Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 077_རྒྱུད་འབུམ།_ཀ
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
༡༢༦ །གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། །ཧཱུྃ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་ གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། ༡༢༧ །ལྀ་སོགས་དབྱངས་བརྒྱད་གང་ དག་ཡུལ་གྱི་ཡོན་ཏན་དུ་འགྱུར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས། །ཕན་ཚུན་དབྱེ་བས་ཕྱེ་བ་རྐང་པ་དང་བཅས་རོ་དང་མདའ་རྣམས་དབུ་མའི་དབུགས་ནི་འབབ་པ་སྟེ། །དུས་སྦྱོར་གཉིས་པ་ལ་ནི་ཡུལ་གྱི་ཡོན་ཏན་དབང་གིས་རིང་པོ་ཕན་ཚུན་དབྱེ་བས་ཕྱེ་བ་རྣམས། །སླར་ཡང་ ཐུན་མཚམས་གསུམ་པ་ལ་ནི་ཤིན་ཏུ་རིང་པོ་ཡུལ་གྱི་ཡོན་ཏན་དབུ་མའི་དབུགས་རྣམས་འབབ། ༡༢༨ །དེ་ལྟར་ཐུན་མཚམས་བཞི་ལ་མདའ་དང་བཅས་པའི་རི་བོ་རོ་རྣམས་དབུ་མ་ཡི་ནི་དབུགས་ཀྱི་དབྱངས། །ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་སུམ་ཅུའི་རབ་ཏུ་དབྱེ་བས་རབ་ཏུ་གསལ་བར་དགུ་བརྒྱ་ ཉིད། །དབྱངས་དྲུག་གི་ནི་དབྱེ་བས་ཕྱེ་བ་མཁའ་མཁའ་དུས་དང་མདའ་རྣམས་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱི་རྣམས་ཕྱི་མའི་ཉིན་མོའི་བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། ༡༢༩ །སླར་ཡང་དབྱངས་དྲུག་དག་གིས་ཕྱེ་བ་རྣམས་ནི་མཚན་ མོའི་དུས་སུ་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱེ་རྣམས་ཕྱི་མའི་མཚན་མོའི་བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །ཉིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ། །སྔ་མ་སྟོང་ པ་རྣམས་བསྡུས་ནས་ནི་མཉམ་དང་མི་མཉམ་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱ། ༡༣༠ །ཕྱི་རོལ་དུ་ནི་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་གྱུར་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས། །དེ་ནི་རང་གི་ལུས་ལ་དབུགས་ཕྱེད་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ཐམས་ཅད་སྣང་བ་ སྟེ། །སྔ་མ་ཕྱེད་ནི་མུན་པ་དང་བཅས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་དག་ཏུ་ཐིམ་པའོ། །དེ་ཕྱིར་དེ་ནི་ཕུག་ནས་དུས་ཀྱི་འཁོར་ལོ་རྣལ་འབྱོར་ལྡན་པ་གཅིག་པུ་མུན་པ་བྲལ་བར་འཇུག །༡༣༡ །ཟླ་བ་དམན་ཞིང་ཉི་མར་ལྷག་གང་ཁྱབ་བདག་མཆོག་གི་ཆ་དེ་འདིར་ནི་ཐུན་མཚམས་ བཞི་ལ་སྟེ། །ཐུན་དང་ཐུན་ལ་ཉིན་དང་མཚན་མོའི་དབང་གིས་བགྲོད་ཅིང་དུས་སྦྱོར་ཕྱེད་པའི་རབ་ཏུ་དབྱེ་བ་ཡིས། །སུམ་ཅུ་རྩ་དྲུག་དུས་ཀྱི་ཕོ་ཉ་ཉིས་འགྱུར་མི་བདག་གཞན་རྣམས་ཚེས་ནི་བརྒྱད་གཉིས་དབྱེ་བ་ལ། །གཟའ་རྣམས་ཀྱི་ཡང་བརྒྱད་ཀྱི་དབྱེ་བ་ལ་སྟེ་སླར་ཡང་ གཞན་རྣམས་དུ་མ་ཚིགས་ཀྱི་ཚོགས་ལའོ། ༡༣༢ །རིག་བྱེད་དུས་ཀྱི་དབུགས་ཀྱི་ལྷག་མ་སྲིད་གསུམ་སྐྱེད་པར་མཛད་མ་མཁའ་འགྲོ་མ་ནི་སྣ་ཚོགས་གཟུགས། །ཟླ་བའི་དབུས་སུ་དམན་པ་གང་དེ་མཆོག་གི་རྒྱལ་བའི་བདག་པོའི་རང་གི་ཕྱག་རྒྱ་རྣམ་གཉིས་འགྱུར། །གང་ཞིག་ ཉི་མ་ལ་གནས་དེ་ནི་བརྒྱད་དབྱེ་ཕྱོགས་དང་ཕྱོགས་བྲལ་འདབ་མར་ཐུན་ཚོད་ལོངས་སྤྱོད་མཐའ། །ལྷག་མ་འཁོར་ལོའི་ལྷ་མོ་མཆོག་ཏུ་འཇིགས་པར་བྱེད་པ་གཞན་རྣམས་མཐའ་དག་ཕྱི་དང་ལུས་ལའོ། ༡༣༣ །སྤེན་པར་བུག་པ་མུན་ཅན་ཉིན་ཞག་ཅེས་བྱ་ལྷ་ཡི་བླ་མའི་ཕྱེད་བཅས་ མིག་དང་མིག་གི་གྲངས། །ཕྱེད་བཅས་དྲུག་དང་རིག་བྱེད་དུ་འགྱུར་དེ་རྣམས་མཆོག་གི་རྒྱལ་བའི་བདག་པོའི་ཐུགས་རྡོ་རྗེ་ལས་སྐྱེས། །ས་སྐྱེས་སྟོང་པ་སྦྲུལ་ཟླ་ཉི་མ་གཟའ་ལག་པ་སངས་མཇུག་རིངས་ལ་ཡང་སྟོང་པ་སྦྲུལ་མཁའ་གཅིག །མཁའ་མིག་མིག་དང་ གཅིག་ཏུ་གྱུར་པ་དེ་རྣམས་མཆོག་གི་ཁྱབ་བདག་གི་ནི་དག་པའི་གསུང་ལས་བྱུང་། ༡༣༤ །གང་ཞིག་ཟླ་བའི་དུས་ཀྱི་ལོངས་སྤྱོད་མཁའ་མཁའ་རོ་མེ་དེ་རྣམས་སྐུ་ཡི་རྡོ་རྗེ་དག་ལས་བྱུང་། །མཐའ་དག་གཅིག་ཏུ་གྱུར་པ་རོ་དྲུག་སྦྲུལ་དང་དུས་རྣམས་དག་སྟེ་ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད། ། མཁའ་འགྲོ་དུས་ཀྱི་གཟུགས་ཅན་མཐའ་དག་ལུས་ལ་གནས་ཤིང་སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་མ། །དེ་ཕྱིར་ཉིན་ཞག་སོ་སོའི་དུས་སུ་རང་གི་ལམ་ནི་དགག་པར་བྱས་ནས་དེ་རྣམས་བསྒྲུབ་པར་བྱ། ༡༣༥ །ཇི་སྲིད་གཟའ་རྣམས་དག་གི་ལོངས་སྤྱོད་རང་གཞན་བགྲོད་པ་ལ་ གནས་དབུགས་རྔུབ་དབུགས་འབྱུང་རྒྱུ་བ་ལས། །དེ་སྲིད་དུས་ཀྱི་ཕོ་ཉ་ཁྱབ་བྱེད་མ་གང་ཁམས་གསུམ་དུ་ནི་མཆོག་དག་སྟེར་བར་འགྱུར་རམ་ཅི། །ཕོ་ཉ་ཕྲ་མོ་རབ་ཏུ་རྒྱུ་བ་བླ་མའི་གསུང་ལ་གནས་པ་བྱང་ཆུབ་སེམས་དང་འགྱུར་མེད་ལ། །སྡིག་བྲལ་རྣལ་འབྱོར་ལྡན་པ་རྣམས་ ཀྱིས་ཤེས་པར་བྱ་སྟེ་གཞན་དུ་འདོད་ཆགས་སེམས་ཀྱི་མ་ཡིན་ནོ། ༡༣༦ །ཉི་མ་དང་ནི་ཟླ་བའི་རྐང་པ་རྣམས་ལ་གཉི་གའི་བགྲོད་པའི་དབང་གིས་སྲེད་པས་བསྣུན་པ་རྣམས། །ཡན་ལག་རྣམས་ཀྱིས་བགོས་པའོ་ལྷག་མའི་རྐང་པ་དེ་ནི་སྒྲ་གཅན་འཇུག་པ་ལ་ཡང་མཇུག་རིངས་ཟ། ། ཐུན་མཚམས་ཀུན་དང་ཐུན་བརྒྱད་ཉིན་ཞག་སོ་སོའི་དུས་སུ་སྲོག་ཆགས་རྣམས་ཀྱི་ཡན་ལག་བཅུ་གཉིས་རྣམས། །དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་དག་ཀྱང་ཉིས་འགྱུར་དགུ་བརྒྱའི་སྲོག་རྣམས་འབབ་པར་ཡན་ལག་གསུངས། ༡༣༧ །ཡན་ལག་གཉིས་གཉིས་རྣམས་ལ་ཐོག་ མའི་ཉིན་ཞག་དབང་གིས་དང་པོ་མ་རིག་ཡན་ལག་བཅུ་གཉིས་པར། །དེ་ཕྱིར་དུས་ལ་སོགས་པས་ཡན་ལག་རྣམས་ཏེ་གཞན་ནི་དགུ་པ་སྔར་གཞན་གང་ཡིན་དེ་རྣམས་སོ། །དེ་ལྟར་རྣམ་པ་ལྔ་པོ་རྣམས་ཀྱིས་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་དག་ལས་འགྱུར། །གང་ དུ་ཟླ་བའི་ཆ་གཅིག་ཉམས་པ་ཉིད་དུ་གྱུར་པ་དང་པོའི་ཟླ་བ་དེ་ཉིད་ཁོ་ནའོ། ༡༣༨ །ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ་རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱིས། །དྲུག་པ་ཉི་མའི་དུས་ཀྱི་དབྱེ་བ་རྐང་པའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་ ཞུགས། །རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་གྱིས་ནི་ཟླ་བ་ཉི་མ་དག་གི་རྐང་པ་དེ་འཛིན་ནོ། །ཉིན་དང་མཚན་མོའི་དུས་སུ་སྒྲ་གཅན་དག་གིས་བལྟས་པའི་སྨན་རྣམས་གང་ཡིན་དེ་དག་གྲུབ་པ་སྟེར། ༡༣༩ །ས་སྐྱེས་ཁུ་བ་གཟའ་ལག་ཟླ་བ་ཉི་མ་གཟའ་ལག་པ་སངས་ས་ སྐྱེས་སྔགས་པ་ཉི་སྐྱེས་སྤེན། །སྔགས་པ་ལུག་ལ་སོགས་པའི་ཁྱིམ་ལ་ཉིན་ཞག་སོ་སོའི་དུས་སུ་ཞིང་ཅན་རྣམས་ཏེ་དུས་ཀུན་ཏུ། །ཞི་ལ་ཟླ་ཉིའི་ཁྱིམ་སྟེ་གཟའ་ལག་པ་སངས་ས་སྐྱེས་སྔགས་པ་ཉི་སྐྱེས་ཁྱིམ་ནི་རྒྱས་པ་དང་། །དབང་དང་དགུག་པ་འབྲལ་དང་གསད་ པ་དག་ལ་རབ་འགྱུར་གལ་ཏེ་འདིར་ནི་ཞིང་ཅན་གྱུར་ནའོ། ༡༤༠ །ཞི་ལ་དཀར་པོའི་ཞལ་ཏེ་དང་པོར་རྒྱས་པ་ལ་ནི་དཀར་དང་སེར་མཚུངས་ཐུན་ཚོད་ལག་པ་ལས། །རེངས་པ་སེར་པོ་མེ་ཡི་ཐུན་ལའོ་རྨོངས་ལ་གསེར་དང་ཉི་མཚུངས་ཆུ་གཏེར་ལ་སྟེ་དགུག་པ་ལ། །དམར་པོ་ལྔ་པ་དག་ ལས་འགྱུར་ཏེ་དབང་ལ་ཉི་མ་ཆུ་གཏེར་དང་མཚུངས་དྲུག་པའི་ཐུན་ལའོ། །གསད་ལ་ནག་པོའི་ཞལ་ཏེ་རི་བོ་ལའོ་བསྐྲད་ལ་གནག་དང་དཀར་འདིར་སྦྲུལ་ལ་མཚན་མོའི་མཐར། ༡༤༡ །ས་ཆུ་མེ་རླུང་རི་བོང་ཅན་དང་ཉི་མ་ལྷ་སྟེ་འདི་རྣམས་སྲོག་ནི་ལོངས་སྤྱོད་བྱེད་པོ་མིན། །འདི་ རྣམས་སྲོག་ནི་ལོངས་སྤྱོད་པོ་ཡང་མི་དགེ་འབྲས་བུའི་དབང་གིས་བདག་ནི་ལོངས་སྤྱོད་སེམས་པར་བྱེད། །སྲེད་པ་སྡུག་བསྔལ་རྗེས་ཆགས་འབྱུང་པོའི་ཚོགས་ནི་གཟའ་དང་ལག་འགྲོ་ལྷ་རྣམས་དག་ལ་དོན་གཉེར་བྱེད། །གང་གི་དྲིན་གྱིས་ཐར་པར་རབ་ཏུ་འགྱུར་བ་ཡིད་ཀྱིས་ཞི་ བ་དེ་ནི་བྱེད་པ་མ་ཡིན་ནོ། ༡༤༢ །དང་པོའི་དབུགས་ནི་ཡོན་ཏན་མེད་པའི་བདག་ཉིད་རྣམ་གསུམ་ཡོན་ཏན་དབང་གིས་དེ་ཡང་གསུམ་གྲངས་འགྱུར། །དེ་ཡང་ཡུལ་གྱི་ཡོན་ཏན་དབང་གིས་ཚེས་ཞེས་བྱ་བར་འགྱུར་ཏེ་དེ་རྣམས་སླར་ཡང་སུམ་འགྱུར་ནི། །འབྱུང་བ་ཆུ་གཏེར་གྲངས་ འགྱུར་སླར་ཡང་དེ་ནས་རྒྱུ་བའི་དབྱེ་བ་རྣམས་ཀྱིས་བསྣུན་པ་དེ་དག་རྣམས། །ཆུ་ཚོད་ཕྱེད་ཀྱི་དབུགས་ཀྱི་གྲངས་རྣམས་དག་སྟེ་སླར་ཡང་ཉིས་འགྱུར་ཆུ་ཚོད་དབུགས་ཀྱི་གྲངས་རྣམས་སོ། ༡༤༣ །གཉིས་གསུམ་ཆུ་གཏེར་མདའ་དུས་རི་བརྒྱད་གཟའ་དང་བཅུ་རྣམས་ ཀྱིས་ནི་དུས་ཀྱི་རྩ་འདི་འཕེལ་བ་སྟེ། །དེ་ནས་སྡེ་ཡི་རབ་དབྱེ་རྣམས་ཀྱིས་རྣམ་གཉིས་ལམ་ལ་གནས་པ་དུས་ཀྱི་རྩ་ནི་འཇིག་རྟེན་གསུམ། །ཀུན་ནས་གང་བར་བྱེད་དོ་བདེ་མཉམ་འབྲས་བུ་སྟེར་བ་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བ་ལས། །ཇི་སྲིད་རིག་བྱེད་སྦྲུལ་དང་མེ་སྟེ་ངེས་པར་ཕྱག་ ན་གྲི་གུག་ཐོད་པ་ཅན་དུ་རབ་ཏུ་འགྱུར། ༡༤༤ །འཁོར་ལོ་མདའ་དང་ཆུ་གཏེར་གྲངས་ནི་ཡུལ་དང་ཡོན་ཏན་དབང་གིས་སྐུ་གསུང་ཐུགས་ཀྱི་རབ་དབྱེ་ཡིས། །གཙོ་བོ་སྲུང་བར་བྱེད་དེ་བདེ་མཉམ་འབྲས་བུ་སྟེར་བ་དུ་བ་ལ་སོགས་ལྷ་མོ་བརྒྱད་རྣམས་སོ། །དེ་ལྟར་ཉི་མ་ལ་གནས་ གཙོ་བོ་མཆོག་གི་རི་བོང་ཅན་གྱི་ཆ་ཡིས་འཁྱུད་པ་སྣ་ཚོགས་གཟུགས། །ལྷ་མོ་སངས་རྒྱས་འཆི་མེད་རྣམས་དང་ཡུལ་དང་ཡུལ་ཅན་སྒྲ་གཅན་ཟླ་བ་ཉི་མས་ཕྱག་འོས་པའོ། ༡༤༥ །གཙོ་བོ་ཡི་ནི་ཕྲ་མོའི་ངོ་བོ་མཆོག་གི་ཡོན་ཏན་ཡུལ་ཏེ་ནང་དང་ཕྱི་རོལ་ཕྱག་རྒྱ་གང་། །དེ་རྣམས་ ཁམས་གསུམ་དུ་ནི་མཆོག་ཏུ་འཇིགས་བྱེད་ཁྲོ་བོའི་སེམས་ལས་རབ་སྐྱེས་མཁའ་འགྲོ་མ་རྣམས་སོ། །གཙོ་བོའི་དབང་པོ་གང་དག་རྣམས་དང་རྣམ་གསུམ་སྲིད་པ་ལ་གནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རྣམས་རང་གི་ཡུལ་བཅས་ཡོན་ཏན་གྱིས་འཁྱུད་བཀྲ་ཤིས་ལ་སོགས་ རྡོ་རྗེ་མཁའ་འགྲོ་འདི་རྣམས་སོ། ༡༤༦ །གཟུགས་དང་སྒྲ་དང་རོ་དང་དྲི་དང་གཞན་པ་དག་ཀྱང་དེ་ནས་རེག་བྱ་དུ་བ་རྡུལ་དང་ནི། །སྙིང་སྟོབས་སེམས་ལ་རིམ་པས་རབ་ཏུ་གསལ་བར་ཡང་ནི་དེ་བཞིན་སྒྲ་གཅན་གྱིས་ཀྱང་འཁྱུད་པ་སྟེ། །དེ་དག་རྣམས་ཀྱི་དལ་རྐང་དྲུག་དང་མྱུར་འཁྱོག་ ལ་སོགས་རྒྱུ་བ་ལས་ནི་རྣམ་མང་བགྲོད་པ་འདི། །བརྒྱད་པོ་རྣམས་ཀྱི་རྐང་པ་དྲུག་ལ་ཡུལ་དང་ཡོན་ཏན་བརྒྱད་རྣམས་ཡང་དག་གནས་པ་འཁོར་ལོའི་ཚུལ། ༡༤༧ །དང་པོའི་དབུགས་ནི་དབྱེ་བ་བརྒྱད་དེ་ཡུལ་དང་ཡོན་ཏན་ལ་གནས་ཀུན་ནས་དུ་བ་ལ་སོགས་པ། །མཁའ་འགྲོ་ མ་རྣམས་དག་གིས་བསྐོར་ཞིང་རྣམ་གསུམ་བགྲོད་པའི་དབང་གིས་འཁྱམ་སྟེ་འགྲོ་བ་དྲུག་ཏུ་གནས། །དེ་ཡི་དབུས་སུ་དུས་ཀྱི་འཁོར་ལོ་བདུད་རྩི་འཕྲོ་བའི་ཆ་ཡིས་འཁྱུད་པར་གྱུར་པ་དག་པའི་སྐུ། །གང་ཞིག་དབུགས་ནི་བཅད་ནས་རྒྱལ་བའི་སྐུ་ལ་འཇུག་པ་དེ་ཉིད་ ཁོ་ན་དུས་ཀྱི་འཁོར་ལོའོ། ༡༤༨ །དབུགས་ནི་བཅད་པའི་མཐའ་རུ་རྣམ་གསུམ་བགྲོད་པ་འདི་དང་རྣམ་པ་དྲུག་ཀྱང་ཡོད་པ་མ་ཡིན་ཏེ། །ཐིག་ལེ་བཀབ་པར་གྱུར་ན་ཀུན་ནས་མཆོག་གི་ཁྱབ་བདག་བདེ་བ་མཐའ་ཡས་དུས་སུ་འཇུག་པར་འགྱུར། །འཁོར་བ་དག་གི་བདེ་བ་ སྤངས་ནས་མཆོག་གི་བླ་མའི་ཞལ་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །སྤྱོད་པ་སྒེག་པའི་གཟུགས་དང་མཆོག་ཏུ་འཇིགས་པ་བྱེད་ལ་རྣལ་འབྱོར་མ་རྣམས་དགྱེས་པ་མ་ཡིན་ནོ། ༡༤༩ །གཙོ་བོའི་དབུགས་ལ་གཟའ་ཡི་ཚོགས་ཀྱི་རྐང་པ་མཐའ་དག་དུས་ཀྱི་སྦྱོར་བ་དག་གིས་ ཐིམ་འགྱུར་ཏེ། །དབུགས་ནི་མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་སོང་ན་ཐམས་ཅད་སྟོང་པར་སྐུལ་བར་བྱེད། །ལོ་འདི་རྣམས་ཀྱིས་ཕྱི་རོལ་དུ་ནི་མཆོག་གི་ཁྱབ་བདག་རྐང་པ་སྤྲོ་དང་སྡུད་པའི་ངོ་བོ་ལ། །རང་རང་ཚད་ཀྱིས་རྒྱལ་བའི་བདག་པོའི་ རྐང་པ་དབུགས་ཀྱི་དབུས་སུ་འགྲོ་དང་གནས་པ་ཤེས་པར་བྱ། ༡༥༠ །སྟོང་པ་ལ་ནི་སྤེན་པ་འཇུག་པ་རང་གི་ཉིན་ཞག་བགྲོད་པའི་དབང་གིས་དུས་ཀྱི་མཐར་འགྱུར་ཏེ། །སྟོང་པ་ནམ་མཁའ་མཁའ་མཚོ་ཆུ་གཏེར་ཟླ་བའི་ཉིན་ཞག་ལོངས་སྤྱོད་ལྷག་མ་རྣམས་ཀྱིས་ནམ་གྲུའོ། །རང་གི་ བགྲོད་པ་འགྲོ་བའི་ཉིན་ཞག་མཁའ་མཁའ་ནམ་མཁའ་མཁའ་མཚོ་མིག་གིས་དེར་ནི་སྒྲ་གཅན་འཇུག །རང་གི་བགྲོད་པར་འགྲོ་བའི་ཉིན་ཞག་མཁའ་མཁའ་ནམ་མཁའ་མཁའ་དུས་དུས་ཀྱི་ལྷ་ཡི་བློན་པོ་འཇུག །༡༥༡ །ནམ་མཁའ་མཁའ་དང་སྟོང་པ་མཁའ་བརྒྱད་སྦྲུལ་དང་ མིག་གི་ཉིན་ཞག་རྣམས་ཀྱིས་བཀྲ་ཤིས་འཇུག་པ་སྟེ། །མཁའ་མཁའ་ནམ་མཁའ་མཁའ་མིག་མེ་དང་ཆུ་གཏེར་གྲངས་ཀྱི་ཉིན་ཞག་རྣམས་ཀྱིས་ཉི་མ་ལ་སོགས་འཇུག །མཁའ་མཁའ་ནམ་མཁའ་མཁའ་མཚོ་བརྒྱད་དང་ཟླ་བ་མདའ་ཡི་ཉིན་ཞག་རྣམས་ཀྱིས་ཟླ་བ་དེར་ འཇུག་སྟེ། །དེ་ཡི་དུས་སུ་རྒྱལ་པོའི་འགྲོ་བ་དག་ནི་རང་རང་ཚད་ཀྱིས་རྣམ་པར་ཉམས་པར་རབ་ཏུ་འགྱུར། ༡༥༢ །དེ་ནས་ཟླ་བ་ཉི་མ་ཤར་བ་ལ་ཡང་རྩ་ཡི་ཀུན་ཏུ་སྤྱོད་པ་འདི་ནི་རབ་ཏུ་འགྱུར། །གཅིག་གཉིས་གསུམ་དང་ཆུ་གཏེར་མདའ་དང་རོ་དང་རི་བོ་ ནོར་རྣམས་འཕེལ་བར་གྱུར་པ་གསང་བའི་རྩ། །བུག་པ་ཞེས་བྱ་སྒོ་ཡི་རྩར་འགྱུར་བཅུ་པ་ཕྲ་མོའི་རྩ་ནི་སླར་ཡང་སྟེང་གི་ལམ་དུའོ། །དེ་ནི་སྡེ་ཡིས་ཕྱེ་བ་ཡོན་ཏན་དང་བཅས་ཡུལ་དང་བཅས་པ་འཁོར་ལོའི་རྩ་རྣམས་དག་ཏུ་འགྱུར། ༡༥༣ །གཙུག་ཏོར་སྙིང་གའི་ཕྱོགས་དང་མགོ་བོ་ རི་བོང་ཅན་གནས་མགྲིན་པའི་ཕྱོགས་ཏེ་ཉི་མའི་རྒྱུ་བ་དང་། །ལྟེ་བར་འཁོར་ལོའི་རྩ་ནི་དུས་དང་ལག་འགྲོ་མི་བདག་སུམ་ཅུ་རྩ་གཉིས་དེ་ཡི་ཉིས་འགྱུར་རྣམས། །ཟླ་བའི་རྐང་པ་རྣམས་ཀྱིས་ཐ་དད་མ་ཡིན་མཐའ་དག་ཉི་རྐང་བསྲེས་པ་ཡིས་ཀྱང་ཐ་མི་དད། །བརྒྱ་དང་བརྒྱད་ཅུ་ རྩ་གཅིག་གང་ཞིག་ལག་རྐང་ལ་གནས་ཚིགས་ཀྱི་རྩ་ནི་གཉིས་ཀྱི་དབྱེ་བ་རྣམས། ༡༥༤ །གཙུག་ཏོར་སྙིང་གའི་ཕྱོགས་དང་རི་བོང་ཅན་དང་ཉི་མའི་རྐང་པ་མགྲིན་པའི་འཁོར་ལོར་ལྷག་མ་རྣམས། །བརྒྱད་ཅུ་རྩ་གཅིག་མཐའ་མ་རབ་གསལ་རྣམ་བཅུ་གང་ཡིན་དེ་དག་ཞི་དང་དྲག་ པོའི་གཟའ་རྣམས་ཏེ། །དེ་དག་རྣམས་ཀྱི་ཐོག་མཐའི་ཆ་ནི་ཁྱབ་བདག་ཞབས་ལ་གནས་པ་དུས་ཀྱི་རྩ་ཡིས་ལོངས་སྤྱོད་ཅིང་། །གཟའ་ཡི་མཐའ་ཡང་སྲིད་པ་གསུམ་གྱི་སྐྱེད་མ་རྡོ་རྗེ་སྐུ་ཡི་མཁའ་འགྲོ་མ་ཡིས་ལོངས་སྤྱོད་དོ། ༡༥༥ །དང་པོར་གང་ཞིག་སྟོང་པའི་ངོ་བོ་ཡུལ་དང་ཡོན་ ཏན་ལ་གནས་དེ་ཡི་རང་བཞིན་དག་ཏུ་འགྱུར། །ཁམས་དང་ཕུང་པོ་རྣམས་ལ་རབ་ཞུགས་སླར་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ལ་མཉམ་པ་སྟེ། །སད་དང་རྨི་ལམ་ལ་སོགས་ལ་ཞུགས་མཆོག་གི་བདེ་མཉམ་གཞོམ་དུ་མེད་པར་ཡང་དག་རབ་ཞུགས་པ། །རིག་མ་ སངས་རྒྱས་ཡུམ་དེ་རྡོ་རྗེ་ཡི་ནི་ཚིགས་ལ་གནས་པ་རྣལ་འབྱོར་པ་ཡིས་བཙལ་བར་བྱ། ༡༥༦ །གཙོ་བོའི་སྐུ་ཡི་མཐུ་ལས་རྣལ་འབྱོར་པ་རྣམས་དག་གི་མཆོག་གི་ལུས་ལ་ལྷ་ཡི་སྤྱན་དུ་འགྱུར། །དེ་ཡི་གསུང་གི་མཐུ་ལས་རྣ་བ་དེ་ཡི་ཐུགས་ལས་གཞན་གྱི་སྙིང་ལ་གནས་པ་ ཤེས་པར་འགྱུར། །ཤེས་རབ་སྐུ་ཡི་མཐུ་ལས་རྣམ་གསུམ་སྲིད་པ་ལ་གནས་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཀྱི་ནི་གསུང་གི་མཐུ་ལས་མཁའ་མཉམ་ཐམས་ཅད་དུས་སུ་ཀུན་འགྲོའི་རྫུ་འཕྲུལ་དུ་རབ་འགྱུར། ༡༥༧ །ཤེས་རབ་ཡེ་ཤེས་རང་བཞིན་ལས་ནི་ གང་ཞིག་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་པ་རྣམ་པ་གསུམ་ཡང་མཐོང་བར་འགྱུར། །ལྷ་ཡི་རྣ་བ་དག་གི་མཐུ་ལས་སྲོག་ཆགས་ཀྱིས་བརྗོད་སྙིང་དང་ཁ་ཡི་སྒྲ་ནི་ཐོས་པར་འགྱུར། །དེ་ བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་བ་དག་ལས་མི་ཡི་བདག་པོ་རེག་བྱ་ལ་སོགས་ཐམས་ཅད་འགྱུར། ༡༥༨ །རྩ་ནི་གང་ཞིག་ཐུར་སེལ་དབུས་སུ་རྣམ་གསུམ་ལམ་གནས་གཅི་བ་བཤང་བ་ཁུ་བ་འབབ་པ་རྣམས། །སྲོག་ནི་དེ་དག་རྣམས་ཀྱི་རབ་ཏུ་རྒྱུ་བ་རྣམ་པ་དགུ་རུ་འགྱུར་ཏེ་མཐའ་ མ་སངས་རྒྱས་ཞལ། །རྣ་བ་སྣ་དང་མིག་ལ་རྣམ་གཉིས་ཤེས་པར་འགྱུར་ཏེ་ལྕེའུ་ཆུང་ནི་ལྕེ་དང་བཅས་པ་དང་། །ཐིག་ལེ་གཙུག་ཏོར་བུག་པར་འགྱུར་ཏེ་བཅུ་པ་ཤེས་པ་མིན་པ་རྣམས་ལ་རྒྱ་ཡིས་བཏབ་པ་གང་། ༡༥༩ །སྲོག་དང་ཐུར་སེལ་འགགས་པར་གྱུར་ན་རི་བོང་འཛིན་ པ་བསྐྱོད་པ་ཉི་མའི་གཟུགས་སུ་རབ་ཏུ་འགྱུར། །རྡོ་རྗེ་པདྨས་རབ་ཏུ་སད་ན་སླར་ཡང་འདི་ནི་ཉི་མའི་གཟུགས་ཀྱི་མེ་ལྕེས་ཞུ་བར་བྱེད། །རླུང་དང་ཟླ་བ་ཉི་མ་འགགས་པར་གྱུར་ན་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་གཅིག་ཏུ་འགྱུར། །དེ་ལྟར་དེ་ལྟར་དང་ནི་དེ་བཞིན་དེ་ལྟར་ རྣམ་གསུམ་དུ་འགྱུར་གཞན་ནི་ཅུང་ཟད་ཡོད་མ་ཡིན། །ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མིན་པ་ཉིད། །ཐུན་མཚམས་དེ་ནི་ལུས་ཀྱི་དབུས་སུ་རྣལ་འབྱོར་རྣམས་ཀྱི་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཕྱོགས་ ཟད་ཟླ་བ་མཁའ་ལ་གནས་པ་ཉི་མའི་གཟུགས་ལ་རོ་ནི་མཉམ་པར་འགྱུར་བ་ཇི་ལྟ་བར། །སྲོག་དང་ཐུར་སེལ་ཟད་པར་གྱུར་ན་གསལ་བར་ཡང་ནི་ལུས་ལ་དངོས་གྲུབ་དུས་སུ་དེ་འགག་གོ། ༡༦༡ །ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ག་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་ འགག། ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པ་ལ་གནས་གཞོམ་མེད་ལེགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་སྟེ་ གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། ༡༦༢ །ཁྲོ་བོ་སངས་རྒྱས་ལྷ་མོ་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་ པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱིས་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། ༡༦༣ །ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་ རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད་ དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། ༡༦༤ །ས་ལས་ཆུ་དང་རྩེ་མོ་ཅན་དང་རླུང་གི་རྡུལ་ཕྲན་ཕྱེ་ནས་ཆུ་ཡི་ཁམས་ལ་འཇུག་པར་བྱེད། །ཆུ་ལས་ས་མེ་རླུང་ཕྱེ་རྩེ་མོ་ཅན་ལ་རྩེ་མོ་ཅན་ལས་ས་དང་ཆུ་དང་རླུང་ཕྱེ་སྟེ། །རླུང་ལའོ་རླུང་ལས་ས་དང་ཆུ་དང་རྩེ་མོ་ཅན་དག་ཕྱེ་ནས་ལས་ཀྱི་རླུང་ ཡང་སྟོང་པ་ལ། །རྣམ་གསུམ་སྲིད་པའི་དབང་གིས་གང་ཞིག་ལས་ཀྱི་རླུང་གིས་བསྣུན་པ་གཞན་རྣམས་ཞིང་གཞན་དག་ཏུ་འགྲོ། ༡༦༥ །སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པར་སྲིད་གསུམ་སྐྱེད་པར་མཛད་པས་རྣམ་པར་གཟིགས་ནས་ནི། །གཉི་ག་རོ་མཉམ་དག་པའི་ རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། །སོ་སོ་རེ་རེའི་རོ་ཡི་རྡུལ་ལ་གཉི་གའི་རིགས་ཀྱི་དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་བསྐོར། །ས་ལ་སོགས་པའི་རྡུལ་ལ་མ་ལུས་རིགས་ལ་གནས་པ་མཐའ་ཡས་མི་གཡོ་སོགས་ལ་རབ་ ཞུགས་རྣམས། ༡༦༦ །དེ་དག་རྣམས་དང་ཐབས་ཅིག་རྡོ་རྗེ་སེམས་དཔའ་འཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་བཞུགས། །ཡང་དག་འཛིན་པར་བྱེད་པས་ས་དང་ཆུ་དང་བསྲེག་ཟ་རླུང་དང་སྟོང་པའི་རང་བཞིན་རྡུལ་ཕྲན་འཛིན། །སྲུབ་པར་བྱེད་པས་ཐ་དད་རྡུལ་ ཕྲན་མཐའ་དག་གཅིག་ཏུ་གྱུར་གྱི་བར་དུ་སྲུབ་པར་བྱེད་པ་སྟེ། །སླར་ཡང་དེ་དག་རྣམས་ནི་ཕན་ཚུན་སྦྱོར་བར་འགྱུར་ཏེ་གཙོ་བོའི་དངོས་ལ་ཆུང་ངུའི་དངོས་རྣམས་སོ། ༡༦༧ །དབྱིབས་ཀྱི་རླུང་ནི་ཆེན་པོ་ཐམས་ཅད་དག་གིས་སངས་རྒྱས་ཞིང་རྣམས་མཐའ་དག་རྣམ་པར་འགོད་པར་བྱེད། ། འཇིག་རྟེན་ཁམས་ནི་སོ་སོ་དག་ལ་སླར་ཡང་ཁོར་ཡུག་རི་བོ་ཆེན་པོ་དག་ནི་ཀུན་ནས་སོ། །དེ་ཡི་དབུས་སུ་ལས་ཀྱི་ས་ནི་ཆེན་པོ་དག་གི་རང་བཞིན་འཇིག་རྟེན་ཁམས་སུ་རབ་ཏུ་འགྱུར། །ལྷག་མ་ལོངས་སྤྱོད་རང་བཞིན་ཡུལ་གྱི་བདེ་བ་བྱེད་པ་རིན་ཆེན་ཀུན་གྱིས་རབ་ཏུ་གང་ བ་རྣམས། ༡༦༨ །མཐའ་དག་རི་ཡི་བདག་པོའི་ཤར་ནི་དག་པའི་ཨིནྡྲ་ནཱི་ལ་ལྷོ་ནི་པདྨ་རཱ་ག་སྟེ། །ནུབ་ནི་ཀ་ཏ་ན་སེར་པོ་བྱང་ནི་རི་བོང་འཛིན་པ་ལྟར་དཀར་ཟླ་བ་ཆུ་ཤེལ་ལོ། །དབུས་ནི་ལྗང་གུ་དེ་ཡི་སྙིང་པོར་དེ་ཡི་ནང་དུ་ཆུད་པ་འདིར་ནི་དཀྱིལ་འཁོར་ཆེན་པོ་སྟེ། །དང་པོར་ ཐུགས་ཀྱི་རང་བཞིན་དེ་ནས་དབུས་མ་ལས་ནི་ཉིས་འགྱུར་དག་ཀྱང་གསུང་གི་རང་བཞིན་ནོ། ༡༦༩ །དེ་ནས་གཞན་ནི་ཉིས་འགྱུར་དག་སྟེ་མདའ་ལ་བཅུ་ཡིས་བསྒྱུར་བར་གྱུར་པའི་དཔག་ཚད་སྟོང་ཕྲག་གོ། །དེ་ཡི་ཕྱི་རོལ་དུས་རྣམས་དག་གིས་འཁོར་ལོའི་ངོ་བོ་དེ་ནས་འཇིག་རྟེན་ཁམས་ ཀྱི་རང་བཞིན་ནོ། །འཁོར་ལོ་དྲུག་དང་རིགས་དྲུག་གིས་ཏེ་རིག་བྱེད་འབུམ་གྱིས་རླུང་གི་དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་རོ། །བརྒྱད་གཉིས་ཀ་བ་མི་བདག་རི་བོང་ཅན་གྱི་ཆ་ཡིས་ཁང་པ་བརྩེགས་པ་ཟླུམ་པོ་སྐྱེ་གནས་གཟུགས། ༡༧༠ །རྒྱལ་བའི་བདག་པོའི་གཙུག་ཏོར་ ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་འོག་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་དེ་ཉིད་རིག་བྱེད་རྣམས་ཀྱིས་ཏེ། །བྲང་ཕྱེད་ཕྱེད་བཅས་ཉི་ མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། ༡༧༡ །ཉི་ཤུ་འགའ་ཞིག་ལྷག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡིས་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་དང་ བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོ་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཀོ་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། ༡༧༢ །དེ་ནས་སྙིང་ག་ལྟེ་བ་གསང་ བར་མི་ཡི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱིས་རིམ་པས་འགྱུར། །གསང་བའི་ཆུ་སྐྱེས་ལྟེ་བའི་རྩ་བར་རྡོ་རྗེ་དག་ཀྱང་ཐུབ་པ་ཡིས་ནི་སྟེང་གི་གཙུག་ཏོར་ཉིད། །མཛོད་སྤུ་གསང་བའི་ཆུ་སྐྱེས་དབུས་སུ་ཁུ་བའི་ཐིག་ལེ་མི་འགྱུར་བདེ་བ་སྐྱེད་བྱེད་གནས་པ་གང་། །དཔལ་ལྡན་རྡོ་རྗེའི་ ས་འདི་གཉི་གའི་རིགས་ཀྱི་དབང་གིས་སྐུ་གསུང་ཐུགས་ཀྱི་འཁོར་ལོ་དག་ལའོ། ༡༧༣ །ཕྱེད་བཅས་ཉི་མ་ཉི་ཤུ་རྩ་ལྔ་དེ་ལས་ཉིས་འགྱུར་དག་ཀྱང་ཐུགས་གསུང་སྐུ་ཡི་འཁོར་ལོ་སྟེ། །ཐུགས་ཀྱི་ཕྱེད་ནི་སོར་དྲུག་རྐང་པ་དང་བཅས་སྙིང་ག་ལ་གནས་ལྷན་སྐྱེས་ཡེ་ཤེས་འཁོར་ལོའོ། །གསུམ་ པོ་དག་ལས་སྒོ་རྣམས་བྱ་སྟེ་ནོར་བུའི་རང་བཞིན་གྱིས་སྤྲས་དཀྱིལ་འཁོར་རྣམས་ལས་བརྒྱད་ཆའོ། །འགྲོ་དང་འོང་བས་སྟེང་དང་འོག་ཏུ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ཉིས་འགྱུར་དག་ཏུ་འགྱུར། ༡༧༤ །ལྷུན་པོར་གནས་པ་ལ་ཡང་རྒྱལ་བའི་བདག་པོའི་སོར་མོ་ཕྱེད་ནི་དཔག་ཚད་ སྟོང་ཕྲག་དག་ཏུ་འགྱུར། །དེ་བཞིན་ལྷ་ཡི་རི་བོ་དག་ནི་ལུས་ཀྱི་ཚད་དུ་འགྱུར་ཏེ་རྒྱར་ནི་ཕྱེད་ཀྱི་ཚད་ཡིན་ནོ། །དེ་ཡི་སྟེང་དུ་རྡོ་རྗེའི་རྣམ་པ་བརྩེགས་པ་ཆ་གསུམ་པ་སྟེ་དེ་ཡི་ཡང་ནི་ཕྱེད་དུ་འགྱུར། །དེ་བཞིན་འོག་ཏུ་འཛིན་མ་ཆུ་དང་མེ་དང་རླུང་དང་མེ་ལྕེ་དང་བཅས་རྡོ་རྗེ་ཕྲེང་བའོ། ༡༧༥ ། ཕྱེད་བཅས་ཉི་མས་རྒྱལ་བའི་བདག་པོའི་ཐུགས་ཀྱི་འཁོར་ལོར་འགྱུར་ཏེ་ལྟེ་བ་མགྲིན་པའི་ཆུ་སྐྱེས་དབུས། །གསུང་གི་འཁོར་ལོ་སྐུ་ཡི་འཁོར་ལོ་རྡོ་རྗེ་ནོར་བུའི་གནས་ནས་སྟེང་དུ་མཛོད་སྤུ་ཕྱེད་ཀྱི་མཚམས། །སྒོ་ཁྱུད་མཐར་ནི་དཔལ་ལྡན་འགྲམ་པར་འགྱུར་ཏེ་མི་བདག་དཔྲལ་བའི་ སྟེང་དུ་གཙུག་ཏོར་དག་གི་མཚམས། །ཕྱེད་བཅས་ཉི་མ་རྣམས་ཀྱིས་ས་ཆུ་མེ་རླུང་དཀྱིལ་འཁོར་མེ་ལྕེ་དང་བཅས་རྡོ་རྗེ་ཕྲེང་བའོ། ༡༧༦ །སྟེང་དང་འོག་ཏུ་སངས་རྒྱས་སྐུ་འདི་མཉམ་པར་འགྱུར་ཏེ་སྐུ་དང་གསུངས་དང་ཐུགས་ཀྱི་འཁོར་ལོའོ། །ཀུན་ནས་རླུང་གིས་བགྲོད་པའི་དབང་ གིས་ཐད་ཀའི་ཚད་ཀྱིས་གསུམ་རྣམས་ཀྱིས་སམ་དེ་བཞིན་དྲུག་རྣམས་ཀྱིས། །རྩིབས་བརྒྱད་མཚན་མ་དང་ནི་རྒྱལ་བའི་བདག་པོའི་རྐང་པ་དང་བཅས་སོར་མོ་དྲུག་གིས་འཁོར་ལོར་འགྱུར། །སྒོ་བརྒྱད་རྣམས་ཀྱིས་བསྐོར་ཞིང་རང་གི་ལག་མཐིལ་སེན་མོ་རྣམས་ཀྱིས་དཔལ་ ལྡན་དུར་ཁྲོད་བརྟག་པར་བྱ། ༡༧༧ །སྟེང་འོག་ཞལ་དང་གསང་བར་གཉིས་དང་ཆུ་གཏེར་ཚད་ཀྱིས་བཅོམ་ལྡན་འདས་མའི་དཀྱིལ་འཁོར་དག་ཏུ་འགྱུར། །པདྨ་ཕྱེད་ལ་སྙིང་པོའི་དབུས་ནས་གསུམ་རྣམས་ཀྱིས་ཀྱང་དེ་ནས་ཕྲེང་བ་དང་བཅས་འཁོར་ལོ་དྲུག །སྒོ་ལ་སོགས་པ་དག་ དང་འགྲམ་པར་འཁོར་ལོ་ཀུན་ནས་ལྔ་ཆ་དག་གིས་ངེས་པར་རབ་ཏུ་འགྱུར། །ལྷན་ཅིག་སྐྱེས་པའི་སྐུ་ནི་མཆོད་རྟེན་གཟུགས་འདི་ཀུན་ནས་ཤེས་རབ་མ་ཡིན་ཐབས་ཀྱང་མ་ཡིན་ནོ། ༡༧༨ །ལྷུན་པོའི་ཕྱི་རོལ་དུ་ནི་འོག་གི་ས་གཞིའི་གནས་ལ་དངོས་གྲུབ་བརྒྱད་པོ་ཡང་དག་གནས་པ་ སྟེ། །ཤར་དུ་རལ་གྲིར་འགྱུར་ཏེ་རོ་ཡི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་མིག་སྨན་རོ་ཙ་ན། །ལྷོ་རུ་དཔལ་ལྡན་རྐང་མགྱོགས་མི་ཟད་མཐའ་དག་གཏེར་ནི་དཀྱིལ་འཁོར་དག་གི་མེ་ཡི་ཟུར་དུའོ། །དབུས་སུ་མཆོད་ཕྱིར་ཐོགས་པ་དག་སྟེ་ལྷ་དང་མི་ཡི་བླ་མའི་ཚངས་པའི་ དབྱངས་ནི་དེ་ཉིད་དོ། ༡༧༩ །ནོར་བུ་གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང་གའི་གནས་དང་ལྟེ་བ་གསང་བ་ལ་ཡང་རྡོ་རྗེ་ནི། །གཅིག་གཉིས་ཆུ་གཏེར་མདའ་དང་ཀླུ་ཡི་དབང་པོ་དགུ་བཅས་ཉིན་བྱེད་སོར་རྣམས་དག་གིས་རིམ་པས་སོ། །དབུས་དང་སྟེང་འོག་གསུམ་གྱི་ཆ་སྟེ་ཟུམ་པ་དང་ནི་ རྣམ་པར་གྱེས་པ་ཞི་དང་དྲག་པོ་ལ། །དྲིལ་བུ་དག་ཀྱང་དེ་བཞིན་ཆ་གསུམ་སྟེང་ནི་རྡོ་རྗེ་དང་མཚུངས་བ་ལང་ཁ་དང་པདྨའི་གཟུགས། ༡༨༠ །ཁྱོན་ནི་དེ་ཡི་སུམ་ཆ་ཞལ་དང་བཅས་པའི་ལྟེ་བ་འདབ་མ་དག་ཀྱང་དེ་ཡི་སུམ་ཆ་ལས། །རྭ་ནི་ཁྱོན་དང་མཚུངས་པ་ཕྱོགས་དང་ཕྱོགས་བྲལ་དུ་ སྟེ་རྭ་ཡི་ཟླུམ་པོ་དག་ནི་བཞི་ཆའོ། །ཕྱི་རོལ་རྭ་ཡི་སུམ་ཆ་འོག་སྟེ་སྟེང་དུ་བ་ད་རཱི་ཡི་ཚེར་མའི་རྣམ་པ་སྦྱོར་བའོ། །དྲིལ་བུའི་ཞལ་རྣམས་དེ་བཞིན་འདབ་མ་རྡོ་རྗེ་ཡང་ངོ་བ་ལང་ཁ་ལ་སོགས་པ་དེ་བཞིན་ཉིད། ༡༨༡ །གསང་བའི་ཆུ་སྐྱེས་མཛོད་སྤུའི་མཐའ་ཡི་ ཆ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་དཔངས་ཀྱི་ཚད། །དེ་ཡི་ཕྱེད་ཀྱིས་གདན་གྱི་རྒྱ་སྟེ་ས་བཞིན་ཤིན་ཏུ་ཉམས་པ་དེ་ཡི་སུམ་ཆས་ཕྱོགས་ཆ་རྣམས། །ཕྱེད་དང་གཉིས་མཐར་ཕྱིར་བྱུང་ཆུ་སྐྱེས་སྙིང་གར་སོན་པའི་དཀྱིལ་འཁོར་གདན་གྱི་ཚད་ཀྱིས་ཟླུམ་པོའོ། །པདྨའི་ མཐའ་ལས་ཆ་དམན་གཞི་དང་མཉམ་པ་བྲང་སྟེ་དེ་ཡི་ཕྱོགས་ཆ་ཡིས་ཀྱང་མགྲིན་པའོ། ༡༨༢ །གདན་གྱི་ཕྱེད་ཀྱི་ཆ་ཡིས་གདོང་སྟེ་ས་བཞིན་ཤིན་ཏུ་མཉམ་པ་དེ་ཡི་སུམ་ཆས་ཕྱོགས་ཆ་རྣམས། །གསང་བའི་ཆུ་སྐྱེས་དག་ལས་ཕྱེད་བཅས་ཉི་མས་དཔངས་སུ་ཤིན་ཏུ་མཉམ་པའི་གདན་ གྱི་ཚད་འགྱུར་ཏེ། །གདན་ནས་པདྨའི་མངོན་མཚམས་སྙིང་གར་སོན་པའི་དཀྱིལ་འཁོར་མཐའ་དང་དེ་ནས་མགྲིན་པའི་རྩ་བའོ། །དེ་ནས་གདོང་གི་མཐར་ནི་དེ་བཞིན་ཆུ་གཏེར་དུས་དང་ཕྱེད་བཅས་རིག་བྱེད་རྣམས་ཀྱིས་དུམ་བུ་གསུམ། ༡༨༣ །གདན་ལས་རིག་བྱེད་དག་གིས་པདྨ་སྙིང་ གར་སོན་པའི་དཀྱིལ་འཁོར་མགྲིན་པའི་ཚད་ཀྱང་དེ་བཞིན་ཏེ། །ཕྱེད་བཅས་བརྒྱད་ཀྱིས་གདོང་པའི་ཚད་དང་དེ་ཡི་སྟེང་དུ་གདུགས་ཀྱི་ཕྲེང་བར་འགྱུར་རོ་མི་ཡི་དབང་། །མཛོད་སྤུའི་མཚམས་ནས་དཔྲལ་བ་དག་དང་མགོ་བོ་དེ་ནས་འདིར་ནི་གཙུག་ཏོར་དག་གི་མཐར་ཐུག་འདི། །དེ་ ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ནོ། ༡༨༤ །གསེར་ནི་ས་ཡི་ཁམས་སུ་འགྱུར་ཏེ་དངུལ་ནི་ཆུ་དང་ཟངས་མ་དག་ཀྱང་མེ་ཡི་ཁམས་ཡིན་ནོ། །ལྕགས་ནི་རླུང་སྟེ་ཞ་ཉེ་དཀར་ནག་འདི་ནི་སྟོང་པ་དག་དང་འདྲེས་པའི་ཁམས་ཀྱི་རང་བཞིན་ ནོ། །རིན་ཆེན་སེར་པོ་ས་རུ་འགྱུར་ཞིང་དཀར་པོ་ཆུ་དང་རིན་ཆེན་དམར་པོ་ཡང་ནི་མེ་ཡིན་ཏེ། །ནག་པོ་རླུང་ངོ་སྔོན་པོ་དང་ནི་ལྗང་གུ་དེ་ཡང་དེ་བཞིན་འདྲེས་པའི་ཁམས་ལས་བྱུང་བའོ། ༡༨༥ །ལན་ཚྭ་ས་དང་མངར་བ་ཆུ་རུ་རབ་ཏུ་འགྱུར་ཞིང་ཚ་བ་མེ་དང་ཁ་བ་རླུང་ཡིན་ཏེ། །སྐྱུར་དང་ བསྐ་བའི་རོ་ནི་འདྲེས་པ་དག་གོ་སླར་ཡང་ཞིང་གི་རྔོ་རྣམས་དག་གི་སྐྱེ་གནས་དང་། །སྨན་རྣམས་རྣམ་པ་དྲུག་གི་རོ་དང་མཆོག་གི་རོ་སྟེ་ཁམས་རྣམས་གཞན་པ་ནོར་བུའི་དབང་པོ་རྣམས། །ས་ལ་སྣ་ཚོགས་རེག་པ་རྣམས་དང་མཐའ་དག་ནད་ནི་འཕྲོག་པ་ཉིད་ཀྱི་ཆུ་རྣམས་ཡང་དག་ གོ། ༡༨༦ །ས་ཡིས་ཟུག་གཟེར་འཕྲོག་པར་བྱེད་ཅིང་དུག་ཀྱང་ཆུ་ཡི་ཁམས་ཀྱིས་འཕྲོག་པར་བྱེད་དེ་མེ་ཡིས་ནི། །འབྱུང་པོ་རླུང་གིས་རེངས་པ་ནམ་མཁའ་ཡིས་ཀྱང་གདུག་པའི་ལྟ་བ་རབ་ཏུ་ལྷུང་བ་འཕྲོག་པར་བྱེད། །ཡེ་ཤེས་ཀྱིས་ནི་ཐམས་ཅད་འཕྲོག་སྟེ་དེ་བཞིན་མི་བདག་ རྣམས་ཀྱི་ལུས་ལ་གནས་པའི་ནོར་བུས་ཀྱང་། །ཆུ་དང་རོ་དང་ནོར་བུ་རེག་པ་སྔགས་དང་སྨན་རྣམས་དག་གི་མཐུ་རྣམས་ཐམས་ཅད་བསམ་མི་ཁྱབ། ༡༨༧ །བཅོམ་ལྡན་ཡེ་ཤེས་འཁོར་ལོའི་རང་བཞིན་ཅན་ནི་ཀུན་ནས་སངས་རྒྱས་ཞིང་དུ་རབ་ཏུ་འཇུག་འགྱུར་ཞིང་། །སླར་ཡང་ ཐམས་ཅད་ཚོགས་པའི་སྦྱོར་བ་དག་ལས་འབྲས་བུའི་དབང་གིས་སེམས་ཅན་རབ་ཏུ་འཇུག་པར་འགྱུར། །རང་གི་ཉིན་བགྲོད་དབང་གིས་ཡན་ལག་བཅུ་གཉིས་དེ་དག་རྣམས་ཀྱིས་ཟླ་བ་ལྷུན་པོ་རྫོགས་པ་འདིར། །མཆོད་རྟེན་རྣམ་པ་སྟེང་དུ་བརྩེགས་པ་རྡོ་རྗེའི་རང་བཞིན་མི་བདག་ དེ་ཡི་སྙིང་པོའི་དཀྱིལ་འཁོར་རོ། ༡༨༨ །ཕྱི་རོལ་དུ་ནི་རྒྱུ་སྐར་འཁོར་ལོ་རྣམས་ཏེ་ལས་ཀྱི་ས་ལ་ས་གཞི་ལ་གནས་མི་རྣམས་སོ། །ལོངས་སྤྱོད་ས་ལ་གླིང་དྲུག་བདུད་རྩིའི་འབྲས་བུའི་རོ་ཡི་ཁ་ཟས་ཅན་གཞན་ལྷ་ལ་སོགས་པ་རྣམས། །རྭ་ལ་རྗེས་སུ་གནས་པ་བརྒྱད་རྣམས་ལྷ་ཡི་ བདག་པོ་མེ་དང་དུས་དང་ལྷ་མིན་ཆུ་གཏེར་རླུང་། །གནོད་སྦྱིན་དང་ནི་དྲག་པོ་འོག་དང་སྟེང་དུ་འཁོར་དང་བཅས་པ་ཁྱབ་འཇུག་ཉིད་དང་ཆུ་གཏེར་གདོང་། ༡༨༩ །འདིར་ནི་ཆུ་སྲིན་རྣམ་ཤེས་དང་ནི་སྟོང་པའི་ཁམས་ཏེ་བུམ་པ་དག་ནི་འདུ་བྱེད་ཉིད་དང་རླུང་། །ཉ་དང་ལུག་དང་གླང་དང་ འཁྲིག་པ་ཚོར་བ་མེ་རུ་རབ་ཏུ་འགྱུར་ཏེ་འདུ་ཤེས་ཆུ་དང་ནི། །གཟུགས་དང་ས་དང་འགྱུར་མེད་དག་དང་ལྷན་ཅིག་སྐྱེས་པ་ཀརྐ་ཊ་ལ་སོགས་པའི་ཁྱིམ་རྣམས་སོ། །འདི་རྣམས་མཚན་མ་རྡོ་རྗེ་ལ་སོགས་ཀ་ཙ་ཊ་པ་ཏ་ས་རིང་པོ་ཐུང་ངུ་ལྷག་པའི་ལྷ། ༡༩༠ །ལུག་དང་འཁྲིག་པ་ ཀརྐ་ཊར་ནི་ཟླ་བ་དཀར་པོ་ཉི་མ་སེང་གེ་བུ་མོ་སྲང་རྣམས་སོ། །ས་སྐྱེས་སྔགས་པ་སྒྲ་གཅན་རྣམས་ཏེ་གཟའ་ལག་སྤེན་པ་གདེངས་ཅན་སྡིག་པ་གཞུ་ཡི་ཐོག་མཐར་རོ། །དེ་ལྟར་ས་ལ་སོགས་པའི་ཁམས་ནི་ཀུན་ནས་ཕན་ཚུན་སྦྱོར་བར་འགྱུར་རོ་ མི་ཡི་བདག་པོ་ཀྱེ། །འགྲོ་བ་འདི་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རང་བཞིན་དུ་འགྱུར་རིན་ཆེན་ཀུན་གྱིས་རབ་ཏུ་གང་། ༡༩༡ །གང་དག་ས་ལ་དཔག་བསམ་ཤིང་དང་རོ་དང་མཆོག་གི་རོ་དང་སྨན་དང་རོ་ཡི་དབང་པོ་གཞན། །མཐའ་དག་ནད་འཕྲོག་རྡུལ་ཕྲན་རྣམས་ཀྱིས་རབ་ ཏུ་བསྐྱེད་པ་དེ་རྣམས་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །གང་ཞིག་ཕལ་པའི་རྩ་དང་ཤིང་དང་ཆུ་དང་རྡུལ་དང་རྡོ་བ་དང་ནི་ལྕགས་རྣམས་མཐོང་བར་འགྱུར། །ཡི་དགས་རྣམས་ཀྱིས་ཆུ་ནི་མེ་ཆེན་དམྱལ་བར་སོང་བའི་མི་རྣམས་དག་གིས་ཀུན་ནས་གཅོད་འབིགས་སོ། ༡༩༢ ། འདི་རྣམས་སྒྲོལ་བའི་སླད་དུ་སྲས་དང་བཅས་བ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་ འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། ༡༩༣ །དེ་ཕྱིར་རྒྱལ་བའི་བདག་པོའི་སྐུ་ནི་སྐྱེས་ཤིང་མ་ཉམས་སྲིད་པ་གསུམ་པོ་ལ་ཡང་གནས་པ་སྟེ། །བཅོམ་ལྡན་དེ་ཡིས་ཐམས་ཅད་དུས་སུ་སེམས་ཅན་དོན་ནི་མི་ འདོར་ལས་ཀྱིས་བཅིངས་པ་མ་ཡིན་ནོ། །དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་པ་གསུམ་གྱི་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། །སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་ལྷ་གཞན་དག་ནི་ནམ་ཡང་མ་ཡིན་ནོ། ༡༩༤ །གང་དག་ཆོས་ལ་ མངོན་འཇོམས་རང་ལུས་གཞན་གྱི་ལུས་དང་རང་གི་བུད་མེད་དག་ལ་རྗེས་སུ་ཆགས། །ཤི་བར་གྱུར་ན་བུ་ཡི་མེ་ཡི་སྦྱིན་སྲེག་དང་ནི་གཉེན་གྱི་བསོད་ནམས་དག་ལས་མཐོ་རིས་ཏེ། །མཆོད་སྦྱིན་ལ་ནི་ཕྱུགས་རྣམས་འཚེ་དང་གཡུལ་དུ་ཤི་བར་གྱུར་ན་མཐོ་རིས་འཇིག་རྟེན་དག་ཏུ་ འཇུག །འཇུག་ངོགས་ལུས་པོ་ལྷུང་ལས་མཆོག་གི་གོ་འཕང་འགྲོ་བ་དེ་རྣམས་ཐར་པ་སྟེར་བའི་ཆོས་མ་ཡིན། ༡༩༥ །དེ་ཉིད་ལམ་ནི་རྣམ་པར་སྤངས་ནས་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ཀྱི་མ་གང་ཕ་ནི་གང་། །མཆོག་གི་བུ་དང་བུ་མོ་སྤུན་ཟླ་ཆུང་མ་སྲིང་མོ་རྣམས་དང་ རྗེ་བོ་གཉེན་གྱི་སྡེ་ནི་གང་། །བདག་གིས་བྱིན་གྱིས་བརླབ་པའི་དྲང་སྲོང་འདི་རྣམས་འཁོར་ལོའི་དབུས་འདིར་གང་གིས་ཐར་བར་འགྲོ་འགྱུར་བ། །དེ་ཡིས་ཉི་མ་ཁྱོད་ཀྱིས་ཐུབ་པ་རྣམས་ནི་བདག་གི་ཚིག་ལས་རིགས་གཅིག་དག་ལ་འཇུག་པར་མཛོད། ༡༩༦ །གལ་ཏེ་ལུས་ ལ་དབྱུག་པ་བསྣུན་པས་སྡུག་བསྔལ་འགྱུར་ན་དེ་ལ་དབྱུག་པ་དག་ནི་ཉེས་པ་ཅན། །དབྱུག་པ་འདི་ནི་མ་ཡིན་ལག་པས་རབ་ཏུ་བསྐུལ་ཏེ་འདིར་ནི་ཉེས་པ་མཐའ་དག་ལག་པ་ཡི། །འདི་ནི་མ་ཡིན་སེམས་ཀྱིས་བསྐུལ་ཏེ་སེམས་ཀྱང་འདིར་ནི་གདུག་པ་ཆེན་པོ་ཁྲོ་བའི་མེ་ཡིས་ སོ། །དེ་ཕྱིར་ཁྲོ་བའི་མེ་འདི་འགྲོ་བའི་དགྲ་བོ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོད་པར་འགྱུར། ༡༩༧ །ཆགས་ལས་སྡང་སོགས་སྐྱོན་ཏེ་རབ་མཆོག་ལྷ་མི་རྣམས་ཀྱི་རང་འདོད་ཆུང་མ་གཞན་དང་འགྲོགས་ལས་སོ། །དེ་ནི་རྩ་ནས་དབྱུང་སླད་མཐའ་དག་ རྒྱལ་སྲས་རྣམས་ཀྱིས་དེ་ནི་འདོད་པའི་སྦྱིན་ལ་རབ་ཏུ་བྱིན། །དེ་ཕྱིར་སྦྱིན་ལ་རྗེས་སུ་ཆགས་པ་བདེ་མཉམ་འབྲས་བུ་སྟེར་བ་བསོད་ནམས་དག་གི་ཚོགས་འདི་ནི། །འཇིག་རྟེན་གསུམ་གྱི་གཉེན་དུ་གྱུར་ཅིང་ཐམས་ཅད་དུས་སུ་སྐྱེ་བོ་རྣམས་ཀྱི་དམྱལ་བའི་འཇིགས་པ་འཕྲོག །༡༩༨ ། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པར་གྱུར་པ་དེ་ཡིས་སྐྱོབ་པ་རྣམས་ནི་གྲོལ་བ་སྟེ། །སེམས་ཅན་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་གང་ཞིག་སྲུང་བྱེད་དེ་ནི་སྐྱོབ་རྣམས་སྟེར་བར་བྱེད། །སེམས་ཅན་རྣམས་ཀྱིས་རང་སྙིང་ལ་གནས་བདེ་བ་གང་ཞིག་ གཏོང་བྱེད་དེ་ནི་རྒྱལ་རྣམས་སྲུང་བར་མཛད། །དེས་ན་རྒྱལ་བ་མཆོག་གི་སྤྱོད་པ་འདི་ནི་ལྷ་ཀླུ་ལྷ་མིན་རྣམས་ཀྱིས་བྱ་བ་དཀའ་བར་འགྱུར། ༡༩༩ །ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཡོན་ཏན་ཡིད་དང་བློ་དང་ངར་འཛིན་སྲོག་དང་ནི། །གཟུགས་ལ་སོགས་དང་མིག་ ལ་སོགས་པ་ཡུལ་དང་ཡུལ་ཅན་རྣམས་དང་ལས་ཀྱི་དབང་པོ་ལྔ་རྣམས་ཏེ། །ཕྱུགས་དང་བཅས་པ་མི་ཡི་ལུས་ལ་ཁྱབ་བྱེད་འདི་རྣམས་དག་ལས་རིགས་ནི་ཐུ་བོ་གཞོན་ནུ་གང་། །མི་བདག་དང་བཅས་མི་ཡི་བླ་མ་རིགས་དྲེགས་ང་རྒྱལ་ཅན་ཁྱོད་གང་གིས་ རིགས་ནི་ཐུ་བོ་ཡིན། ༢༠༠ །བསྲེག་བྱ་ས་དང་དྲི་མ་མེད་པ་ཆུ་རུ་རབ་ཏུ་འགྱུར་ཏེ་ཏུཏྠ་ཀ་ནི་མེ་ཉིད་དོ། །རླུང་དང་ནམ་མཁའ་འདྲེས་པའི་ཁམས་ནི་གཡོ་བ་དང་བཅས་རི་བོང་ཅན་དང་མཚལ་ནི་བདུན་པ་ཡང་། །ཀཱ་ཀྵི་ཀཱ་ཤི་ས་དང་མུ་ཟི་མཉམ་དང་མཁའ་རླུང་མེ་དང་ཆུ་ནི་ལྡོང་རོས་ བ་བླ་སྟེ། །བཙག་ནི་ས་འོ་ལན་ཚྭ་གང་ཞིག་ཟེ་ཚ་རྒྱ་མཚོ་སྐྱེས་དང་རྒྱམ་ཚ་ནག་པོ་ཐབ་ཀྱི་ཚ། ༡༠༡ །འདི་རྣམས་ས་སོགས་ཁམས་ཏེ་སླར་ཡང་འདིར་ནི་ནཱ་བསཱ་ར་ཡ་བཀྵར་སདྫ་དང་། །ཚ་ལ་ཀྵ་ཙ་ལས་སྐྱེས་དེ་རྣམས་མཁའ་དང་རླུང་མེ་ཆུ་དང་ས་རྣམས་དག་གི་རང་བཞིན་ནོ། །རྡོ་ཡི་ ཆུ་ནི་ས་རུ་འགྱུར་ཏེ་རི་བོང་ཅན་གྱི་ཆུ་ནི་ཆུ་དང་མེ་ཡི་ཆུ་ནི་མེ། །རླུང་དང་སྟོང་པའི་རང་བཞིན་དག་གི་དུག་གི་ཆུ་དང་གཞན་པ་གྲི་གུག་གསུམ་གྱི་རང་བཞིན་ནོ། ༢༠༢ །གླ་སྒང་སེར་པོ་ས་ཡི་ཁམས་ཏེ་ཤཀྟུ་ཀ་དང་རྭ་ཅན་ནག་པོ་ཆུ་དང་མེ་དང་རླུང་། །ནག་པོ་བརྩེགས་པ་སྟོང་པ་ཞེས་བྱ་ གཞན་པ་ཉེ་བའི་དུག་ནི་རྣམ་པ་ལྔ་པོ་རིག་པར་བྱ། །རྡོ་དང་སྲོག་གི་ངོ་བོ་རྣམ་པ་སྣ་ཚོགས་འབྲས་བུ་དང་མཚུངས་མགོ་དང་དུང་ལ་སོགས་པའི་གཟུགས། །དེ་དག་རྣམས་ཀྱི་ལྕགས་ནི་རྣམ་དྲུག་ལྷང་ཚེར་སྐྱེས་དང་དེ་བཞིན་ལྷ་དང་ཁབ་ལེན་རྣམ་པ་བཞི། ༢༠༣ །རོ་ནི་གྲུབ་དང་གྲུབ་ པ་མ་ཡིན་རྣམ་པ་གཉིས་སུ་འདིར་འགྱུར་འབུགས་བྱེད་དང་ནི་འབུགས་བྱེད་མིན། །གྲུབ་པ་ལྕགས་ནི་འབུགས་པར་བྱེད་དེ་སླར་ཡང་དེ་ནི་ཟོས་པས་ལུས་ཀྱང་འབུགས་པར་བྱེད་པའོ། །གང་ཞིག་འབུགས་བྱེད་མིན་པའི་དངུལ་ཆུ་རོ་དེ་བསྐོལ་བ་དང་ནི་བསྒྱུར་བར་གྱུར་པ་དག་ གིས་ཀྱང་། །ལྕགས་ནི་འབུགས་ཤིང་རྗེས་སུ་འབུགས་ཏེ་མཐའ་དག་ནད་འཕྲོག་རུས་པའི་ལྕགས་ནི་རྣམ་པར་སྤངས་ནས་སོ། ༢༠༤ །དང་པོར་དུ་བའི་རང་བཞིན་དག་གིས་འགྲོ་སྟེ་མེ་ལ་གནས་ཤིང་བསྐོལ་བ་དེ་ནི་རིམ་པ་ཡིས། །སྒྲ་དང་རབ་ཏུ་འཕར་བ་ཡིས་ ཏེ་དེ་ཡང་འདར་བ་དང་ནི་འདར་མེད་ཉིད་དུ་རབ་ཏུ་འགྱུར། །སྒྲ་ལྡན་འཕར་ལྡན་འབུགས་པར་བྱེད་པ་མ་ཡིན་དེ་ཡང་འདབ་མ་འབུགས་བྱེད་འདར་དང་བཅས་པ་སྟེ། །འདར་བ་མེད་པ་མདུང་གིས་འབུགས་བྱེད་རྣམ་གསུམ་འདིར་ཡང་སྒྱུར་བྱེད་ རྣམས་ཀྱིས་བསྒྱུར་བར་གྱུར་པའོ། ༢༠༥ །མཆོག་གི་སྨན་གྱི་སྟོབས་ཀྱིས་སྟོབས་དང་ལྡན་པར་རབ་ཏུ་འགྱུར་ཏེ་ལྕགས་རྣམས་ཐམས་ཅད་བཞུ་བའོ། །སུ་ཞིག་དེ་རྣམས་མེད་ན་ས་ཡི་སྟེང་གི་གནས་སུ་འདི་ཡི་བཅིང་བ་དག་ནི་གང་ཞིག་བྱེད། །བཅིངས་ ནས་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་ཞིང་དེ་བཞིན་ཟོས་ན་འཆི་བ་དག་ཀྱང་ཉམས་པར་འགྱུར། །ཡེ་ཤེས་མེད་ན་ས་བདག་རྣམས་ཀྱིས་རོ་ཡི་དབང་པོ་འདི་ནི་རབ་ཏུ་འབད་པས་བསྒྲུབ་པར་བྱ། ༢༠༦ །དེ་དག་རྣམས་ཀྱི་རྫས་ནི་དུ་མ་གླུ་དང་རོལ་མོའི་མངོན་ པར་སྦྱོར་བ་ལ་ཡང་འགོད་པར་འགྱུར། །གང་ཞིག་ཆུད་ཟོས་དེ་ནི་མི་བདག་རོ་ཡི་ཡུལ་ལ་མ་བསྲེགས་ཆོས་ཀྱི་བྱ་བ་ལ་མ་བྱིན། །གང་ཞིག་རྫས་ནི་སྡིག་པའི་སླད་དུ་ཟད་པར་བྱེད་པ་དེ་ཡིས་དེ་ནི་སྡིག་པ་དག་གིས་བཅིངས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ ཅན་དག་གི་དོན་གྱི་སླད་དུ་མ་ལུས་པ་ནི་ཟད་པར་མཛད། ༢༠༧ །གང་ཞིག་བྱུགས་པས་འཕྲལ་ལ་ཟངས་ཀྱི་འདབ་མའི་དྲི་མ་འཕྲོག་པར་བྱེད་པ་དག་ནི་སྨན་ཡིན་ཏེ། །མཐའ་དག་ནད་འཕྲོག་ལྕགས་རིགས་འཇུ་བར་བྱེད་པ་དེ་ནི་སྐལ་ལྡན་རྣམས་ཀྱི་ས་ ལ་མཐོང་བར་འགྱུར། །གཞན་དག་རྣམས་ཀྱིས་འདི་ཡི་བཅིང་བར་རབ་ཏུ་འགྱུར་བ་གང་དེ་ངེས་པར་ལོ་དུས་བར་དང་ནི། །བདུག་དང་དགོད་པའི་སྦྱོར་བ་རྣམས་ཀྱིས་དེ་ནི་སྟོང་ཕྲག་གཅིག་འབུགས་དག་ལས་ལྷག་པར་མི་འགྱུར་རོ། ༢༠༨ །སྨན་རྣམས་ཐམས་ཅད་ ཤིན་ཏུ་ཚ་བའི་རོ་རྣམས་དག་དང་འགྱུར་བྱེད་སྡེ་དང་སྐྱུར་བའི་སྡེ་རྣམས་དང་། །བསླང་བར་གྱུར་པའི་རྩབ་མོ་དག་གིས་རྟག་ཏུ་མཉེ་དང་བདུག་པར་ཡང་ནི་རབ་ཏུ་འགྱུར་བ་སྟེ། །དངུལ་ཆུ་རྣམས་ནི་དངུལ་དུ་བྱ་བ་ལ་ཡང་མེ་ཏོག་བཏབ་པ་རྣམས་ཀྱིས་ས་བོན་དག་པའོ། ། གཉིས་སྦྱོར་ཚ་ལ་མཆིང་བུ་བྱི་བ་རྟ་སེན་དུག་རྣམས་ཀྱིས་སོ་སྣུམ་གྱིས་བྲན་པས་འཇམ་པ་ཉིད། ༢༠༩ །གླང་པོ་མི་ཡི་ཆུ་ནི་ལན་བདུན་བླུགས་པ་དག་གིས་ཆུ་ཤིང་ཙིཏྲ་ལ་སོགས་ཐལ་བ་དང་། །འགྱུར་བྱེད་ཀུན་དང་ཚ་བ་རྣམས་དང་སླར་ཡང་ ཉེ་བའི་རོ་ནི་སྦྱངས་པ་དེ་རྣམས་སྦྲུ་བར་བྱ། །ཡང་ནས་ཡང་དུ་མེ་ཡི་ཚ་བ་དག་གིས་སླར་ཡང་ལན་བརྒྱར་སྦྲུ་བར་བྱ་ཞིང་བསྐམ་པར་བྱ། །དེ་བཞིན་དུང་གི་ཕྱེ་མ་བརྒྱ་ཕྲག་སྦྱར་བར་གྱུར་པ་འདི་ནི་མུ་ཟི་དག་གིས་བསྲེས་པ་ཡང་། ༢༡༠ །ལྕགས་རྣམས་ཞུ་བར་བྱེད་པའི་ དོན་དུ་བི་ཌ་འདི་ནི་དངུལ་ཆུ་དག་གི་བརྒྱད་ཀྱི་ཆ་ཤས་འགྱུར། །ཁྱོགས་ཀྱི་བདུག་པ་མཚན་མོ་བརྒྱད་དེ་རོ་ཡི་སྙིང་གར་གནས་པ་ཞུ་བར་གྱུར་པ་ཇི་སྲིད་ཉིད། །དྲག་པོར་བསྐོལ་བས་དྲི་མ་མེད་པ་འདི་ནི་མཉེས་ཤིང་བཞུས་པས་སྟོབས་དང་ལྡན་པར་རབ་ཏུ་འགྱུར། །ལྕགས་ གཅིག་ཞུ་བར་གྱུར་ན་ཉི་མ་རི་བོང་ཅན་གྱི་ལུས་ཀྱིས་ལྕགས་རྣམས་ཐམས་ཅད་ཁ་སྒྱུར་བྱེད། ༢༡༡ །ཁྱབ་བྱེད་སྒྱུར་བ་དེ་ཡང་ཆེན་པོ་དང་བཅས་ཞ་ཉེ་གཤའ་ཚེ་སྤྲ་ཚིལ་བཅས་པས་འཇུག་པ་སྟེ། །དེ་ལྟར་གང་ཞིག་དངུལ་ཆུའི་ལས་ནི་འཆད་པར་འགྱུར་བ་དག་གིས་ཉིན་ཞག་སོ་སོར་ བྱེད་པ་ན། །དུས་གཞན་དག་གིས་འཆིང་སྟེ་གསལ་བར་ལྕི་ཞིང་སྲ་བ་ཉིད་དང་སྐྱོན་རྣམས་ཀུན་ལས་རབ་ཏུ་གྲོལ། །དེ་ཡི་མཆོག་གི་ལུས་ལ་ནད་དང་འཆི་བ་དང་ནི་དབུལ་བའི་སྡུག་བསྔལ་ཐམས་ཅད་འཕྲོགས་པར་བྱེད། ༢༡༢ །ཁྲུ་ཕྱེད་གསེར་གྱི་པདྨ་ནོར་གྱི་འདབ་ལྡན་དག་ ལ་ལྟེ་བར་སྙིང་པོའི་དབུས་སུ་རྡོ་རྗེ་སྟེ། །ལྷ་དང་གཤིན་རྗེ་ནོར་སྦྱིན་དག་ཏུ་དག་པའི་ཨིནྡྲ་ནཱི་ལ་པདྨ་རཱ་ག་ཆུ་ཤེལ་ལོ། །ནུབ་ཏུ་རིན་ཆེན་ཀརྐེ་ཏ་སྟེ་མེ་དང་ལྷ་མིན་འཕྲོག་བྱེད་དུ་ནི་རྣོན་པོ་ཟངས་དང་དངུལ། །རླུང་གི་འདབ་མ་དག་ལ་གསེར་དང་གསེར་གྱི་ལྷང་ཚེར་དག་ལས་ སྐྱེས་པའི་གདན་ནི་ལྟེ་བ་ལ། ༢༡༣ །སྙིང་པོར་དེ་སྟེང་གསེར་ལས་སྐྱེས་པའི་ཛིབྷ་ལ་ནི་ཕྱག་གཉིས་ནེའུ་ལེ་དང་བཅས་མཆོག་སྦྱིན་པ། །འདབ་མ་རྣམས་ལ་གསེར་ལས་སྐྱེས་པའམ་དངུལ་ལས་སྐྱེས་པའི་ལྷ་མོ་བརྒྱད་དེ་ཆུ་སྐྱེས་མཆོག་སྦྱིན་ཕྱག །ཅོད་པན་སངས་ རྒྱས་རིན་ཆེན་དབང་པོ་ནོར་བུ་མཆོག་སྦྱིན་ཕྱག་སྟེ་གནོད་སྦྱིན་མོ་རྣམས་དེ་བཞིན་ཉིད། །ཧ་སོགས་ཐུང་ངུ་རིང་པོ་ཕྱོགས་དང་ཕྱོགས་བྲལ་འདབ་མ་རྣམས་ལ་ཡི་གེ་བརྒྱད་རྣམས་རིམ་པས་སོ། ༢༡༤ །དྲི་དང་མེ་ཏོག་རྣམས་ཀྱིས་ཉིན་ཞག་སོ་སོའི་དུས་སུ་ཐུན་གསུམ་ཟླ་ བའི་སྣོད་དུ་མཆོད་བྱས་ནས། །ཨཽཾ་ཛཾ་སྭཱ་ཧཱའི་མཐར་སྟེ་དབུས་སུ་བྷ་ལ་དང་བཅས་ཛ་ལེནྫྲཱ་ཡ་ཞེས་པ་སྔགས་འདི་ཡིས། །རྒྱལ་པོ་རབ་དགའི་ཡིད་ཀྱིས་གསེར་འགྱུར་མཁན་རྣམས་དག་གིས་སྲུང་བའི་དོན་དུ་ཆུ་ནི་རབ་སྦྱིན་བྱ། །དེ་ལྟར་བསྲུང་བའི་མཐུ་ཡིས་ འབྱུང་པོའི་མགོན་དང་ཀླུ་ཡི་མགོན་པོས་རོ་ནི་འཕྲོག་པར་མི་འགྱུར་རོ། ༢༡༥ །སོ་ཕག་འགྱུར་བྱེད་སྐྱུར་བའི་སྡེ་རྣམས་དག་གིས་ཉི་མ་བཅུ་རུ་རོ་ནི་མཉེ་ཞིང་བདུག་པར་བྱ། །དེ་ནས་སླར་ཡང་སྙིགས་མ་དག་ལ་གནས་པ་ཕྱེ་ནས་བསྲེ་བར་བྱ་སྟེ་ཐམས་ཅད་དུས་སུའོ། ། སླར་ཡང་གལ་ཏེ་སྙིགས་ལས་དེ་ནི་མ་ཕྱེད་རོ་ནི་འཆི་སྟེ་དེ་ཡང་དེ་ལ་བཞུ་བར་བྱ། །དངུལ་ཆུ་རང་གི་སྐྱེ་གནས་ཟ་ན་དེ་ནི་སླར་ཡང་གཞན་གྱི་སྐྱེ་གནས་ཐམས་ཅད་རབ་ཏུ་ཟ། ༢༡༦ །ཞ་ཉེ་རྣོན་པོ་ར་གན་ཟངས་དང་ལྷང་ཚེར་སྐྱེས་སམ་གཞན་པ་ཞིང་ལས་སྐྱེས་པ་རྣམ་དག་ པ། །མཉམ་པ་གཅིག་ཏུ་བསྲེས་པའོ་དངུལ་གྱི་བྱ་བ་ལ་ནི་ལྷང་ཚེར་དཀར་པོ་ལས་སྐྱེས་གཤའ་ཚེ་མཉམ། །དང་པོར་དྲུག་ཅུའི་ཆ་ཤས་ཟས་ནི་འཇུ་བར་འགྱུར་ཞིང་དེ་ནས་ཆ་རེ་བསྐྱེད་པས་འཕེལ་བར་བྱ། །རྐང་པའི་ཆ་ཤས་ཇི་སྲིད་ཉིད་དུ་རབ་ཏུ་འགྱུར་ཏེ་ དེ་ལས་ལྷག་པར་རབ་ཏུ་སྦྱིན་མི་བྱ། ༢༡༧ །ཕྱོགས་གཅིག་གིས་ནི་ཉིས་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་འདི་ནི་དེ་བཞིན་ས་བོན་རྣམ་པར་དག །དེ་ལྟར་གཉིས་གསུམ་བརྒྱད་འགྱུར་འཇུ་བར་འགྱུར་ཏེ་སླར་ཡང་ཞུ་བ་འདི་ནི་བི་ཌ་མཆོག་རྣམས་ཀྱིས། །མ་ཞུ་ན་ནི་ རོ་ལ་ཇི་སྲིད་མཚན་མོ་བརྒྱད་ཀྱི་བར་དུ་འཁོར་ལོའི་དུགས་སུ་རབ་ཏུ་འགྱུར། །རེག་པ་མཆོག་གི་སྨན་རྣམས་དག་གིས་མེ་ལ་གནས་པ་ལྷང་ཚེར་ལྕགས་ནི་ཁ་མེད་འཇུ་བར་འགྱུར། ༢༡༨ །ལྷང་ཚེར་དག་ལས་ལྕགས་ནི་བརྒྱད་འགྱུར་སྟོབས་སུ་འགྱུར་ཏེ་དེ་ནི་ཞུ་བ་ན་ ཡང་བརྒྱད་འགྱུར་རོ། །དེ་ཡིས་ས་བོན་ལ་ཡང་བརྒྱད་འགྱུར་ཡིན་ཏེ་སླར་ཡང་དེ་ལས་རྡོ་རྗེ་རིན་ཆེན་བརྒྱད་འགྱུར་རོ། །དེ་ལྟར་ལྕགས་དང་རིན་ཆེན་རྣམས་དང་ཉེ་བའི་རོ་དང་རོ་རྣམས་ཇི་སྲིད་ཁོལ་བར་གྱུར་གྱི་བར། །མེ་ཡི་ནང་དུ་བསྐོལ་བར་ བྱ་སྟེ་དེ་ནས་དེ་ནི་འབུམ་ཕྲག་དུ་མ་འབུགས་པར་རབ་ཏུ་འགྱུར། ༢༡༩ །རེག་རྡོ་སྨན་དག་མེད་ན་མཆོག་གི་བི་ཌ་མཉེ་བ་དག་དང་དུག་རྣམས་ཀྱིས་ཀྱང་འཇུ་བར་འགྱུར། །འདར་བ་མེད་པ་ཇི་སྲིད་ཉིད་དེ་དེ་ནས་སྒྱུར་བྱེད་གསེར་ནི་མཉམ་པ་དག་ཏུ་རབ་ཏུ་འགྱུར། ། སླར་ཡང་གཞན་ནི་གཉིས་དང་སུམ་འགྱུར་གསེར་བཞུའི་ཁུ་བ་འབྲུ་མར་དངུལ་ཆུ་དག་ལ་བླུགས་པས་སོ། །རྫས་ཀྱི་དོན་དུ་ཞ་ཉེ་བརྒྱད་ཆ་གསེར་ཞུན་ཁུ་བ་དག་ལ་རབ་ཏུ་འབད་ནས་བླུགས་པར་བྱ། ༢༢༠ །གསེར་དངུལ་བྱ་བ་དག་ལ་གསེར་རྣོན་སྤྲུལ་ཟངས་ཞ་ཉེ་མཚལ་དང་ ལྡོང་རོས་མུ་ཟི་དག་གིས་དང་། །གཤའ་ཚེ་ཟླ་བ་དེ་བཞིན་ལྷང་ཚེར་སྐྱེས་ཀྱང་བ་བླ་དང་ནི་བསྲེག་བྱ་དག་གིས་བསད་བྱས་ནས། །མཉམ་པའི་འགྱུར་བྱེད་དུག་དང་ལན་ཚྭ་ཉེ་བའི་རོ་རྣམས་དག་དང་ལྕགས་དང་མཉམ་པའི་དངུལ་ཆུ་ནི། །མཁྲིས་པ་སྐྱུར་ པོ་དག་གིས་ཉིན་ཞག་བཅུ་རུ་མཉེས་ནས་དེ་ནི་རྡོ་བའི་དབུས་སུ་བླུགས་བྱས་ཏེ། ༢༢༡ །ས་ཡི་ནང་དུ་ཟླ་བ་དྲུག་ཏུ་སྟེང་དུ་མེ་དང་བཅས་པས་ཐམས་ཅད་དུས་སུ་བདུགས་གྱུར་པ། །དངུལ་ཆུ་དེ་ནི་བཅུ་དྲུག་ཆ་ཡིས་དབྱངས་ཀྱིས་དྲངས་པ་འབུགས་པར་ བྱེད་པར་རབ་ཏུ་འགྱུར་ཏེ་སླར། །ཟངས་དང་ཟླ་བ་གསེར་མཉམ་དགེ་བའི་གསེར་འདི་གསེར་འགྱུར་མཁན་རྣམས་དག་གི་སྡུག་བསྔལ་འཇོམས་པ་སྟེ། །དངུལ་ནི་བརྒྱད་ཀྱི་ཆ་ཤས་བྱིན་ན་དག་པའི་ཟངས་ནི་ཕུག་པ་དངུལ་དུ་ཡང་ནི་འགྱུར་བ་ ཡིན། ༢༢༢ །འཛིན་མ་ལ་ནི་རྡོ་བ་གང་དག་འབྲས་བུའི་ལུས་དང་མཚུངས་ཤིང་དུང་དང་མགོ་ལ་སོགས་པའི་གཟུགས། །དེ་ཡི་སྐྱེ་གནས་དེ་རྣམས་ལ་བྱིན་མར་དང་སྦྲང་རྩི་དང་བཅས་དྲག་པོའི་རླུང་གིས་བཞུ་བར་བྱ། །དེ་ནས་སླར་ཡང་བཏགས་པ་དང་ ནི་ཚ་ལ་འགྱུར་བྱེད་སྡེ་ཚན་རྣམས་ཀྱིས་དག་པར་བྱས་ནས་ནི། །ལྕགས་ཀྱི་སྐྱེ་གནས་དེ་ནི་ཤེས་ནས་ཉིས་འགྱུར་དག་ཀྱང་རོ་ལ་གསེར་འགྱུར་མཁན་གྱིས་བཞུ་བར་བྱ། ༢༢༣ །ཉིན་ཞག་བདུན་དུ་སྣོད་ནི་དག་པར་འགྱུར་ཏེ་འབྲས་བུ་གསུམ་པོ་རོ་ མཉམ་བསྐོལ་བའི་ཆུ་དང་ནི། །སྨན་གྱིས་བསད་པའི་ལྕགས་ཀྱི་ཕྱེ་མ་མར་དང་སྦྲང་རྩི་དག་དང་བཅས་པ་དངུལ་ཆུ་དང་བཅས་དང་། །བ་ཡི་འོ་མ་གསར་པ་རྙིང་པ་སཱ་ལི་ཟན་ནི་ལོ་མ་སྐྱུར་པོས་དམན་ཞིང་ལན་ཚྭ་དང་། །རྣམ་བྲལ་ཉ་དང་འབྲུ་མར་ སོགས་ལས་གྲོལ་བ་ཟོས་པ་དག་གིས་ཕྱོགས་ཀྱི་ནང་དུ་མི་རྣམས་ཀྱིའོ། ༢༢༤ །སྟོང་ཕྲག་འབུགས་པ་བརྒྱ་ཡིས་བསྒྱུར་བའི་བརྒྱ་དང་བྱེ་བ་འབུགས་པ་ཇི་སྲིད་པར་ཡང་ཤེས་བྱས་ནས། །ཉིན་ཞག་སོ་སོའི་དུས་སུ་བཟའ་བར་བྱ་སྟེ་ཡུངས་ཀར་ཆ་ལས་མཐའ་མ་ སྐྱེ་ཚེ་ཆ་ཤས་སོ། །ཁང་བཟངས་དང་ནི་ས་ཡི་ཁང་པ་གྲང་བ་རླུང་དང་ཚད་པ་དག་དང་བྲལ་བར་རབ་ཏུ་འགྱུར། །འབྲིང་པོ་འདི་ནི་ཟླ་བ་དྲུག་གིས་ལྷ་ཡི་ལུས་པོ་སྐྲ་དཀར་གཉེར་མ་དག་དང་བྲལ་བར་བྱེད། ༢༢༥ །ཀརྐོ་ཊཱི་དང་དེ་བ་དཱ་ལཱི་ཚ་གསུམ་བྲྀ་ཧ་ ཏཱི་དང་ནིམ་པ་ཀི་རཱ་ཏ་ཏིག་ཏ། །བསྐོལ་བ་འཐུངས་ཏེ་སླར་ཡང་མ་ཞུ་བ་ལ་ཉིན་ཞག་གསུམ་དུ་བསྙུང་བར་གནས་པ་རབ་ཏུ་བྱ། །དེ་བཞིན་ཟླ་བའི་ཆུ་ལ་སོགས་པ་མེ་དང་དུག་གི་ཆུ་དང་རྡོ་དང་བྷལླཱ་ཏ་ཡི་ཆུ། །ངན་པའི་དྲི་དང་ས་དང་རྡོ་བ་དུག་གི་ཤ་དང་བརྟགས་ པ་གཞན་རྣམས་ལ་ཡང་སྔགས་པས་སོ། ༢༢༦ །གང་ཞིག་ཟོས་ན་དྲག་ཏུ་རྒྱལ་བ་སྟེར་བྱེད་དུག་དང་མཚུངས་པ་དེ་རྣམས་མཐའ་དག་སྨན་ཡིན་ཏེ། །ཕྱེ་མར་བྱས་ནས་དེ་ནི་ཅུང་ཟད་མར་དང་སྦྲང་རྩི་དང་བཅས་བཟའ་བར་བྱ་སྟེ་དེ་བཞིན་ཉིད། །གསལ་བར་མི་ ཕྱུགས་སེམས་ཅན་རྣམས་ཀྱིས་གང་ཞིག་ཟ་བར་བྱེད་པ་དེ་ནི་གྲུབ་སྟེར་སྨན་མ་ཡིན། །དེ་དག་རྣམས་ལ་འཆི་སྟེར་མཆོག་ཏུ་འཇིགས་བྱེད་གང་ཡིན་དེ་ནི་རྣལ་འབྱོར་རྣམས་ལ་བདུད་རྩིར་འགྱུར། ༢༢༧ །དཎྜོཏཱ་ལ་སཱ་ལི་པརྞི་ཆུ་སྐྱེས་སཱ་རི་དག་གི་རང་ལུས་ འདབ་མའི་ཁུ་བ་ཡིས། །རོ་དང་མུ་ཟི་མཉམ་པ་ཁབ་ལེན་སྣོད་དུ་ལྕགས་ཀྱིས་ཉིན་ཞག་གསུམ་དག་ཏུ་ཡང་མཉེས་བྱས་ནས། །གང་ཞིག་ཟླ་བ་དྲུག་ཏུ་ཉིན་ཞག་སོ་སོའི་དུས་སུ་ཊཾ་ཀའི་རྐང་པའི་ཚད་ནི་ཟ་བྱེད་པ། །དེ་ནི་མཛེ་ ལ་སོགས་པའི་ནད་ལས་གྲོལ་ཞིང་སྐྲ་དཀར་གཉེར་མ་དང་བྲལ་བརྒྱད་གཉིས་ལོ་ལོན་དབྱིབས། ༢༢༨ །པོཀྐཱ་ཎ་དང་བར་སྣང་ཤཀྟུ་ཀཱི་རའི་མཆུ་ཡིས་རབ་གཡོ་དངུལ་ཆུ་དག་ཀྱང་གསད་པར་བྱ། །སྨན་གཞན་དག་གིས་གསད་པ་ལ་ནི་དམར་རིང་ལྷང་ཚེར་ སྐྱེས་དང་གསེར་དང་ཁབ་ལེན་མཉམ་པ་དག །གཅིག་ཏུ་བྱས་ནས་སྲོག་བཅས་དྲི་མ་རྣམ་བྲལ་དངུལ་ཆུ་དག་ལ་སྲང་དྲུག་གིས་ནི་གོང་བུ་སྟེ། །སྔར་བརྗོད་ཁབ་ལེན་སྣོད་དུ་ཆུར་ཁུ་དག་གིས་བསྐོལ་བར་གྱུར་པ་གཉེར་མ་དང་ནི་སྐྲ་དཀར་འཕྲོག །༢༢༩ །ཟླ་བ་དྲུག་ དང་གཉིས་གཅིག་ཟླ་བ་མི་བདག་དང་བཅས་ཉིན་ཞག་བཅུ་དང་ཞག་བདུན་ཞག་གསུམ་དང་། །ཞག་དང་སྐད་ཅིག་གཅིག་གིས་འདི་ཡི་མཐུ་དག་ལས་ནི་ལུས་ལ་དངོས་གྲུབ་ཏུ་ཡང་རབ་ཏུ་འགྱུར། །ཐུན་མོང་བ་དང་འབྲིང་པོ་འཇིགས་པ་དག་དང་རྣམ་པར་བྲལ་བ་ མཆོག་ནི་ཡེ་ཤེས་གྲུབ་པ་སྟེ། །མཆོག་སྨན་སྐྱེས་བུའི་རང་གིས་བྱས་པའི་དགེ་དབང་ལས་ཏེ་སྐྱེ་བ་གཅིག་གི་རྗེས་འབུགས་དག་ལས་མིན། ༢༣༠ །གང་ལ་འཁྲི་ཤིང་ལྗོན་པ་གཞན་གྱི་དངོས་དང་ཉིན་ཞག་སོ་སོའི་དུས་སུ་དུད་འགྲོ་རྣམ་པར་རྩོད། །རལ་གྲི་ དག་ལ་པདྨའི་སྐུད་པའི་སྡོང་བུ་མི་ཡི་སྣུམ་གྱི་མར་མེས་གཏེར་ནི་གསལ་བར་བྱེད། །དེར་ནི་ཉིན་ཞག་སོ་སོའི་དུས་སུ་འབྱུང་པོའི་བདག་པོ་དག་གི་སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཇི་སྲིད་བརྐོ་བའི་མཚན་མར་གྱུར་གྱི་བར་ཏེ་དེ་ནས་སྔགས་པ་རྣམས་ལ་རྫས་ཀྱི་ དངོས་གྲུབ་བོ། ༢༣༡ །དང་པོར་རྒྱལ་བའི་བདག་པོའི་རྡོ་རྗེས་བྱིན་གྱིས་བརླབས་པ་སྐྱེ་གནས་དྲུག་གི་སྔགས་རྣམས་བསྒྲུབ་པར་བྱ། །གནོད་སྦྱིན་མོ་རྣམས་བསྒྲུབས་ནས་སླར་ཡང་ས་གཞི་ལ་ནི་ཞིང་དུ་སྨྲ་བ་རྣམས་ཀྱང་བསྒྲུབ་པར་བྱ། །ཀླུ་མོ་རྣམས་ནི་བསྒྲུབ་པ་ བྱས་ནས་བདུད་རྩིའི་འབྲས་བུའི་རོ་དང་སྨན་དེ་རྣམས་ནི་བསྒྲུབ་པར་བྱ། །མཁའ་འགྲོ་མ་རྣམས་བསྒྲུབ་པ་བྱས་ནས་མཆོག་ཏུ་འཇིགས་པར་བྱེད་པའི་ལྷ་མིན་རྣམས་ཀྱང་བསྒྲུབ་པར་བྱ། ༢༣༢ །ཀླུ་ལ་སོགས་རྣམས་བསྒྲུབ་པ་བྱས་ནས་རབ་མཆོག་ལྷ་དང་མི་རྣམས་རྣལ་ འབྱོར་པ་ཡིས་བསྒྲུབ་པར་བྱ། །དུ་བ་ལ་སོགས་བསྒྲུབ་པ་བྱས་ནས་འཆི་བའི་འཇིགས་པ་བྱེད་པའི་དབུ་མ་དག་ནི་བསྒྲུབ་པར་བྱ། །སྲོག་ལ་སོགས་རྣམས་བསྒྲུབ་པ་བྱས་ནས་རི་བོང་འཛིན་པ་ཞུ་བའི་ཐིག་ལེ་རྣམས་ནི་བསྒྲུབ་པར་བྱ། །དམ་པའི་བདེ་བ་བསྒྲུབས་ ནས་ལྷན་ཅིག་སྐྱེས་པ་རྒྱལ་བའི་སྐུ་ནི་ཀུན་ཏུ་འགྲོ་བ་བསྒྲུབ་པར་བྱ། ༢༣༣ །སེམས་ཅན་རྣམས་ལ་འཆི་སྟེར་གང་དེ་གྲུབ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་མཐའ་དག་བདུད་རྩི་སྟེ། །འདོད་པའི་དངོས་གྲུབ་གང་ཞིག་བགྲོད་བྱ་མིན་པ་དེ་ཡང་སྲིད་གསུམ་ གནས་སུ་བསམ་གཏན་བགྲོད་བྱའོ། །ཡེ་ཤེས་གང་ཞིག་རྙེད་དཀའ་དག་ཀྱང་རྡོ་རྗེ་པདྨར་བདེ་བས་བྱིན་བརླབས་རྙེད་པ་སླ་བ་ཉིད། །དེ་ལྟ་དེ་ལྟར་རྡོ་རྗེ་ཅན་ཏེ་སྲོག་ཆགས་རྣམས་ལ་ཐམས་ཅད་དུས་སུ་བདེ་མཉམ་སྟེར་གྱུར་ཅིག །༢༣༤ །སྒྲ་གཅན་མེ་དང་ཟླ་ བ་ཉི་མ་བཞི་པོར་བརྗོད་དེ་ས་ཆུ་བསྲེག་ཟ་རླུང་དང་སྟོང་པ་གང་། །ལྔ་པོ་དག་གོ་གཟའ་ཡི་ཚོགས་པ་ཅིག་ཤོས་དག་ནི་དྲུག་པོ་ལྷུན་པོ་འདི་ཡི་ཕྱོགས་རྣམས་སུ། །གླིང་རྣམས་དག་ནི་བཞི་པོར་རབ་ཏུ་འགྱུར་ཏེ་ཡུལ་རྣམས་དག་ནི་ལྔ་པོར་ཕྱི་རོལ་དག་ཏུ་གསུངས། ། སྙིང་སྟོབས་ལ་སོགས་ཡོན་ཏན་རྣམས་ནི་གསུམ་པོ་གཞན་པ་འདིའོ་ལུས་ཀྱི་དབུས་སུ་དེ་བཞིན་ཉིད། ༢༣༥ །པདྨར་རྣམ་ཤེས་དགའ་བ་ཁྲག་དང་བདུད་རྩི་ཞེས་པ་དང་པོར་བཞི་པོ་དག་གོ་དེ་ལས་ནི། །གང་ཞིག་རུས་པ་ལ་སོགས་མཐའ་དག་རྣམས་ཀྱང་ལྔ་ པོ་དེ་ནས་མིག་ལ་སོགས་པ་དྲུག་པོ་སྟེ། །ལག་པ་རྐང་པ་དག་ནི་བཞི་པོ་ལག་པ་རྐང་པ་ལ་གནས་སོར་མོ་རྣམས་ནི་ལྔ་པོའོ། །དེ་རྣམས་ཚིགས་ནི་གསུམ་པོ་གང་ཞིག་འདིར་ནི་རིམ་པ་མཐའ་དག་རིགས་འདི་ལ་ནི་རིག་པར་བྱ། ༢༣༦ །ས་འཛིན་དེ་ཉིད་རབ་དབྱེ་ རྣམས་དང་རོ་ཡིས་བསྒྱུར་བའི་རོ་དང་ཉི་མ་ཉི་ཤུ་ཞེས་པ་དང་། །དབྱེ་བ་དྲུག་ཅུ་མི་རྣམས་དག་གི་མཐའ་དག་ལུས་ལ་གནས་པ་བུག་པ་དྲུག་དང་ཟླ་བའི་གྲངས། །དེ་དག་ཐམས་ཅད་བསྡུས་པ་སུམ་འགྱུར་དགུ་རུ་འགྱུར་ཏེ་ལྔ་བཅུ་རྩ་བཞི་ སྲོག་གི་རྒྱུ་བ་དང་། །གཟའ་རྣམས་དག་གི་རྒྱུ་བ་གང་དེ་སླར་ཡང་ཅིག་ཤོས་རྣམས་ཀྱིས་རྣལ་འབྱོར་མ་ཡི་རྒྱུ་བར་བརྗོད། ༢༣༧ །ཡེ་ཤེས་ནམ་མཁའ་གཉིས་དང་སླར་ཡང་གཞན་པ་འདི་ནི་ཐེག་པ་དག་དང་དཀོན་མཆོག་གསུམ་པོ་ཡང་། །ཉོན་མོངས་བདུད་ དང་གནས་རྣམས་དང་ནི་སླར་ཡང་ངེས་པར་རྫུ་འཕྲུལ་རྐང་པ་ཟག་པ་རྣམས་དག་དང་། །མི་འཇིགས་པ་དང་བདེན་པ་རྣམས་དང་སླར་ཡང་དེ་བཞིན་དྲན་པ་ཉེ་བར་གཞག་པ་ཡང་དག་པར། །བསྡུ་བ་བཞི་ཡི་མཐའ་རྣམས་རྒྱལ་བའི་བདག་པོའི་རྡོ་རྗེ་རྣམས་ཀྱིས་རྣལ་ འབྱོར་པ་ཡིས་བསྒོམ་པར་བྱ། ༢༣༨ །མངོན་ཤེས་ལྔ་དང་སྟོབས་དང་ལྟ་བ་རྣམས་དང་རབ་མཆོག་རྒྱལ་བའི་བདག་པོ་དག་གི་སྤྱན་ལྔ་དང་། །དེ་བཞིན་ཕུང་པོ་དབང་པོ་དྲན་པ་ཞེས་པ་དྲུག་དང་བྱང་ཆུབ་ཡན་ལག་བདུན་དང་མཆོད་པ་ནི། །བདུན་ཏེ་ལམ་གྱི་ཡན་ལག་ བརྒྱད་རྣམས་སོ་སོར་ལེགས་འཇུག་གཟུགས་ཅན་རྣམ་པར་ཐར་པ་བརྒྱད་རྣམས་དང་། །བུག་པ་ཞེས་བྱ་ཡན་ལག་དགུ་ནི་གསུང་རབ་མཆོག་སྟེ་ས་རྣམས་དག་ནི་ཕྱོགས་ཀྱི་ཚད་ཡིན་ནོ། ༢༣༩ །སངས་རྒྱས་རྣམས་ཀྱི་ཕྱོགས་ཀྱི་སྟོབས་དང་གསལ་བར་དབང་བཅུ་དང་ནི་ ཡན་ལག་བཅུ་གཉིས་རྟེན་འབྲེལ་དག །སྐྱེ་བ་དང་ནི་འགོག་པ་དག་གོ་དེ་བཞིན་ཉིས་འགྱུར་དགུ་ནི་མ་འདྲེས་པ་ཡི་སངས་རྒྱས་ཆོས། །རབ་མཆོག་རྒྱལ་བའི་བདག་པོའི་མཚན་ནི་སུམ་ཅུ་རྩ་གཉིས་དག་དང་དཔེ་བྱད་རྣམས་ཀྱང་བརྒྱད་ཅུ་སྟེ། །ཁྱབ་བདག་ མཆོག་གི་གོ་འཕང་འདི་དག་མཐའ་དག་སྔགས་པ་ཡིས་ནི་ལུས་ལ་བསྒོམ་པར་བྱ་བ་ཡིན། ༢༤༠ །ཟླ་བའི་རང་བཞིན་གཅིག་སྟེ་ཟུང་དང་ལག་པ་མིག་དང་འཁྲིག་པ་ཕྱོགས་དང་བགྲོད་པ་དག་ནི་གཉིས། །འཇིག་རྟེན་དུས་དང་ཡོན་ཏན་མེ་ནི་གསུམ་མོ་ཆུ་གཏེར་ དུས་དང་རིག་བྱེད་དག་ནི་བཞི་རུ་བརྗོད། །མདའ་དང་འབྱུང་བ་དབང་པོ་རྣམས་ནི་ངེས་པར་ལྔ་རུ་རབ་ཏུ་འགྱུར་ཏེ་རོ་དང་དུས་ནི་དྲུག །གཟའ་དང་རི་བོ་ཐུབ་པ་ཞེས་པ་བདུན་གྱི་གྲངས་ཏེ་དེ་བཞིན་ཀླུ་དང་ནོར་ནི་བརྒྱད་ཡིན་ནོ། ༢༤༡ །རྩ་དང་བུག་པ་གཟའ་དང་ གཏེར་ཡང་དགུ་སྟེ་ཕྱོགས་ནི་བཅུ་དང་དབང་ཕྱུག་དག་ནི་བཅུ་གཅིག་གོ །ཉི་མ་ལུས་མེད་མ་ནུ་སྲིད་པ་གང་དང་ཚེས་དང་མི་བདག་བཅུ་གཉིས་ནས་ནི་རེ་རེ་འཕེལ། །ཉེས་པ་འདི་དག་བཅྭ་བརྒྱད་ཡིན་ཏེ་རྒྱལ་བ་མཆོག་ནི་མ་ལུས་དེ་རྣམས་ཉི་ཤུ་རྩ་བཞིའོ། །དེ་ཉིད་ ཅེས་གྲགས་ཉི་ཤུ་རྩ་ལྔ་ཡིན་ཏེ་གཉིས་སྐྱེས་ཅེས་པ་སུམ་ཅུ་རྩ་གཉིས་ཉིད་དུ་འགྱུར། ༢༤༢ །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དག་ཏུ་ངེས་པར་རྡོ་རྗེའི་ཚིགས་ནི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། །དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་སླད་དུ་མ་ལུས་པ་ཡང་མངོན་སུམ་ གསུངས། །དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས་པ་དག་ལས་མཐའ་དག་མ་ཚང་མེད་པའི་རྒྱུ་ནི་བླ་མ་སྟེ། །དཔལ་ལྡན་རྒྱུད་ནི་དང་པོའི་སངས་རྒྱས་མཐའ་དག་རྒྱལ་བའི་བདག་པོའི་མངོན་པར་བརྗོད་པ་ཟླ་བ་བཟང་། ༢༤༣ །གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་ པ་དང་ནི་སྒྲ་དང་དྲི་དང་རོ་དག་དང་། །རེག་བྱ་གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་མེད། །ས་བོན་དང་ནི་གསལ་བའི་དུས་མེད་མཐའ་དག་སྲིད་པར་སྡུག་བསྔལ་བདེ་བ་ཉིད་ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། ༢༤༤ །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་སྐྱེས་བུ་དཔེ་ཟླ་མེད་ཅིང་ཐམས་ཅད་དུ་འགྲོ་སྤྲོས་པ་མེད། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་སྟེ་ཐམས་ཅད་ནས་ནི་ཕྱག་དང་ཞབས། །འབྱུང་བའི་མཐའ་ སྟེ་འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་གི་བགྲོད་བྱ་མཆོག་བདེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། ༢༤༥ །སྤྲོ་བྱེད་ནུས་པའི་ངོ་བོ་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་ གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ཡང་དག་གནས། །བདུད་རྩི་འཆི་བ་སེལ་ཞིང་ སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། ༢༤༦ །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་སྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་སྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། ༢༤༧ །གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་ མཉམ་པ་གཡས་དང་གཡོན་དང་མདུན་དང་རྒྱབ། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ཐུང་ངུ་རིང་པོ་དང་། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་ བཟང་མོ་མཆོག་གི་བྷ་ག་ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། ༢༤༨ །གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པ་བྱས་པས་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་ དེ་ལ་ཁྲོ་བའི་མེ་ཡིས་ཁྲོས་པ་ཞེས་པ་ཆེན་པོའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་བ་བདེ་མཉམ་འབྲས་སྟེར་བུ་རྣམས་དག་གི་ཕྱག་འོས་མཆོད་འོས་སོ། ༢༤༩ །སྡིག་ཅན་གང་ཡིན་གང་ཞིག་དཔལ་ལྡན་བླ་མའི་ཞབས་པད་བཟང་པོ་དག་ལ་དུས་གསུམ་ཕྱག་མི་བྱེད། །མི་ཤེས་གང་ཡིན་ གང་ཞིག་རྣམ་མང་མེ་ཏོག་རྣམས་ཀྱིས་དུས་གསུམ་དུ་ནི་མཎྜལ་མི་བྱེད་པ། །མྱུར་དུ་མནར་མེད་འགྲོ་བ་གང་ཡིན་གང་ཞིག་བདེ་མཉམ་སྟེར་བྱེད་བླ་མ་སྐྱོ་བ་སྐྱེད་པ་པོ། །ཤེས་རབ་ཡེ་ཤེས་ཐོབ་པ་གང་ཡིན་མ་ཉམས་གང་ཞིག་མཆོག་གི་བླ་མའི་ཞབས་ནི་མི་སྤོང་བ། ༢༥༠ །ཉམས་པ་གང་ ཡིན་གང་ཞིག་རྩ་གསུམ་དག་ལ་གནས་པའི་རླུང་ནི་མཐའ་ཡས་དུས་སུ་བསད་པའོ། །དཔའ་བོ་གང་ཡིན་གང་ཞིག་མཉམ་དང་མི་མཉམ་ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་གསོད་བྱེད་པའོ། །སྦྱིན་བདག་གང་ཡིན་གང་ཞིག་དཔལ་ལྡན་བླ་མར་རང་ལུས་བུ་དང་ཆུང་མ་ལ་སོགས་ ཐམས་ཅད་སྟེར། །མ་རབས་གང་ཡིན་གང་ཞིག་སླུ་བྱེད་རང་གི་སྙིང་གི་སྡིག་པས་དྲངས་པའི་སེམས་དང་གཡོ་སྒྱུ་ཅན། ༢༥༡ །དཔལ་ལྡན་དཔལ་གྱི་ཆོས་ཀྱི་འཁོར་ལོ་ལྷ་ཡི་མཆོག་གིས་བཏུད་པའི་གདན་ནི་ཁ་དོག་སྣ་ཚོགས་པ། །དེ་ལ་སངས་རྒྱས་ལྷ་དང་མི་ཡི་བླ་མ་ཉེ་བར་བཞུགས་པས་ཟླ་ བའི་ཞུ་བ་རྟོགས་པ་ན། །སེམས་ཅན་དོན་གྱི་སླད་དུ་མི་ཡི་བདག་པོ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་གསུངས་པ་གང་། །དེ་ཡང་ད་ལྟ་བདག་གིས་དེ་རྣམས་ཨཱ་ལི་ཀཱ་ལི་ཉུང་ངུའི་རྒྱུད་དུ་བཀོད་དོ་ཉི་མ་ཀྱེ། ༢༥༢ །སངས་རྒྱས་ཀྱིས་ནི་གསུངས་པ་དག་ལས་དུས་ཀྱི་འཁོར་ལོ་བདག་གིས་ ཕྲེང་འཛིན་སྡེབ་སྦྱོར་བཅིངས་པས་བརྗོད། །པདྨ་དཀར་པོ་རྡོ་རྗེ་འཛིན་པ་ཁྱོད་ཀྱིས་འདི་ནི་སྔགས་པ་རྣམས་ལ་བསྟན་པ་ཉིད་དུ་མཛོད། །ཇི་ལྟར་ཉི་མ་དང་བཅས་ཐུབ་པའི་རིགས་ནི་ཤེས་རབ་ཡེ་ཤེས་ཐོབ་པ་འདི་ལས་བྱུང་གྱུར་པ། །རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ ནི་དུས་ཀྱི་འཁོར་ལོའི་དྲིན་ལས་དེ་བཞིན་འགྱུར་བར་ཤོག །༢༥༣ །ཉི་མ་ཁྱོད་དམ་མི་དབང་ཕྱི་མར་གྱུར་པའི་སྲིད་པར་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གཅིག་ལས་ནི། །ཚངས་པའི་རིགས་འདི་ལས་སྐྱེས་མི་ཡི་བདག་པོ་གྲགས་པ་བདག་ནི་འཇམ་དབྱངས་བདག་གི་དགའ་མ་ནི། །དཔལ་ ལྡན་སྒྲོལ་མ་པད་དཀར་ཅན་ནི་ཡོན་ཏན་ཀུན་སྟེར་འཇིག་རྟེན་མགོན་པོ་ཆུ་སྐྱེས་མཚན་མ་ཅན། །ཨུཏྤལ་སྡོང་བུ་ཡིས་ནི་རང་གཞན་ལ་གནས་སྲིད་པ་ཐམས་ཅད་དོན་ནི་ཇི་ལྟ་བཞིན་དུ་ལྟོས། ༢༥༤ །ཨུཏྤལ་སྡོང་བུ་ཡིས་ནི་རང་གཞན་ལ་གནས་སྲིད་པ་ཐམས་ཅད་དོན་ནི་ཇི་ལྟ་བཞིན་ མཐོང་ནས། །ཐུབ་པའི་དབང་པོ་རྣམས་དང་ལྷན་ཅིག་ཉི་མས་ཅོད་པན་བཅས་པའི་མགོ་དང་ལག་པ་དག་གིས་ནི། །རིགས་ལྡན་ཞབས་ཀྱི་པདྨར་ཕྱག་དག་འཚལ་ནས་སྨྲས་པ་སྟོན་པ་གཅིག་པུ་མཆོག་གི་ཐུགས་རྗེ་ཡིས། །ཐུབ་པའི་རིགས་ནི་འཇིགས་རུང་འཁོར་བའི་སྡུག་བསྔལ་དག་ ལས་ཕྱུང་ནས་ཡེ་ཤེས་ལམ་ལ་གཞག་པར་མཛོད། ༢༥༥ །ཁྱོད་ནི་རྒན་ཡང་གཞོན་ནུ་མཐའ་དག་རྒྱལ་བའི་སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཞིང་ཚངས་པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་ རྗེའི་དགྲ། །ཁྱོད་ནི་ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་གྲགས་པ་ཁྱོད་ནི་རབ་ཏུ་འཇུག །༢༥༦ །ཚངས་པའི་རིགས་ལས་ཉི་མ་བདག་ནི་ཐུབ་པའི་རིགས་ཀྱིས་བཏུད་པར་གྱུར་ པ་ཞབས་ཀྱི་རྩ་བར་ལྷུང་། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་དུས་ཀྱི་འཁོར་ལོ་མཐའ་དག་ས་ལ་རབ་ཏུ་གསལ་བར་བྱས། །རིགས་ལྡན་རིགས་ལ་ཁྱོད་ནི་ཉི་མ་ས་བདག་གིས་བཏུད་དཔལ་ལྡན་གྲགས་པ་དཔལ་ལྡན་ཀ་ལཱ་པར། །ཁྱོད་ཀྱི་ཞབས་ཀྱི་པདྨ་དག་ལ་འཇིགས་རུང་ འཁོར་བས་འཇིགས་པ་དག་ནི་སྐྱབས་སུ་ལྷག་པར་མཆི། ༢༥༧ །ས་གའི་ཟླ་བའི་ཉ་ལ་མཚན་མོའི་དུས་ནི་འདས་ཤིང་ཉིན་པར་རབ་ཏུ་མ་ཞུགས་པ་དག་ལ། །ཐུབ་པའི་སྐྱེ་བོ་དང་བཅས་ཉི་མ་སྣ་ཚོགས་གཙོ་བོས་བྱིན་གྱིས་བརླབས་པས་ཕྱག་རྒྱའི་དངོས་གྲུབ་ཐོབ། །སེམས་ཅན་རྣམས་ ཀྱི་ཐར་པའི་སླད་དུ་བདག་གི་ཐུགས་ཀྱི་རྡོ་རྗེ་མཐའ་དག་ས་ལ་གནས་པ་བཞིན། །དུས་ཀྱི་འཁོར་ལོའི་མཐུ་ལས་སེམས་ཅན་ཉིད་རྣམས་དག་གི་རྣམ་གསུམ་སྲིད་པ་དག་ལ་གནས་གྱུར་ཅིག །༢༥༨ །སེམས་ཅན་ཀུན་དོན་མཛད་པ་པོ་ཡིས་མཆོག་གི་ཐུགས་རྗེ་དག་གིས་ རྒྱུད་ཀྱི་དོན་ནི་བསྟན་མཛད་ནས། །སྲས་པོ་པདྨ་དཀར་པོ་རབ་མཆོག་ཡོན་ཏན་དག་གི་གཏེར་ལ་གནང་བ་སྩལ་བ་ངེས་པར་ནི། །དང་པོར་ཁྱོད་ཀྱིས་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང་། །དེ་ནས་རང་གི་འདོད་ པས་འགྲེལ་བཤད་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། ༢༥༩ །གང་དག་སྟེང་ན་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་བྱང་ཆུབ་སེམས་དཔའ་རྣམས། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་ པོའི་རྒྱལ་པོ་བཙུན་མོར་བཅས་པ་རྣམས། །གང་དག་ས་འོག་དག་ན་གདེངས་ཅན་དབང་པོ་གདོན་ཚོགས་མི་དགེ་ཐམས་ཅད་དུས་སུ་འཆིང་བྱེད་པ། །དེ་དག་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །༢༦༠ །རྒྱུད་ནི་དཔལ་ ལྡན་དུས་ཀྱི་འཁོར་ལོ་ཤིན་ཏུ་བསྡུས་པ་མ་ལུས་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །ཐབས་དང་ཤེས་རབ་གཅིག་སྦྱོར་རྒྱལ་བའི་བདག་པོའི་རྡོ་རྗེ་དག་གིས་དེ་ཉིད་རྣམ་པ་བཅུ་དྲུག་པ། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བའི་བདག་པོས་གསུངས་ཤིང་བདག་གིས་ ཀྱང་ནི་བསྟན་པ་གང་། །བསོད་ནམས་དེ་ཡིས་སེམས་ཅན་ཐམས་ཅད་འགྱུར་མེད་མཆོག་གི་བདེ་བར་གྱུར་ཅིག་དེ་ལ་འདུད་གྱུར་ཅིག །༢༦༡ །དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ལས་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །།མཆོག་ གི་དང་པོའི་སངས་རྒྱས་ལས་ཕྱུང་བ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དུས་ཕྱིས་ཡོན་ཏན་ཕུལ་དུ་བྱུང་ བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་གསུང་བཞིན་དུ། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་། དུས་ཀྱི་འཁོར་ལོའི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་ ལེགས་པར་དཔྱད་ཅིང་བསྐུལ་ཏེ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་རིག་པའི་དགེ་སློང་ཤོང་སྟོན་གྱིས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ ཕབ་པའོ།། །།གང་གིས་ཐུགས་དགོངས་རྣམ་པར་དག་པ་ཡིས། །འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་། །བདག་གིས་འབད་ལས་བསོད་ནམས་གང་ཐོབ་དེས། །ཀུན་གྱིས་འདི་རྟོགས་སངས་རྒྱས་སར་གནས་ཤོག། །། རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་ཏནྟྲོཏྟ་ར་ཏནྟྲ་ཧྲྀ་ད་ཡ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདི་ལྟར་ཆོས་དབྱིངས་དཀྱིལ་འཁོར་དྲི་མེད་སྐུ་ལ་ འཇམ་དཔལ་གྱིས་ནི་དགེ་དང་མི་དགེ་བས། །སངས་རྒྱས་པ་དང་མུ་སྟེགས་པ་དག་ལྷ་རྣམས་དང་ནི་དམྱལ་བ་ཉིད་ཅེས་གང་ཐོས་པ། །རྒྱལ་མཆོག་ཕོ་བྲང་ཤམྦྷ་ལར་གྲགས་ཀ་ལཱ་པ་རུ་ངག་གི་དབང་ཕྱུག་སེང་གེ་ཡི། །གདན་ལ་བཞུགས་ནས་རྒྱལ་པོས་རྒྱུད་ཀྱི་ རྒྱལ་པོ་སླར་ཡང་ཐུབ་པ་རྣམས་ལ་གསལ་བར་བསྟན། །བྱུང་གྱུར་ཞེས་སོགས་བདེན་ཏེ་ལྷ་མཆོག་བླ་མ་ཁྱབ་འཇུག་ལྷ་ཡི་དབང་པོ་དང་། །ཟླ་བ་ཉི་མ་སྒྲ་གཅན་མེ་ལྷ་ས་སྟེངས་ལྷ་ཡུལ་ནམ་མཁའ་བསོད་ནམས་སྡིག་ལས་བྱུང་། །མི་རྣམས་ཕ་རོལ་སྲིད་ པར་ཡི་དགས་དམྱལ་བ་གང་ཞིག་བཀག་པ་ཤ་ཡི་དམ་ཚིག་ཅན། །རིག་བྱེད་པ་དང་ཐོད་པ་ཅན་གྱི་རྒྱུད་ཀྱི་སྡིག་པའི་བྱ་བ་དེ་ནི་བརྫུན་པ་སྟེ། །གང་དུ་གཅན་ཆེན་བདུན་ལ་སོགས་པ་དགེ་དང་མི་དགེའི་དབང་གིས་བྲམ་ཟེ་རྣམས་ཀྱང་དེར། །སྐྱེས་ལ་སྔར་གྱི་ལུས་པོ་ སྤངས་ནས་ལུས་གཞན་སར་པ་ངེས་པར་འཛིན་པར་འགྱུར་བ་ནི། །ཐུབ་པ་ཤེད་བུའི་ཚིག་ལས་སྲོག་ཆགས་རྣམས་ཀྱི་གསོད་བྱེད་ཟ་བའི་མཐར་ཐུག་བརྒྱད་དུ་འགྱུར། །ཤ་ཟོས་པ་ལས་བྲམ་ཟེ་རྣམས་ཀྱང་ལྷ་ལས་ས་སྟེངས་འདིར་ལྷུང་དེ་ནི་བདེན་པ་སྟེ། །བཟང་པོ་ཚངས་པ་ དབང་ཕྱུག་ཁྱབ་འཇུག་རྣམས་ཀྱི་རིག་བྱེད་ཞི་ཆོས་ཁྱབ་འཇུག་ཆེས་བླ་མ། །ཤ་ཡི་ཁ་ཟས་བཀག་ལ་ཤ་ཡི་དམ་ཚིག་ཅན་ལ་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད། །རྫོགས་སངས་རྒྱས་ཀྱིས་བཅྭ་ལྔ་སོགས་པར་བདེ་གཤེགས་དམ་ཚིག་ཅན་ལ་སངས་རྒྱས་བྱང་ཆུབ་ནི། ། སངས་རྒྱས་པ་ཡིས་ཀུན་ནས་ཤ་མི་བཟའ་ཞིང་བདག་གི་བ་ཡིས་བསྲུང་མི་བྱ། །སྲོག་ཆགས་རྣམས་ལ་སྲོག་ཆགས་འདུ་ཤེས་གསོད་པའི་ཡིད་ཀྱིས་ཉེ་བར་བརྩམས་པས་འདིར་ཉམས་པ། །ཡན་ལག་ལྔ་ཡིས་སྲོག་གཅོད་འགྱུར་གྱི་ནམ་མཁའ་ཙམ་ནི་སྲོག་ཆགས་ རྣམས་ཀྱི་བྱེད་པོ་མིན། །སྲོག་གཅོད་ལུས་དང་ངག་དང་ཡིད་ཀྱི་རྒྱུ་རྣམས་གསུམ་གྱིས་འགྲུབ་ལ་དེ་ལ་ལོངས་སྤྱོད་ཅིང་། །སྐྱེད་བྱེད་བདག་ཉིད་སེམས་ཀྱི་རྒྱལ་པོ་སྲོག་ཆགས་རྣམས་ནི་ལས་ལོངས་སྤྱོད་པས་འཇིག་པར་འགྱུར། །སེང་གེ་སྦྲུལ་དང་ནེ་ལེ་སྟག་དང་བྱ་རོག་ སྐྱེ་གནས་ཡན་ལག་ལྔ་ཡིས་སྲོག་གཅོད་འགྱུར། །རྒྱལ་པོ་དང་ནི་སྐྱེ་དགུ་རྣམས་ནི་བྱེད་དམ་བྱེད་དུ་འཇུག་དང་ཡི་རང་གསུམ་གྱིས་འགྱུར། །དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡི་རོ་མྱོང་རོ་ལ་རྗེས་སུ་ཚོལ་བྱེད་ཅིང་། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དགེ་ སློང་རྣམས་དང་དགེ་ཚུལ་ཡང་ནི་དམྱལ་བར་འགྲོ། །དགེ་སློང་ནད་པ་ལ་ནི་སྨན་པས་ཤ་བསྟན་ན་ཡང་བྱ་ཁྲ་རྣམས་ཀྱིས་གསད་པ་དང་། །ཕ་ཡི་ཆེད་དུ་བསད་དང་མཆོད་སྦྱིན་ཐོག་དང་མེ་དང་ཆུ་དང་མ་ཞུའི་སྐྱོན་གྱིས་ཤི་བ་རྣམས། །སྦྱོར་བ་འདི་རྣམས་མེད་པར་གྱུར་ན་ གང་དུ་དེ་ཚེ་བཟའ་བར་བྱ་བར་གསུངས་པ་རྣམས། །དགེ་སློང་རྣམས་ལ་ཤ་གང་དེ་ནི་སྟོབས་བཅུ་ལྡན་པས་ནད་འཇོམས་ཕྱིར་ཡིན་འཆི་བསླུར་མིན། །ཤ་ལ་སོགས་པ་ཟོས་ན་ངེས་པར་ས་ཡི་འོག་ཏུ་ལུས་ཆེན་རྣམས་སུ་སྡུག་བསྔལ་འགྱུར། །སྲོག་ཆགས་ཡི་དགས་ ལ་སོགས་སྐྱེ་གནས་དཀའ་ཐུབ་ཁྱིམ་པ་རྒྱལ་པོ་ངེས་པར་རང་ཁྱིམ་དུ། །གཞན་གྱི་ཁྱིམ་དང་ཆུང་མ་ལོངས་སྤྱོད་དང་ནི་བུ་མོ་གཉེན་འདུན་ཚོགས་དང་རང་ཁྱིམ་རྣམས། །ཤི་བ་རྣམས་ཀྱི་ལུས་ནི་གང་ཡིན་ཆུང་མ་བུ་དང་བུ་མོ་གཉེན་འདུན་ཚོགས་ནི་གང་། །འདིར་ ནི་རྡོ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཉིད་ནི་རྣམ་པར་བལྟ། །ཐོ་ཡོར་ཤེས་པ་ཡོད་ལ་རང་གཞན་རྣམ་པ་བྲལ་བ་ཉིད་ལས་རྡོ་བའི་ཐོ་ཡོར་ཕུང་པོར་འགྱུར། །ས་སྟེང་གནས་སུ་སྲོག་ཆགས་རྣམས་ཀྱི་རིག་པ་ཉམས་པའི་ལུས་ལའང་ཡོད་པ་ཉིད། །སྲོག་ ཆགས་རྣམས་ཀྱི་སྲོག་རྒྱུ་བ་ནི་རང་གཞན་རྣམ་པར་བྲལ་བར་ལེགས་པར་སད་ལས་ཤེས། །ཤམྦྷ་ལ་ཡི་ཉི་མའི་ཤིང་རྟ་ལ་སོགས་ཕུང་པོ་ཁམས་དང་དབང་པོ་འགྲོ་བ་རྣམས། །འགྲོ་བའི་གཟུགས་ཀྱི་ཁམས་ལ་སོགས་པ་ཕུང་པོ་ཐམས་ཅད་རྡུལ་ཕྲན་རྣམས་ཀྱི་རྣམ་ འགྱུར་ཏེ། །ལོངས་སྤྱོད་བྱེད་པ་རྣམ་པར་རིག་པ་ཙམ་སྟེ་རང་གཞན་བྲལ་ཞིང་རྟོག་མེད་དེ་རྣམས་ཀྱིས། །ལོངས་སྤྱོད་བྱེད་མིན་སྲོག་ཆགས་རྣམས་ཀྱི་སྣང་བྱེད་གང་གིས་མུན་པ་བྲལ་ནས་སད་པར་འགྱུར། །ཟླ་བ་ཉི་མ་སྒྲ་གཅན་དུས་ཀྱི་མེ་དང་ མུན་པ་གཅིག་ཏུ་སྣང་བར་བྱེད་པ་ཡང་། །ས་སོགས་དྲི་སོགས་མིག་ལ་སོགས་དང་གཞུ་དང་ཆར་པ་གློག་དང་རླུང་སོགས་དྲུག་པ་གཉིས། །དེ་ནི་ལུས་ལ་ཕུང་པོ་དྲུག་དང་ཡུལ་དང་ཡུལ་ཅན་དེ་ཡི་བྱ་བ་དྲུག་པ་གཉིས། །དེ་རྣམས་ལོངས་སྤྱོད་བྱེད་པ་སྲོག་ཆགས་ ཕུང་པོ་གཉིད་ལོག་གྱུར་འདིར་སྣང་བྱེད་ཀྱིས་བསླང་བ། །ཕྱི་ཡི་བདག་དང་ནང་གི་བདག་དང་གསུམ་པ་མཆོག་གི་བདག་རྣམས་བཞི་པ་ལས་རབ་བྱུང་། །སྤྲུལ་སྐུ་ལོངས་སྐུ་དང་ནི་དེ་བཞིན་ཆོས་ཀྱི་སྐུ་རྣམས་བཞི་པོ་ལས་ནི་རབ་ཏུ་བྱུང་། །ཁོང་སྟོང་མིན་ཞིང་གཅིག་པུ་མཆོག་ གྱུར་འབྱུང་བ་ལས་གྱུར་ཙམ་གྱི་གསུམ་སོགས་ཐིམ་པར་འགྱུར། །དེ་བཞི་གསུམ་ལ་སོགས་པ་གཅིག་པུ་མཆོག་གྱུར་ཆོས་ཀྱི་དབྱིངས་སུ་ངེས་པར་ཐིམ་པར་འགྱུར། །ཕུང་པོ་ཁམས་དང་དབང་པོའི་ཡན་ལག་སྐྱེ་མཆེད་མུན་པ་སྟུག་པོ་སྣང་བ་འོད་ཀྱི་མདོག །རྣམ་པར་ཤེས་པ་ སྲོག་གི་དེ་ཉིད་སྲིད་གསུམ་འགྲོ་བར་རྟོགས་པའི་མཐའ་ཡས་བྱང་ཆུབ་ཆོས། །དྲི་རྣམས་ནམ་མཁའི་མེ་ཏོག་བཞིན་དུ་ཡོད་མིན་མཁའ་ཙམ་རྡུལ་ཕྲན་ཆོས་ཀྱི་དབྱིངས་ལ་གནས། །གང་ཕྱིར་འགྲོ་བ་འདི་རྣམས་བདག་དང་གསུམ་ལ་སོགས་པ་སངས་རྒྱས་སྐུ་གསུམ་ལ་ སོགས་པ།།ཡན་ལག་ནང་ནས་ཉོན་མོངས་མ་རིག་པར་འགྱུར་སླར་ཡང་ལེན་པ་དང་ནི་སྲིད་པ་ཡང་། །ལས་ནི་འདུ་བྱེད་སྲིད་པར་འགྱུར་ལ་འདིར་ནི་གསུམ་པོ་ཟུང་བཅས་རྒྱུ་ཆོས་སྡུག་བསྔལ་ནི། །རྣམ་ཤེས་ལ་སོགས་རྣམ་པ་ལྔར་འགྱུར་དེ་བཞིན་བཅུ་གཅིག་པ་དང་བཅུ་ གཉིས་པ་ཡང་ཡིན། །གསུམ་ལས་ཟུང་ལ་ཟུང་ལས་དཔག་ཏུ་མེད་པའི་སྲིད་པར་ཆོས་བདུན་འབྲས་བུའི་ཡན་ལག་རྣམས། །ཤིང་ལས་མེ་ཏོག་མེ་ཏོག་ལས་ཀྱང་འབྲས་བཞིན་གང་ཞིག་འགྲོ་བའི་ཉོན་མོངས་པ་ལས་ལས། །དེ་ལས་སྡུག་བསྔལ་སྡུག་བསྔལ་དེ་ལས་ཉོན་ མོངས་མཐའ་ཡས་འཁོར་ལོ་མ་ལུས་རྒྱུ་ལས་བྱུང་། །ཆོས་རྣམས་འགག་པ་མེད་པ་ནམ་མཁའ་ཙམ་ལས་འབྱུང་བའང་མེད་པ་ཉིད་པས་དེ་ཡི་ཕྱིར། །སྲོག་ཆགས་སྲོག་གི་རྡུལ་ཕྲན་ཕུང་པོར་བཅས་ཤིང་འགྲོ་བ་གཞན་དུ་རྟག་མིན་མི་རྟག་མིན། །སྦྱིན་པ་ལ་སོགས་གང་ཞིག་ དགེ་བཅུར་ལྡན་པ་སྟོང་ཞིང་བྱང་ཆུབ་ཕྱོགས་ཀྱི་སྟོང་པ་ཉིད། །གང་ཞིག་དེ་དག་བྱེད་པ་པོར་འགྱུར་རྒྱལ་མཆོག་སྲས་བཅས་སྲོག་ཆགས་རྣམས་ཀྱི་བདུད་ཀྱི་རིས། །དེ་ལས་ཕུང་པོ་རྣམས་