Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 073_མདོ་སྡེ།_ཧ
Văn bản gốc(Tây Tạng)
Trang 3 / 20 (50.000 ký tự/trang)
ུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་ མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་ས་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་ པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །བདེ་བྱེད་མ་དེ་ལྟར་རབ་ཏུ་བྱུང་ནས་རྒྱལ་པོའི་བུ་དེས་བསམས་པ། བུད་མེད་ཀྱིས་ཀྱང་འདི་ལྟ་བུའི་ ཆོས་རྟོགས་པར་འགྱུར་ན། མ་ལ་བདག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གོར་མ་ཆག་སྙམ་དུ་བསམས་ནས་དེས་ཀྱང་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། བུ་མོ་བདེ་བྱེད་མ་དང་རྒྱལ་པོའི་བུ་དེས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདི་གཉིས་ ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་ དབང་ལས་གྱུར་ཏོ། །བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེ་གཉིས་ གཅིག་ལ་གཅིག་སྨྲས་པ། བཟང་མོ་བདག་ཅག་གཉིས་ལ་བུ་ཡང་མེད་བུ་མོ་ཡང་མེད་པས་འདས་ཏེ་ཤི་བའི་འོག་ཏུ་ཅི་བདོག་པ་འདི་དག་རྒྱལ་པོ་དབང་བར་འགྱུར་གྱིས། བདག་ཅག་གཉིས་གསོན་གྱི་བར་དུ་ཇི་འདི་དག་འཇིག་རྟེན་ཕ་རོལ་ཏུ་བསྐྱའོ་ཞེས་ཟེར་ ནས། དེ་བཟའ་བྲན་གཉིས་ཀྱིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་སྦྱར་ནས་དགེ་སློང་རྣམས་ ལ་བསྙེན་བཀུར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱི་བློ་སྐྱེས་པ། བདག་ཅག་གཉིས་ཁྱིམ་ན་གནས་པ་བཏང་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་འབྱུང་ངོ་ཞེས་ཟེར་ནས་ཁྱིམ་གྱི་འཁོར་བཏང་སྟེ། སྦྱིན་པ་དག་བྱིན་ཞིང་བསོད་ ནམས་དག་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དེ་གཉིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་པས། དེ་གཉིས་ཀྱིས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་བདག་ཅག་ གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཅི་ནས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་ མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བཟའ་བྲན་དུ་གྱུར་ པ་གང་ཡིན་པ་དེ་གཉིས་ནི་བདེ་བྱེད་མ་འདི་ཉིད་དང་རྒྱལ་པོའི་བུ་འདི་ཉིད་ཡིན་ཏེ། དེ་གཉིས་ཀྱིས་དེར་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ ནས། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ནོར་བུའི་འོད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ ཏེ། དེའི་ཚེ་ལྷའི་བུ་ནོར་བུའི་འོད་ཅེས་བྱ་བ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་མཛེས་པར་བྱས་པ། ལྷའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་འོད་ཤིན་ཏུ་ཆེ་བ་དང་ལྡན་པ། འོད་འཕགས་པ་དེས་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ ཀུ་མུ་ད་དང་པད་མ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་སྟེ། ནམ་སྲོས་པ་དང་མཉན་དུ་ཡོད་པའི་ནང་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་ཀུ་མུ་ད་དང་ པད་མ་དཀར་པོ་རྣམས་དང་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་ དང་རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་ལེན་པ་ལ་གནས་པ་དེ་དག་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་བསམས་པ། ཅི་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སམ་སྙམ་ནས། བཅོམ་ ལྡན་འདས་ལ་དོན་དེ་ཞུས་པ། བཙུན་པ་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་ མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ལྷའི་བུ་ནོར་བུའི་འོད་ལྷའི་གཞལ་མེད་ཁང་འོད་ཤིན་ཏུ་ཆེ་བ་དང་ལྡན་པ། འོད་འཕགས་པ་དེ་མདང་སུམ་ང་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ འོངས་ནས། དེ་འོངས་པ་ལ་ངས་ཆོས་བསྟན་ཏེ། དེས་ང་ལས་ཆོས་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །བཙུན་པ་ལྷའི་བུ་དེས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ལྷར་སྐྱེས་ཏེ། ནོར་བུ་རིན་པོ་ཆེའི་གནས་སུ་གྲུབ་པར་གྱུར་ལ། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ནོར་བུའི་འོད་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་ལས་ བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ལ། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་ པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་དབུ་སྐྲ་དང་སེན་མོ་བླངས་ནས། དབུ་སྐྲ་དང་སེན་མོའི་མཆོད་རྟེན་དང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ཏེ། དེས་གཙུག་ལག་ཁང་དེར་ཡོ་བྱད་ཐམས་ཅད་ཕུལ་ལོ། །མཆོད་རྟེན་དེའི་ཆར་ཁབ་ལ་ཡང་ནོར་བུ་རིན་པོ་ཆེ་བཏགས་ཏེ། དེའི་མཐུས་མཆོད་རྟེན་དང་བཅས་པའི་གཙུག་ལག་ཁང་དེ་མཚན་མོ་ཡང་ཉིན་མོ་བཞིན་དུ་སྣང་བར་གྱུར་ཏོ། །དེ་ནས་དེས་གཙུག་ལག་ཁང་དེ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ལོ། །དགེ་སློང་རྣམས་ལ་ཡང་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་ བཀུར་བྱས་སོ། །ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཀྱང་བསྲུངས་ནས། ལྷའི་ནང་དུ་སྐྱེས་སོ། །དེར་སྐྱེས་ནས་དེའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་གྲུབ་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་གང་གིས་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མཆོད་རྟེན་དང་བཅས་པའི་གཙུག་ལག་ཁང་བརྩིགས་ནས་ནོར་བུ་རིན་པོ་ཆེ་བཏགས་པ་དེ་ནི། ལྷའི་བུའི་ནོར་བུའི་འོད་འདི་ཡིན་ཏེ། དེས་དེར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་མཆོད་རྟེན་དང་བཅས་པའི་གཙུག་ལག་ཁང་བརྩིགས་ ཏེ། བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་བ་དང་མཆོད་རྟེན་དེ་ལ་ནོར་བུ་རིན་པོ་ཆེ་བཏགས་པའི་ལས་དེའི་རྣམ་པར་སྨིན་པས་ལྷའི་ནང་དུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།སྣ་མའི་མེ་ཏོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། ཁྱིམ་བདག་ཕྱུག་ ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཁྱིམ་བདག་དེ་བུ་མེད་དེ་བུ་འདོད་པའི་ཕྱིར་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ཏེ། ལྷ་གུ་ལང་དང་། ཆུ་ལྷ་དང་ཀུ་བེ་ར་དང་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དང་ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་ལམ་གྱི་བཞི་མདོའི་ལྷ་དང་སུམ་མདོའི་ལྷ་དང་གཏོར་མ་ལེན་པའི་ལྷ་དང་ ལྷན་ཅིག་སྐྱེས་པ་དང་ཆོས་འཐུན་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ལ། འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །ཞེས་གྲགས་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏ་། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་ བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ། རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་ཏེ། དེ་ནི་གནས་གསུམ་ཚོགས་པ་ལས། བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་ དང་མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་དྲི་ཟ་འོངས་པ་སྟེ། དྲི་ཟའི་སེམས་ཀྱང་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པ་རྣམ་པ་གཉིས་ལས་གང་ཡང་རུང་བ་སྐྱེས་པའོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ལ། སེམས་ཅན་ཆེན་ པོ་ཆེ་བར་གྲགས་པ། སྲིད་པ་ཐ་མ་བཙལ་བར་བྱ་བ་རྙེད་པ་ཐར་པའི་སྐལ་བ་ཅན་དུ་གྱུར་པ། ཚོགས་བསགས་པ་མྱ་ངན་ལས་འདས་པ་ལ་ནང་དུ་བལྟས་པ། འཁོར་བ་ལས་ཕྱི་རོལ་ཏུ་བལྟས་པ་སྲིད་པར་འགྲོ་བའི་སྐྱེ་གནས་རྣམས་མི་འདོད་པ་ལུས་ཀྱི་ཐ་མ་འཛིན་པ་ཞིག་ཀྱང་ དེའི་ཆུང་མའི་མངལ་དུ་སྐྱེས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ལ་མ་ཆགས་པར་ཡང་ཤེས་པ་དང་། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་། བུ་ཆགས་ པ་ཤེས་པ་དང་གང་ལས་ཆགས་པ་ཤེས་པ་དང་ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི་ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་ནས་གང་གི་ཚེ་དེ་ལ་བུ་ཆགས་པར་འགྱུར་བ་ དེའི་ཚེ། དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ་བདག་གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ཁྱེའུར་འགྱུར་བར་ངེས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེ་ཡང་དགའ་ཆེས་ཏེ། རོ་སྟོད་ནི་བཏེག་ལག་པ་ གཡས་པ་ནི་བརྐྱང་ནས། བདག་གིས་ཡུན་རིང་པོ་ནས། སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་གྱུར་ཅིག་མི་རུང་བར་མ་གྱུར་ཅིག་བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག །གསོས་ན་གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག །ནོར་སྐལ་ལ་ སྤྱོད་པར་ཤོག་ཅིག །བདག་གི་རིགས་རྒྱུད་ཡུན་རིང་དུ་གནས་པར་ཤོག་ཅིག །བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་ སོང་ཤིག་ཅེས་ཡོན་སྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང་སྨན་པས་བསྟན་པའི་ཟས་རྣམས་ དང་ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་སྐྱུར་བ་དང་ལན་ཚྭ་དང་མངར་བ་དང་ཚ་བ་དང་ བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་། དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་ཁྲིའུའི་སྟེང་ནས། ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་། དེས་ཡིད་དུ་མི་ འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པའི་ལམ་སྟོན་པ་རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་འགྲོ་བ་ལྔར་ འགྲོ་བ་ལས་རྣམ་པར་གྲོལ་བ་སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པའི་སེང་ གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་བབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་ བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་ བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་མ་འགགས་པས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན། སྲིད་པ་ཐ་མ་པའི་སེམས་ཅན་ཞིག་གིས་ཁྱིམ་ བདག་དེའི་ཆུང་མ་ཆེན་མའི་ལྟོར་ཉིང་མཚམས་སྦྱར་བར་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ། སེམས་ཅན་དེ་སུས་འདུལ་བར་འགྱུར། ཅི་སངས་རྒྱས་ཀྱིས་འདུལ་བར་འགྱུར་རམ་འོན་ཏེ་ཉན་ཐོས་ཀྱིས་འདུལ་བར་འགྱུར་ཞིག་གུ་སྙམ་པ་དང་། དེ་བདག་ཉིད་ཀྱིས་ འདུལ་བར་འགྱུར་བར་མཐོང་ལ། དེ་ཡང་སྔན་ཅད་ཁྱིམ་དེའི་བསེན་ཡིན་ཏེ། དེས་ཁྱིམ་བདག་དེ་བརྟན་པོར་བྱ་བའི་ཕྱིར་ཟླ་མེད་པ་དང་གཡོག་མེད་པར་གཅིག་པུ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་ཁྱིམ་བདག་དེས་ཚེ་དང་ལྡན་པ་མ་འགགས་པ་ཟླ་མེད་པ་དང་གཡོག་མེད་པར་ གཅིག་པུ་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་འཕགས་པ་ཁྱོད་ཟླ་མ་མཆིས་པ་དང་། ཞབས་འབྲིང་མ་མཆིས་པར་གཅིག་པུ་གཤེགས་ན་འཕགས་པའི་ཞབས་འབྲིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ་ཁྱེད་ཅག་ལྟ་བུ་འབའ་ ཞིག་ལས་རྙེད་པ་མ་གཏོགས་པར་བདག་ཅག་གིས་གུད་ན། གཡོག་ག་ལ་རྙེད་དེ་ཁྱེད་ལས་རྙེད་པ་འབའ་ཞིག་བདག་ཅག་གི་གཡོག་བྱེད་པར་ཟད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱིས། དེ་ལས་གལ་ཏེ་ཁྱེའུ་ཞིག་ བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོང་དགེ་བ་དག་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ་ཞེས་དེ་སྐད་སྨྲས་ནས། ཚེ་དང་ལྡན་པ་མ་འགགས་པ་སོང་ངོ་། །ཁྱིམ་བདག་དེའི་ཆུང་ མ་ཡང་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་ལུས་ཐམས་ཅད་ནས་སྣ་མའི་མེ་ཏོག་གི་དྲིའི་ངད་ལྡང་སྟེ། དེས་ཁྱིམ་དེ་ཐམས་ཅད་སྣ་མའི་མེ་ཏོག་གི་དྲིས་འགེངས་པར་བྱེད་དོ། །ཁྱེའུ་དེ་མའི་མངལ་དུ་ཞུགས་པ་དང་ བཙས་པའི་ཚེ་ཡང་ཁྱིམ་དེ་ཀུན་དུ་སྣ་མའི་མེ་ཏོག་གི་ཆར་འབབ་བོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མའི་མངལ་དུ་ཞུགས་པ་དང་བཙས་པའི་ཚེ་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་འབབ་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་སྣ་མའི་མེ་ཏོག་ཅེས་གདགས་སོ། །དེ་ནས་ཁྱེའུ་སྣ་མའི་མེ་ཏོག་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་ དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་གསལ་བ་ དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས། ཁྱེའུ་དེ་རབ་ཏུ་དབྱུང་བའི་དུས་ལ་བབ་པར་མཐོང་ནས། ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ། ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི་མ་བཙས་ པའི་སྔ་རོལ་ནས། ཁྱོད་ཀྱིས་བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེ་ཁོ་ན་ལྟར་དམ་བཅས་ལགས་སོ་ཞེས་སྨྲས་ནས། ཁྱེའུ་དེ་ལག་པ་གཉིས་ཀྱིས་ བཟུང་སྟེ། ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས། འཕགས་པ་མ་འགགས་པ་ལ་ངས་ཕུལ་གྱིས་སོང་ལ། འཕགས་པའི་ཞབས་འབྲིང་གྱིས་ཤིག །ཁྱེའུས་སྨྲས་པ། དེ་ནི་བདག་ལ་ཕན་གདགས་པ་ལགས་སོ་ཞེས་བྱས་ནས། ཁྱེའུ་ དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་དུ་ཆས་སོ། །ཚེ་དང་ལྡན་པ་མ་འགགས་པས་ཀྱང་། ཁྱིམ་བདག་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས། སྟན་ལས་ལངས་ཏེ་ སོང་ངོ་། །དེ་ནས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པས་གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་ དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ཡང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་ལ། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བར་དུ་ཐོབ་པ་ཡིན་ནོ། །དེ་སྙོམས་པར་འཇུག་པ་དང་ལྡང་བ་ལ་མྱུར་ཏེ། ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལ། ཏིང་ངེ་འཛིན་གཞན་དང་གཞན་དག་ལ་སྙོམས་པར་འཇུག་ཅིང་ལྡང་ངོ་། །དེ་ནས་ཕྱི་ཞིག་ ན། ཚེ་དང་ལྡན་པ་སྣ་མའི་མེ་ཏོག་གིས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་ནི་བསལ། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ནི་བསྒྲུབས། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ནི་བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི་ བསྒྲུབས་ན། བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་དྲིན་ཇི་ལྟར་བསབ་པར་བྱ་སྙམ་མོ། །དེ་ནས་དེས་བསམས་པ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ཟད་ཀྱིས། མ་ལ་བདག་གིས་ ཀྱང་སེམས་ཅན་ལ་ཕན་པར་བྱའོ་སྙམ་མོ། །དེ་ནས་དེས་བདག་གིས་གདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་དུ་བསམས་པ་དང་། དེས་ཐོག་མ་ཁོ་ནར་ཕ་མ་གཉིས་མཐོང་ངོ་། །མཐོང་ནས་ཀྱང་དེས་བསམས་པ་ཐབས་ཅི་ཞིག་གིས་དེ་གཉིས་འདུལ་བར་འགྱུར་སྙམ་པ་དང་། དེས་ རྫུ་འཕྲུལ་གྱིས་འདུལ་བར་རིག་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ། རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ལོགས་ནས་ས་བརྟོལ་ཏེ་བྱུང་ནས་སྟེང་གི་ནམ་མཁའ་ལ་འདུག་སྟེ། འབར་བ་དང་ལམ་མེར་འདུག་པ་དང་། ཆར་འབེབས་པ་དང་གློག་འགྱུ་བའི་ཆོ་འཕྲུལ་ རྣམས་བསྟན་ནས་བབས་ཏེ། སྟན་བཤམས་པ་ལ་འདུག་གོ། །དེ་འདུག་ནས་ཕ་མ་གཉིས་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་སྟེ། རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ཏེ། བདེན་པ་མཐོང་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྣ་མའི་ མེ་ཏོག་གིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ། བཙས་མ་ཐག་ཏུ་ཡང་ལུས་ཐམས་ཅད་ནས་སྣ་མའི་མེ་ཏོག་གི་ངད་ལྡང་ཞིང་མངལ་དུ་ཞུགས་པ་ དང་བཙས་པའི་ཚེ་ཡང་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་བབ་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བགྱིས་པ་ལགས། ཕ་མ་གཉིས་ཀྱིས་ཀྱང་ལས་ཅི་བགྱིས་ན། དེས་དེ་ཁོ་ན་ལ་བརྟེན་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདིས་སྨོན་ལམ་ གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་ བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས། ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེས་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་དེ་ཆེར་སྐྱེས་པ་དང་། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེས་ཕ་མ་ལ་གསོལ་ཏེ། རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་ དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས་དེས་ཕ་མ་གཉིས་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་སོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་ཡང་བཙུད་དོ། །ཕྱི་ཞིག་ན་དེས་བསམས་པ། བདག་གིས་ ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱིས། མ་ལ་ད་ནི་བདག་གིས་དགེ་འདུན་གྱི་ཞལ་ཏ་བྱའོ་སྙམ་དུ་བསམས་ནས། ཕ་མ་གཉིས་དང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གཞན་དག་ལ་བསྐུལ་ཏེ། དགེ་འདུན་ལ་འབྲས་ཆན་དང་ཐུག་པ་བཏུང་བ་དང་སྐྱོ་མ་རྣམས་ དང་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་ཕུལ་ལོ། །ཁབ་ཀྱང་ཕུལ་ལོ། །དེ་བཞིན་དུ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལ་ཡང་ཏིལ་མར་གྱིས་བྱུག་པ་དང་སྤོས་ཀྱིས་བྱུག་པ་དང་། མར་མེའི་ཕྲེང་བ་དང་སྣ་མའི་མེ་ཏོག་གི་ཕྲེང་བ་དང་གདུགས་ ཀྱང་ཕུལ་སྣ་མའི་མེ་ཏོག་གི་སིལ་མས་ཀྱང་གཏོར་ནས། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག །བདག་ གི་ལུས་ཐམས་ཅད་ནས་ཀྱང་སྣ་མའི་མེ་ཏོག་གི་དྲིའི་ངད་ལྡང་བར་ཤོག་ཅིག །མངལ་དུ་ཞུགས་པ་དང་བཙས་པའི་ཚེ་ཡང་བདག་གི་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་འབབ་པར་ཤོག་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་ སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཤེས་རབ་ཀྱང་རྣོ་བར་གྱུར་ ཅིག །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱང་ཐོབ་སྟེ། སྙོམས་པར་འཇུག་པ་དང་ལྡང་བ་ལ་མྱུར་བར་གྱུར་ཅིག །ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལ་ཡང་། ཏིང་ངེ་འཛིན་གཞན་དང་། གཞན་དག་ལ་ སྙོམས་པར་འཇུག་ཅིང་ལྡང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་མཐོང་ནས་དྲིས་པ། བུ་ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེས་དེ་གཉིས་ལ་བདག་གིས་སྨོན་ལམ་འདི་ལྟར་བཏབ་པོ་ཞེས་ཐམས་ཅད་བསྙད་དོ། །ཕ་མ་གཉིས་ཀྱིས་སྨྲས་པ། ཁྱོད་ཁོ་ན་ བདག་ཅག་གཉིས་ཀྱི་བུར་གྱུར་ཅིག །བདག་ཅག་གཉིས་ཀྱང་ཁྱོད་ཀྱི་ཕ་མར་གྱུར་ཅིག །ཁྱོད་ཁོ་ན་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་སྣ་མའི་མེ་ཏོག་འདི་ཉིད་ཡིན་ཏེ། དེ་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། ཆོས་བཞིན་དུ་ཞལ་ཏ་བྱས་ཏེ། སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པའི་ལས་ དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ་བཙས་མ་ཐག་ཏུ་ཡང་དེའི་ལུས་ཐམས་ཅད་ནས། སྣ་མའི་མེ་ཏོག་གི་དྲིའི་ངད་ལྡང་བར་གྱུར་པ་དང་། མངལ་དུ་ ཞུགས་པ་དང་། བཙས་པའི་ཚེ་ཡང་དེའི་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་ཕབ་སྟེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་རྙེད་པར་གྱུར་ནས། འདིས་ང་མཉེས་ པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ལ་ཤེས་རབ་རྣོ་བར་གྱུར་ཏེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་ པ་རྣམས་ཐོབ་ནས། སྙོམས་པར་འཇུག་པ་དང་ལྡང་བ་ལ་མྱུར་བར་གྱུར་ཏེ། ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལ་ཡང་ཏིང་ངེ་འཛིན་གཞན་དང་། གཞན་དག་ལ་སྙོམས་པར་འཇུག་ཅིང་ལྡང་བར་བྱེད་དོ། །དེའི་ཚེ་ཕ་མར་གྱུར་པ་དེ་གཉིས་ནི། ཕ་མ་འདི་གཉིས་ཡིན་ཏེ། དེ་ གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། ཁྱོད་ཁོ་ན་ལ་བརྟེན་ནས། བདག་ཅག་གཉིས་ཀྱིས་ཤཱཀྱའི་རྒྱལ་པོ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཅེས་བྱས་པས་ད་ལྟར་འདི་ཁོ་ན་ལ་བརྟེན་ཏེ། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་ པར་མ་བྱས་སོ།། །།ང་ལ་བྱིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་ལས། དེར་བཅོམ་ ལྡན་འདས་ལ། ཁྱིམ་བདག་ཅིག་གིས་རོ་བརྒྱ་དང་ལྡན་པའི་ལ་དུ་འགྲངས་ཚད་ཅིག་ཕུལ་བ་དང་། དེའི་ཚེ་བྲམ་ཟེའི་ཁྱེའུ་ཞིག །བཅོམ་ལྡན་འདས་ཀྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་འགྲེང་སྟེ། བཅོམ་ལྡན་འདས་ལ་ཁྱིམ་བདག་དེས་རོ་བརྒྱ་དང་ལྡན་པའི་ ལ་དུ་འགྲངས་ཚད་ཅིག་ཕུལ་བ་བྲམ་ཟེའི་ཁྱེའུ་དེས་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་དེ། ལ་དུ་དེ་ལ་ཆགས་པ་སྐྱེས་ནས། དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་སྨྲས་པ། ཀྱེ་གཽ་ཏ་མ། ལ་དུ་འོ་ནི་ང་ལ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས། བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ་གལ་ཏེ་ཁྱོད་ཀྱིས་འདི་སྐད་དུ། ལ་དུ་འདི་བདག་ལ་མི་དགོས་སོ་ཞེས་བྱས་ན་ནི་དེའི་འོག་ཏུ་ངས་སྦྱིན་ནོ། །དེ་ནས་དེས་ཀྱེ་གཽ་ཏ་མ་ལ་དུ་འདི་བདག་ལ་མི་དགོས་ས་ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་ནས། བཅོམ་ལྡན་འདས་ཀྱིས་བྲམ་ ཟེའི་ཁྱེའུ་དེ་ལ་ལ་དུ་དེ་བྱིན་ནོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་འདུག་པ། དེས་བསམས་པ། བཅོམ་ལྡན་འདས་ནི་བསོད་སྙོམས་གཞན་བཞེས་མི་སྲིད་དེ། དེ་ནི་གནས་མེད་ཅིང་སྐབས་མ་ཡིན་ནོ་སྙམ་དུ་རིག་ནས་བྲམ་ ཟེའི་ཁྱེའུ་དེ་གུད་དུ་བཀར་ཏེ། བྲམ་ཟེའི་ཁྱེའུ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ལ་དུ་འོ་ནི་བཅོམ་ལྡན་འདས་ལ་ཕྱིར་ཕུལ་ཅིག་དང་། བདག་གིས་ཁྱོད་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་སྦྱིན་ནོ། །བྲམ་ཟེའི་ཁྱེའུས་སྨྲས་པ། ཁྱིམ་བདག་ཁྱོད་ཅི་ལྟར་དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས་ བྲམ་ཟེའི་ཁྱེའུ་དེས་ལ་དུ་དེ་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ནང་དུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་དེ་བཞེས་ནས་གཙུག་ལག་ཁང་དུ་གཤེགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བྲམ་ཟེའི་ཁྱེའུ་དེ་ཁྱིམ་དུ་ཁྲིད་དེ། ཟན་བྱིན་ནས་ཀཱརྵཱ་པ་ཎ་ལྔ་བརྒྱ་ བྱིན་ཏེ་བཏང་ངོ་། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀྱེ་མ་བྲམ་ཟེའི་ཁྱེའུ་འདིས་བཅོམ་ལྡན་འདས་ལས་ལ་དུ་བླངས་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་དེ་ལ་མ་སྩལ་ལ། གང་གི་ཚེ་དེས་ཀྱེ་གཽ་ཏ་མ་ལ་དུ་འདི་བདག་ལ་མི་དགོས་སོ་ཞེས་སྨྲས་པ་དེའི་ ཚེ། བཅོམ་ལྡན་འདས་ཀྱིས་དེ་ལ་ལ་དུ་སྩལ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེའི་ཁྱེའུ་དེས་ནི་ཚེ་རབས་སྟོང་ཕྲག་དུ་མར་བླང་བའི་འདུ་ཤེས་འབའ་ཞིག་ཀུན་དུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་ནས་འདི་རྟག་ཏུ་གཞན་འབའ་ ཞིག་ལ་རེ་བར་གྱུར་པས་ན། ངས་འདི་ད་ལྟར་ལ་དུས་བྲིད་ནས་བླང་བའི་འདུ་ཤེས་ལས་བཟློག་སྟེ། འདི་ཉིད་འདིའི་རབ་ཏུ་འབྱུང་བ་དང་། ཕུང་པོ་ཡོངས་སུ་སྤོང་བའི་རྒྱུར་འགྱུར་རོ། །བཙུན་པ་བྲམ་ཟེའི་ཁྱེའུ་འདིའི་ཕུང་པོ་གང་དུ་ཡོངས་སུ་སྤོང་བར་འགྱུར་ལགས། དགེ་སློང་ དག་མ་འོངས་པའི་དུས་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ལ་འདིས་མིར་སྐྱེ་བ་ཐོབ་ནས། རྒྱུ་འདི་ཁོ་ནས་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་ སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ།། །།ལས་བརྒྱ་ཐམ་པ། བམ་པོ་བཞི་པ། འདུས་མོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཏཀྵ་ཤཱི་ལ་ན། རྒྱལ་པོ་པད་མའི་སྙིང་པོ་ཅན་ཞེས་བྱ་བ་ རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་ སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། བཙུན་མོ་ལ་བུ་ཆགས་ནས། དེའི་ཡིད་ལ་ གཞུང་སྨྲ་བ་རྣམས་དང་ལྷན་ཅིག་ཏུ་རྩོད་ཀྱང་ཅི་མ་རུང་སྙམ་དུ་ཡིད་ལ་འདོད་པ། དེ་ལྟ་བུ་ཞིག་སྐྱེས་སོ། །དེ་ནས་རྒྱལ་པོས་དེ་ཐོས་མ་ཐག་ཏུ་ལྟས་མཁན་རྣམས་ལ་བསྟན་ཏེ། ལྟས་མཁན་རྣམས་ན་རེ་ལྷ་འདི་ནི་ལྟོ་ན་མཆིས་པའི་སེམས་ཅན་དེའི་མཐུ་ལགས་ཏེ། དེས་ནི་བསྟན་ བཅོས་ཐམས་ཅད་རྟོགས་པར་འགྱུར་ལ་གཞུང་སྨྲ་བ་ཐམས་ཅད་ཚར་གཅོད་པར་འགྱུར་ཏེ། དེའི་སླད་དུ་འདིའི་ཡིད་ལ་འདོད་པ། དེ་ལྟ་བུ་སྐྱེས་པ་ལགས་སོ་ཞེས་ཟེར་རོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ། བཙུན་མོའི་ཡིད་ལ་འདོད་པ་སྐྱེས་པ་ དེ་མ་བསལ་ན། དེ་ཅིར་འགྱུར་ལྟས་མཁན་རྣམས་ཀྱིས་སྨྲས་པ། སྲས་དེ་ཡན་ལག་མ་ཚང་བར་སྐྱེ་བར་འགྱུར་ལགས་སོ། །དེ་ནས་རྒྱལ་པོས་བསམས་པ། བདག་གི་བུ་ཡིན་ལ་ཡན་ལག་མ་ཚང་བར་འགྱུར་ན་མི་རུང་ངོ་སྙམ་ནས་བཙུན་མོ་ཡོལ་བའི་ནང་དུ་བཞག་སྟེ། གཞུང་སྨྲ་བ་ཐམས་ཅད་བསགས་ནས་གཟུ་བོ་རྣམས་ཀྱང་བསྐོས་ཏེ། གཞུང་གིས་རྩོད་དུ་བཅུག་གོ། །དེ་ནས་དེས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ནས། དེའི་ཡིད་ལ་འདོད་པ་སྐྱེས་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་མོ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། བུ་མོ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདིའི་མས་འདུས་པའི་ནང་དུ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་པས་ན་བུ་མོ་འདིའི་མིང་འདུས་མོ་ཞེས་གདགས་སོ་ཞེས་ཟེར་རོ། ། དེ་ནས་བུ་མོ་འདུས་མོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་སྲེད་མེད་ཀྱི་བུའི་ལག་ན་ཐོགས་པའི་རྨ་བྱའི་མདོངས་དང་བསྲུང་བའི་སྲད་བུ་དང་། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ། དེ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཡོལ་བའི་ནང་དུ་བཞག་ནས་ཡི་གེ་བསླབས་སོ། །དེ་ཡི་གེ་བྱང་ནས་དེས་ཡོལ་བའི་ནང་ འབའ་ཞིག་ཏུ་བསྟན་བཅོས་ཐམས་ཅད་བསླབས་ནས་ཡུལ་ཏཀྵ་ཤཱི་ལ་དེར་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོས་བུ་མོ་དེ་ལ་དྲིས་པ། ཁྱོད་ངས་སུ་ལ་སྦྱིན་པར་བྱ། བུ་མོས་སྨྲས་པ། སུས་གཞུང་བརྩད་པས་བདག་ཐུབ་པར་ནུས་པ་དེ་ལ་སྩལ་བར་གསོལ། དེ་ནས་རྒྱལ་པོས་དེ་ཐོས་ནས་འདིས་འདི་ལྟ་བུའི་ཚིག་སྨྲས་པ་ལས་ན། བུ་མོ་འདི་ནི་ངས་གཞུང་སྨྲ་བ་གང་གིས་འདི་ཐུབ་པ་དེ་འབའ་ཞིག་ལ་སྦྱིན་པར་བྱའི་བྱད་གཟུགས་བཟང་བ་ལ་ཡང་མི་སྦྱིན། རིགས་མཐོ་བ་ལ་ཡང་མི་སྦྱིན། དབང་ཕྱུག་དང་ལྡན་པ་ལ་ཡང་མི་སྦྱིན་ནོ་ཞེས་ཟེར་ རོ། །དེ་ནས་དེའི་སྒྲ་དེ་ཀུན་ཏུ་གྲགས་ནས། དེ་ཐོས་མ་ཐག་ཏུ་ཕྱོགས་ཀུན་ནས་གཞུང་སྨྲ་བ་རྣམས་ལྷགས་པ་ལས་བུ་མོ་དེས་ཐམས་ཅད་ཚར་བཅད་དོ། །དེ་ནས་དེའི་ཚེ་ལྷོ་ཕྱོགས་ན་གཞུང་སྨྲ་བ་རིའུ་ཞེས་བྱ་བ་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་གཙུག་ལག་ཆེ་བ། གཙུག་ལག་ལ་འབྱམ་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཁ་དོག་ཤིན་ཏུ་རྒྱས་པ་དང་ལྡན་པ་ཞིག་གནས་པ་དེས་ཡུལ་ཏཀྵ་ཤཱི་ལའི་རྒྱལ་པོ་པད་མའི་སྙིང་པོའི་སྲས་མོས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ལ་དེའི་ཡབ་ཀྱིས་ཀྱང་དེ་ལྟ་བུར་དམ་བཅས་སོ་ ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་དེ་ཡ་མཚན་དུ་གྱུར་ཏེ། བདག་དེར་སོང་ལ་དེ་ཅི་ཤེས་པ་བལྟའོ་སྙམ་མོ། །དེ་ནས་དེ་འཁོར་ལྔ་བརྒྱ་དང་ཆས་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ནགས་ཁྲོད་ཀྱི་གྲོང་དང་། ཡུལ་པོ་ཆེ་རྣམས་སུ་རྒྱུ་ཞིང་གཞུང་སྨྲ་བ་རྣམས་ ཀྱང་ཚར་གཅོད་པར་བྱེད་པ་ལས་མཐར་གྱིས་ཡུལ་ཏཀྵ་ཤཱི་ལར་ཕྱིན་ནས་དེས་རྒྱལ་པོ་པད་མའི་སྙིང་པོ་ཅན་གྱི་ཐད་དུ་སོང་ནས་སྨྲས་པ། བདག་གིས་ཐོས་ན་ལྷའི་སྲས་མོས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ཅེས་གདའ་ན། བདག་གིས་ཀྱང་མཁན་པོ་ལས་བསྟན་བཅོས་ བསླབས་པ་དག་མཆིས་པས་བདག་ཀྱང་དེ་དང་བཀའ་མཆིད་བགྱི་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་བཞིན་དུ་བྱའོ་ཞེས་སྨྲས་ནས། རྒྱལ་པོ་དེས་གཞུང་སྨྲ་བའི་འཁོར་བསགས་ཏེ་སོ་སོའི་གཞུང་བཙུགས་ནས་བུ་མོ་དེ་ཡོལ་བའི་ནང་དུ་བཞག་སྟེ། བུ་ མོ་དེས་གཞུང་སྨྲ་བའི་རིའུ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ། མཛེས་པ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་མཐོང་ནས་དེ་མཐོང་མ་ཐག་ཏུ་འདོད་ཆགས་ཀྱི་མདས་ཕོག་སྟེ། དེས་བསམས་པ། བདག་གིས་ཁྱིམ་ཐབ་འདི་འདྲ་བ་ག་ལས་ཀྱང་མི་རྙེད་ཀྱིས་འདི་ཁོ་ན་བདག་གི་ཁྱིམ་ ཐབ་ཏུ་བྱ་དགོས་ཀྱི་གཞན་ནི་མི་འདོད་དོ་སྙམ་དུ་བསམས་ནས། དེས་ཅི་ནས་གཞུང་སྨྲ་བ་དེས་བདག་ཐུབ་པར་འགྱུར་བ་དེ་ལྟར་བྱས་སོ། །དེ་ནས་རྒྱལ་པོས་བསམས་པ། བདག་གིས་དམ་བཅས་པ་ལ་གཞུང་སྨྲ་བ་གང་གིས་འདི་ཐུབ་པར་འགྱུར་བ་དེ་ལ་བདག་གིས་འདི་ སྦྱིན་པར་བྱའི། བདག་གིས་འདི་བྱད་གཟུགས་བཟང་བ་ལ་ཡང་མི་སྦྱིན། རིགས་མཐོ་བ་ལ་ཡང་མི་སྦྱིན་དབང་ཕྱུག་དང་ལྡན་པ་ལ་ཡང་མི་སྦྱིན་ནོ་ཞེས་དམ་བཅས་པ་ལས། འདིས་འདི་ཐུབ་པར་གྱུར་ལ་འདི་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། བདག་གིས་འདི་ལས་ ལྷག་པ་གུད་ནས་གཞུང་སྨྲ་བ་ཆེས་ཁྱད་པར་དུ་འཕགས་པ་མི་རྙེད་ཀྱིས། མ་ལ་བདག་གིས་འདི་ཁོ་ན་ལ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་གང་ཡིན་པ་དེ་བཞིན་དུ་བྱས་ཏེ། བུ་མོ་དེ་དེ་ལ་བྱིན་ནས་དབང་ཕྱུག་ཆེན་པོར་ཡང་བསྐོས་སོ། །དེ་ཡང་དེ་དང་ལྷན་ཅིག་ ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན། བུ་མོ་དེ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་ དེ། ཁྱེའུ་འདི་རུས་ཀཱ་ཏྱཱ་ཡ་ན་ཡིན་ལ་འདུས་མོའི་བུ་ཡིན་པས་ན་འདུས་པའི་ཀཱ་ཏྱཱ་ཡ་ན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་འདུས་པའི་ཀཱ་ཏྱཱ་ཡ་ན་འོ་མ་དང་། ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་ པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་ བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེས་ལོ་བཅུ་དྲུག་ལོན་ནས་བསྟན་བཅོས་ཐམས་ཅད་རྟོགས་ཏེ། གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ནས་དེའི་བློ་འདི་ལྟ་བུ་ཞིག་སྐྱེས་ཏེ། འཛམ་བུའི་གླིང་ན་བདག་དང་མཉམ་པ་ཡང་མེད་ན་ལྷག་པ་ལྟ་ཅི་སྨོས་སྙམ་དུ་རློམ་ པ་དེས་སྐྱེ་བོ་ཕལ་པོ་ཆེ་ལ་ཁྱད་དུ་གསོད་པར་བྱེད་དོ། །དེ་ནས་དགེ་བསྙེན་ཞིག་གིས་དེ་ལ་སྨྲས་པ། ཁྱེའུ་ཁྱོད་བདག་དང་མཉམ་པ་སུ་ཡང་མེད་ན། ལྷག་པ་ལྟ་ཅི་སྨོས་སྙམ་དུ་རློམ་པ་འདིས་རྒྱགས་པར་མ་བྱེད་ཅིག །ཁྱེའུ་ཡུལ་དབུས་ན་ཤཱཀྱའི་བུ་ཞིག་སྐྱེས་པ་དེ་བྲམ་ཟེ་ལྟས་མཁན་ བྱེ་བྲག་ཕྱེད་པ་རྣམས་ཀྱིས་ལུང་བསྟན་ཏེ་གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་ལུང་བསྟན་པ་ལས་དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་པ་དེ་ལ་ནི། ཁྱོད་ཀྱི་གཟུགས་དང་ཤེས་རབ་ཀྱིས་ཀྱང་བརྒྱའི་ཆར་ཡང་མི་ཕོད་སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད། ཁྲག་ཁྲིག་གི་ཆར་ཡང་མི་ཕོད་དེ། གྲངས་སུ་བགྲང་དུ་ཡང་མེད་དོ་ཞེས་བྱས་སོ། །དེ་ནས་ཁྱེའུ་དེས་སངས་རྒྱས་ཞེས་བྱ་ བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་སྤུ་ཐམས་ཅད་ཟིང་ཞེས་བྱས་ཏེ་ལྟ་འདོད་པར་གྱུར་ཏོ། །དེ་ནས་དེས་ཕ་མ་ལ་གསོལ་ཏེ། ཡབ་ཡུམ་བདག་ཡུལ་དབུས་སུ་མཆིས་ཏེ། བཅོམ་ལྡན་འདས་དེའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་གྱིས་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། ། དེ་ནས་ཕ་མ་གཉིས་ཀྱི་བསམས་པ། འདི་ནི་བདག་ཅག་གིས་བཟློག་པར་མི་ནུས་སོ་སྙམ་དུ་རིག་ནས་སྨྲས་པ། སྡོད་ཅིག་དང་བདག་ཅག་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་ནས་དེའི་འོག་ཏུ་ལྷན་ཅིག་ཏུ་འདོང་ལ་བཅོམ་ལྡན་འདས་དེའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ ཞེས་དེ་སྐད་སྨྲས་ནས། དེ་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་སྟེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཡུལ་དབུས་སུ་དོང་སྟེ། དེ་དག་མཐར་གྱིས་དོང་དོང་བ་ལས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་བ་དང་། ཁྱེའུ་དེ་དང་དེའི་ ཕ་མ་གཉིས་ཀྱིས་ཐག་རིང་པོ་ཞིག་ནས། སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བླ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས། དང་པོ་ སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་ སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ ཆོས་བསྟན་ཏེ། དེ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་རྣམས་ཀྱིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་དོ། །དེ་གཉིས་ལ་ལུང་ཡང་ཕོག་སྟེ། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་། འབད་ པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་ བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་ གྱུར་ཏོ། །དེ་ནས་འདུས་མོ་ཡང་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་གཏད་ནས། དེ་ཡང་དེས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འདུས་པའི་ཀཱ་ཏྱཱ་ཡ་ནས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ ལ་མཛེས་པ་དང་བསྟན་བཅོས་ཐམས་ཅད་རྟོགས་ཏེ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་པ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བགྱིས་པ་དང་། དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། འདི་ཉིད་ལ་བརྟེན་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ་འདི་རྣམས་ཀྱིས་གང་དུ་སྨོན་ལམ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་ པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ མཛེས་པ་ཞིག་བཙས་ནས། འོ་མ་དང་ཞོ་དང་། མར་དང་ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་ཆེར་སྐྱེས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་ ཕ་མ་གཉིས་ལ་གསོལ་ཏེ། ཡབ་ཡུམ་བདག་ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་སྨྲས་པ། བུ་ཁྱོད་བདག་ཅག་གཉིས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་ལ་ཕོངས་པ་དང་འཐུན་པར་བྱེད་པ་ ཡིན་པས་ན་བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ་ཞེས་བྱས་སོ། །འོན་ཀྱང་དེ་ཕ་མ་གཉིས་ཀྱིས་ཐབས་སྣ་ཚོགས་ཀྱིས་བཟློག་མ་ནུས་ནས་དེ་ཕ་མ་གཉིས་ཀྱིས་གནང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ། དེས་སྡེ་སྣོད་གསུམ་བསླབས་ནས། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། གོས་དང་ཟས་དང་། མལ་ཆ་དང་སྟན་དང་། ནད་གསོས་དང་སྨན་ཟོང་རྣམས་རྙེད་དོ། །དེ་ནས་དེས་ཕ་མ་གཉིས་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ། སྐྱབས་སུ་འགྲོ་བ་དང་ བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས། དེ་གཉིས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་བཙུད་དོ། །དེ་ནས་ཕྱི་ཞིག་ན་དེས་བསམས་པ་བདག་གིས་ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱིས་མ་ལ་ད་ནི་བདག་གིས་དགེ་འདུན་གྱི་ཞལ་ཏ་ཆོས་བཞིན་དུ་བྱའོ་ སྙམ་ནས་དེས་ཕ་མ་གཉིས་དང་སྦྱིན་བདག་དང་སྦྱིན་པ་པོ་གཞན་དག་ལ་བསྐུལ་ནས། བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ཏེ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་ འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག །གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག་ཅེས་བྱས་སོ། །དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེས་ནི་ལོ་བཅུ་དྲུག་ལོན་པ་ན། བསྟན་བཅོས་ཐམས་ཅད་ རྟོགས་ནས་གཞུང་སྨྲ་བ་ཐམས་ཅད་ཀྱང་ཚར་བཅད་དོ། །དེ་བཞིན་དུ་དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་དེས་སྨྲས་པ། ཇི་ལྟར་ན་བདག་གི་མཁན་པོས་ལོ་བཅུ་དྲུག་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་ནས་གཞུང་ སྨྲ་བ་ཐམས་ཅད་ཚར་བཅད་པ་དང་། དེ་བཞིན་དུ་དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། དེ་གཉིས་ཀྱིས་ཀྱང་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་པ་དེ་བཞིན་དུ་བདག་གིས་ཀྱང་ལོ་བཅུ་དྲུག་ཁོ་ན་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ཅིག །གཞུང་སྨྲ་བ་ཐམས་ཅད་ཚར་ གཅོད་པར་གྱུར་ཅིག །དེ་བཞིན་དུ་བདག་གི་ཕ་མ་གཉིས་ཀྱང་གཞུང་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག ། མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེ་སྨོན་ལམ་འདེབས་ཤིང་འདུག་པ་ཕ་མ་གཉིས་ཀྱིས་མཐོང་ནས་དེ་གཉིས་ཀྱིས་དེ་ལ་དྲིས་པ། བུ་ ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ་དེ་ནས་དེས་ཕ་མ་གཉིས་ལ་བདག་གིས་སྨོན་ལམ་འདི་ལྟར་བཏབ་པོ་ཞེས་རྒྱས་པར་བསྙད་དོ། །ཕ་མ་གཉིས་ཀྱིས་སྨྲས་པ། དེའི་ཚེ་བདག་ཅག་གཉིས་ཁྱོད་ཀྱི་ཕ་མ་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཅིག །ཁྱོད་ཀྱང་བདག་ཅག་གཉིས་ཀྱི་བུར་གྱུར་ ཅིག །ཁྱོད་ཁོ་ན་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་དུ་གྱུར་པ། གང་ཡིན་པ་དེ་ནི་འདུས་པའི་ཀཱ་ཏྱཱ་ཡ་ན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་ཕ་མར་གྱུར་པ་གཉིས་ནི་ཕ་མ་འདི་གཉིས་ཁོ་ ན་ཡིན་ནོ། །དེས་དེར་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། བསྟན་ བཅོས་ཐམས་ཅད་ཀྱང་རྟོགས་ལ། གཞུང་སྨྲ་བ་ཐམས་ཅད་ཀྱང་ཚར་བཅད་དེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་ བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཕ་མ་དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གཉིས་ཁྱོད་ཀྱི་ཕ་མ་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཅིག །ཁྱོད་ ལས་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ནི་ད་ལྟར་ཡང་འདི་གཉིས་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། འདི་ཉིད་ལས་བརྟེན་ནས་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ། མི་ མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཚེམ་བུ་མཁན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱི་ཞིག་ན་ དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། ཁྱེའུ་དེ་ཡང་འཕྱེ་བོ་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་འཕྱེ་བོ་ཡིན་པས་ན་ཁྱེའུ་འདིའི་མིང་འཕྱེ་བོར་ གདགས་སོ། །དེ་ནས་ཁྱེའུ་འཕྱེ་བོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕས་བསམས་པ། བདག་གིས་ཁྱེའུ་འདི་ཅི་ནས་འདུག་བཞིན་དུ་ལས་བྱེད་ཅིང་བཟོ་དེས་འཚོ་བ་རྙེད་པར་འགྱུར་བའི་བཟོ་ཇི་ལྟ་བུ་ཞིག་བསླབ་ པར་བྱ་སྙམ་མོ། །དེ་ནས་དེས་བསམས་པ་མ་ལ་བདག་གི་འདི་ཚེམ་བུ་མཁན་གྱི་ལས་བསླབས་པ་དང་དེས་འདིའི་འཚོ་བ་རྙེད་པར་འགྱུར་རོ་སྙམ་དུ་བསམས་ནས། དེས་ཁྱེའུ་དེ་ཚེམ་བུ་མཁན་གྱི་ལས་སློབ་ཏུ་བཅུག་གོ། །དེ་ནས་དེ་ཡང་དེ་ལ་སློབ་དཔོན་གྱི་མཆོག་ཏུ་གྱུར་ཏོ། །དེ་ནས་དུས་ སྟོན་ཞིག་བྱེད་པ་ན་ཁྱིམ་བདག་གཞན་ཞིག་གིས་ཆུང་མའི་ཕྱིར་གཞན་གྱི་ཁྱིམ་ནས་གོས་དང་རྒྱན་གཡར་པོར་བླངས་ནས། ཁྱེར་ཏེ་འོངས་ཏེ་ཆུང་མ་དེས་ཀྱང་བགོས་ནས་དུས་སྟོན་ལ་ཆས་ཏེ་སོང་ངོ་། །དེ་ནས་དེ་བག་མེད་པས་དེའི་ཞུ་གཅིག་གིས་དྲལ་ཏོ། །དེ་ནས་དེ་ཁྱིམ་ཐབ་ཀྱིས་འཇིགས་ ནས་སུ་ལ་ཡང་མ་བསྟན་ཏེ་དུས་སྟོན་ལས་ཕྱིར་ལོག་ནས་ཁྱིམ་བདག་དེ་གྲོང་གཞན་ཞིག་ཏུ་སོང་ངོ་། །དེ་སོང་ནས་བུད་མེད་དེས་ཚེམ་བུ་མཁན་དེ་བདག་གིས་ཁྱིམ་དུ་བླངས་ཏེ། སུས་ཀྱང་མི་མཐོང་བར་བྱ་བའི་ཕྱིར་སྒོ་བཅད་ནས་ཞུ་དེ་དྲུབ་ཏུ་བཅུག་པ་དང་། ཚེམ་བུ་མཁན་གྱི་ཁྱིམ་དུ་བླངས་ པའི་རྗེས་ལ་ཁྱིམ་ཐབ་རང་གི་ཁྱིམ་དུ་འོངས་ནས་སྒོ་རྡུང་ཞིང་འབོད་དོ། །དེ་ནས་དེའི་ཆུང་མས་སྐད་ལས་ངོ་ཤེས་ནས་ཚེམ་བུ་མཁན་རང་གི་ཁྱིམ་དུ་བཞག་པ་དང་། ཞུ་དྲལ་བའི་ཕྱིར་ཤས་ཆེར་འཇིགས་པ་སྐྱེས་ནས་དེ་འཇིགས་ཤིང་སྐྲག་པས། ཚེམ་བུ་མཁན་དེ་ཁོང་དུ་ཆུད་པར་བྱས་ཏེ་ གཟེབ་ཀྱི་ནང་དུ་གཅུག་ནས་གཟེབ་རྒྱས་བཏབ་སྟེ་བཞག་གོ། །དེ་ནས་སྒོ་ཕྱེ་སྟེ་ཁྱིམ་ཐབ་ནང་དུ་འོངས་ནས་ཁ་གསག་བྱས་ཏེ་ཅི་རིགས་པར་བསྙེན་བཀུར་བྱས་ནས་དེ་དང་ལྷན་ཅིག་ཏུ་ཉལ་ལོ། །དེ་གཉིས་ཉལ་བ་དང་རྐུན་པོ་དག་ཅིག་གིས་ཁྱིམ་ཕུག་ནས་ནང་དུ་འོངས་ཏེ་ཐོག་མ་ཁོ་ ནར་གཟེབ་དེ་ལས་ཟིན་ནས། དེ་དག་འདི་སྙམ་དུ་སེམས་ཏེ་གཟེབ་འདི་འདི་ལྟར་རྒྱས་ལེགས་པར་བཏབ་ལ་ལྕི་བ་ལས་ན་ནོར་བུ་རིན་པོ་ཆེ་ཆེན་པོ་ཡོད་གོར་མ་ཆག་གོ། །འདིས་ནི་བདག་ཅག་མི་རབས་བདུན་གྱི་བར་དུ་ཡང་ཆོག་པར་འགྱུར་ཏེ། འདི་ཁོ་ནས་བདག་ཅག་ཆོག་གིས་བདག་ཅག་ལ་ རྫས་གཞན་མི་དགོས་སོ་སྙམ་དུ་བསམས་ནས། དེ་དག་གིས་གཟེབ་དེ་གཅིག་པུ་ཁྱེར་ཏེ་ཕྱིར་ཕྱུང་ནས་ནགས་འདབ་ཏུ་ཁྱེར་རོ། །དེ་དག་འདོང་བ་ན་ཟླ་བ་ཡང་ཤར་ལ་མི་དེས་ཀྱང་དེའི་ནང་ན་འདུག་བཞིན་དུ་གཅིན་ཤོར་ནས་གཅིན་དེ་གཟེབ་ལས་ཐར་ཏེ་ཕྱི་རོལ་དུ་ཟགས་སོ། །དེ་ནས་རྐུན་པོ་ དེ་དག་འདི་སྙམ་དུ་སེམས་ཏེ་འདི་ལྟར་ཟླ་བ་ཤར་བ་ན། འདིའི་ནང་ནས་ཆུ་འབབ་པ་ལས་ན། འདིའི་ནང་དུ་ནི་ནོར་བུ་ཆུ་ཤེལ་བཅུག་ཡང་དག་སྙམ་སྟེ། ལྷག་པར་ཡང་སྙིང་དགའ་བར་གྱུར་ཏོ། །དེ་ནས་དེ་དག་གིས་ཤ་ཐང་སྟེ་གཟེབ་དེ་ཁྱེར་ནས་ནགས་འདབ་ཏུ་ལྷགས་སོ། །དེ་ནས་མི་ རྒོད་ཀྱི་སྡེ་དཔོན་དང་མི་རྒོད་གཞན་དག་གིས་དྲིས་པ། ཁྱོད་ཀྱིས་གཟེབ་འདིའི་ནང་དུ་ཅི་ཞིག་ཁྱེར་ཏེ་འོངས། དེ་དག་གིས་སྨྲས་པ། སྡེ་དཔོན་དེང་དུ་ནི་བདག་ཅག་གིས་ཐམས་ཅད་ཀྱི་དབུལ་བའི་རྒྱུན་བཅད་ཀྱིས་དགྱེས་པ་བསྐྱེད་དུ་གསོལ། དེང་བདག་ཅག་གིས་རིན་པོ་ཆེས་གང་བའི་ གཟེབ་རྙེད་དོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་དག་ཀྱང་སྙིང་དགའ་བར་གྱུར་ཏེ་སྨྲས་པ། གཟེབ་ཕྱེ་ཞིག་དང་འདིར་རིན་པོ་ཆེ་ཇི་ལྟ་བུ་དག་བཅུག་པ་བལྟའོ་ཞེས་བྱས་སོ། །དེ་ནས་དེ་དག་གིས་གཟེབ་དེ་བཀྲོལ་ནས་ཁ་ཕྱེ་སྟེ་བལྟས་ན་གཟེབ་དེའི་ནང་དུ་འཕྱེ་བོ་ཞིག་བཅུག་ཅིང་འདུག་པ་ མཐོང་ནས། མཐོང་མ་ཐག་ཏུ་དེར་སོང་སོང་བ་དང་གཟེབ་དེ་ཁྱེར་ཁྱེར་བ་གང་ཡིན་པ་དེ་དག་ནི་འཕྱེ་བོ་འདིས་བདག་ཅག་མཚན་ཐོག་ཐག་ཉོན་མོངས་སོ་སྙམ་ནས་སྡུག་བསྔལ་བར་གྱུར་ཏོ། །དེར་མ་དོང་བ་གང་ཡིན་པ་དེ་དག་གིས་ནི་མི་རྒོད་དེར་སོང་སོང་བ་དེ་དག་ལ་གད་མོ་ཆེན་པོས་བཏབ་ནས་སྨྲས་ པ། ལེགས་པར་ཉོན་མོངས་སོ། །ཤིན་ཏུ་ཉོན་མོངས་སོ་ཞེས་བྱས་སོ། །དེ་ནས་བུད་མེད་དེ་སད་དེ་ལངས་ནས་ཁང་པ་དེའི་ནང་དུ་སོང་བ་དང་། ཁྱིམ་ཕུག་སྟེ་གཟེབ་རྐུས་པ་མཐོང་ངོ་། །མཐོང་ནས་ཀྱང་སྙིང་དགའ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁང་པ་ཕུག་ནས་གཟེབ་ཀྱང་སྟོར། ། བདག་ནི་ཕྱེད་དགའ་ཕྱེད་མི་དགའ། །ནགས་འདབ་སོང་བའི་རྐུན་པོ་རྣམས། །དེ་ནི་དགོད་ཅིང་ངུ་བར་འགྱུར། །ཞེས་བྱས་སོ། །དེ་ནས་དེར་གཟེབ་དེ་ཁྱེར་ཏེ་འོངས་པ་གང་ཡིན་པ་དེ་དག་ཁྲོས་ཏེ་སྨྲས་པ། འདི་ལྟར་འཕྱེ་བོ་འདིས་བདག་ཅག་མི་དགའ་བར་བྱས་མོད་ཀྱི། འོན་ཀྱང་ བདག་ཅག་གི་གནོད་སྦྱིན་མཆོད་དགོས་ཀྱིས་བདག་ཅག་གིས་འདི་ཁོ་ནས་གནོད་སྦྱིན་ལ་མཆོད་པ་བྱའོ་ཞེས་སྨྲས་ནས། དེ་དག་གིས་གནོད་སྦྱིན་དེའི་མདུན་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། བདུག་པ་དང་མེ་ཏོག་དང་མཆོད་པའི་ཆོ་ག་དང་བུམ་པ་གང་བ་རྣམས་བཞག་ནས་ རལ་གྲི་རྣོན་པོ་ཐོགས་ཏེ། མི་དེ་གནོད་སྦྱིན་གྱི་མདུན་དུ་བཞག་ནས་མཆོད་སྦྱིན་བྱས་སོ། །དེ་ནས་མི་དེས་ཀྱང་ཇི་ལྟར་བདག་ཉིད་གནོད་སྦྱིན་དེའི་མཆོད་པར་དབུལ་བར་ཆད་པ་ཁོང་དུ་ཆུད་ནས། ཤིན་ཏུ་སྐྲག་སྟེ། བསམས་པ། བཅོམ་ལྡན་འདས་མ་གཏོགས་པ་གཞན་སུ་ཞིག་ལ་ ད་བདག་སྐྱབས་སུ་འགྲོ་བར་བྱ། སུ་ཞིག་བདག་ལ་སྲོག་ཕངས་པ་སྦྱིན་པར་འགྱུར་སྙམ་དུ་བསམས་ནས། དེས་བཅོམ་ལྡན་འདས་ལ་སེམས་ཀྱིས་གསོལ་བ་བཏབ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་འདི་ལྟ་སྟེ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཅི་ཡང་མི་ གཟིགས་པ་དང་མི་མཁྱེན་པ་དང་ཐུགས་སུ་མ་ཆུད་པ་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས། བདག་ནི་དཀོས་ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་པ་ལགས་ཀྱིས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། སྲོག་ཕངས་པ་སྩལ་དུ་གསོལ་ཞེས་བྱས་སོ། །སངས་རྒྱས་བཅོམ་ལྡན་ འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ་རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ་མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ཐག་པར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་ གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་ བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་ བཅོམ་ལྡན་འདས་ཀྱིས་གཟིགས་ན། འཕྱེ་བོ་དེ་དང་མི་རྒོད་ལྔ་བརྒྱ་པོ་དེ་རྣམས་གདུལ་བའི་དུས་ལ་བབ་པར་ཐུགས་སུ་ཆུད་ནས། ལྷའི་སྐུ་གཟུགས་དེ་ཉིད་ལས་ལྷའི་ཆ་ལུགས་སུ་བཞུགས་སོ། །དེ་ནས་མི་རྒོད་ལྔ་བརྒྱ་འདི་སྙམ་དུ་སེམས་ཏེ། ལྷས་བདག་ཅག་ལ་རང་གི་སྐུ་བསྟན་ ཏོ་སྙམ་སྟེ། སྤུ་ཟིང་ཞེས་བྱས་ནས། ཐལ་མོ་སྦྱར་ཏེ་འཁོད་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བཀའ་ཅི་སྩལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་མིས་མཆོད་མི་དགོས་ཀྱིས་མིའི་མཆོད་པ་འདི་ཐོང་ཤིག །གལ་ཏེ་ཁྱེད་ཆོས་འདོད་ན་ནི་མཆོད་པ་གསོལ་བ་ ཐོང་ལ་འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་ནས་དེ་ལྟར་འཚལ་ལོ་ཞེས་བྱས་ནས་མི་རྒོད་དེ་དག་གིས་མཆོད་པ་བཏང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕྱེ་བོ་དེ་དང་མི་རྒོད་དེ་དག་གི་བསམ་ པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་མི་རྒོད་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་ བྱས་སོ། །འཕྱེ་བོ་དེས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་དེ་དག་གིས་བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱིས་ལྷའི་ཆ་ལུགས་མི་སྣང་བར་མཛད་ནས་རང་བཞིན་གྱི་སྐུར་བཞུགས་སོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་མཐོང་ནས་ལྷག་པར་ཡང་དགའ་ བ་སྐྱེས་སོ། །དགའ་བ་སྐྱེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྒོད་རྣམས་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་ སྤུ་ནི་བྲེགས་ནས། ཞག་བདུན་ལོན་པ་ཙམ་དུ་གྱུར་སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར་ནས་ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་མགོ་བྲེགས་ལུས་ལ་ སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ལུང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་ བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་འཕྱེ་བོས་བསམས་པ། གལ་ ཏེ་བདག་ཀྱང་ལུས་འདི་འདྲ་བར་མ་གྱུར་ན་ནི་བདག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱ་བ་ཞིག་ན་སྙམ་མོ། །དེ་ནས་དེ་སྐད་ཅེས་བརྗོད་མ་ཐག་ཏུ་དེའི་ལུས་དེ་ རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་ཤིང་རངས་པར་གྱུར་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་ ལུང་ཡང་ཕོག་གོ། །དེས་ཀྱ