་སྟོན་བྱེད་པ། །དེ་ལ་རྒྱ་མཚོ་བསྟན་པར་བྱ། །
འདི་དག་མཁའ་འགྲོ་མ་ཡི་ནི། །ལུས་ཀྱི་ཕྱག་རྒྱར་ཐེ་ཚོམ་མེད། །འདི་དག་རྟག་བསྟན་གསང་བ་སྟེ། །ཡང་དག་སྟོན་པར་འགྲོ་བར་འགྱུར། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཡན་ལག་གི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །
ཡན་ལག་ཕྱག་རྒྱའི་ཆོ་ག་བཞིན། །གང་ཞིག་ཤེས་པས་མིང་པོ་འམ། །སྲིང་མོར་ཐེ་ཚོམ་མེད་འགྱུར་བའོ། །སོར་མོ་གཅིག་ནི་སྟོན་པ་ཡིས། །ལེགས་པར་འོངས་ཞེས་སྨྲ་བ་ཡིན། །སོར་མོ་གཉིས་ནི་བསྟན་པ་ཡིས། །ལེགས་འོངས་ལན་ནི་སྨྲ་བ་ཡིན། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཡན་

ལག་ཕྱག་རྒྱར་རབ་ཏུ་བཤད། །གཡོན་གྱི་གུང་མོ་བརྐྱང་པ་ལ། །ཅུང་ཟད་མཛུབ་མོ་བསྐུམ་པ་ནི། །མིག་གི་ཕྱག་རྒྱར་ཤེས་པར་བྱ། །སྔགས་པས་དེ་ལ་དེ་བསྟན་ཏེ། །དོ་མོད་ཇི་སྲིད་འཚོ་བའི་བར། །དབང་དུ་འགྱུར་བར་ཐེ་ཚོམ་མེད། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་མཛུབ་མོ་
བསྟན་པར་བྱ། །གང་ཞིག་སྲིན་ལག་སྟོན་བྱེད་པ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་པ་ཏི་ས་སྟོན་པ། །དེ་ལ་མདུང་ནི་བསྟན་པར་བྱ། །གང་ཞིག་སྤྱི་བོ་སྟོན་བྱེད་པ། །དེ་ལ་མཚམས་ཀྱི་མཐའ་བསྟན་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་མཁའ་ནི་བསྟན་པར་བྱ། །གང་
ཞིག་ཁྲོ་གཉེར་སྟོན་བྱེད་པ། །དེ་ལ་མཚམས་ཀྱི་མཐའ་བསྟན་བྱ། །གང་ཞིག་སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་བསྟན་པར་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་མིག་ནི་བསྟན་པར་བྱ། །འདི་ནི་རྣལ་འབྱོར་མ་ཀུན་
གྱི། །རིམ་བཞིན་ཡན་ལག་ཕྱག་རྒྱ་ཡིན། །འདི་དག་རྟག་བསྟན་གསང་བ་པ། །ཡང་དག་ལྟ་བར་འགྲོ་བར་འགྱུར། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་ཁྱད་པར་གྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཁའ་
འགྲོ་མ་ཡི་རྣམ་རོལ་པ། །གང་གིས་རིག་ནས་རིང་ནས་ཀྱང་། །དཔའ་བོ་དཔའ་མོའི་སྲིང་མོ་རུའོ། །དམ་ཚིག་ཅན་གང་རྗེས་ཆགས་པ། །དཔའ་བོའི་ལོངས་སྤྱོད་ས་གཞི་ཡིན། །གཞི་ནི་ས་གཞིར་བྱས་ནས་སུ། །རྣལ་འབྱོར་པ་ཡི་སྡོམ་པ་མཆོད། །འདི་དག་རྣལ་འབྱོར་མ་རྣམས་ཀྱི། །
གོ་ཟློག་པ་ཡིས་ལྟ་བ་ནི། །བཞིན་ནི་རྣམ་པར་འགྱུར་བ་ཉིད། །བདེ་བ་རྟག་པ་སྨིན་མ་གཡོ། །སྣ་ཚོགས་མྱུར་དུ་ཤེས་བྱ་བ། །དེ་བཞིན་མཁའ་འགྲོ་ལས་བྱུང་བའོ། །རྣམ་འགྱུར་བསྐོར་བར་ཤེས་བྱ་སྟེ། །རི་མོ་གསུམ་པ་ཡོངས་སུ་ཟླུམ།