Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 077_རྒྱུད་འབུམ།_ཀ

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
་དང་སྦྱོར་བ་སོགས་རྣམས་ལའང་། །མཁས་པས་རྟག་ཏུ་ཟློ་བྱེད་ན། །དེ་ལ་བགེགས་ནི་ཡོད་མ་ཡིན། །ཝ་ཡི་ཤ་ཡིས་བསྲེགས་བླུགས་བརྒྱས། །ཡང་དག་བསྲེགས་བླུགས་བྱེད་པའི་མི། །དེ་ནི་ཟླ་བ་གསུམ་རྗེས་ལ། །
རིགས་ཀྱི་དབུལ་བ་འཇིག་པར་འགྱུར། །ཤ་ཆེན་དག་གིས་ལ་ལ་ཞིག །མྱོས་བྱེད་ལྡན་པས་སྦྱིན་སྲེག་བྱེད། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །སྒྲུབ་པ་པོ་ནི་ཐུན་གསུམ་བྱེད། །མ་ལུས་ས་རྣམས་སྤྱོད་པ་དང་། །ཟླ་བ་དྲུག་གིས་དབང་དུ་འགྱུར། །ཚིམ་འགྱུར་མཁའ་འགྲོ་མ་དེ་ལ། །རྒྱལ་སྲིད་སྟེར་
བར་གདོན་མི་ཟ། །ལྷ་རྣམས་ཐམས་ཅད་བསྒོམས་ནས་ནི། །ཐུན་གཉིས་བར་དུ་སྦྱིན་སྲེག་བྱས། །རང་གི་ལུས་ནི་དེ་ཉིད་ཀྱིས། །མཁའ་ལ་འགྲོ་བ་ཉིད་ཐོབ་འགྱུར། །གོ་མཱ་ཡུ་དང་ཤ་ཆང་གིས། །ཕྱི་དང་ནང་གི་སྦྱིན་སྲེག་བྱ། །མྱུར་དུ་དེ་ཡི་ལག་ཏུ་འགྱུར། །དངོས་གྲུབ་ཐམས་ཅད་རབ་ཏུ་འཇུག །
སྔགས་ཀྱི་བཟླས་བརྗོད་མཚན་མོ་བཟླས། །ཡུལ་འཁོར་ཡང་ནི་འགུགས་པར་བྱེད། །དེ་ལྟར་ཉིན་རེ་བྱས་ན་ནི། །རྒྱལ་པོ་ཉིད་དུ་དེ་བྱེད་འགྱུར། །འདི་ལས་རབ་མཆོག་གཞན་དག་ནི། །འཇིག་རྟེན་གསུམ་ན་ཡོད་མ་ཡིན། །རྣལ་འབྱོར་ཆེན་པོ་རང་དགས་འཆི། །སྣ་ཚོགས་གཟུགས་ནི་འཛིན་
ཅིང་རོལ། །བིལ་བ་དེ་བཞིན་པ་ལ་ཤ། །ཨུ་དུམ་བཱ་ར་ཉིད་དག་ནི། །སྦྱིན་སྲེག་འབུམ་བྱས་མྱུར་དུ་ནི། །ནོར་གྱི་བདག་པོ་ཆེན་པོར་འགྱུར། །གོ་མཱང་ས་དང་མྱོས་བྱེད་བསྲེ། །རྒྱལ་སྲིད་འདོད་པས་སྦྱིན་སྲེག་བྱ། །རྣལ་འབྱོར་དབང་ཕྱུག་མཉེས་བྱས་ན། །དབུལ་པོ་ཉིད་དུ་ག་ལ་འགྱུར། །

གོ་མཱ་ཡུ་ནི་བསྲེག་བྱས་པས། །ཅི་བདེ་བར་ནི་འགྲུབ་པར་འགྱུར། །གོ་མཱ་ཡུ་ཡི་སྦྱིན་སྲེག་གིས། །མྱུར་དུ་ནོར་བདག་མཉམ་པར་འགྱུར། །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང་། །བསྟན་པའི་དངོས་གྲུབ་ཐོབ་པར་འགྱུར། །ལྷག་པའི་ཚེ་དང་ཀུཥྨཎྜཾ། །མུཏྒ་མཱ་ཥ་ཙ་ན་ཀ །སྦྲང་རྩི་གཙིགས་
མ་སྐེ་ཚེ་དང་། །ཁྱིམ་གྱི་ཏ་མ་ལ་འདབ་བླངས། །ཁ་བཅིང་བར་ནི་འགྱུར་བ་ཡིན། །ཅི་རུང་སྤྱོད་པའི་རྣལ་འབྱོར་པ། །གང་དུ་དགའ་བ་དེར་གནས་སོ། །དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་རྒྱུ་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་
ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་འདིར་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡོ་ཧ་ནི་མངོན་འགྱུར་ཉིད། །ཉེ་བའི་ཙྪནྡོ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་ཡིན། །ཉེ་བར་འདུས་པ་མི་གཡོ་བ། །དུར་ཁྲོད་ལེགས་
པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀ་གཞུང་སྤྱོད་པའི། །འདི་ནི་ནང་གི་བདག་ཉིད་ས། །ཕ་རོལ་ཕྱིན་བཅུ་ས་རྣམས་ནི། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། །མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །པུལླཱིར་ལ་སོགས་གང་
བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། །ཐམས་ཅད་དུ་ནི་སྤྱན་ཞལ་དབུ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། །དེ་ནས་
དངོས་གྲུབ་བསྒྲུབ་བྱ་བ། །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བའི་དེ་ཉིད་གསུངས་པ་ཡིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ལས་དབང་གི་སྦྱིན་སྲེག་དང་གནས་ལ་སོགས་པའི་ས་བསྟན་པའི་ཆོ་གའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་
ནས་གཞན་ཡང་བཤད་བྱ་བ། །མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྦས་པ་ཡིན། །གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་ལ་སོགས་སྟོང་སྔོན་འགྲོ་བ། །འཇུག་པ་

སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པའི་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་སྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་
བཤད་པ་ཡིན། །མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་བདག །དེ་བཞིན་གཤེགས་པའི་ས་འཐོབ་ཅིང་། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་སྐྱེས་རྒྱལ་པོ་ཆོས་ལྡན་འགྱུར། །ཇི་ལྟར་སྔོན་བསགས་སྡིག་པ་ཡི། །མཚན་ཉིད་ཐམས་ཅད་དམན་
པ་སྟེ། །གང་ཞིག་འདི་ནི་རྟག་སྒོམ་པ། །ས་ལ་འདོད་པ་ཀུན་དབང་ཕྱུག །དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ན་ནི། །མར་སར་སྟེང་དུ་ཞུ་འགྱུར་ཞིང་། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་
གཏན་སེམས་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་སྒྱུར་བ་འཐོབ། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་
དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དེ་འདྲའི་དཔའ་ཆེན་རྣལ་འབྱོར་མ། །ས་སྟེངས་ན་ནི་རྙེད་པར་དཀའ། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཆེན། །གང་ཞིག་ཤེས་
ནས་མ་དད་པ། །དབུལ་པོ་སྡུག་བསྔལ་གྱིས་གདུངས་པར། །དེ་ལ་རྟག་ཏུ་འབྱུང་བར་འགྱུར། །མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་རྒྱན་ཚངས་པའི་སྐུད་པ་དང་། །དོ་ཤལ་མགོ་བོའི་ཕྲེང་བ་དང་། །སྐེ་རགས་སིལ་སིལ་སྒྲ་སྒྲོགས་པ། །རི་སྟེངས་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་
ལི་སྐྱེས། །དཀར་མོ་བདག་པོ་རྣམ་གནོན་ཅིང་། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེའི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །དཔའ་བོ་ཀུན་དང་རྣལ་འབྱོར་མའི། །འཁོར་བཅས་དབུས་སུ་སྦྱོར་

ལྡན་པ། །ཐམས་ཅད་དགྱེས་ཤིང་གཉིས་མེད་འགྱུར། །འབྱིན་དང་སྡུད་པར་མཛད་པ་ཡིན། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་བ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་
ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །གང་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེའི་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་
རྣམ་ཀུན་ཏུ། །བསམ་མི་ཁྱབ་པའི་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །དེ་ལྟར་རྣམ་པར་བཞག་ནས་ཀྱང་། །འཇིག་རྟེན་པ་ཀུན་ཡོང་མི་སྨད། །དེ་ཡི་བགྲོད་པ་བསམ་ཡས་ཤིང་། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །མདོ་སྡེ་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་གསང་
མཐའི་དབྱེ་བ་ཉིད། །སེམས་ཅན་མོས་པས་འཇུག་པ་རྣམས། །དེ་དང་དེ་ལ་དགའ་བ་བཞིན། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་འབུམ་པའི་ནང་ནས་ཕྱུང་བ་གྲུབ་པའི་རྟོག་པ་རྨད་དུ་བྱུང་བ་ངོ་མཚར་དང་བཅས་པར་བྱེད་པ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་
བཀླགས་པས་འགྲུབ་པ་གཞན་ཐམས་ཅད་ཀྱིས་མི་ཐུབ་པ་གདོད་ནས་གྲུབ་པའི་བླ་མ་ཡིན་ནོ། །དཔལ་ཧེ་རུ་ཀའི་ངེས་པར་བརྗོད་པ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ།། །།གྲགས་པ་ཡིད་འོང་
རྒྱལ་མཚན་མཐོ་ལྡན་པའི། །རིན་ཆེན་དང་མཚུངས་རིན་ཆེན་བཟང་པོ་ཡིས། །མཁས་པ་པདྨཱ་ཀ་རའི་ཞལ་སྔར་ནི། །རིག་པའི་འབྱུང་གནས་ཁ་ཆེའི་དཔེ་ལས་བསྒྱུར། །ལྷག་པའི་ཚུལ་ཁྲིམས་དྲི་ཡིས་བསྒོས་གྱུར་ཅིང་། །དྲི་མེད་བཀའ་དོན་འཐད་པ་དང་
བཅས་པར། །རྟོགས་པ་དང་ལྡན་གྲགས་པའི་ཞལ་སྔར་ནི། །སྒྲ་སྒྱུར་དགེ་སློང་པྲཛྙཱ་ཀཱིརྟི་དང་། །མར་པ་སྒྲ་བསྒྱུར་ཆོས་ཀྱི་དབང་ཕྱུག་གིས། །མཁས་པའི་འབྱུང་གནས་ཡུལ་དབུས་དཔེ་དང་གཏུགས།། །།

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷ་ན་ཨུཏྟ་ར་ཏནྟྲ་ནཱ་མ། བོད་སྐད་དུ། མངོན་པར་བརྗོད་པའི་རྒྱུད་བླ་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཇི་སྲིད་འགྲོ་བ་དྲུག་གི་མཐར། །སངས་རྒྱས་ཐམས་ཅད་རྣམ་པར་འབྱུང་། །རྡོ་རྗེ་སེམས་དཔའ་
ཡིས་ནི་བྱེད། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས། །མཁའ་འགྲོ་མ་ཡི་འཁོར་ལོར་བཞུགས། །འགྲོ་བ་སྒྲོལ་ལ་ཕྱག་འཚལ་བསྟོད། །ཇི་སྲིད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པས་བཅིངས་པ་གཅད། །
འཇིག་རྟེན་བྱ་བ་རབ་ཏུ་འཇུག །དེ་སྲིད་རྟག་ཏུ་ཕྱག་འཚལ་བསྟོད། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང་། མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་སྙིང་པོ་ལ་རྣམ་པར་བཞུགས་
ཏེ། དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་པ་བཅོམ་ལྡན་འདས་ཐོག་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་དང་མཁའ་འགྲོ་དང་། མཁའ་འགྲོ་མའི་དྲ་བ་མངོན་པར་བརྗོད་པའི་བླ་མའི་
བླ་མ་སྙིང་པོ་ངས་བཤད་ཀྱིས། ལག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་བདག་པོ་འཁོར་སྣ་ཚོགས་པས་རྣམ་པར་འཕྲུལ་པ་རྒྱས་པར་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །དེ་ལ་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཐལ་མོ་སྦྱར་བ་བཏུད་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ།
དེ་ནས་གསང་བ་བཤད་བྱ་བ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །བླ་མ་ལས་ཀྱང་བླ་མ་ནི། །མངོན་པར་བརྗོད་པའི་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་
ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་སྒྱུ་མ་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་དཔའ། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཐོག་མ་མེད་པའི་ཚུལ་ཆེན་འདི། །བྷ་གར་སིད་སྒྲ་གཟུགས་སྐྱེས་གནས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །

ཐོག་མར་དབུས་མཐར་དྲི་མ་མེད། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །སྲུབ་དང་བསྲུབ་པར་ཡང་དག་སྦྱོར། །གང་ལ་དེ་ལ་ཇི་ལྟར་བཞིན། །རང་བཞིན་དག་པ་འོད་གསལ་བ། །གསང་བའི་གནས་ལས་བྱུང་བ་ཡིན། །རྟག་ཏུ་ཉེས་བྲལ་ཞི་བ་སྟེ། །ནམ་མཁའ་དང་ནི་མཉམ་གྱུར་པ། །
སྤྲོ་དང་སྡུད་པ་བྱེད་པ་ཡིན། །རང་བཞིན་དག་པ་རང་བྱུང་སྟེ། །རྣལ་འབྱོར་མ་ཡི་བདེ་བ་སྟེར། །བཟླས་དང་བསམ་གཏན་ལྡན་པ་དང་། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱི། །དེ་དག་རྒྱུད་ལས་གསུངས་པ་དག །གསང་བའི་བདག་པོ་རབ་ཏུ་ཉོན། །དབུགས་འབྱིན་བར་མ་མཆོག་དག་དང་། །
དྲི་ཡི་ཆུ་དང་བཅས་པ་དག །མཁས་པས་རིལ་བུར་བྱས་ནས་ནི། །འཁོར་གྱི་དཀྱིལ་འཁོར་དག་ལ་མཆོད། །འབྱུང་བའི་དུས་ཀྱི་ཁྱད་པར་ལ། །ཕོ་ཉས་ལྷན་ཅིག་སྐྱེས་པ་འགྲུབ། །མཆོག་དང་འབྲིང་དང་ཐ་མ་སྟེ། །མཐར་ཐུག་དངོས་གྲུབ་ཐམས་ཅད་འབྱུང་། །དགའ་བ་ཡིད་ལ་འདོད་པ་
ཡི། །དངོས་གྲུབ་ཀྱང་ནི་འགྲུབ་པར་འགྱུར། །རང་རྫས་ཐིག་ལེས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་མཆོད་པར་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རང་དང་གཞན་ཡང་མཆོད་པར་བྱ། །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་གྲོལ་
འགྱུར་ཏེ། །དེ་ལྟར་འདི་ལ་ཐེ་ཚོམ་མེད། །རྣལ་འབྱོར་པ་ཉིད་བསོད་ནམས་མཆོག །དག་བྱེད་སྡིག་པ་འཇིག་པར་བྱེད། །བཟླས་དང་བསམ་གཏན་དག་པས་ཀྱང་། །སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་དམ་ཚིག་ལ་འཇུག་པའི་གསང་
བ་སྦས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལ་རྣམ་པར་འཕྲུལ་པ་ཞེས་བྱ་བ་ཁྲོ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དངོས་གྲུབ་ཐམས་ཅད་ཀྱི་གསང་བ་གསུངས་པ། ཆགས་པ་མེད་ཅིང་ཆགས་པ་དང་བྲལ་
བའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་ལྟ་སྟེ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་འདུ་ཤེས་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་

འདུ་བྱེད་རྡོ་རྗེ་ཞེས་བྱ་བ་དང་། དཔའ་བོ་ཆེན་པོ་རྣམ་པར་ཤེས་པ་རྡོ་རྗེ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་དབང་ཕྱུག་ཆེན་པོ་དང་། དཔའ་བོ་ཆེན་པོ་གཏི་མུག་རྡོ་རྗེ་དང་། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་སྣ་རྡོ་རྗེ་
དང་། དཔའ་བོ་ཆེན་པོ་ཆགས་པ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་ཕྲག་དོག་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱ་བའི་དཔའ་བོ་ཆེན་པོ་དང་། དཔའ་བོ་ཆེན་པོ་ས་རྡོ་རྗེ་དང་། དཔའ་བོ་ཆེན་པོ་ཆུ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་མེ་རྡོ་རྗེ་དང་། དཔའ་བོ་ཆེན་པོ་རླུང་རྡོ་
རྗེ་དང་། དཔའ་བོ་ཆེན་པོ་མཁའ་དབྱིངས་རྡོ་རྗེ་དང་། འདི་ལྟ་བུ་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་མཐའ་ཡས་པ་རྣམ་པར་འཕྲོ་བའི་གསང་བའི་སྙིང་པོ་འབྱུང་བས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་འདུས་པ་གསང་བ་གསུམ་གྱི་དམ་
ཚིག་གི་འཁོར་ལོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དཔའ་བོ་ཆེན་པོ་རྡོ་རྗེ་ཐོད་པའི་དུམ་བུ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ཀེང་རུས་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ཀེང་རུས་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ལྷ་དགྲ་དང་། དཔའ་བོ་ཆེན་
པོ་རྡོ་རྗེ་དཔག་མེད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་འོད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ལུས་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མྱུ་གུ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རལ་པ་ཅན་དང་། དཔའ་བོ་ཆེན་པོ་རྡོ་རྗེ་དཔའ་བོ་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རབ་བཟང་དང་།
དཔའ་བོ་ཆེན་པོ་རྡོ་རྗེ་བཟང་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་མིག་མི་བཟང་དང་། དཔའ་བོ་ཆེན་པོ་རྡོ་རྗེ་སྟོབས་པོ་ཆེ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རིན་ཆེན་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རྟ་མཆོག་དང་། དཔའ་བོ་ཆེན་པོ་རྡོ་རྗེ་ནམ་མཁའི་སྙིང་པོ་དང་།
དཔའ་བོ་ཆེན་པོ་རྡོ་རྗེ་དཔལ་ཧེ་རུ་ཀ་ཆེན་པོ་དང་། དཔའ་བོ་ཆེན་པོ་རྡོ་རྗེ་པདྨ་གར་གྱི་དབང་ཕྱུག་དང་། དཔའ་བོ་ཆེན་པོ་རྡོ་རྗེ་རྣམ་པར་སྣང་མཛད་དང་། དཔའ་བོ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། འདི་ལྟ་བུ་ལ་སོགས་པའི་དཔའ་བོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་

ཐམས་ཅད་ཡོངས་སུ་གང་བར་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་གསུམ་གྱི་དམ་ཚིག་གཉིས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་གསང་བའི་དམ་ཚིག་གསང་བའི་བྷ་ག་ལས་འབྱུང་བ་རྣལ་འབྱོར་མ་དང་། དཔའ་
བོའི་གསང་བའི་དམ་ཚིག་གཉིས་སུ་མེད་པའི་སྦྱོར་བའི་དམ་ཚིག་ཆེན་པོ་གསུངས་པ་འདི་ལྟ་སྟེ། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་གསོད་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འགུགས་བྱེད་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་
གར་གྱི་དབང་ཕྱུག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་པདྨའི་དྲ་བ་མོ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལཱ་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་དུམ་སྐྱེས་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་
གཟུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རབ་གཏུམ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་གཏུམ་མིག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འོད་ལྡན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྣ་ཆེན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་དཔའ་བའི་བློ་གྲོས་མ་ཞེས་
བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་མིའུ་ཐུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ལང་ཀའི་དབང་ཕྱུག་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཤིང་གྲིབ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ས་སྲུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཇིགས་བྱེད་ཆེན་མོ་ཞེས་བྱ་བ་དང་། རྣལ་
འབྱོར་མ་ཆེན་མོ་རླུང་གི་ཤུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཆང་འཐུང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྔོ་བསངས་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རབ་བཟང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་རྟ་རྣ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་
བྱ་གདོང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་དུམ་སྐྱེས་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་ཆང་འཚོང་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་གོ་ཆ་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་

རབ་དཔའ་མོ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་སྟོབས་ཆེན་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོས་སྒྱུར་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་ཆེན་མོ་བརྩོན་འགྲུས་ཆེན་མོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་སྣ་ཚོགས་པས་ནམ་མཁའི་ཁམས་ཀྱི་མཐར་
ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། གར་སྣ་ཚོགས་བྱེད་ཅིང་རང་གི་དམ་ཚིག་དང་འཁྱུད་པ་དང་། ཙུམ་པ་ནས་སྙིང་རྗེ་ཆེན་པོའི་རོ་ཡོངས་སུ་རྫོགས་པའི་དཔའ་བོ་དང་། རྣལ་འབྱོར་མ་རྣམས་ཀྱིས་གང་བར་མཐོང་ངོ་། །མཐོང་ནས་ཞུགས་ཏེ། དཔའ་བོའི་མཆོག་རྣམས་ཀྱིས་དམ་ཚིག་རྗེས་སུ་
དྲན་ནོ། །དཔལ་རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་དམ་ཚིག་གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་པར་འབྱུང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་མོའི་ཚོགས་ཐམས་ཅད་ཀྱི་རིགས་དང་གསང་བ་གསུངས་པ་འདི་ལྟ་སྟེ།
རྡོ་རྗེ་མ་མོ་ཁྭ་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་འུག་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་ཁྱི་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་ཕག་གདོང་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་བསྲེག་མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་ཕོ་ཉ་མོ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་མཆེ་བ་
མ་ཞེས་བྱ་བ་དང་། རྡོ་རྗེ་མ་མོ་གཤིན་རྗེ་འཇོམས་མ་ཞེས་བྱ་བ་དང་། འདི་ལྟ་བུའི་མ་མོའི་ཚོགས་ཀྱི་ཕྱོགས་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་གང་སྟེ། རིགས་ཀྱི་བདག་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བ་དཔལ་ཧེ་རུ་ཀ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དམ་ཚིག་ཆེན་པོ་རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན་ཏེ། ཆོས་རྣམས་ཐམས་ཅད་དངོས་པོ་མེད། །མཚན་ཉིད་ཐམས་ཅད་རྣམ་སྤངས་པ། །བདག་མེད་ཆོས་ལས་ཡང་དག་འབྱུང་། །འདི་ནི་དམ་ཚིག་མཆོག་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
གཉིས་སུ་མེད་པའི་རྡོ་རྗེ་གོ་ཆ་ཞེས་བྱ་བའི་རྡོ་རྗེ་དམ་ཚིག་གསུངས་པ་འདི་ལྟ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམ་པར་སྣང་མཛད་རྡོ་རྗེ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་པདྨ་གར་གྱི་དབང་ཕྱུག་དང་། རྣལ་འབྱོར་

གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་ཧེ་རུ་ཀ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་ཉི་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་རྟ་མཆོག་དང་། རིགས་དྲུག་པོ་དེ་ནི་ཡན་ལག་དྲུག་ཏུ་དགོད་པ་སྟེ། བསྲུང་བ་གཉིས་སུ་མེད་པའི་དམ་ཚིག་གི་མཆོག་དེ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་
བྱུང་ངོ་། །རྣལ་འབྱོར་ཆེན་པོའི་མཆོག་ཏུ་གསང་བ་སྦས་པ་བཤད་པར་བྱ་སྟེ། རྡོ་རྗེ་དབང་ཕྱུག་ཆེན་མོ་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་ཡ་མི་ནི་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་རྨོངས་བྱེད་མ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་གཡོ་བྱེད་མ་དང་། རྡོ་རྗེ་དབང་ཕྱུག་ཆེན་མོ་སྐྲག་བྱེད་མ་དང་།
རྡོ་རྗེ་དབང་ཕྱུག་ཆེན་མོ་ཙནྜི་ཀ་སྟེ། འདི་ལྟ་བུས་ཡང་ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་དམ་ཚིག་ཡང་དག་པར་བསྲུང་བའི་སྦྱོར་བའི་ཐུགས་གསང་བ་ཆེན་པོ་སྟེ། དེ་ལྟ་བུ་སྣ་ཚོགས་དུ་མའི་རྣལ་འབྱོར་མ་རང་གི་ལག་པས་ཁྲག་དྲོན་མོ་མཆོག་
གིས་མཆོད་པ་བྱས་ནས་ཐལ་མོ་སྦྱར་ཏེ། མོས་པ་མཆོག་གིས་སྤྱི་བོས་གཏུགས་སོ། །དེ་ནས་དམ་ཚིག་ཆེན་པོ་རྣམ་པར་འཕྲུལ་པ་རྡོ་རྗེ་སྣ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་བ་སྤུའི་བུ་ག་ནས་སེམས་དཔའ་སྣ་ཚོགས་སྤྲོས་ཏེ་ཕྱུང་ནས་གདུལ་བ་དུ་མ་ལ་
ཐབས་སྣ་ཚོགས་པ་མ་ལུས་ཤིང་ལུས་པ་མེད་པའི་ཆོས་ཀྱི་དབྱིངས་ཡོངས་སུ་གང་བར་བྱས་ཏེ། སྣ་ཚོགས་པས་མདུན་གྱི་ནམ་མཁའ་ཡོངས་སུ་གང་བར་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་རིགས་སྣ་ཚོགས་པའི་སྙིང་རྗེ་ཆེན་པོའི་ཁྲོ་བོའི་ཆ་ལུགས་འཛིན་ཅིང་སེམས་ཅན་རྣམས་ལ་ཕན་པའི་
ཕྱིར། གཉིས་སུ་མེད་པའི་རོ་དགའ་བ་སྣ་ཚོགས་ཀྱི་ཆོ་འཕྲུལ་རྡུལ་སྙེད་དང་མཉམ་པ་བསྟན་ཏེ། ཁམས་གསུམ་གྱི་བདག་པོས་གསུངས་པ། ཆུ་དང་། མེ་དང་། རླུང་དང་། དབང་ཆེན་གྱི་སྟེང་དུ་སྣ་ཚོགས་པའི་རིའི་རྒྱལ་པོ་རི་རབ་སྣ་ཚོགས་པ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་
ཀྱིས་མཛེས་པ། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་དབྱིངས་ལས་རྡོ་རྗེ་ཁྲོ་བོ་ཆེན་པོ་ཕྱུང་ནས་སྤྲོས་ཏེ། རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་དཀྱིལ་འཁོར་ཆེན་པོའི་རྒྱལ་པོར་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ཆེན་པོ་བྱུང་སྟེ། རྡོ་རྗེ་འཁོར་དང་ལྷན་ཅིག་བྱུང་ནས་བརྟན་པར་བཞུགས་སོ། །

ཕུན་སུམ་ཚོགས་པ་སྣ་ཚོགས་པས་བརྒྱན་པ། རྡོ་རྗེ་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཟླ་བ་དང་ཉི་མའི་མདོག་ལྟར་སྡུག་པ། དྲིལ་བུ་དང་། རྔ་ཡབ་དང་། རྒྱལ་མཚན་དང་། གཡེར་ཀའི་དྲ་བས་མིག་མངས་རིས་སུ་བྲིས་པ། རྡོ་རྗེ་དམ་ཚིག་གི་སྲད་བུ་ཆོས་ཀྱི་འཁོར་ལོ་ལ་འཇུག་
པའི་སྒྲ་སྒྲོགས་པ། སྣ་ཚོགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་དང་། མ་རུངས་པ་དང་། ཤིན་ཏུ་གདུག་པ་དང་། རོ་ལངས་དང་། རོ་དང་། རོ་སྲེག་པ་
དང་། ཁྱི་དང་། ཅེ་སྤྱང་དང་། ཅེ་སྤྱང་མོའི་སྒྲ་སྒྲོགས་པ། དཔའ་བོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མའི་སྒྲ་ཕེཾ་དང་། ཨ་ལ་ལའི་སྒྲ་སྒྲོགས་པ། དྲིལ་བུ་དང་ཅང་ཏེའུའི་སྒྲ་སྒྲོགས་པ། མགོ་བཅད་པ་གར་བྱེད་པས་ཉེ་བར་བརྒྱན་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱོད་པ་
ཅན། དགེ་བའི་ལས་ཀྱིས་སྒྲོལ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་རོས་ཕན་འདོགས་པ། རྣམ་པར་འཁོར་བས་བསྐོར་བ་པདྨའི་གར་གྱིས་གར་བྱེད་ཅིང་ཐལ་མོ་སྦྱོར་བ། གཡས་བརྐྱང་བས་གནས་པ་ལག་པའི་ཐལ་མོ་སྦྱར་བ། སངས་རྒྱས་ཐོད་པའི་དུམ་བུའི་ཆོས་ཀྱི་མཆོག་ཟབ་
མོའི་ཚུལ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོའི་འདོད་པ་སྟོན་པ། སྐུ་ལུས་ཆེན་པོ་འཛིན་པ། ཟབ་མོའི་སྒྲ་སྒྲོགས་པ། རང་གི་འཁོར་གྱི་དཀྱིལ་འཁོར་ཅན། མངོན་པར་བརྗོད་པའི་བླ་མ་ཆེན་མོ་ཉེ་བར་འབྱུང་བ། མཁའ་འགྲོ་དང་། མཁའ་འགྲོ་མའི་སྡོམ་པའི་རྒྱལ་པོའི་དྲ་བའི་དྲ་བ་ཅན།
ཆོས་སྣ་ཚོགས་པའི་རྗེས་སུ་བསྟན་པའི་སྟོན་པ། སེམས་ཅན་གྱི་བསམ་པ་སྣ་ཚོགས་ཀྱི་བདེ་བ་སྟེར་ཞིང་སྟོན་པར་བྱེད་པ་སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་ལེགས་པར་ཉོན་ཅིག །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་ཞུ་བའི་ལེའུ་སྟེ་གཉིས་
པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྡོ་རྗེ་གསང་བའི་སྙིང་པོ་གསུངས་པ། སྙིང་གར་ཟླ་བ་བསྒོམས་ནས་ནི། །རྡོ་རྗེ་ཕྲ་མོའི་རྣམ་འཕྲུལ་བ། །བདེ་གཤེགས་ཐམས་ཅད་གསང་བ་ནི། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །

དེར་ནི་གསང་བ་བྱིན་བརླབས་པ། །སྙིང་པོ་མཆོག་ནི་ལེགས་པར་ཉོན། །བླ་མ་ཡི་ཡང་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བའི་སྡོམ། ཨོཾ་སྭ་བྷཱ་བ་ཤུད་དྷཱཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ། ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་བཛྲ་ཤུད་དྷཱཿསརྦྦ་དྷརྨཱ་བཛྲ་ཤུད་དྷོ྅ཧཾ། ཨོྃ་ཡོ་ག་ཤུད་
དྷཱཿསརྦྦ་དྷརྨཱ་ཡོ་ག་ཤུད་དྷོ྅ཧཾ། ཨོྃ་ཛྙཱ་ན་ཤུད་དྷཱཿསརྦ་དྷརྨཱ་ཛྙཱ་ན་ཤུད་དྷོ྅ཧཾ། ཨོྃ་ས་མ་ཡ་ཤུད་དྷཱཿསརྦ་དྷརྨཱ་ས་མ་ཡ་ཤུད་དྷོ྅ཧཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་ཤཱུ་ནྱ་ཏཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་སརྦ་ཏ་ཐཱ་ག་ཏ་པྲ་ཀྲྀ་ཏ་སུ་བི་ཤུད་དྷཱ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་མནྟྲ་
ཤུད་དྷཱཿ སརྦ་དྷརྨཱ་མནྟྲ་ཤུད་དྷོ྅ཧཾ། ཨོྃ་ཀྲོ་དྷ་ཤུད་དྷཱཿ སརྦ་དྷརྨཱཿཀྲོ་དྷ་ཤུད་དྷོ྅ཧཾ། ཨོྃ་ཙིཏྟ་ཤུད་དྷཱཿསརྦ་དྷརྨཱ་ཤྩིཏྟ་ཤུད་དྷོ྅ཧཾ། ཨོྃ་བཱཀ་ཤུད་དྷཱཿསརྦ་དྷརྨཱ་བཱ་ཀ་ཤུད་དྷོ྅ཧཾ། ཨོྃ་ཀཱ་ཡ་ཤུད་དྷཱཿསརྦ་དྷརྨཱཿཀཱ་ཡ་ཤུད་དྷོ྅ཧཾ། ཨོྃ་ཛྙཱ་ན་ཨ་མྲྀ་ཏ་ཤུད་དྷཱཿསརྦ་དྷརྨཱ་ཛྙཱ་ན་ཨམྲྀ་ཏ་ཤུད་དྷོ྅ཧཾ།
ཨོྃ་ནཱ་ནཱ་ས་མ་ཡ་ཤུད་དྷཱཿསརྦ་དྷརྨཱ་ནཱ་ནཱ་ས་མ་ཡ་ཤུད་དྷོ྅ཧཾ། ཨོྃ་ཙཱརྱ་ན་ཡ་ཤུད་དྷཱཿསརྦ་དྷརྨཱརྱ་ནཡ་ཤུད་དྷོ྅ཧཾ། ཨོྃ་ཏྲི་ཡོ་ག་པ་རི་ཤུད་དྷཱཿསརྦ་དྷརྨཱ་སྟྲི་ཡོ་ག་པ་རི་ཤུད་དྷོ྅ཧཾ། ཨོྃ་ཨ་བྷི་ཥེ་ཀ་ཤུད་དྷཱཿསརྦ་དྷརྨཱ་ཨ་བྷི་ཥེ་ཀ་ཤུད་དྷོ྅ཧཾ། ཨོྃ་པཱུ་ཛ་ཤུད་དྷཱཿསརྦ་དྷརྨཱཿཔཱུ་ཛ་ཤུད་དྷོ྅ཧཾ།
ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་དྭ་ཡ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། མཎྜ་ལ་ཤུད་དྷཱཿསརྦ་དྷརྨཱ་མཎྜ་ལ་ཤུད་དྷོ྅ཧཾ། ཨོྃ་ཨ་དྷི་པ་ཏི་ཤུད་དྷཱཿསརྦ་དྷརྨཱ་ཨ་དྷི་པ་ཏི་ཤུད་དྷོ྅ཧཾ། བཱི་ར་ཤུད་དྷཱཿསརྦ་དྷརྨཱ་བཱིར་ཤུད་དྷོ྅ཧཾ། ཨོྃ་ཡོ་གི་ནི་ཤུད་དྷཱཿསརྦ་དྷརྨཱ་ཡོ་གི་ནཱི་ཤུད་དྷོ྅ཧཾ། ཨོྃ་ཏ་ཏྭ་ཤུད་དྷཱཿསརྦ་
དྷརྨཱ་སྟ་ཏྭ་ཤུད་དྷོ྅ཧཾ། ཧེ་ཨི་ཏི་ཧེ་ཏྭ་པ་ག་ཏཿསརྦ་དྷརྨཱ་ཧེ་ཏྭ་པ་ག་ཏོ྅ཧཾ། རུ་ཨི་ཏི་རུ་ཀཱ་རཱ་པ་ག་ཏཿསརྦ་དྷརྨཱ་རུ་ཀཱ་རཱ་པ་ག་ཏོ྅ཧཾ། ཀ་ཨི་ཏིན་ཀྭ་ཙི་ཏ་སྠིཏཿསརྦ་དྷརྨཱ་ན་ཀྭ་ཙི་ཏ་སྠི་ཏོ྅ཧཾ། ཨོྃ་ཛྷ་ཊི་ཏ་ཀ་ར་ཤུད་དྷཱཿསརྦ་དྷརྨཱ་ཛྷ་ཊི་ཏ་ཀ་ར་ཤུད་དྷོ྅ཧཾ། ཨོྃ་བྷ་བ་ཤུད་དྷཱཿསརྦ་དྷརྨཱ་བྷ་བ་ཤུད་དྷོ྅ཧཾ།
ཨོྃ་ཛ་པ་ཤུད་དྷཱཿསརྦ་དྷརྨཱ་ཛ་པ་ཤུད་དྷོ྅ཧཾ། ཨོྃ་ཨཱ་ཧཱ་ར་ཤུད་དྷཱཿསརྦ་དྷརྨཱ་ཨཱ་ཧཱ་ར་ཤུད་དྷོ྅ཧཾ། ཨོྃ་བྷ་ཀྵ་ཤུད་དྷཱཿསརྦ་དྷརྨཱ་བྷཀྵ་ཤུད་དྷོ྅ཧཾ། ཨོྃ་ཨ་ས་མཱ་ཧི་ཏ་ཤུད་དྷཱཿསརྦ་དྷརྨཱ་ཨ་ས་ཧིཏ་ཤུད་དྷོ྅ཧཾ། ཨོྃ་སྭ་ས་མ་བེ་ད་ན་ཤུད་དྷཱཿསརྦ་དྷརྨཱཿསྭ་སམ་བདེ་ན་ཤུད་དྷོ྅ཧཾ། ཨོྃ་དྭེ་

ཥ་ཤུད་དྷཱཿསརྦ་དྷརྨཱ་དྭེ་ཥ་ཤུད་དྷོ྅ཧཾ། ཨོྃ་མོ་ཧ་ཤུད་དྷཱཿསརྦ་དྷརྨཱ་མོ་ཧ་ཤུད་དྷོ྅ཧཾ། ཨོྃ་རཱ་ག་ཤུད་དྷཱཿསརྦ་དྷརྨཱ་རཱ་ག་ཤུད་དྷོ྅ཧཾ། ཨོྃ་མཱ་ན་ཤུད་དྷཱཿསརྦ་དྷརྨཱ་མཱ་ན་ཤུད་དྷོ྅ཧཾ། ཨོྃ་ཨཱིརྵ་ཤུད་དྷཿསརྦ་དྷརྨཱ་ཨཱིརྵ་ཤུད་དྷོ྅ཧཾ། ཨོྃ་ཁ་བཛྲ་ཤུད་དྷཱཿསརྦ་དྷརྨཱཿཁ་བཛྲ་
ཤུད་དྷོ྅ཧཾ། ཨོྃ་ཏྲི་ཙཀྲ་པ་རི་ཤུད་དྷཱཿསརྦ་དྷརྨཱསྟྲི་ཙཀྲ་པ་རི་ཤུད་དྷོ྅ཧཾ། ཨོྃ་ཌཱ་ཀི་ནཱི་ཤུད་དྷཱཿསརྦ་དྷརྨཱ་ཌཱ་ཀི་ནཱི་ཤུད་དྷོ྅ཧཾ། ཨོྃ་ཤངྐུལ་ཤུད་དྷཱཿསརྦ་དྷ་རྨཱཿཤུངྐུ་ལ་ཤུད་དྷོ྅ཧཾ། །ཨོྃ་མཱ་ཏྲི་ཤུད་དྷཱཿསརྦ་དྷརྨཱ་མཱ་ཏྲི་ཤུད་དྷོ྅ཧཾ། ཨོྃ་པི་ཏྲྀ་ཤུད་དྷཱཻཿསརྦ་དྷརྨཱཿཔི་ཏྲྀ་ཤུད་དྷོ྅ཧཾ། །
འདི་ལྟར་ཇི་སྲིད་ཉེ་བའི་དུར་ཁྲོད་ཀྱི་བར་ཐམས་ཅད་རྣམ་པར་དག་པར་ཤེས་པར་བྱའོ། །པུ་ཛ་ཨཽ་ཨ་གོ་རཱ་དེ་མཱ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲི་སཽ་སུ་ན་སི་མ་ཀུ། ས་བཅུ་རྣམ་པར་དག་པའི་བདག །ཕ་རོལ་ཕྱིན་བཅུའང་དེ་བཞིན་ཏེ། །ཤེས་པ་བཅུ་ཡང་རྣམ་དག་བདག །
བཅུ་པོ་དེ་དག་རྣམ་པར་བསྒོམ། །འཁོར་ལོ་གསུམ་ཡང་ཡོངས་དག་ཕྱིར། །ཉི་ཤུ་རྩ་བཞི་བདག་ཉིད་དགེ། །དུས་དང་ཚོས་རྣམས་རྣམ་གྲོལ་བས། །རྣལ་འཕྱོར་མ་ཡི་ཡིད་དགའ་བ། །སུམ་ཅུ་རྩ་བདུན་རྣམ་དག་དོན། །མངོན་མཐེ་ཧེ་རུ་ཀ་ལས་བྱུང་། །མངོན་བརྗོད་རྒྱུད་
ནི་བླ་མའི་བླ། །གསང་ཆེན་མཆོག་གི་དམ་པའོ། །གཡོན་དང་གཡས་སུ་བསྐོར་བ་ཡིས། །དགོད་ཅིང་མཆོད་དང་བསྐོར་བར་བྱ། །གང་གིས་དེ་ཉིད་ཤེས་པ་ཡིས། །བརྡ་ནི་ལྔ་པོ་བསྟན་པར་བྱ། །གང་ཡང་དབང་བསྐུར་མེད་པ་ལ། །གཞན་དུ་དེ་ཉིད་མ་བསྟན་ཅིག །
མངོན་བརྗོད་རྒྱུད་ལ་བླ་མ་ཡིས། །དབང་བསྐུར་སློབ་མ་ངག་ལ་སྦྱིན། །གཞན་དུ་སློབ་མ་སྨྱོ་བ་དང་། །བརྒྱལ་དང་རྨོངས་པ་དག་ཏུ་འགྲོ། །མནར་མེད་འཇིགས་པ་ཆེན་པོ་དང་། །ངན་པ་དེར་ནི་ལྟུང་བར་འགྱུར། །གླེགས་བམ་བཤེས་མིན་ལ་སྟེར་བ། །ངན་པ་དེ་མ་ཐག་ཏུ་འཆི། །
ཕོལ་མིག་རིམས་དག་དུག་དང་ནད། །མཁའ་འགྲོ་གདོན་གྱིས་གཙེས་པར་འགྱུར། །མི་སྲུན་བགེགས་དང་ཚོགས་བདག་གིས། །གསོད་ཅིང་དམྱལ་བར་ལྟུང་བར་འགྱུར། །ཇི་སྲིད་འབད་པ་ཐམས་ཅད་ཀྱིས། །བླ་མ་སློབ་མས་རིམ་བཞིན་དུ། །དེ་ཉིད་རྟག་ཏུ་སྤས་ནས་ནི། །མྱུར་དུ་

སྔགས་ཀྱི་དངོས་གྲུབ་འགྱུར། །བླ་མས་ཐམས་ཅད་རིམ་བཞིན་དུ། །མངོན་བརྗོད་རྒྱུད་ཀྱི་རིམ་པ་བཞིན། །ལྷ་ཡི་རྣལ་འབྱོར་ལ་སྦྱོར་བ། །གཉིས་སུ་མེད་པའི་ཡེ་ཤེས་འགྱུར། །དེ་མ་ཐག་ཏུ་བྱང་ཆུབ་སྟེ། །མཆོག་ནི་ངེས་པར་རྙེད་པར་འགྱུར། །མི་ཡི་བུ་མོ་འདི་འདྲ་སྤང་། །བདག་
གི་དམ་ཚིག་མི་ཤེས་ཤིང་། །དྲག་ཅིང་ལོག་ལྟ་རང་བཞིན་ངན། །མི་སྲུན་སྙིང་རྗེ་མེད་པ་དང་། །བརྐམ་ཆགས་སེར་སྣར་ལྡན་པ་དང་། །སྤྱང་ཞིང་ངན་ལ་ཕྲག་དོག་ཅན། །སྐྱེས་པ་གཞན་ལ་ཆགས་པ་དང་། །རྣམ་པར་རྟོག་པ་མང་བ་དང་། །འདི་འདྲའི་ཕྱག་རྒྱ་སྤང་བར་བྱ། །སྦྱོར་
པའི་དངོས་གྲུབ་རིང་བ་ཡིན། །པུཀྐ་སཱི་ནི་མཛེས་སྡུག་བླང་།།གཟུགས་སྡུག་གཞོན་པས་རྣམ་པར་བརྒྱན། །སྦྱོར་བ་ལ་ནི་གཅིག་ཏུ་སེམས། །བརྟུལ་ཞུགས་བརྟན་ཞིང་དམ་ཚིག་ཤེས། །དཔའ་ཞིང་ཆགས་བྲལ་ངོ་ཚ་མེད། །ང་རྒྱལ་མེད་ཅིང་སེར་སྣ་མེད། །སྔགས་པ་རང་གི་སྤྱོད་
པ་སྟེ། །རིག་མ་བརྟུལ་ཞུགས་ཁྱོད་ཀྱིས་ལོང་། །ཕྱག་རྒྱ་ལྔ་ནི་རྟག་ཏུ་འཆང་། །མགོ་ལ་ཐོད་པའི་རྒྱན་ཡང་བྱས། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །ཐལ་བའི་རྡུལ་གྱིས་རྣམ་པར་བྱུགས། །རྟག་ཏུ་མ་ཧཱ་མཱཾ་ས་བཟའ། །ཐམས་ཅད་བཏུང་བས་མྱོས་པ་དང་། །རོ་ཡི་གདན་ལ་འདུག་
པ་དང་། །པགས་པ་ཆེན་པོ་གོས་སུ་གྱོན། །རྗེས་སུ་མཐུན་པའི་བཟའ་བ་ཟ། །ཞག་དང་ཁྲག་གིས་ཚིམ་པ་དང་། །གྲོང་ངམ་དགོན་པ་དག་ཏུ་ཡང་། །གང་ཞིག་ཡུལ་དུ་འགྲོ་བ་ན། །རྟག་ཏུ་ཆགས་པས་མི་གནས་ཤིང་། །རྟག་ཏུ་དུར་ཁྲོད་སྤྱོད་བྱེད་ལ། །ཡང་ན་ཚོང་འདུས་གནས་
པ་དང་། །ཉན་ཐོས་འཇིག་རྟེན་སྐལ་མེད་པའི། །མི་ཤེས་གཏི་མུག་གིས་ཁྱབ་པ། །ཉན་ཐོས་ཡོངས་སུ་ལོངས་སྤྱོད་པའི། །གཙུག་ལག་ཁང་དུ་གནས་མི་བྱ། །ཇི་ལྟར་སྐྱེས་བུ་དབུལ་པོ་བཞིན། །བྱང་ཆུབ་སེམས་དཔའ་དེ་བཞིན་གནས། །རྡོ་རྗེ་གར་གྱིས་རྣམ་པར་རོལ། །རྟག་
ཏུ་དུར་ཁྲོད་ལ་གནས་ཤིང་། །དྲི་ཆེན་ཤ་ཆེན་ཟས་སུ་བཟའ། །མྱོས་བྱེད་བཏུང་བར་ལྡན་པ་ཡི། །དཔའ་བའི་གཙོ་བོས་རྩེ་གཅིག་པའི། །སེམས་ཀྱིས་རབ་ཏུ་བསྒོམ་པར་བྱ། །ཕྱག་རྒྱ་ཆེན་པོ་མ་རྙེད་ན། །གཡེང་བ་ཐམས་ཅད་རྣམ་སྤངས་པའི། །དེ་ནི་ཡེ་ཤེས་འབྱུང་གནས་

ཏེ། །ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །གཟུང་དང་འཛིན་པ་མི་དམིགས་པའི། །གཉིས་སུ་མེད་པ་ཉིད་ལ་གནས། །རྩེ་གཅིག་སེམས་ནི་བྱས་ནས་ཀྱང་། །བསྒོམ་པའི་སྤྱོད་པ་ལ་གནས་ན། །བདེ་ལ་དགའ་བའི་དངོས་གྲུབ་འགྱུར། །ཤེས་རབ་ཐབས་ཀྱི་ཆོ་
གའི་རིམ། །ཕྱག་རྒྱ་ཆེ་དང་དེས་པར་རོལ། །སྒོམ་པ་མངོན་དུ་གྱུར་པ་ཡིས། །རྣམ་གྲོལ་སངས་རྒྱས་ཐམས་ཅད་ཀྱང་། །སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། །གཡོན་པའི་སྤྱོད་པ་ཤེས་རབ་སྟེ། །གཡས་པ་དེ་བཞིན་ཐབས་ཡིན་ནོ། །སྒོམ་པར་ལྡན་པའི་མཐུ་སྟོབས་ནི། །
སུམ་ཅུའི་དབང་ཕྱུག་ལ་དབང་བྱེད། །རྣལ་འབྱོར་མ་ནི་དངོས་གྲུབ་དང་། །གནོད་སྦྱིན་ཀླུ་ཡི་བུ་མོ་དང་། །གཞན་ཡང་སྣ་ཚོགས་དྲི་ཟ་མོ། །འདོད་པའི་ལོངས་སྤྱོད་དག་ལ་སྤྱོད། །དེ་ཉིད་གསང་བའི་མཆོག་གྱུར་པ། །ཨཱ་ལི་ཀཱ་ལི་རྟག་ཏུ་བསྒོམ། །རང་གི་ལྷ་ཡི་སྦྱོར་
བ་ཡིས། །ཐམས་ཅད་དེ་བཞིན་རྣམས་པར་བརྟག །དཔའ་བོས་བརྡ་རྣམས་བསྟན་པ་ནི། །རྣལ་འབྱོར་པ་ཡི་ལག་གཡོན་གྱིས། །བརྡ་རྣམས་ལ་ནི་འཇུག་པར་བྱ། །དཔའ་བོའི་གནས་སུ་གྱུར་པ་འདི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། །
རྡོ་རྗེ་སེམས་དཔའ་མཐེ་བོང་ཉིད། །མཛུབ་མོར་རྣམ་པར་སྣང་མཛད་བཞུགས། །གུང་མོར་པདྨ་གར་དབང་གནས། །སྲིན་ལག་དཔའ་བོ་དངོས་གྲུབ་ཅན། །ཐ་མ་ལ་ནི་མི་ཟད་སྐུ། །སེན་མོའི་ངོས་ལ་རྟ་མགྲིན་གནས། །གཡོན་པའི་རྒྱུ་ལས་བྱུང་བ་ནི། །དཔའ་བོ་ཐམས་ཅད་ཡིན་པར་
བཤད། །ལག་མཐིལ་ཕོ་ཉ་འདུས་པའི་མཆོག །རྒྱབ་ཏུ་ཤིན་ཏུ་ངེས་བྱས་ཏེ། །བརྡ་ནི་ལྔ་པོ་བསྟན་པར་བྱ། །སྒྲུབ་པ་པོ་ཡིས་ཤེས་པར་གྱིས། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བཤད། །མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མ་དག་ཏུ་གྲགས། །
འོ་བྱེད་མ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །དབུས་ཀྱི་དཔའ་བོ་ཐམས་ཅད་ནི། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །གསང་བ་འདི་ནི་མི་བསྟན་ཞིང་། །རབ་ཏུ་འབད་དེ་སྦ་བར་བྱ། །དེ་ལྟར་བརྡ་ཡིས་དཔའ་བོ་རྣམས། །དེ་དང་ལྷན་ཅིག་བཟའ་བ་བཟའ། །

དཔའ་བོས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན། །ཕན་ཚུན་རྗེས་འགྲོ་ཐམས་ཅད་ཀྱི། །སྣ་ཚོགས་བརྡ་ནི་བཤད་པར་བྱ། །མཁའ་འགྲོ་མ་ཡི་མཚན་ཉིད་དང་། །ཕོ་ཉ་རྣམས་ཀྱི་མཚན་ཉིད་དག །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །དེ་དག་ཐམས་ཅད་
བཤད་པར་བྱ། །རས་རིས་དང་ནི་སྐུ་གཟུགས་དག །འདྲི་ན་དེ་བཞིན་དམ་ཚིག་དང་། །སྐུ་མདོག་གི་ནི་ཁྱད་པར་གྱིས། །གང་གིས་སྒྲུབ་པ་པོ་འགྲུབ་པ། །སྣ་ཚོགས་སྔགས་ཀྱིས་མཛེས་པ་ཡི། །ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དང་། །ལྷ་ཡི་དམ་ཚིག་ཡིད་འོང་བ། །
རྣལ་འབྱོར་མ་ནི་སྣ་ཚོགས་མཆོག །དཔའ་བོ་སྣ་ཚོགས་ཡིད་འོང་བའི། །རྣལ་འབྱོར་མ་ནི་ཡང་དག་འདུས། །མཁའ་འགྲོ་མ་ཡང་ཡང་དག་འདུས། །རང་རིགས་སྣ་ཚོགས་མཆོག་དམ་པ། །བླ་མ་བརྒྱུད་པའི་བཀའ་བཞིན་དུ། །སློབ་མ་ལ་ནི་ཕན་པའི་ཕྱིར། །བདག་
པོའི་ལས་ལ་ཤིན་ཏུ་མཁས། །སྔགས་དང་རྒྱུད་ལ་ལེགས་པར་བསླབས། །གཞན་ཡང་ཆོ་གའི་རིམ་པ་དང་། །མངོན་བརྗོད་བླ་མའི་ལས་ལ་མཁས། །ཕྱུགས་ཀྱི་མཚན་ཉིད་སྔགས་པས་རྟོག །སྣ་ཚོགས་རིགས་ཀྱི་ཁྱད་པར་དང་། །རྣལ་འབྱོར་མ་ཡི་སྤྱོད་པ་དང་། །མཁའ་
འགྲོ་མ་ཡང་དེ་བཞིན་ཏེ། །ཕྱི་རོལ་མ་མོའི་ཕྱག་རྒྱ་དག །ཕག་མོ་ཡི་ནི་རིགས་ལས་བྱུང་། །དཔའ་བོ་ཀུན་གྱི་སྤྱོད་པ་དང་། །འཁོར་ལོའི་སྤྱོད་པ་ཤིན་ཏུ་བསླབས། །ཕྱི་ཡི་རྣལ་འབྱོར་དབང་ཕྱུག་གི། །མཚན་ཉིད་སྤྱོད་པ་དག་ལ་མཁས། །ཧེ་རུ་ཀ་དཔལ་རིགས་ལས་བྱུང་། །དགེ་བའི་
སྤྱོད་པ་དག་ལ་བསླབས། །ཡུལ་གྱི་སྤྱོད་པའི་ཁྱད་པར་དང་། །སློབ་དཔོན་སྤྱོད་པ་དག་ལ་མཁས། །རྣལ་འབྱོར་མ་ཡི་རྒྱུད་སྤྱོད་དང་། །རྣལ་འབྱོར་རྒྱུད་ནི་རྒྱ་ཆེ་བ། །བྱ་བའི་རྒྱུད་ཀྱི་དབྱེ་བའི་རིམ། །ཐམས་ཅད་རྒྱུད་རྣམས་རྣམ་པར་ཤེས། །འགྲུབ་པའི་ལུང་དང་བསྟན་བཅོས་དང་། །
མདོ་སྡེ་སྐྱེས་རབས་དེ་བཞིན་ཏེ། །བླ་ན་མེད་པའི་སྤྱོད་པ་དག །ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །ཕྱི་རོལ་བསྟན་བཅོས་ཡོངས་ལ་མཁས། །ཕུན་སུམ་ཚོགས་པ་སློབ་དཔོན་མཆོག །སྦྱོར་བའི་སྒོམ་པར་ལྡན་པ་དང་། །ཡིད་གཉིས་མེད་པ་ཉིད་ཀྱིས་ནི། །བཟའ་བ་ཐམས་ཅད་བཟའ་

བར་བྱ། །ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་མིང་དང་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླས་པར་བྱ། །རྟག་ཏུ་ཕྲེང་བའི་སྔགས་ཀྱང་བཟླ། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །བླ་མ་ལས་ཀྱང་བླ་མ་སྟེ། །
མཁའ་འགྲོ་མ་ཡི་དྲ་བའི་སྡོམ། །གསང་སྔགས་བཏུས་པས་གོ་ཆ་དང་། །སྙིང་པོ་དང་ནི་ཉེ་སྙིང་དང་། །གསང་སྔགས་བཏུས་པ་རྗེས་སུ་བསྲུང་། །དཀྱིལ་འཁོར་ཤིན་ཏུ་མཛེས་པ་ལ། །ཡི་གེའི་དཀྱིལ་འཁོར་ལེགས་བཀོད་ནས། །དཔའ་བོ་རྣལ་འབྱོར་མ་རྣམས་བསྐྱེད། །
འདི་ནི་གསང་སྔགས་ཐམས་ཅད་དོ། །མ་མོ་རྣམས་ཀྱི་དམ་པ་མཆོག །གསང་བ་དགའ་བ་སྦས་པ་སྟེ། །གསང་སྔགས་ཐམས་ཅད་བསྡུས་པ་ཡིན། །གསང་སྔགས་ཀུན་གྱི་གནས་ཡིན་ནོ། །འགྲོ་བ་འབྱུང་བའང་མ་མོས་ཁྱབ། །དེ་ཉིད་འདི་ནི་མི་བསྟན་ཏེ། །དངོས་གྲུབ་འཇོམས་
པར་འགྱུར་བ་ཡིན། །སྒོམ་པ་འདི་ནི་མཆོག་ཡིན་ཏེ། །འདོད་པའི་དངོས་གྲུབ་བླ་ན་མེད། །སྐྱེ་འགྲོས་འདི་ནི་བསྒོམས་ཙམ་གྱིས། །རྡོ་རྗེ་སེམས་དཔའི་གོ་འཕང་རྙེད། །བྱམས་པའི་གོ་ཆ་བགོས་པ་སྟེ། །སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། །ཤེས་རབ་མཚོན་ཆར་ལྡན་པ་ཡིན། །ཉོན་
མོངས་བདུད་ནི་རྣམ་པར་སྤངས། །ཕྱིར་བཟློག་ཆེན་མོས་སྲུང་བ་དང་། །རྡོ་རྗེ་ཞལ་བཞིས་རྣམ་པར་མཚན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཁ་སྦྱར་གསུམ་གྱི་རྡོ་རྗེས་མཚན། །ཐམས་ཅད་མཆོག་གི་སྲུང་བ་ཆེ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ། །བཀའ་ཡི་འཁོར་ལོ་
སྲུང་བ་ཆེ། །ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། །སྲུང་བ་མཆོག་ནི་འདི་དག་གི། །སྒྲུབ་པ་པོ་ལ་བྱང་ཆུབ་སྩོལ། །རྡོ་རྗེ་ཕུར་བུས་ར་བ་དང་། །རྡོ་རྗེའི་ས་དང་དྲ་བ་དང་། །སྟེང་གི་གུར་དང་བླ་རེ་ཡིས། །གདུག་པའི་བདུད་ནི་བསྐྲད་བྱས་ནས། །མི་གསོད་གསོད་པ་མེད་པ་
ཡིན། །གང་གིས་རང་སེམས་ཐུལ་བ་ཡིས། །བདག་གི་སེམས་ནི་བཅིངས་པ་ཡིན། །གང་ལ་གང་གིས་གསོད་པ་ཡོད། །མཉམ་པའི་སེམས་ནི་དྲི་ཡིན་ཏེ། །གྲུ་བཞི་པ་ནི་བྱུག་པ་ཡིན། །ཙནྡན་དཀར་པོ་ལུས་ཡིན་ཏེ། །མཉམ་པར་གནས་པ་ཉིད་ཡིན་ནོ། །མེ་ཏོག་བཟོད་པ་

རྣལ་འབྱོར་པ། །འབད་པས་གཏོར་བ་ཡིན་པར་བཤད། །རང་བཞིན་དག་པ་བདུག་པ་སྟེ། །མཉམ་པའི་སྒོམ་པ་བདུག་པ་ཡིན། །མངོན་པར་བརྗོད་པའི་རྒྱུད་བླ་མ་ཆེན་པོ་ལས་དེ་ཁོ་ན་ཉིད་ཀྱི་སྙིང་པོའི་དོན་དམ་པ་བསྟན་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་
མཁའ་འགྲོས་དེ་ཁོ་ན་ཉིད་ཀྱི་གསང་བ་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །མངོན་བརྗོད་རྒྱུད་ནི་བླ་མའི་བླ། །བླ་མ་བརྒྱུད་པས་བཤད་པ་བཞིན། །ཕྱི་རོལ་རྣམ་རྟོག་སྤངས་ནས་ནི། །མཉམ་པའི་དམ་ཚིག་མཆོག་དམ་པ། །རྟོག་པ་མེད་ཅིང་དཔྱོད་པ་མེད། །འཇིགས་
པ་ཐམས་ཅད་རྣམ་པར་སྤངས། །ཚེས་གྲངས་མེད་ཅིང་སྐར་མ་མེད། །བསླབ་པའི་ཆོ་གའང་ཡོད་མ་ཡིན། །གཙང་སྦྲ་མེད་ཅིང་མི་གཙང་མེད། །དག་པའི་བྱ་བའང་ཡོད་མ་ཡིན། །དུས་དང་ཚོད་ལས་རྣམ་པར་གྲོལ། །དག་པའི་སྤྱོད་པ་རྣམ་པར་སྤངས། །རང་གི་སྔགས་རྒྱུད་སྦྱོར་
བ་ཤེས། །སེམས་ཅན་ཀུན་གྱི་དོན་ཡང་བྱེད། །རི་སུལ་དང་ནི་རི་རྩེ་དང་། །ཆུ་བོ་ཆེན་པོའི་ངོགས་དག་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། །ཤིང་གཅིག་དང་ནི་དགེ་བའི་གནས། །མ་མོའི་ཁྱིམ་མམ་དུར་ཁྲོད་དམ། །སྣ་ཚོགས་དམ་པའི་ལྡུམ་ར་དང་། །ལྷ་ཁང་དང་ནི་
མཆོད་རྟེན་ནམ། །ཁྱིམ་མམ་བཞི་མདོ་དག་ཏུ་ནི། །སྒྲུབ་པ་པོ་ཡིས་སྦྱོར་བསྒྲུབས་ན། །འདོད་པ་ཀུན་གྱི་འབྲས་བུ་སྟེར། །གནས་ནི་བརྟག་པ་བྱས་ནས་ཀྱང་། །ཡིད་ནི་གང་དུ་དགའ་བ་དེར། །སྣ་ཚོགས་བདེ་མཆོག་དམ་པ་ནི། །དེ་རུ་བསྒྲུབས་ན་དངོས་གྲུབ་འགྱུར། །སེམས་
སྦྱོར་མེད་པ་ཉིད་ལས་ནི། །དུ་མར་དབྱེ་བའི་བསྒོམས་པ་ཡིས། །ཡེ་ཤེས་ལྔ་ཡི་བདུད་རྩིས་ནི། །ས་ནི་བྱུག་པ་བྱས་ནས་ཀྱང་། །བཟོད་པའི་ཕ་རོལ་ཕྱིན་པ་ཡི། །མེ་ཏོག་འབད་པས་དགྲམ་པར་བྱ། །སྣ་ཚོགས་ཕྱག་རྒྱ་ཡིད་འོང་གདན། །མཉམ་པར་བཞག་པས་རྒྱ་ཆེར་བྱ། །
རྩེ་གཅིག་པ་ཡི་སེམས་ཀྱིས་ནི། །བསམ་གཏན་ཕ་རོལ་ཕྱིན་པ་བསྒྲུབ། །ཚངས་པའི་གནས་བཞི་ལ་གནས་ཏེ། །བསྡུ་བའི་དངོས་པོ་བཞི་པོ་བྱ། །དགེ་བ་བཅུ་ཡང་དམིགས་ནས་ནི། །སེམས་ཅན་ཀུན་གྱི་དོན་ཡང་བྱ། །ཕྱི་དང་ནང་དུ་བལྟས་ན་ནི། །ཆོས་རྣམས་ཐམས་ཅད་སྟོང་པ་

ཡིན། །བྱང་ཆུབ་ཚོགས་ཀྱི་མཆོག་དམ་པ། །སེམས་ཙམ་ལ་ནི་རབ་ཏུ་གནས། །རང་གི་སྙིང་ག་མཁའ་དཀྱིལ་དུ། །ཉི་མའི་དཀྱིལ་འཁོར་གནས་པར་བསྒོམ། །དེ་སྟེང་དེ་ཉིད་མཆོག་གྱུར་པ། །ཡེ་ཤེས་ལྔ་པོ་ཞི་བ་ཡིན། །སྣ་ཚོགས་འོད་ཟེར་གསལ་བ་ཡི། །རྣམ་པར་
འཕྲོ་བས་ཀུན་ཏུ་ཁྱབ། །སྔོན་གྲུབ་པ་རྣམས་བསྐུལ་ནས་ནི། །བྱིན་གྱིས་བརླབ་པའང་བྱེད་པ་ཡིན། །ནམ་མཁའི་ཁམས་ནི་བསྒོམ་དགའ་བས། །དཀྱིལ་འཁོར་མཆོག་ནི་མཐོང་བ་ཡིན། །ཏིལ་གྱི་གང་བུ་ལྟ་བུ་ཡི། །ལྷ་དང་ཁྲོ་བོས་ཁྱབ་པར་མཐོང་། །སངས་རྒྱས་བྱང་ཆུབ་སེམས་
དཔའ་དང་། །བྱང་ཆུབ་སེམས་དང་བླ་མའི་གཙོ། །ལྷ་མོ་སྣ་ཚོགས་མཐོང་ནས་ནི། །བདག་གིས་མཆོད་ཅིང་རྗེད་པར་བྱ། །སངས་རྒྱས་སྤྲོས་ཏེ་སྤྲུལ་པའི་ཚོགས། །ཁྲོ་བོའི་རྒྱལ་པོ་རྣལ་འབྱོར་མས། །འགྲོ་བ་རིས་དྲུག་སེམས་ཅན་རྣམས། །སངས་རྒྱས་གནས་སུ་དགོད་པར་བྱེད། །
ནམ་མཁའི་དཀྱིལ་ནི་ཀུན་ཁྱབ་པའི། །མཆོག་དེ་མཐོང་ནས་བསྡུས་ནས་སུ། །ཐམས་ཅད་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་མཐར་ཐུག་བར་དུ་ནི། །སེམས་ཅན་མ་ལུས་གྱུར་པ་རྣམས། །སངས་རྒྱས་གོ་འཕང་དེ་ལ་བཞག །དེ་ལ་སྒྲུབ་པ་པོས་གསོལ་གདབ། །དགེ་
བའི་ལས་ལས་བྱུང་བ་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྨོངས་པའི་གཟུགས་ཅན་ང་རྒྱལ་དང་། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་དེ་བཞིན་ནོ། །ཨོྃ་བྲུྃ་ཨྃ་ཧྲཱིཾ་ཧོ་ཧཱུྃ། དེ་ནི་རྣམ་པར་སྣང་མཛད་དང་། །རྡོ་རྗེ་ཉི་མ་གར་དབང་ཕྱུག །རྡོ་རྗེ་རྒྱལ་པོས་
ཁྱབ་པ་ཡིན། །རྡོ་རྗེ་སེམས་དཔའ་མཆོག་དེ་བཞིན། །དེ་བཞིན་གཤེགས་པ་ཐམས་ཅད་ནི། །ཧེ་རུ་ཀ་དཔལ་རྡོ་རྗེའོ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་རིག་པ་ཡིད་དེ་བཞིན། ཨོཾ་ཧཱུྃ་ཏྲཱྃ་ཨཱྃ་ཁྃ་ཧྃ། གཏི་མུག་དང་ནི་ཞེ་སྡང་དང་། །དེ་བཞིན་ཕྲག་དོག་འདོད་ཆགས་དང་། །
སེར་སྣ་དང་ནི་རྨོངས་པ་ཉིད། །སྐྱེ་མཆེད་དག་ནི་ཐམས་ཅད་ལ། །དབང་ཕྱུག་རྡོ་རྗེ་ཉིད་ཡིན་ནོ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དག་གོ། །ལཱྃ་མཱྃ་པཱྃ་ཏཱྃ་ཁཱྃ། ལྟུང་བྱེད་མ་དང་གསོད་མ་དང་། །འགུགས་བྱེད་དང་ནི་གར་དབང་དང་། །པདྨའི་དྲ་བ་མོ་ལྷའོ། །མཁའ་

མཉམ་ནམ་མཁའ་ལྟ་བུའོ། །དེ་ལྟར་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་རྣམས་ནི་རྣལ་འབྱོར་པས། །ཐ་མལ་དངོས་པོའི་རང་བཞིན་ནི། །ཡོངས་སུ་དག་པར་ཤེས་པར་བྱ། །ཐ་མལ་ཆོས་ཀུན་ཡོངས་དག་སྟེ། །བདག་ཀྱང་ཡོངས་སུ་དག་པ་ཡིན། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ། །
སྔགས་ཀྱི་སྐུ་རུ་འགྱུར་བ་ཡིས། །ཧེ་རུ་ཀ་དཔལ་བདག་གྱུར་ནས། །སེམས་ཅན་ཀུན་གྱི་དོན་ཡང་བྱེད། །ཧེ་རུ་ཀ་ཡི་གོ་འཕང་མཆོག །ཐོབ་ནས་སེམས་ཅན་མ་ལུས་པ། །འདི་ལ་འཇོག་ཅིང་འགོད་པར་ཤོག །ཨོྃ་སྭ་བྷཱ་བ་ཤུད་དྷཱཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧྃ། ལན་གསུམ་
བར་དུ་བཟླ་བར་བྱ། །དངོས་མེད་མདུན་སོགས་ཕྱོགས་བཅུ་རུ། །སྙིང་པོའི་ཕྲེང་བ་སྤྲོ་བར་བྱ། །དེས་ན་སྙིང་པོ་དེ་མཐོང་ནས། །དྲ་བ་ར་བ་དེ་བཞིན་ཏེ། །རྡོ་རྗེ་ས་སོགས་བྱིན་གྱིས་བརླབ། །བླ་རེ་མདའ་ཡི་དྲ་བ་དང་། །རྡོ་རྗེ་མེ་ནི་འབར་བར་བསྐོར། །ཕྱི་རོལ་རིང་ནས་དགོད་པར་བྱ། །
ཨོྃ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བན་དྷ་ཧཱུྃ། ཨོྃ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོྃ་བཛྲ་པཉྩ་ར་ཧཱུྃ་བྃ་ཧཱུྃ། ཨོྃ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོྃ་བཛྲ་ཤ་ར་ཛཱ་ལ་ཏྲཱྃ་ཤྃ་ཏྲཱྃ། ཨོྃ་བཛྲ་ཛྭ་ལཱ་ན་ལཱ་རྐ་ཧཱུྃ་ཧཱུྃ་ཧཱུྃ། ཧེ་རུ་ཀ་ཡི་བཀའ་འཁོར་ལོ། །གཙོ་བོ་བརྒྱད་པོ་འབར་བ་དག །དེ་མཐོང་ནས་ནི་ལེགས་པ་རུ། །ཉི་
མའི་དཀྱིལ་འཁོར་དབུས་བཞུགས་པ། །རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། །ཞལ་གསུམ་ཕྱག་དྲུག་ཞི་བ་སྟེ། །དག་པའི་ཤེལ་དང་ཟླ་མདོག་འདྲ། །ཕྱག་རྒྱ་ཆེ་དང་མཉམ་པར་ལྡན། །ཤེས་རབ་སྐྱིལ་ཀྲུང་ལེགས་པར་བཞུགས། །ཐོད་པའི་ཕྲེང་འདྲ་ལྡན་པའི་དབུ། །མི་བསྐྱོད་
པ་ནི་དབུ་རྒྱན་བཞུགས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཐམས་ཅད་མཚན་མས་མཚན་པ་ཡིན། །དཔེ་བྱད་ཀུན་གྱིས་བརྒྱན་པ་སྟེ། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །རྡོ་རྗེ་དྲིལ་བུས་ལེགས་པར་འཁྱུད། །ཞགས་པ་ལྕགས་ཀྱུ་འཛིན་མཛད་ཅིང་། །དཔའ་ཆེན་བདེ་བའི་
གོ་འཕང་བཞུགས། །དཀར་ཞིང་སེར་ལ་ལྗང་ཁུ་སྟེ། །ཞལ་གདོང་གཉིས་པོ་རྣམ་པར་འགྱུར། །ལུགས་སུ་འབྱུང་དང་བཟློག་ཚུལ་གྱིས། །དེ་ཡི་ཁྲོ་བོ་བརྒྱད་དག་སྤྲོ། །རྡོ་རྗེ་དྲག་པོ་ན་ལཱརྐཾ། །རྡོ་རྗེ་གཙུག་ཏོར་དེ་བཞིན་དེ། །ཐབ་སྦྱོར་རྡོ་རྗེ་གནོད་སྦྱིན་དང་། །རྡོ་རྗེ་ནག་པོ་

སྟོབས་པོ་ཆེ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ། །ཁྲོ་བོ་འདི་དག་རྣམ་པར་དགོད། །སྔོ་ཞིང་སེར་ལ་དེ་བཞིན་དམར། །ལྗང་ཁུ་དུ་བའི་མདོག་ཅན་ཏེ། །དཀར་ཞིང་ནག་ལ་གུར་གུམ་མདོག །རབ་འཇིགས་ཐོད་པའི་དབུ་རྒྱན་ཅིང་། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །
ཐམས་ཅད་ན་རའི་རུས་པ་ཡི། །རྒྱན་གྱིས་སྤུད་པ་རབ་ཏུ་འབར། །གཡས་བརྐྱང་བ་ཡི་ཞབས་ཀྱིས་ནི། །སྣ་ཚོགས་པདྨའི་ནང་བཞུགས་ཤིང་། །ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས། །འཇིག་རྟེན་སྐྱོང་བ་བརྒྱད་པོ་དག །ཞབས་ཀྱིས་མནན་པར་རྣམ་པར་བསམ། །ཐོད་པ་དང་
ནི་ཁ་ཊྭཱཾ་འཛིན། །ཞགས་པ་ལྕགས་ཀྱུ་མཆོག་ཀྱང་འཆང་། །ཐམས་ཅད་དྲིལ་བུ་ཅང་ཏེའུ། །ཤེས་རབ་བདེ་བས་ལེགས་པར་འཁྱུད། །དམར་སེར་དབུ་སྐྲ་དག་གིས་བརྒྱན། །མཆེ་བ་རྣམ་གཙིགས་འཇིགས་པ་ཅན། །སྟག་གི་པགས་པ་གོས་སུ་མནབས། །འཇིགས་པའི་ཕྲེང་བའི་
རྒྱན་ཅན་ཏེ། །དེས་ནི་བདག་ཉིད་རྒྱན་དུ་བྱས། །རྡོ་རྗེ་ཧཱུྃ་མཛད་རྣམ་པར་བསྒོམ། །ཁྲོ་ཞིང་འབར་ལ་གཡོ་བ་དང་། །དྲག་ཅིང་འཇིགས་ལ་རྣམ་པར་འགྱུར། །རྒྱན་རྣམས་ཀུན་གྱིས་ལེགས་པར་བརྒྱན། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །ལྕགས་ཀྱུ་ཞགས་པ་ཁ་ཊྭཱཾ་འཆང་། །
དྲིལ་བུ་རྡོ་རྗེ་ཐོད་པ་འཛིན། །མགོ་ཡི་དོ་ཤལ་སྐུ་ལ་འཆང་། །ཐོད་པའི་ཕྲེང་བའི་སྐ་རགས་ཅན། །གདུག་པ་ཐམས་ཅད་ཞབས་འོག་མནན། །ཐབས་དང་ཤེས་རབ་མཉམ་པར་ལྡན། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །རྡོ་རྗེ་འཇིགས་བྱེད་བསྒོམ་པར་བྱ། །ཁྲོ་བོ་གཉིས་པོ་རྣམ་
པར་བསྒོམ། །སྟེང་དུ་གཙུག་ཏོར་འཁོར་སྒྱུར་ཏེ། །རྡོ་རྗེ་འཇིགས་བྱེད་རྣམ་པར་བསྒོམ། །འོག་ཏུ་རྡོ་རྗེ་ས་འོག་གོ །དཀར་ལ་སྔོ་བའི་མདོག་ཅན་ཡིན། །ཐོད་པ་དང་ནི་ཁ་ཊྭཱཾ་འཛིན། །འཁོར་ལོ་དང་ནི་མདུང་འཛིན་ཅིང་། །ཞགས་པ་ལྕགས་ཀྱུ་དྲིལ་རྡོ་རྗེ། །གཡས་བརྐྱང་བ་ཡི་
གནས་པས་བཞུགས། །ཕུར་བུ་ཁྲོ་བོར་བྱས་ནས་སུ། །དེ་ནི་ཕྱོགས་བཅུར་རྣམ་པར་སྤྲོ། །དེ་ལ་བཀའ་ལུང་བསྒོ་བ་ནི། །བགེགས་ནི་མྱུར་དུ་མེད་པར་གྱིས། །གསང་སྔགས་རྗེས་སུ་དྲན་ནས་སུ། །ཕྱོགས་བཞི་དག་ཏུ་མཉམ་པར་གཟུགས། །མཐེ་བོང་སྡིགས་མཛུབ་སྦྱོར་

བ་ཡིས། །ཕྱོགས་བཅུ་དག་ཏུ་སེ་གོལ་བརྡབ། །ཨོྃ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། ཤར་དུའོ། ཨོྃ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། །བྱང་དུའོ། ཨོྃ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ནུབ་ཏུའོ། ཨོྃ་ཨཱ་ན་ཡ་ཧོཿ བྷག་བཱ་ན་བཛྲ་ཧཱུྃ་ཧཱུྃ་ཕཊ། ལྷོ་ཕྱོགས་སུའོ། །གསང་སྔགས་རྒྱལ་པོ་འདི་ཡིས་ནི། །
བགེགས་ཀུན་གྱི་ནི་ཀླད་པ་ལ། །རྡོ་རྗེ་ཕུར་བུས་དགོད་ཅིང་མནན། །ལུགས་སུ་འབྱུང་དང་བཟློག་པ་ཡིན། །ཨོྃ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱཾ་བིགྷྣཱན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱཀྩིཏྟ་བཛྲ་ཀཱི་
ལ་ཡ་ཧཱུྃ་ཕཊ། ཕུར་པ་རྡོ་རྗེ་ཁྲོ་བོ་རུ། བལྟས་ནས་ཡོངས་སུ་བརྟག་པར་བྱ། །ལུགས་སུ་འབྱུང་དང་བཟློག་པ་ཡིས། །དངོས་གྲུབ་རྡོ་རྗེས་བརྡུང་བར་བྱ། །ཨོྃ་བཛྲ་ཧཱུྃ་མུངྒ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། མཁས་པས་རྡོ་རྗེ་ཁྲོ་བོའི་ཚིག །གསང་སྔགས་ཚིག་ནི་
དྲག་ཏུ་བཟླ། །ཨོྃ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུྃ་ཀཱ་ར་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཙཎྜ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲཱ་ན་ལཱརྐ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲོཥྞཱི་ཥ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཡཀྵ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་ཀ་རཱ་ལ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་མ་ཧཱ་བ་ལ་བཛྲ་ཧཱུྃ་ཕཊ། ཨོྃ་བཛྲ་བྷི་ཥ་ན་
བཛྲ་ཧཱུཾ་ཕཊ། ཨོྃ་བཛྲོཥྞཱི་ཥ་ཙཀྲ་བརྟི་བཛྲ་ཧཱུཾ་ཕཊ། ཨོྃ་བཛྲ་པཱ་ཏཱ་ལ་བཛྲ་ཧཱུྃ་ཕཊ། བཀའ་འདི་དག་ནི་བསྒྲུབས་པ་ཡིས། །དེ་མ་ཐག་ཏུ་བགེགས་མེད་འགྱུར། །མཱཾ་ས་རྐང་དང་ཞག་ཁ་ཆུ། །ཤུ་ཀྲ་རཀྟ་ལྷན་ཅིག་སྦྱར། རྣལ་འབྱོར་པ་ཡིས་རིལ་བུར་བྱས། །ཟོས་ན་དངོས་གྲུབ་
ངེས་པར་འགྱུར། །སྔོ་ཞིང་སེར་ལ་ལྗང་ཁུ་ནི། །རྡོ་རྗེ་ཧཱུྃ་མཛད་རང་བྱས་ཏེ། །སེར་ཞིང་གནག་ལ་ལྗང་ཁུ་དང་། །དུད་ཁ་སེར་ལ་སེར་སྐྱ་དང་། །དཀར་ཞིང་སེར་ལ་ལྗང་ཁུ་དང་། །དམར་ཞིང་སེར་ལ་ལྗང་བ་དག །དེ་ལྟར་བཞི་ནི་བདག་པོ་བཞིན། །མི་བསྐྱོ་དབུ་རྒྱན་དམ་
ཚིག་ཙན། །བསྒོམས་པས་རྡོ་རྗེ་འཛིན་པ་དགྱེས། །འདི་ལྟར་ཁྲོ་བོ་ཐམས་ཅད་ཀྱང་། །དམ་ཚིག་ལས་ནི་འགལ་མ་བྱེད། །འདི་ལྟར་སྣ་ཚོགས་དུ་མ་ཡི། །གཙོ་བོའི་བཀའ་ནི་བླང་བར་གྱིས། །རྣལ་འབྱོར་པ་ནི་གར་གནས་པ། །བགེགས་རྣམས་ཐམས་ཅད་མེད་པར་མཐོང་། །

གཅེར་བུའམ་ཡང་ན་མི་གཅེར་བའམ། །སྐྲ་གྲོལ་ཐལ་བས་ཡན་ལག་བྱུགས། །འདི་ལྟར་ཇི་སྲིད་མ་ངལ་བར། །འཁོར་ལོ་དག་གི་བཟླས་པ་བྱ། །སྟོང་པའི་ཡེ་ཤེས་རྡོ་རྗེ་ནི། དད་པས་དྲན་ཞིང་མཉམ་པར་བཞག །ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོྃ་ཨ་ནི་
མིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཨོྃ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྨིག་རྒྱུ་ཙམ་གྱི་ཡེ་ཤེས་ནི། །སེམས་ཙམ་དུ་ནི་རྣམ་པར་བརྟག །འདི་ནི་མཁའ་དང་མཉམ་པ་ཡིན། །ཆོས་མེད་ཆོས་མིན་པ་ཡང་མེད། །ནམ་མཁའ་གོས་པ་མེད་པ་ལྟར། །དངོས་པོ་མེད་ཅིང་
དམིགས་སུ་མེད། །གང་གི་སྙིང་གི་ཁ་སྦྱར་དབུས་གནས་གསལ། །ཕྲ་བར་ལྟ་བ་རང་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། །དངོས་པོའི་གཡོ་བ་རྟ་ཀུན་ནང་དུ་
ངེས་སྦྱོར་བའི། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བའི། །མཐོང་བ་མཁའ་དང་འདྲ་བར་དྲི་མེད་དཔལ་དུ་གྱུར། །སངས་རྒྱས་རྗེས་དྲན་རྣལ་འབྱོར་གྱིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་
པའི་རྣལ་འབྱོར་གྱིས། །ཆོས་ཀྱི་སྐུ་ནི་རང་འབྱུང་འགྱུར། །དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་བསྒོམས་པའི་གོམས་པ་ལས། །འབར་བ་འདི་ནི་ཐེ་ཚོམ་མེད། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་ཡི་གེ་མེད། །
སྐྱེས་བུས་དེ་ནི་བསྒོམས་གྱུར་ན། །ཡེ་ཤེས་སྐྱེ་བར་གྱུར་པ་མཆོག །སེམས་དཔའ་རྗེས་དྲན་རྣལ་འབྱོར་གྱིས། །སེམས་དཔའ་རྗེས་སུ་དྲན་པར་བསྒོམ། །སེམས་དཔའ་རྗེས་དྲན་ཆོས་ཀྱིས་ནི། །ཆོས་ཀྱི་སེམས་དཔའ་ཁྱད་པར་འབྱུང་། །བདག་ནི་སྙིང་རྗེས་ཕན་འདོགས་པ། །
སྨོན་ལམ་དབང་གིས་མཐོང་བ་དང་། །མཐོང་ནས་ཇི་སྲིད་འོག་ཏུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཀུན་མཁྱེན་དག །དཀར་དང་སེར་དང་དེ་བཞིན་དམར། །སྔོན་པོ་ཡི་ནི་ཞལ་དང་བཞི། །རླུང་གི་དཀྱིལ་འཁོར་རྣམ་པར་བསམ། །ཡི་གེ་ཡྃ་ལས་ཡང་

དག་འབྱུང་། །སྔོ་བའི་མདོག་ཅན་གཞུ་ལྟ་བུའོ། །རྒྱལ་མཚན་གྱིས་ནི་མཚན་པར་བསྒོམ། །དུད་པའི་ཕྲེང་བ་ཁྱབ་པར་དམིགས། །དེ་ཡི་སྟེང་དུ་ཡི་གེ་རྃ། །མེ་ཡི་དཀྱིལ་འཁོར་མཆོག་དམ་པ། །གྲུ་གསུམ་པ་ལ་དམར་བའི་མདོག །འབར་བའི་ཕྲེང་བ་འབར་བས་ཁྱབ། །ཉི་མ་
བྱེ་བ་འོད་མཐའ་ཡས། །རྡོ་རྗེས་མཚན་པ་བསྒོམ་པར་བྱ། །དེ་ཡི་སྟེང་དུ་ཆུ་ཉིད་དེ། །ཡི་གེ་བྃ་མཆོག་ལས་བྱུང་བ། །དུ་ཤ་ར་ཡི་མདོག་འདྲ་བ། །ཟླུམ་ལ་འོད་ཟེར་ཕྲེང་བ་ཅན། །དེ་ཡི་སྟེང་དུ་ས་དཀྱིལ་འཁོར། །ལྃ་ལས་བྱུང་བ་སེར་པོ་སྟེ། །ཟུར་བཞི་པ་ལ་རྡོ་རྗེས་མཚན། །འོད་
ཟེར་སེར་པོ་ཁྱབ་པར་འཁྲིགས། །རྣལ་འབྱོར་དེ་སྟེང་བསྒོམ་པ་ནི། །རི་རབ་ལྷུན་པོ་མཆོག་གྱུར་པ། །ཟུར་བཞི་པ་ལ་རིན་ཆེན་བཞི། །རྩེ་མོ་བརྒྱད་ཀྱིས་རྣམ་པར་མཛེས། །ཡི་གེ་སུྃ་ལས་ལེགས་པར་བྱུང་། །འོད་ཟེར་གཟི་བརྗིད་མཆོག་དམ་པའོ། །དེ་ཡི་སྟེང་དུ་བསམ་པ་ནི། །
བྲུྃ་ནི་དཀར་པོ་ལས་བྱུང་བ། །དེ་སྟེང་འཁོར་ལོར་བཅས་པ་དག །ཁང་པ་བརྩེགས་པ་རྣམ་པར་བསམ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཀྱིས་མཛེས་ཤིང་། །བ་དན་ཕྲེང་བས་རྣམ་པར་བརྒྱན། །ཟུར་གྱི་ཆ་ནི་ཐམས་ཅད་དང་། །སྒོ་དང་
སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཅིང་། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་དུ་འཁོར་ལོ་ནི། །བརྒྱད་པོ་དཀར་པོའི་མདོག་ཅན་ལ། །དེ་ཡི་དབུས་སུ་པདྨ་ཆེ། །སྣ་ཚོགས་འདབ་མ་བརྒྱད་པ་ལ། །ལྟེ་བ་གེ་སར་གྱིས་ཁྱབ་པ། །ཟླ་བའི་དཀྱིལ་འཁོར་
དབུས་སུ་ནི། །རྡོ་རྗེ་སེམས་དཔའ་རིག་མར་བཅས། །དཀར་པོ་སེར་པོ་དེ་བཞིན་ཏེ། །དམར་དང་ལྗང་ཁུ་ཞལ་བཞི་པ། །ཞི་ཞིང་རྒོད་དང་ཁྲོ་བ་དང་། །རྣམ་པར་འགྱུར་བ་ཤིན་ཏུ་འཇིགས། །རྡོ་རྗེ་དྲིལ་བུས་མཉམ་པར་ལྡན། །མདུང་དང་དགྲ་སྟ་ཅང་ཏེའུ་དང་། །གྲི་གུག་ཐོད་པ་ཁ་ཊྭཱྃ་
ག །ཚངས་པའི་པགས་པ་གོས་སུ་མནབས། །ཞགས་པ་ཚངས་པའི་མགོ་བོ་དག །ཕྱག་ནི་བཅུ་གཉིས་དེ་བཞིན་ཏེ། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །དབུ་རྒྱན་ཐོད་པའི་ཅོད་པན་ཅན། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །དཔེ་བྱད་མཚན་དང་ཡང་དག་ལྡན། །

ཐུགས་ཀྱི་ཡེ་ཤེས་དམ་ཚིག་ཅན། །ཅོད་པན་རྡོ་རྗེ་འཛིན་པ་ཡིན། །ཇི་ལྟར་ཐབས་བཞིན་ཤེས་རབ་དེ། །ཕྱག་རྒྱ་ལྔ་པོ་བྱིན་གྱིས་བརླབས། །རིགས་ཀྱི་དབྱེ་བས་ཕྱེ་ནས་ནི། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མཆོག །བདེ་བ་ཆེན་པོའི་ཐབས་སྦྱོར་བས། །སྐུ་ནི་གཉིས་སུ་
མེད་པར་ཐིམ། །མཉམ་པ་ཉིད་ལས་བྱུང་བའི་སྐུ། །མཁའ་འགྲོའི་འཁོར་ནི་དཔའ་བོ་དང་། །རྣལ་འབྱོར་མ་དང་བཅས་པར་བྱུང་། །གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས། །དཀར་སྔོ་སེར་དམར་ཞལ་མདོག་སྟེ། །འཁོར་ལོ་དྲིལ་བུས་འཁྱུད་པའི་ཕྱག །སྔར་
གྱི་རྡོ་རྗེ་སེམས་སོགས་པའི། །ཕྱག་མཚན་རིམ་པ་འཛིན་པ་ཡིན། །ཐོད་པའི་ཕྲེང་བའི་རྒྱན་དང་ནི། །མགོ་བོའི་ཕྲེང་བ་རློན་པས་སྤུད། །ཟླ་བ་ཕྱེད་པ་རབ་འཛིན་པ། །ཞལ་བཞི་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་ཕྱག་ནི་བཅུ་གཉིས་པ། །ཚངས་པ་ལ་སོགས་པའི་ལྷ་
ཞབས་ཀྱིས་གནོན་པ་ན་རའི་རུས་པའི་རྒྱན་ཅན། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྟག་གི་པགས་པ་བགོས་པ། སངས་རྒྱས་མཁའ་འགྲོ་མས་པང་དུ་འཁྱུད་པ། སྐུ་ལ་ཐོད་པ་དང་གདུག་པ་ལ་སྡིགས་མཛུབ་ཀྱིས་འཁོར་ལོ་འཛིན་པས་འཁྱུད་པ། བྱིན་
པ་གཉིས་ཀྱིས་འཁྲིལ་བ། བདེ་བ་དང་དགྱེས་པས་མྱོས་པ། ཁམས་དང་ཕུང་པོ་དང་། སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ཏེ་སའི་ཁམས་ནི་ལྃ་སྟེ་ལྟུང་བྱེད་མའོ། །ཆུའི་ཁམས་ནི་མྃ་སྟེ་གསོད་བྱེད་མའོ། །མེའི་ཁམས་ནི་རྃ་སྟེ་འགུགས་བྱེད་མའོ། །རླུང་གི་ཁམས་ནི་ཡྃ་སྟེ་གར་གྱི་
དབང་ཕྱུག་མའོ། །ནམ་མཁའི་ཁམས་ནི་ཁྃ་སྟེ་པདྨའི་དྲ་བ་མའོ། །སེར་བ་དང་། སྔོ་བ་དང་། དམར་བ་དང་། དུད་ཁ་དང་། སྔོ་བའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཨོྃ་མདོག་དཀར་པོ། ཚོར་བའི་ཕུང་པོ་རྡོ་རྗེ་རིན་ཆེན་ཏེ་ཨྃ་གསེར་བཙོ་མའི་མདོག་ལྟ་བུ། འདུ་ཤེས་
ཧྲཱི་སྟེ་པདྨ་གར་གྱི་དབང་ཕྱུག་དམར་པོ། འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ་ཧོ་ལྗང་ཁུ། རྣམ་པར་ཤེས་པ་རྡོ་རྗེ་སེམས་དཔའ་སྟེ་ཧཱུཾ་དཀར་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དཔལ་ཧེ་རུ་ཀ་སྟེ་ཧི་མདོག་ནག་པོ། མིག་བྲུྃ་སྟེ་གཏི་མུག་རྡོ་རྗེ་དཀར་པོ། རྣ་བ་ཧཱུྃ་སྟེ་ཞེ་

སྡང་རྡོ་རྗེ་ནག་པོའོ། །སྣ་ནི་ཁྃ་ཕྲག་དོག་རྡོ་རྗེ་སྟེ་སེར་པོའོ། །ངག་ཆགས་པ་རྡོ་རྗེ་སྟེ་ཨ་དམར་པོའོ། །རེག་པ་ནི་སེར་སྣ་རྡོ་རྗེ་སྟེ་ཧྃ་ལྗང་ཁུའོ། །སྐྱེ་མཆེད་ཐམས་ཅད་དབང་ཕྱུག་རྡོ་རྗེ་སྟེ་ཧྃ་དཀར་པོའོ། །ལུས་ནི་ཧཱུྃ་སྟེ་དཀར་པོའོ། །ངག་ནི་ཨཱཿསྟེ་དམར་པོའོ། །ཡིད་ནི་ཨོཾ་
སྟེ་སྔོན་པོའོ། །དེ་ལྟར་ལུས་ངག་ཡིད་གསུམ་གྱི་བར་བྱིན་གྱིས་བརླབ་ཅིང་དམིགས་སོ། །དེ་ལ་ཤར་གྱི་འདབ་མའི་མཁའ་འགྲོ་མ་ནི་སྐུ་མདོག་སྔོན་པོའོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་ལཱ་མ་ནི་ལྗང་ཁུ་སྟེ། སྔོ་སངས་སོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ། བྱང་གི་འདབ་
མ་ལ་གཟུགས་ཅན་མ་གསེར་གྱི་མདོག་སེར་སྐྱ་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱོགས་ཀྱི་གོས་འཆང་བ། གཡས་བརྐྱང་བས་གནས་པ། འཇིགས་པའི་རྣམ་པར་འགྱུར་བ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཅང་
ཏེའུ་དང་། གྲི་གུག་འཛིན་པ། ཞལ་གདོང་རྗེས་སུ་ཆགས་པས་གནས་པ། དགྱེས་པའི་ཆགས་པས་ལྟ་ཞིང་རེག་པའོ། །མཚམས་བཞིར་བདུད་རྩི་ལྔའི་བུམ་པའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་བཞི་གཞག་གོ །ཤར་དུ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་། འཁོར་ལོའི་
ཤུགས་ཅན་མ་ནག་པོ། བྱང་དུ་གྲི་ཧ་དེ་བ་ཏཱ་ར་རྡོ་རྗེ་རིན་ཆེན་དང་། དུམ་སྐྱེས་མ་སེར་པོ། ནུབ་ཏུ་སཽ་རཱཥྚར་རྟ་མགྲིན་དང་། ཆང་འཚོང་མ་དམར་པོའོ། །ལྷོར་སུ་བར་ན་དྭཱི་བར་ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་ལྗང་ཁུའོ། །མེར་ནཱ་ག་རར་དཔལ་ཁྲག་འཐུང་དང་། རབ་དཔའ་
མོ་དམར་པོའོ། །བདེན་བྲལ་དུ་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མ་སྟེ་ཟླ་བ་དང་སེར་སྐྱའོ། །རླུང་ཕྱོགས་ནམ་རུར་རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་དུད་ཁའི་མདོག་ཅན། དབང་ལྡན་དུ་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དཀར་
པོའོ། །སྟོབས་པོ་ཆེ་ལ་སོགས་པའི་དཔའ་བོ་ནི་ཞལ་གཅིག་པ། ཕྱག་བཞི་པ། རལ་པའི་དབུ་རྒྱན་འཆང་བ། ཕྱག་གཉིས་ལ་འཁོར་ལོ་དང་དྲིལ་བུས་འཁྱུད་པ། ཕྱག་གཞན་ལ་ཁ་ཊྭཱཾ་ག་དང་ཅང་ཏེའུ་འཛིན་པ། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་བས་བཞུགས་

པའོ། །འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་ལྷ་མོ་ནི་གདོང་གཅིག་པ། ཕྱག་གཉིས་པ། ཐོད་པ་དང་། སྡིགས་མཛུབ་འཁོར་ལོ་འཛིན་པས་འཁྱུད་པ། སྤྱན་གསུམ་པ། དྲག་པོའི་གཟུགས་ཅན། སྐྲ་གྲོལ་བ། གཅེར་བུ་གཉིས་སུ་མེད་པར་སྦྱོར་བར་
མཉམ་པར་གནས་པ། ཕྱོགས་ཀྱི་གོས་ཅན་མ་མགྲིན་པའི་ནོར་བུ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་ཚངས་པའི་སྐུད་པ་དང་། མགུལ་རྒྱན་དང་། མགོའི་ཕྲེང་བ་དང་། གཡེར་ཁས་འོག་པག་བྱས་པ། ཤར་དང་། བྱང་དང་། ནུབ་དང་། ལྷོའི་སྒོར་ཁྭ་གདོང་
མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་སོ། །མེ་དང་། བདེན་བྲལ་དང་། རླུང་དང་དབང་ལྡན་དུ་ནི་གཤིན་རྗེ་སྲེག་མ་དང་། གཤིན་རྗེའི་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་སོ། །ཇི་ལྟར་མཁའ་འགྲོ་མ་
བཞི་ནི་ཁྭ་གདོང་མ་ལ་སོགས་པའི་དབྱེ་བ་ཡང་དེ་བཞིན་ནོ། །མཚམས་ཀྱི་ལྷ་མོ་གཟུགས་གཉིས་པ། ཡིད་འཕྲོག་པའི་ཚུལ་ཅན། ཡི་དགས་ཀྱི་གདན་ལ་བཞུགས་པ། དྲག་པོ་ཆེན་པོ་ཐུགས་རྗེས་སེམས་ཅན་གྱི་དོན་མཛད་པའོ། །དཔའ་བོ་འདི་དག་ཐམས་ཅད་ཀྱང་དཔྲལ་
བར་འཁོར་ལོའི་ཕྲེང་བ་ཅན་ནོ། །འདི་དག་ནི་སྐུའི་འཁོར་ལོ་ས་འོག་ན་གནས་པོའོ། །བཅོམ་ལྡན་འདས་དཀྱིལ་འཁོར་ལ་བཞུགས་ཏེ། དཔའ་བོ་དང་རྣལ་འབྱོར་མ་རྣམ་པ་སྣ་ཚོགས་པ་ཆགས་པའི་མིག་གིས་ལྟ་ཞིང་། སྣ་ཚོགས་རོ་བཅུད་བདེ་བ་སྟེ། །ཆགས་པའི་བདེ་བ་ཆེན་
པོ་ནི། །དེ་རིང་དུ་ནི་བདག་གིས་རྙེད། །ཨ་ལ་ལ་ཧོ་དགྱེས་པ་ཆེ། །བདེ་བ་ཆེན་པོ་དེ་ཉིད་ཡིན། །བདེ་གཤེགས་ལྷ་ནི་ཤིན་ཏུ་མཛེས། །གླུ་འདི་བླངས་པ་ཙམ་གྱིས་ནི། །དགའ་བས་སྲིད་པ་དག་ལས་གྲོལ། །བདེ་བར་གཤེགས་པ་དག་པ་ཆེ། །དཀྱིལ་འཁོར་དུ་ནི་རྣམ་
པར་བརྟག །མངལ་སྐྱེས་གླུ་ཡི་དབང་གྱུར་པར། །རྣལ་འབྱོར་ཁ་ཅིག་འདོད་པ་ཡིན། །མངལ་སྐྱེས་སྐུ་ཡི་འཁོར་ལོ་སྟེ། །ཡེ་ཤེས་དཀྱིལ་འཁོར་བལྟས་ནས་ནི། །མཆོད་དང་བསྟོད་པ་བྱས་ནས་གཞུག །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །དངོས་དང་དངོས་མེད་རྣམ་པར་

བསྒོམ། །རྣལ་འབྱོར་པ་ཡིས་མ་ནོར་བར། །བཟླས་པ་ཁྲི་འམ་འབུམ་དུ་བཟླ། །སྐྱེ་བ་ཅན་གྱི་ལུས་གྲུབ་སྟེ། །མཁའ་ལ་སྤྱོད་པར་ཐེ་ཚོམ་མེད། །ཨོྃ་ཤྲཱི་ཀ་ཡ། ཌཱ་ཀ་རུ་རུ་ལུ་བྲུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། སྙིང་པོའོ། །ཨོྃ་བྷཱུྃ་ཧྃ་ཧོ་བྷཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོྃ་བུདྡྷ་
ཌཱ་ཀི་ནཱི་བཻ་རོ་ཙ་ནཱི་ཡེ་བྷྲུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བྷྲུྃ་སརྦྦ་བུདྡྷ་ཌཱུ་ཀི་ནཱི་ཡེ། ཧཱུྃ་བྲུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོྃ་ཀྵྨཱ་མ་ཧཱ་བ་ལ་ཀྵླཱྃ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་བེ་གེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་གྲཱི་བཱ་ཧྲཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཤཽ་ཎྜི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ།
ཨོྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྨི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀི་ལི་ཤྲཱི་ཧེ་རུ་ཀ་ཀི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བཱི་རེ་ཧུྃ་ཧཱུྃ་ཕཊ། ཨོྃ་སི་ལི་པདྨ་ན་རྟེ་ཤྭ་ར་སི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བ་ལེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཧི་ལི་བཻ་རོ་ཙ་ནཱི་ཧི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་ཙཀྲ་ཝརྟི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། །ཨོྃ་དྷི་ལི་བཛྲ་ས་ཏྭ་
དྷི་ལི་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཱི་རྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་སཱུ་ཀ་རཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནི་ཧུྃ་ཧཱུྃ་ཕཊ། ཨོྃ་ཌཱ་ཀི་ནཱི་ཧུྃ་ཧཱུྃ་ཕཊ། །ཨོྃ་ལཱ་མེ་
ཧུྃ་ཧཱུྃ་ཕཊ། ཨོྃ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎཱི་ཧུྃ་ཧཱུྃ་ཕཊ། མཁའ་འགྲོ་མཁའ་འགྲོ་མ་སོགས་ལ། །ཐོག་མ་པདྨ་ལ་གནས་ནས། །མཆོད་པ་བྱ་ཞིང་སྔགས་ཀྱང་བཟླ། །རྟག་ཏུ་བདག་ཉིད་ལྔ་པོ་དག །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །ཞི་བ་དང་ནི་དབང་ཉིད་དང་། །རྨོངས་
པར་བྱ་དང་གནོན་པ་དག །སྐུ་ཡི་མཁའ་འགྲོས་བྱེད་པ་སྟེ། །དངོས་གྲུབ་དམ་པ་འགྲུབ་པར་འགྱུར། །དམ་ཚིག་ཅན་དག་ལངས་དུས་སུ། །ཡན་ལག་དྲུག་ཏུ་བསྒོམ་བྱ་བ། །རྣམ་དག་ཡེ་ཤེས་མིག་གིས་ནི། །དཔའ་བོ་རྣལ་འབྱོར་མ་རྣམས་བལྟ། །ཨོྃ་ཧཿསྙིང་ཀ་ལ། ན་མཿཧི་
མགོ་བོ་ལ། སྭཱ་ཧཱ་སྤྱི་གཙུག་ལ། ཨོྃ་བཽ་ཥཊ་ཧེ་གོ་ཆའོ། །ཧཱུྃ་ཧཱུྃ་ཧོ་མིག་ལའོ། །ཕཊ་ཧཾ་ཡན་ལག་ཀུན་གྱི་མཚོན་ཆའོ། །དཀར་དང་སེར་དང་དམར་པ་དང་། །སྔོ་དང་ལྗང་ཁུ་དུད་ཁ་དང་། །ཡིད་ཀྱིས་མདོག་དྲུག་རྣམ་པར་བསྒོམ། །ཨོྃ་བཾ་སངས་རྒྱས་མཁའ་འགྲོ་མ་སྟེ་ལྟེ་བ་ལའོ། །

ཧཾ་ཡོཾ་ཡ་མི་ནི་སྟེ་སྙིང་ག་ལའོ། །ཧྲིཾ་མོཾ་རྨོངས་བྱེད་མ་སྟེ་ཁ་ལའོ། །ཧྲིཾ་ཧྲཱིཾ་གཡོ་བྱེད་མ་སྟེ་མགོ་བོ་ལའོ། །ཧཱུྃ་ཧཱུྃ་སྐྲག་བྱེད་མ་སྟེ་སྤྱི་གཙུག་ལའོ། །ཕཊ་ནམཿཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད། །མཁའ་འགྲོ་རྣམས་ནི་བཞུགས་
ནས་ཀྱང་། །རང་གི་ལྷ་ཡི་སྦྱོར་བ་ཡིས། །ཐམས་ཅད་འདི་ཡིས་རྣམ་པར་བརྟག །འཆི་མེད་ཡེ་ཤེས་ལྔ་བཟའ་ཤིང་། །ཇི་ལྟར་བདེ་བར་གནས་པར་བྱ། །རྡོ་རྗེ་དམ་ཚིག་ཅན་མཆོད་ནས། །དུས་བཞི་དག་ཏུ་བསྙེན་པ་བྱ། །མངོན་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ལས་སྐུའི་སྡོམ་པའི་
ཆོ་གའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསུང་གི་དཀྱིལ་འཁོར་རྣམས་བསྒོམས་ཏེ། །སྔར་གྱི་དཀྱིལ་འཁོར་དབུས་དག་ཏུ། །གསུང་གི་འཁོར་ལོ་རྣམ་པར་བསྒོམ། །རྩིབས་བརྒྱད་དམར་པོའི་མདོག་ཅན་ལ། །ནང་གི་འདབ་མ་སྔ་མ་བཞིན། །རྡོ་རྗེ་
སེམས་དཔའ་ཡོངས་གྱུར་པའི། །གསུང་གི་མཁའ་འགྲོ་རྣམ་པར་བསྒོམ། །ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །གཡས་བརྐྱང་བ་ཡི་གནས་པས་བཞུགས། །པདྨའི་མཁའ་འགྲོ་མས་འཁྱུད་ཅིང་། །རྟག་ཏུ་བདེ་བ་ཆེ་ལ་བཞུགས། །པདྨ་དྲིལ་བུས་ཡང་དག་འཁྱུད། །དབང་
ཕྱུག་ཆེན་པོའི་མགོ་བསྣམས་ཤིང་། །དབང་ཕྱུག་ཆེན་པོའི་པགས་པ་ནི། །བཤུས་པ་ཕྱག་གཉིས་ཀྱིས་བརྐྱང་འཛིན། །ལྷག་མ་ནི་སྔ་མའི་རིམ་པ་བཞིན་དུ་འགྱུར་རོ། །དབང་ཕྱུག་ཆེན་པོའི་འཁོར་རྣམས་ནི། །ཞབས་ཀྱིས་གནོན་པར་བལྟ་བར་བྱ། །དམར་དང་སྔོ་དང་དེ་བཞིན་སེར། །
གཡོན་པ་དཀར་བ་སྤྱན་གསུམ་པ། །རལ་པའི་དབུ་རྒྱན་དག་གིས་བརྒྱན། །ཐོད་པའི་ཕྲེང་བས་དབུ་ལ་མཛེས། །ཟླ་བ་ཕྱེད་པ་འཆང་བ་དང་། །ཅོད་པན་སྣ་ཚོགས་པདྨར་ལྡན། །མཆེ་བ་རྣམ་པར་གཙིགས་པ་དང་། །འཇིགས་པའི་ཞལ་ནི་རྣམ་འགྱུར་ཞིང་། །སྒེག་པ་ལ་སོགས་
ཉམས་དང་ལྡན། །སྟག་གི་པགས་པ་གོས་སུ་མནབས། །མི་མགོ་རློན་པའི་ཕྲེང་བ་ཅན། །མགུལ་རྒྱན་གདུ་བུ་རྣ་ཆ་དང་། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། །ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲགས། །དེ་དག་ཕ་རོལ་ཕྱིན་དྲུག་སྟེ། །ཕྱག་

རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེ་ཡི་པང་གནས་བཅོམ་ལྡན་ཡུམ། །པདྨའི་མཁའ་འགྲོ་མ་རང་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །གཅེར་བུ་དབུ་སྐྲ་གྲོལ་བ་སྟེ། །དུམ་བུས་བརྒྱན་པའི་སྐ་རགས་ཅན། །གདུག་པའི་བདུད་ཀྱི་ཁྲག་ལྡན་པའི། །ཐོད་པ་ཕྱག་
གཡོན་བསྣམས་པས་འཁྱུད། །པདྨར་ལྡན་པས་ཕྱོགས་ཀུན་ཏུ། །གདུག་པ་ཀུན་ལ་སྡིགས་མཛུབ་མཛད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲག་འཛག་པ་ལ་རྟག་ཏུ་དགྱེས། །བྱིན་པ་གཉིས་ཀྱིས་རྣམ་པར་འཁྱུད། །བདེ་བ་ཆེན་པོའི་ཐུགས་རྗེའི་བདག །དངོས་
གྲུབ་ཐམས་ཅད་རབ་སྩོལ་བའི། །མཁའ་འགྲོ་མ་སོགས་སྔར་བཤད་རྣམས། །པདྨའི་ཕྱོགས་ཀྱི་གནས་སུ་དགོད། །སྔར་བཤད་དབྱིབས་དང་ཁ་དོག་སྟེ། །འོན་ཀྱང་མཁའ་འགྲོ་མ་དཀར་མོ། །དུམ་སྐྱེས་མ་ནི་དེ་བཞིན་གནག །ལྷ་མོ་གཉིས་པོ་མདོག་དེ་བཞིན། །ཕྱག་
གཡོན་ཁ་ཊྭཱཾ་ཐོད་པ་དང་། །གཡས་ན་ཅང་ཏེའུ་གྲི་གུག་འཛིན། །མཚམས་ནི་བཞི་པོ་དག་ཏུ་ཡང་། །བུམ་པའི་ནང་དུ་འཆི་མེད་ལྔ། །བྱང་ཆུབ་སེམས་ཀྱི་སྣོད་ཀྱང་གཞག །གསུང་གི་འཁོར་ལོའི་ཤར་དུ་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུང་མ་དཀར་པོ། བྱང་དུ་ཨོ་དྲེར་རྡོ་རྗེ་རལ་
པ་ཅན་དང་འཇིགས་བྱེད་ཆེན་མོ་དམར་པོ། ནུབ་ཏུ་ཏྲི་ཤ་ཀུ་ནིར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ་ནག་པོ། ལྷོ་རུ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་ནམ་མཁའ་ལྟར་སྔོ་སངས། མེའི་ཕྱོགས་སུ་ཀ་ལིང་གར་རབ་ཏུ་བཟང་པོ་དང་སྔོ་བསངས་མ་སེར་སྐྱ། བདེན་བྲལ་དུ་ལམ་
པ་ཀར་རྡོ་རྗེ་བཟང་པོ་དང་རབ་བཟང་མ་དཀར་མོ། རླུང་གི་ཕྱོགས་སུ་ཀཉྩིར་འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་ལྗང་ཀུ་དབང་ལྡན་ཏེ་ཧི་མ་ལར་མིག་མི་བཟང་དང་བྱ་གདོང་མ་ནམ་མཁའ་ལྟར་སྔོ་བསངས་སོ། །གསུང་གི་འཁོར་ལོ་ས་ལ་སྤྱོད་པའོ། །མྱུ་གུ་ཅན་ལ་སོགས་པའི་དཔའ་
བོ་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། རལ་པའི་ཅོད་པན་དང་། དར་དཔྱངས་དང་ལྡན་པ། ཕྱག་གཉིས་ན་པདྨ་དང་དྲིལ་བུས་འཁྱུད་པ། གཡོན་པའི་ཕྱག་ན་ཁ་ཊྭཱཾ་ག །གཡས་ན་ཅང་ཏེའུ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་གཡས་བརྐྱང་བའི་གནས་པས་བཞུགས་

པའོ། །ཨེ་རཱ་བ་ཏི་ལ་སོགས་པ། ལྷ་མོ་རྣམས་ནི་ཕྱག་གཉིས་པ། ཞལ་གཅིག་པ་ཐོད་པ་དང་ལྡན་པས་འཁྱུད་ཅིང་པདྨ་དང་ལྡན་པས་སྡིགས་མཛུབ་བྱེད་པ། མགུལ་རྒྱན་དང་གདུ་བུ་དང་དཔུང་རྒྱན་དང་རྣ་རྒྱན་དང་ཚངས་པའི་སྐུད་པ་དང་ལྡན་པའོ། །ཐོད་པའི་ཕྲེང་བས་
མགུལ་བརྒྱན་ཅིང་། །གཡེར་ཀ་སྒྲ་སྒྲོགས་སྐུ་རགས་ལྡན། །ཁྭ་གདོང་ལ་སོགས་དབྱེ་བ་ཡིས། །སྔར་བཤད་སྒོ་སྲུང་ལ་སོགས་བཞིན། །གཤིན་རྗེ་སྲེག་སོགས་ལྷ་མོ་རྣམས། །མཚམས་བཞི་འདི་ལྟར་ཤེས་པར་བྱ། །དཔའ་བོ་འདི་དག་ཐམས་ཅད་ཀྱང་། །དཔྲལ་བར་པདྨའི་
ཕྲེང་བ་ཅན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །སྐུ་གསུང་ཐུགས་སུ་རྣམ་པར་བརྟག །སྔར་བཤད་པ་ཡི་ཆོ་ག་བཞིན། །ཡི་གེ་རྣམས་ནི་དགོད་ཅིང་བསྒོམ། །ཐུགས་ནི་ཨཱཿསྟེ་དམར་པོ་ཡིན། །གསུང་ནི་ཨོྃ་སྟེ་དཀར་པོར་བཤད། །རྡོ་རྗེ་སྐུ་ནི་ཧཱུྃ་ཡིན་ཏེ། །ནམ་མཁའ་
ཟླ་བ་ལྟ་བུའོ། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱང་། །ཐམས་ཅད་སྦྱོར་ཞིང་བསྒོམས་ནས་སུ། །ཡེ་ཤེས་འཁོར་ལོ་དེ་མཐོང་ནས། །དབང་བསྐུར་བས་ནི་གཞུག་པར་བྱ། །ཐམས་ཅད་བྱུང་སྟེ་ཐིམ་ནས་སུ། །ཐམས་ཅད་བསྒོམ་ཞིང་བསམ་པར་བྱ། །སྐུ་གསུང་ཐུགས་ཀྱི་
རིམ་པ་ཡིས། །སྤྲོ་བསྡུ་དག་གི་སྦྱོར་བར་བྱ། ཨོྃ་ཤྲཱི་བཱ་ཀ་ཨ་ཨཱ་རོ་ལིག་ཧཱུྃ་ཕཊ། ཧཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། སྙིང་པོའོ། ཨོྃ་ཨ་རོ་ལིག་ཧྲཱིཿཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོྃ་པདྨ་ཌཱ་ཀི་ནཱི་ཡེ་ཧྲཱིཿཧུཾ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། ཨོྃ་སརྦ་པདྨ་ཌཱ་ཀི་ནཱི་ཡེ་ཨ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་
སྙིང་པོའོ། ཨོྃ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ལཱ་མེ་ཧུྃ་ཧཱུྃ་ཕཊ། ཨོྃ་རཱུ་པི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཕཊ་ཨངྐུ་རི་ཀ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཻ་རཱ་བ་ཏཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ད་ཧ་བཛྲ་ཛ་ཊ་ལི་ད་ཧ་ཧུྃ་ཧཱུྃ་ཕཊ། ཨོྃ་མ་ཧཱ་བཻ་ར་བ་ཧུྃ་ཧཱུྃ་ཕཊ། ཨོྃ་པ་ཙམ་ཧཱ་བཱི་ར་པ་ཙ་ཧུྃ་ཧཱུྃ་ཕཊ། ཨོྃ་བཱ་ཡུ་བེ་གེ་ཧུྃ་ཧཱུྃ་
ཕཊ། ཨོྃ་བྷ་ཀྵ་བཛྲ་ཧཱུྃ་ཀཱ་ར་བཀྵ་པ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལ་མྦཻ་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་སུར་བྷཀྵ་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྣ་སུ་བྷ་དྲ་གྲྀཧྣ་ས་པྟ་པཱ་ཏཱ་ལ་གྷ་ཏ་བྷུ་ཛངྒ་སརྦཾ་བཱ། ཏརྫས་ཡ་ཏརྫ་ཡ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨཱ་ཀཌ་ཌྷྱ་བཛྲ་བཛྲ་བྷ་དྲ་ཨཱ་ཀ་ཌ་ཌྷྱ་ཧུྃ་ཧཱུྃ་ཕཊ། ཨོྃ་སུ་བྷ་དྲེ་ཧུྃ་ཧཱུྃ་ཕཊ།

ཨོྃ་ཧྲཱི་མ་ཧཱ་བྷཻ་ར་བ་ཧྲཱི་ཧུྃ་ཧཱུྃ་ཕཊ། ཨོྃ་ཧ་ཡ་ཀརྞེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཛྞཽཾ་ཧུྃ་ཧཱུྃ་ཕཊ། ཨོྃ་ཁ་གཱ་ན་ནེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཀཱ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཨུ་ལཱུ་ཀཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཤྭཱ་ནཱ་སྱེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱ་ཌྷི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཱུ་ཏི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་དཾཥྚི་
ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོྃ་ཡ་མ་མ་ཐ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། རྡོ་རྗེ་དམ་ཚིག་གིས་མཆོད་ནས། །བཟླས་པའི་ཆོ་ག་རབ་ཏུ་བྱ། །དགུག་པ་དང་ནི་རྒྱས་པ་ཉིད། །སྣ་ཚོགས་ལས་ནི་འགྲུབ་པར་འགྱུར། །ཆོས་ཅན་ཡིད་འོང་གྱུར་པ་ས