Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 073_མདོ་སྡེ།_ཧ
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་པ་ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་ པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ ལྟུང་བ་དང་རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་ལགས་སོ། །བཙུན་པ་བདག་ཡི་དགས་ཀྱི་ནང་དུ་ རྒྱུ་ཞིང་མཆི་མཆི་བ་ལས། ཡི་དགས་ལུས་ཆེ་བ་ལ་རོ་སྨད་ནི་ཐ་མལ་པར་མཆིས་རྐེད་པ་ཡན་ཆད་ནི་ལུས་གཉིས་སུ་མཆིས་ཏེ། དེ་ཡང་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་འབར་ཏེ། ཕན་ཚུན་དུ་རྒྱུ་ལ་དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་དང་སྟག་དང་ གཟིག་དང་དྲེད་ལ་སོགས་པ་དེའི་དྲུང་དུ་ལྷགས་ནས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་པ་དང་ལས་ལས་སྐྱེས་པའི་མི་དག་ཀྱང་ལྷགས་ནས། རལ་གྲི་རྣོན་པོ་དག་གིས་རོ་སྟོད་གཅོད་པར་བགྱིད་དེ། དེའི་རོ་སྟོད་གཅིག་བཅད་ན་ཅིག་ཤོས་འབྱུང་བར་འགྱུར་ལ། ཅིག་ཤོས་བཅད་ན་ཡང་གཅིག་འབྱུང་བར་འགྱུར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ལ་སྐད་པོ་ཆེ་འཐོན་ཅིང་ཕན་ཚུན་འབྲོས་ཏེ། ལས་ལས་སྐྱེས་པའི་མི་དེ་དག་ཀྱང་དེའི་ཕྱི་བཞིན་འབྲང་བ་ཞིག་ མཐོང་ལགས་ན། བཙུན་པ་ཡི་དགས་དེས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སེམས་ཅན་དེ་ནི་སྡིག་པ་བྱེད་བྱེད་པ་ ཡིན་ཏེ། དེས་སྡིག་པ་མང་དུ་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་ པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་བསྟན་པ་ལ་སེམས་ཅན་འདི་རབ་ཏུ་བྱུང་ནས་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དེར་དགེ་སློང་དབྱར་གནས་ བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དགུན་གནས་པ་རྣམས་ལ་ཕུལ། དགུན་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དབྱར་གནས་བཅས་པ་རྣམས་ལ་ཕུལ་གཉི་ག་ལས་བཅད་དེ་ཁ་ཅིག་ནི་བདག་ཉིད་ཀྱིས་སྤྱད། ཁ་ཅིག་ནི་གཞན་དག་ལ་ཕུལ་ ལོ། །མཽད་གལ་གྱི་བུ་ཇི་སྙམ་དུ་སེམས་དེའི་ཚེ་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི་ཡི་དགས་འདི་ཁོ་ན་ཡིན་ཏེ། དེས་དེར་དབྱར་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དགུན་གནས་བཅས་པ་རྣམས་ལ་ཕུལ། དགུན་གནས་བཅས་པ་རྣམས་ཀྱི་གོས་དང་ རྙེད་པ་རྣམས་བཅད་དེ་དབྱར་གནས་བཅས་པ་རྣམས་ལ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་རྐེད་པ་ཡན་ཆད་ལུས་གཉིས་སུ་འདུག་པར་གྱུར་ཏེ། ལས་ལས་སྐྱེས་པའི་མི་རྣམས་དེའི་དྲུང་དུ་ལྷགས་ནས། དེ་དག་གིས་རལ་གྲི་རྣོན་པོས་དེའི་རོ་སྟོད་གཅོད་པར་བྱེད་དེ། དེའི་ རོ་སྟོད་གཅིག་བཅད་ན་ཅིག་ཤོས་འབྱུང་བར་འགྱུར་ལ། ཅིག་ཤོས་བཅད་ན་ཡང་གཅིག་འབྱུང་བར་འགྱུར་རོ། །དེས་གཉི་ག་ལས་བཅད་དེ་ཁ་ཅིག་ནི་བདག་ཉིད་ཀྱིས་སྤྱད། ཁ་ཅིག་ནི་གཞན་དག་ལ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་དང་ སྟག་དང་གཟིག་དང་དྲེད་ལ་སོགས་པ་བྱུང་ནས། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སེམས་ཅན་དེ་སྡུག་བསྔལ་དེ་ལས་ནམ་ཐར་བར་འགྱུར་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་མ་འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་རིང་ལ་སེམས་ཅན་དེའི་ ལས་ཟད་ནས་མིར་སྐྱེ་བར་འགྱུར་ལ། དེ་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དེར་དེའི་སྡུག་བསྔལ་མཐར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་དེ་དག་སྐྱོ་བ་ ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་སྐྱོ་བར་གྱུར་པ་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ནས་འཁོར་དེ་དག་གི་ནང་ནས་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་ གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་ བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།ཟ་བ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བ་རྣམས་སུ་རྒྱུ་བར་བྱེད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དགས་ རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་ པ་མཽད་གལ་གྱི་བུ་ཆེན་པོ་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས། མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་བྱིན་ཏྱའི་ནགས་ཁུང་དུ་ཕྱིན་པ་དང་། དེས་དེར་ཡི་དགས་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ལ་དེ་གལ་ཏེ་ཐང་ལ་འགྲོ་ན་ནི་དེའི་ལས་ ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་དང་སྟག་དང་གཟིག་དང་དྲེད་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་ལ་ཕན་ཚུན་དུ་ རྒྱུག་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་སེམས་པ་ལ་ཞུགས་ཏེ། སེམས་ཅན་འདིས་ལས་ཅི་ཞིག་བྱས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཞིག་གུ་སྙམ་ནས། དེས་བལྟས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས་དེས་དགེ་འདུན་གྱི་ཞལ་ཏ་བྱེད་པ་ན། དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ལ་ཅི་དགའ་མགུར་སྤྱད་ལ་གཞན་དག་ལ་ཡང་བྱིན་པ་མཐོང་ངོ་། །དེ་ ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ་འདིའི་ལས་ནི་བདག་གིས་ཀྱང་ཡང་དག་པར་མངོན་སུམ་དུ་མཐོང་མོད་ཀྱི། འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་མོ། །རི་བྱིན་ཏྱའི་ནགས་ཁུང་ནས་མི་སྣང་བར་གྱུར་ཏེ། མཉན་དུ་ཡོད་པར་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ་། །མཐོང་ ནས་ཀྱང་དེས་བསམས་པ། འདི་ནི་བདག་གིས་བཅོམ་ལྡན་འདས་ལ་ཡི་དགས་ཀྱི་ལུང་བསྟན་པ་ཞུ་བའི་དུས་ཡིན་ནོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད་ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད་དུད་འགྲོའི་ནང་དུ་རྒྱུ་བར་བགྱིད་མིའི་ནང་དུ་རྒྱུ་བར་བགྱིད་ལྷའི་ ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་ དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་ འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ་རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ། དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་ལགས་སོ། །བཙུན་པ་བདག་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་བྱིན་ཏྱའི་ནགས་ཁུང་དུ་མཆིས་པ་ལས། བཙུན་པ་བདག་གིས་དེར་ཡི་དགས་ལུས་ཆེ་ལ་འབར་ཞིང་ཀུན་དུ་འབར་ཏེ། ཀུན་དུ་རབ་ཏུ་འབར་ལ་མེ་ལྕེ་གཅིག་ཏུ་འབར་ཞིང་ཚིག་པ་དང་དེ་ཐང་ལ་མཆིས་ན། དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེང་གེ་དང་སྟག་དང་གཟིག་ དང་དྲེད་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་དག་གལ་ཏེ་ཆབ་ཀྱི་ནང་དུ་མཆིས་ན་ནི་ལྕགས་ཀྱི་མཆེ་བ་ཅན་གྱི་ཆུ་སྲིན་རྣམས་འབྱུང་བར་འགྱུར། གལ་ཏེ་དེ་ནམ་མཁའ་ལ་མཆིས་ན་ནི་ལྕགས་ཀྱི་མཆུ་ཅན་གྱི་བྱ་རོག་རྣམས་དང་། ཆུན་ལག་རྣམས་འབྱུང་བར་འགྱུར་ཏེ་དེ་དག་གིས་ དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ནས་ཕན་ཚུན་རྒྱུག་པ་ཞིག་མཐོང་ལགས་ན། བཙུན་པ་སེམས་ཅན་དེས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་ སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་སེམས་ཅན་དེ་ནི་སྡིག་པ་བྱེད་བྱེད་པ་ཡིན་ཏེ་དེས་སྡིག་པའི་ལས་མང་དུ་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་ སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་སེམས་དད་དེ་རབ་ཏུ་བྱུང་ནས། དགེ་སློང་ཞལ་ཏ་བྱེད་པར་གྱུར་ཏེ་དེས་དེར་སྦྱིན་བདག་དང་སྦྱིན་པ་པོ་མང་པོ་དག་ལ་བསྐུལ་ནས་དགེ་འདུན་དང་མཆོད་རྟེན་གྱི་ཕྱིར་བསླངས་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་ དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས་ཐམས་ཅད་ཅི་དགའ་མགུར་སྤྱད་ལ་གཞན་དག་ལ་ཡང་བྱིན་ཏེ། དེས་དེར་དགེ་འདུན་ལས་བཅད་ནས་བདག་ཉིད་ཀྱིས་ཀྱང་ཅི་དགའ་མགུར་སྤྱད་ལ་གཞན་དག་ལ་ཡང་བྱིན་པའི་ལས་དེའི་རྣམ་པར་སྨིན་པས་ཡི་དགས་ ཀྱི་ནང་དུ་སྐྱེས་ནས། དེར་ནམ་མཁའ་ལ་གནས་པ་དང་ཆུ་ལ་གནས་པ་དང་ཐང་ལ་གནས་པའི་སྲོག་ཆགས་རྣམས་ཀྱིས་བཟའ་བར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པ་ཐུགས་སུ་ཆུད་ ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དེར་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་ གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་ཁ་ཅིག་གིས་ནི་ རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།དགའ་བྱེད་ཅེས་བྱ་ བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་དགའ་བྱེད་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་ བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་ དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་དགའ་བྱེད་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་ འགྲམ་དུ་ཕྱིན་པ་དང་། དེས་དེར་ཡི་དགས་མོ་སྒྲེན་མོར་འདུག་ལ་རང་གི་སྐྲས་ཡོག་པ་སྡོང་པོ་མེ་རེག་མ་འདྲ་ལ་དམུས་ལོང་དུ་འདུག་པ་དེའི་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བ་དང་དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བྱེད་དེ། ཕན་ཚུན་རྒྱུག་ལ་དེ་གང་དང་གང་དུ་འགྲོ་བ་ དེ་དང་དེར་ཁྱི་སྔོ་བཀྲ་ཅན་དག་གིས་གཙེས་ནས་རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། སྐད་པོ་ཆེ་འཐོན་པ་ཕན་ཚུན་རྒྱུག་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ། སེམས་ཅན་ འདིས་ལས་ཅི་ཞིག་བྱས་ཞིག་གུ་སྙམ་སྟེ། དེས་བལྟས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སློང་མ་འཐབ་ཀྲོལ་ཅན་ཁ་ཚས་ངན་པ་ཞིག་ཏུ་གྱུར་ནས། དེས་དེར་དགེ་སློང་མ་མང་མོ་ཞིག་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་ སྟེ། དེ་དག་གི་རྙེད་པའི་བར་ཆད་བྱས་པ་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ་འདིའི་ལས་ཀྱི་འབྲས་བུ་ནི་བདག་གིས་ཀྱང་མངོན་སུམ་དུ་མཐོང་མོད་ཀྱི་འོན་ཀྱང་སྐྱེ་བོ་མང་པོ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས། དེ་རྒྱ་མཚོའི་ འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ་། །མཐོང་ནས་ ཀྱང་དེས་བསམས་པ་འདི་ནི་བདག་གིས་བཅོམ་ལྡན་འདས་ལ་ཡི་དགས་ཀྱི་ལུང་བསྟན་པ་ཞུ་བའི་དུས་ཡིན་ནོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ ཏུ་འདུག་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་རྟག་ཏུ་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད་ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད་དུད་འགྲོའི་ནང་དུ་རྒྱུ་བར་ བགྱིད་མིའི་ནང་དུ་རྒྱུ་བར་བགྱིད་ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་ལགས་སོ། །བཙུན་པ་ བདག་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོའི་འགྲམ་དུ་མཆིས་ན། བཙུན་པ་བདག་གིས་དེར་ཡི་དགས་མོ་སྒྲེན་མོར་མཆིས་ལ་རང་གི་སྐྲས་ཡོག་པ་སྡོང་པོ་མེ་རེག་མ་འདྲ་ལ་དམུས་ལོང་དུ་མཆིས་པ་དེའི་ཁ་སྣ་ནས་སྲིན་ བུ་མང་པོ་བྱུང་བ་དང་དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བགྱིད་དེ་ཕན་ཚུན་རྒྱུག་ལ་དེ་གང་དང་གང་དུ་མཆིས་པ་དེ་དང་དེར་ཁྱི་སྔོ་བཀྲ་དག་གིས་གཙེས་ནས། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་སྐད་པོ་ཆེ་ འཐོན་ལ་ཕན་ཚུན་རྒྱུག་པ་ཞིག་མཐོང་ལགས་ན། བཙུན་པ་ཡི་དགས་མོ་དེས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྱེད་ཡི་དགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ ཡིན་ཏེ་དེས་སྡིག་པའི་ལས་མང་དུ་བྱས་སོ། །དགའ་བྱེད་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་ པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱིར་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་ བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ ལོན་པ་དང་། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པའི་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེས་ཕ་མ་ལ་གསོལ་ཏེ། རབ་ཏུ་བྱུང་ནས་དེས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་ དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས། དེས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། གཙུག་ལག་ཁང་མཆོད་རྟེན་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དུ་བཅུག་ནས། སངས་རྒྱས་ལ་སོགས་པ་དགེ་སློང་མའི་དགེ་འདུན་ལ་ཕུལ་ཏེ། དགེ་སློང་ མ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བྱད་གཟུགས་དང་ལང་ཚོ་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་ཚུལ་ཁྲིམས་སྲུང་མ་ནུས་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་ དཀོར་ཅི་དགའ་མགུར་སྤྱད་ནས་དགེ་སློང་མ་རྣམས་ཀྱིས་ཚོར་ཏེ། དེ་དགེ་སློང་མའི་གཙུག་ལག་ཁང་ནས་བསྐྲད་ནས་དེ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ཏེ། ཁྲོ་བའི་དབང་དུ་གྱུར་ནས་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་མོ་ཞིག་ལ་ཚིག་ རྩུབ་ཅིང་བརླང་བའི་ཟུག་རྔུ་དག་གིས་སྤྱོས་ཏེ། ཁྱིམ་ཁྱིམ་དུ་ཡང་འདི་དག་ནི་ཚུལ་ཁྲིམས་འཆལ་པ་དང་སྡིག་པའི་ཆོས་ཅན་ཡིན་ནོ་ཞེས་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་ལ། དེ་དག་གི་རྙེད་པ་དང་བཀུར་སྟི་ཡོད་པའི་བར་ཆད་ཀྱང་བྱས་སྡང་མིག་གིས་ཀྱང་བལྟས་ སོ། །དགའ་བྱེད་དེ་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་ད་ལྟར་ཡི་དགས་མོ་དེ་ཡིན་ཏེ། དེས་དེར་སློབ་པ་དང་མི་སློབ་པའི་དགེ་སློང་མ་རྣམས་ཀྱི་རྙེད་པ་དང་བཀུར་སྟིའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ཡི་དགས་སུ་སྐྱེས་སོ། ། དེས་དགེ་སློང་མ་དེ་རྣམས་ལ་ཚིག་རྩུབ་ཅིང་བརླང་བའི་ཟུག་རྔུས་སྤྱོས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བར་གྱུར་ཏོ། །དེས་ཁྱིམ་ཁྱིམ་དུ་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི་དཔག་ཚད་དུ་མར་དྲི་མནམ་ པས་གང་བར་གྱུར་ཏོ། །དེས་དགེ་སློང་མ་རྣམས་ལ་སྡང་མིག་གིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དམུས་ལོང་དུ་གྱུར་ཏོ། །དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ཅི་དགའ་མགུར་སྤྱད་པའི་ལས་ དེའི་རྣམ་པར་སྨིན་པས་ནི་ཁྱི་སྔོ་བཀྲ་དག་གིས་བཟའ་བར་གྱུར་ཏེ་དེས་ནི་ལས་དེ་ལྟ་བུ་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དེར་ཁ་ ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ། ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་གསུམ་པ། སྣག་བུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ནི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད་ཡི་དགས་ཀྱི་ནང་དུ་རྒྱུ་བར་བྱེད་དུད་འགྲོའི་ནང་དུ་རྒྱུ་བར་བྱེད་མིའི་ནང་དུ་རྒྱུ་བར་བྱེད་ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ནས་སེམས་ཅན་དམྱལ་ བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་ དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་ པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོའི་འགྲམ་དུ་ཕྱིན་ པ་དང་དེས་དེར་ཤའི་སྣག་བུ་འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་འདུག་སྟེ། དེ་ས་ལ་འདུག་ན་ནི་དེ་ལ་ཐོག་ཐག་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་ཟ་ཞིང་འདུག་ལ་སྲོག་ཆགས་དེ་དག་ཟ་ཆེས་པས་དེ་གལ་ཏེ་ནམ་མཁའ་ལ་འཕགས་ན་ཡང་དེའི་ལུས་ ཐམས་ཅད་མེར་འབར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བ་མྱོང་ཞིང་འདུག་པ་ཞིག་མཐོང་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ། སེམས་ཅན་འདིས་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་ སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཞིག་གུ་སྙམ་སྟེ། དེས་བལྟས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སློང་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་ བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་པུས་སྤྱད་པ་དང་། ཁ་ཅིག་ནི་ཉེ་དུ་རྣམས་ལ་ཡང་བྱིན། ཁ་ཅིག་ནི་ཁྲོས་ནས་མེས་བསྲེགས་པའི་ལས་དེའི་རྣམ་པར་སྨིན་པ་དེས་ན་སྡུག་བསྔལ་དེ་ལྟ་བུ་དག་རྙེད་པར་གྱུར་པར་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ ཆེན་པོས་བསམས་པ་འདིའི་ལས་ནི་བདག་གིས་ཀྱང་ཡང་དག་པར་མངོན་སུམ་དུ་མཐོང་མོད་ཀྱི་འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས། རྒྱ་མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང་དེའི་ཚེ་ བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ། འདི་ནི་བདག་གིས་སྐྱེ་བོ་མང་པོ་སྐྱོ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ལ་ཞུ་བའི་དུས་ཡིན་ནོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ལུགས་ཀྱིས་དུས་དུས་ སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་ སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ་རྒྱུ་དེས་ན་དེ་དག་སྐྱོ་བར་ འགྱུར་ལ། དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་ལགས་སོ། །བཙུན་པ་བདག་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོའི་འགྲམ་དུ་མཆིས་ན། བཙུན་པ་བདག་གིས་དེར་སེམས་ཅན་ཤའི་སྣག་བུ་ འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་མཆིས་ཏེ་དེ་ས་ལ་མཆིས་ན་ནི། དེ་ལ་ཐོག་ཐག་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་འཚལ་ཞིང་མཆིས་ལ། སྲོག་ཆགས་དེ་དག་འཚལ་ཆེས་པས་དེ་གལ་ཏེ་ནམ་མཁའ་ལ་འཕགས་ན་ཡང་། དེའི་ལུས་ཐམས་ཅད་ ཞུགས་སུ་འབར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་ན། བཙུན་པ་སེམས་ཅན་དེས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་སེམས་ཅན་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ་དེས་སྡིག་པའི་ལས་མང་དུ་བྱས་སོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་སེམས་ཅན་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ རབ་ཏུ་བྱུང་སྟེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས། དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་པུས་སྤྱད་ལ། ཁ་ཅིག་ནི་བསགས་ཏེ་བཞག་པ་ལས་དེ་ཕྱི་ཞིག་ ན་ནད་ཀྱིས་ཐེབས་ནས་དེས་ནོར་དེ་དག་ཉེ་དུ་རྣམས་ལ་སྦྱིན་པར་བྱས་པ་དང་། དེ་དགེ་སློང་དག་གིས་མཐོང་ནས་བཀག་པ་ལས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་གིས་བཀག་པ་ལྟ་ན། བདག་གིས་ཅི་ནས་དེ་དག་ལ་ཡང་མི་ཕན་ལ་བདག་ལ་ཡང་མི་ཕན་པར་བྱའོ་སྙམ་ མོ། །དེ་ནས་དེ་ཁྲོས་པས་ནོར་དེ་དག་ཐམས་ཅད་མེས་བསྲེགས་སོ། །དེའི་འོག་ཏུ་དེ་དེ་ནས་ཤི་འཕོས་ཏེ་ཤི་ནས་ཡི་དགས་སུ་སྐྱེས་ཏེ། དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་པུས་ སྤྱད་པའི་ལས་དེའི་རྣམ་པར་སྨིན་པས་ནི། ལུས་ཤའི་སྣག་བུ་འདྲ་ལ་གཙང་ཁང་ཕྱུར་པོ་ཙམ་དུ་གྱུར་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་དག་གིས་བཟའ་བར་གྱུར་ཏོ། །དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་ དཀོར་མེས་བསྲེགས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གལ་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ན་ཡང་ལུས་མེར་འབར་བར་འགྱུར་ཏེ། སེམས་ཅན་དེས་ལས་དེ་ལྟ་བུ་བྱས་པས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་ངོ་། །དེ་ནས་དེ་ཐོས་མ་ཐག་ ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པ་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ་དེས་ན་དེར་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་ འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བ་ལ་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་ བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་ གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།བུར་འདུ་ཤེས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ་ཞིག་ འདུག་པ་ལས། དེ་དོན་ཞིག་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་བྲམ་ཟེ་དེས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེ་དེ་བཅོམ་ལྡན་འདས་ལ་བུའི་འདུ་ཤེས་སྐྱེས་ཏེ། དེ་བུའི་འདུ་ཤེས་ཀྱིས་ བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཇུས་སོ། །དེ་ནས་དགེ་སློང་དག་གིས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཇུས་པ་མཐོང་ནས་བཀག་གོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་ སློང་དག་བྲམ་ཟེ་འདི་ནི་བུ་ལ་བྱམས་པའི་ཕྱིར། ངའི་མགུལ་ནས་འཇུས་པ་ཡིན་གྱིས་མ་དགག་ཤིག །གལ་ཏེ་བྲམ་ཟེ་འདི་ངའི་མགུལ་ནས་འཇུར་མ་བཅུག་ན་ཁ་ནས་ཁྲག་དྲོན་པོ་བྱུང་སྟེ་འཆི་བར་འགྱུར་རོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཁྱུད་ ཟིན་ནས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་ བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་ པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས། དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་ ལ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། ། སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་ནས། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་ སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ ལ་གསོལ་པ། བཙུན་པ་གཟིགས་ལགས། མི་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་མཐོང་ཡང་སུས་ཀྱང་བུ་ལ་བྱམས་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་བུ་དང་ཕྲད་དོ་ཞེས་མཆི་ཞིང་བརྒྱུགས་ཏེ་མགུལ་ནས་འཇུ་བ་མ་བགྱིས་ལགས་སོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། བྲམ་ཟེ་འདི་ནི་ང་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཕར་གྱུར་པས་ན། སྔོན་གྱི་བག་ཆགས་དེ་ཁོ་ནས་འདི་ང་ལ་བུ་ལ་བྱམས་པའི་ཚུལ་གྱིས་བུ་དང་ཕྲད་དོ་ཞེས་ཟེར་ཞིང་ངའི་མགུལ་ནས་འཇུས་པ་ཡིན་ནོ། །དགེ་སློང་དག་གིས་གསོལ་པ། བཙུན་པ་གལ་ཏེ་བྲམ་ཟེ་འདི་བཅོམ་ལྡན་འདས་ཀྱི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཡབ་ཏུ་གྱུར་པ་ལགས་ན། ཅིའི་སླད་དུ་ད་ལྟར་ཡང་ཡབ་ཏུ་མ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་ལ་སྲེད་པ་ དང་ངེས་པར་འབྱུང་བ་ལ་སྲེད་པ་ཡིན་ན། ཚེ་རབས་ཐམས་ཅད་དུ་འདིས་ངའི་སྦྱིན་པའི་བར་ཆད་བྱས་ནས་དེར་ངས་སྨོན་ལམ་བཏབ་པ། ཕྱིན་ཅད་འདི་ངའི་ཕར་མ་གྱུར་ཅིག་ཅེས་བྱས་པ་དང་། གཞན་ཡང་ཟས་གཙང་གིས་ཀྱང་ཀྱེ་མ་བདག་སངས་རྒྱས་ཀྱི་ཡབ་ཏུ་གྱུར་ ཅིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ། །དགེ་སློང་དག་གིས་གསོལ་པ། བཙུན་པ་ཟས་གཙང་གིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ། ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཚོང་དཔོན་ཞིག་གིས་བཤོས་གསོལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ ཤོག་ཅིག །སྐྱེས་བུ་རིན་པོ་ཆེ་འདི་ལྟ་བུ་ཡང་བདག་གི་བུར་གྱུར་ནས་བདག་གིས་དེ་ཁོ་ན་མཉེས་པར་བྱས་ཏེ་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས། དེས་དེར་སྨོན་ལམ་བཏབ་བོ་ཞེས་བཀའ་སྩལ་ནས། དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་དབུལ་པོར་ཡང་གྱུར་ལ་རྒས་ནས་གདོང་རབ་ཏུ་བྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་ལ་སྲེད་པ་དང་ངེས་ པར་འབྱུང་བ་ལ་སྲེད་པ་ཡིན་ན། འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང་རབ་ཏུ་འབྱུང་བའི་བར་ཆད་བྱས་ཏེ། འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང་རབ་ཏུ་འབྱུང་བའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་འདི་དབུལ་པོར་གྱུར་ལ་རྒས་ ནས་གདོད་རབ་ཏུ་བྱུང་ངོ་། །གསོལ་པ། བཙུན་པ་བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་ པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག ། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་ མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཞིང་པ་ཞེས་བྱ་བ་ནི། གླེང་གཞི་ མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་དབུལ་པོ་ཞིང་ལས་ཀྱིས་འཚོ་བ་ཞིག་གནས་ཏེ། བྲམ་ཟེ་དེའི་ཞིང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་ཐག་མི་རིང་བ་ཞིག་ན་འདུག་ལ། བྲམ་ཟེ་དེ་ཡང་སྒྲུབ་ཕོད་པ་ཞིག་སྟེ་དེ་ནང་པར་སྔར་ཐོང་གཤོལ་ཐོགས་ནས་ ཞིང་གི་སྟེང་དུ་སོང་ངོ་། །དེའི་ཆུང་མ་བྲམ་ཟེ་མོ་དེ་ཡང་བྲམ་ཟེ་དེའི་བཟའ་བ་དང་བཅའ་བ་རྣམས་ཁྱེར་ཏེ། ཞིང་གི་སྟེང་དུ་སོང་ནས་དེ་གཉི་ག་ཟན་ཟོས་ཏེ་བྲམ་ཟེ་མོ་ནི་ཁྱིམ་དུ་སོང་ངོ་། །བྲམ་ཟེ་དེ་ནི་ཞིང་དེ་ཉིད་ན་ཞིང་ལས་བྱེད་ཅིང་འདུག་པ་ལས། དེ་ཕྱེམ་རེད་ཁྱིམ་དུ་འགྲོ་བ་ ན་བྲམ་ཟེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས། བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་མཉན་དུ་ཡོད་པ་ནས་ཡང་དང་ཡང་དུ་ཕྱི་ནང་དུ་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་གཉིས་བཅོམ་ལྡན་འདས་དང་ཉན་ཐོས་ཆེན་པོ་རྣམས་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། དེ་གཉིས་ དགའ་བར་གྱུར་ནས་ཕན་ཚུན་གཅིག་ལ་གཅིག་སྨྲས་པ་བདག་ཅག་གཉིས་ད་ལྟར་སྡུག་བསྔལ་བར་གྱུར་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སྔོན་བསོད་ནམས་མ་བྱས་པའི་ཕྱིར་ཏེ། གལ་ཏེ་ད་ལྟར་ཡང་བདག་ཅག་གཉིས་ཀྱིས་དགེ་བའི་ལས་ཅི་ཡང་མ་བྱས་ན་ནི། བདག་ཅག་གཉིས་ འདི་ནས་ཤི་འཕོས་ནས་ཀྱང་། དབུལ་པོ་འབའ་ཞིག་ཏུ་འགྱུར་རོ་ཞེས་ཟེར་རོ། །དེ་ནས་བྲམ་ཟེས་སྨྲས་པ། བཟང་མོ་བདག་ཅག་གཉིས་ནོར་གང་གིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པར་འགྱུར་བའི་ནོར་དེ་ལྟ་བུ་བདག་ཅག་གཉིས་ལ་ཅི་ཡང་ཡོད་དམ། ཆུང་མས་སྨྲས་པ། ཇོ་བོ་དེ་སྐད་མ་གསུང་ཤིག་དགེ་སྦྱོང་གཽ་ཏ་མ་འདི་ནི་རྐང་གཉིས་ཀྱི་ནང་ན་བསོད་ནམས་ཀྱི་ཞིང་ཡིན་ཏེ། འདི་ལ་ནི་བཀུར་སྟི་ཆུང་ངུ་བྱས་པ་ཙམ་གྱིས་ཀྱང་འབྲས་བུ་ཤིན་ཏུ་ཆེ་བར་འགྱུར་གྱིས་དགེ་སྦྱོང་གཽ་ཏ་མ་འདི་ལ་བདག་ཅག་གཉིས་ཀྱིས་བཤོས་དབུལ་ བར་བྱའོ། །འདི་ལ་ཕུལ་ན་བདག་ཅག་གཉིས་དབུལ་བའི་རྒྱུན་ཆད་པར་འགྱུར་རོ། །བྲམ་ཟེས་སྨྲས་པ་ཁྱོད་ཅི་དགའ་བ་བཞིན་དུ་བྱས། སོང་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དག་བཤམས་ཏེ། ནང་པར་ཕྱིར་བྱུང་ནས་གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་ མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་དེའི་ཚེ། བདག་ཅག་གཉིས་ཀྱིས་ཞིང་གི་སྟེང་ན་འདུག་བཞིན་དུ་བཤོས་དབུལ་ལོ། །བྲམ་ཟེ་མོས་སྨྲས་པ། ཇོ་བོ་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ་ཞེས་བྱས་ནས། བྲམ་ཟེ་མོ་དེ་རང་གི་ཁྱིམ་དུ་སོང་སྟེ་བཟའ་བ་དང་ བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ཏེ། ནང་པར་སྔར་ལངས་ནས་ཞིང་གི་སྟེང་དུ་སོང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་བལྟས་ནས། བཅོམ་ལྡན་འདས་གཤེགས་པ་ལ་སྡོད་ཅིང་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་ དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་ བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་ བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་ དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དེ་དང་བྲམ་ཟེའི་ཆུང་མ་གཉིས་གདུལ་བའི་དུས་ལ་བབ་བོ་སྙམ་དགོངས་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པ་ལོགས་སུ་ཆས་ཏེ་ གཤེགས་པ་དང་། བྲམ་ཟེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞིང་འདི་ཉིད་དུ་བདག་ཅག་གཉིས་ཀྱིས་ཕུལ་བའི་བཤོས་ཞལ་ཅིག་གསོལ་དུ་ཅི་གནང་ཞེས་བྱས་ནས། བཅོམ་ལྡན་འདས་ཀྱིས་དེ་བཟའ་བྲན་གཉིས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ཏེ། བྲམ་ཟེ་དེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས་ སངས་རྒྱས་བཅོམ་ལྡན་འདས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་ གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ཀྱི་རྐྱེན་དུ་འཚམ་པའི་ཆོས་བསྟན་ ནས་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་བྲམ་ཟེ་དེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཀྱི་དབུལ་བའི་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་གཉིས་ཀྱི་ཞིང་འདི་ལས་ནས་ཀྱི་ མྱུ་གུ་སྐྱེས་པ་ཐམས་ཅད་ཀྱང་གསེར་གྱི་མྱུ་གུར་སྣང་བར་གྱུར་ལ། དེ་དག་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག །གཞན་དུ་མ་གྱུར་ཅིག་ཅེས་བྱས་ནས། བྲམ་ཟེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས། དེ་སྐད་ཅེས་བརྗོད་པའི་མོད་ལ་ཞིང་དེ་ལས་སྐྱེས་པའི་ནས་ཀྱི་མྱུ་གུ་ཐམས་ཅད་ གསེར་དུ་མཐོང་ངོ་། །མཐོང་ནས་ཀྱང་བྲམ་ཟེ་མོ་དེས་སྨྲས་པ། ཇོ་བོ་བདག་ཅག་གཉིས་ཀྱི་སྨོན་ལམ་ནི་གྲུབ་ན། རྒྱལ་པོ་ལ་མ་གསོལ་བར་བདག་ཅག་གཉིས་ཀྱིས་ལོངས་སྤྱད་པར་མི་ནུས་སོ་ཞེས་བྱས་སོ། །དེ་ནས་བྲམ་ཟེ་དེས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གསལ་རྒྱལ་ ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ལ་གསོལ་པ། ལྷ་བདག་ཅག་གི་ནས་ཞིང་ལས་གསེར་གྱི་མྱུ་གུ་སྐྱེས་ཀྱིས་ལྷས་སྐུ་སྐལ་བཞེས་པའི་རིགས་སོ་ཞེས་བྱས་ནས། རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། མ་ལ་བྲམ་ཟེ་འདི་མ་སྨྱོས་སམ་སྙམ་པ་དང་། རྒྱལ་པོས་ བལྟས་ན་བློ་གསལ་ཞིང་དབང་པོ་ཞི་བར་འདུག་པར་མཐོང་ངོ་། །མཐོང་ནས་ཀྱང་ཡང་བསམས་པ། མ་ལ་དེ་ལྟར་གྱུར་ཀྱང་སྲིད་དམ་སྙམ་ནས་དེས་རྒྱལ་པོའི་ཞབས་འབྲིང་བ་རྣམས་བཏང་སྟེ། དེ་དག་དེར་དོང་ན་གསེར་གྱི་མྱུ་གུ་མ་མཐོང་ནས། དེ་དག་ཕྱིར་ལོག་སྟེ་རྒྱལ་ པོ་ལ་གསོལ་པ། ལྷ་བྲམ་ཟེ་དེ་ནི་སེམས་ལ་དབང་མ་མཆིས་ཏེ་དེ་ན་གསེར་གྱི་མྱུ་གུ་ག་ལ་མཆིས་ཞེས་བྱས་སོ། །དེ་ནས་བྲམ་ཟེ་དེས་ཡང་ལན་ཅིག་སོང་ནས། རྒྱལ་པོ་གསལ་རྒྱལ་ལ་གསོལ་པ། ལྷ་བདག་གིས་ནི་གསེར་གྱི་མྱུ་གུ་དེ་དག་ངེས་པར་མཐོང་གིས་ལྷའི་ སྐུ་སྐལ་བཞེས་པར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་བསམས་པ། ཡང་ན་ནི་བྲམ་ཟེ་འདི་སྔོན་བསོད་ནམས་བྱས་པ་ཞིག་ཡིན་ནོ། །ཡང་ན་ནི་འདིས་ད་ལྟར་ཞིང་བཟང་པོ་ཞིག་ལ་ས་བོན་བཏབ་བོ་སྙམ་ནས། རྒྱལ་པོ་དེ་ཉིད་བྲམ་ཟེ་དེའི་ཞིང་གི་སྟེང་དུ་སོང་ནས་ དེས་ཀྱང་དེ་ན་ཡོད་པའི་གསེར་གྱི་མྱུ་གུ་མ་མཐོང་ནས། དེ་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་གལ་ཏེ་ཁྱོད་ཀྱིས་གསེར་གྱི་མྱུ་གུ་རྣམས་མཐོང་ན། ཁྱོད་ཀྱིས་ཇི་ཙམ་ཡོངས་སུ་བཏང་བ་ང་ལ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེས་ཞིང་ཐོག་གི་ སྐལ་བ་བཅད་དེ་འདི་ནི་ལྷའི་བགྱིའོ། །འདི་ནི་བདག་གི་བགྱིའོ་ཞེས་བྱས་པ་དང་དེ་སྐད་བརྗོད་པའི་མོད་ལ་རྒྱལ་པོ་དེས་ཀྱང་གསེར་གྱི་མྱུ་གུ་མཐོང་ནས། མཐོང་མ་ཐག་ཏུ་རྒྱལ་པོ་དེ་ཡ་མཚན་དུ་གྱུར་ཏེ། དེ་ཡ་མཚན་དུ་གྱུར་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་ ལས་ཅི་ཞིག་བྱས་ན་དེས་ཁྱོད་ཀྱི་དཔལ་འདི་ལྟ་བུ་ཐོབ་པར་གྱུར། བྲམ་ཟེས་གསོལ་པ། ལྷ་བདག་གིས་དགེ་སྦྱོང་གཽ་ཏ་མ་ལ་བཤོས་གསོལ་ཏོ། །རྒྱལ་པོས་སྨྲས་པ། བྲམ་ཟེ་ཁྱོད་ཀྱིས་ནི་ཞིང་བཟང་པོ་ལ་ས་བོན་བཏབ་ཀྱིས་སོང་ལ་འཇིགས་ཤིང་བག་ཚ་བ་མེད་པར་ སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག་བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་སྨྲས་ནས་རྒྱལ་པོ་སོང་ངོ་། །དེ་ནས་བྲམ་ཟེ་དེས་བསམས་པ། བདག་གིས་དཔལ་འདི་ལྟ་བུ་ཐོབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ལས་བརྟེན་ཏེ་ཐོབ་པ་ཡིན་གྱིས། བདག་ གིས་དེ་ཁོ་ནའི་བཀའ་དྲིན་བསབ་དགོས་སོ་སྙམ་ནས། དེས་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་བཤམས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཏེ། ཡོ་བྱད་ཐམས་ཅད་སྦྱར་ནས་མཇུག་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ འདུན་བཤོས་གསོལ་ཏེ། རེ་རེ་ལ་རས་ཟུང་རེ་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་ བསྟན་ཏེ། དེས་ན་བྲམ་ཟེ་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་བྲམ་ཟེ་དེས་བསམས་པ་བདག་ཁྱིམ་ན་འདུག་ པ་བཏང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱའོ་སྙམ་ནས། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་ པས་ཞིང་ལས་སྐྱེས་པའི་ནས་ཀྱི་མྱུ་གུ་རྣམས་གསེར་གྱི་མྱུ་གུར་མཐོང་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ། ད་ལྟར་གྱི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་ དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་ རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་བྲམ་ཟེ་འདི་རབ་ཏུ་བྱུང་ནས། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག ། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་ མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་འདི་ནི་སྔོན་གྱི་ལས་ཡིན་ནོ། །ད་ལྟར་གྱི་ལས་གང་ཞེ་ན། འདིས་ ང་ལ་ཞལ་ཟས་ཕུལ་ནས་སྨོན་ལམ་བཏབ་སྟེ། འཕྲལ་ཁོ་ནར་བདག་གི་དབུལ་བའི་རྒྱུན་ཆད་པར་གྱུར་ཅིག །བདག་གི་ནས་ཀྱི་མྱུ་གུ་འདི་རྣམས་ཀྱང་གསེར་གྱི་མྱུ་གུར་སྣང་བར་གྱུར་ལ་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག །གཞན་དུ་མ་གྱུར་ཅིག་ཅེས་བྱས་པ་འདི་ནི་ད་ལྟར་གྱི་ ལས་ཡིན་ནོ།། །།ཤི་བ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བྷོ་ཞེས་བྱ་བ་དང་གཙང་སྦྲ་དང་ཆོ་ག་དང་ཐལ་བ་བླང་བ་དང་རིལ་བ་ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་ དང་མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་བྱེད་དུ་གཞུག་པ་དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །བྲམ་ཟེ་དེ་ཡང་ཕྱི་ཞིག་ན་སངས་རྒྱས་ལ་དད་པ་ དང་ཆོས་དང་དགེ་འདུན་ལ་དད་པར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ གོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་འཚམ་པའི་ཆོས་བསྟན་ནས་གཤེགས་སོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེ་ནད་ཀྱིས་ཐེབས་ནས། དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་དག་གིས་རིམ་གྲོར་བྱས་ཀྱང་སོས་པར་བྱེད་མ་ནུས་ནས་ཤིའོ། །དེ་ཤི་ འཕོས་ཏེ་དུས་ལས་འདས་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་སོ། །དེ་ནས་བུ་དེས་ཀྱང་ཕའི་རུས་བུ་དེ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཐག་མི་རིང་བ་ཞིག་ཏུ་ཕྱུང་སྟེ། བསྲེགས་ནས་དེ་དུར་ཁྲོད་དེ་ཉིད་ན་འདུག་ཅིང་མྱ་ངན་བྱེད་ལ་སྡུག་བསྔལ་ཞིང་སྨྲེ་སྔགས་འདོན་ཏེ་བྲང་རྡུང་ཞིང་ ཕ་ཅིག་ཕ་ཅིག་ཅེས་ཆོ་ངེས་འདེབས་ཏེ་ཕན་ཚུན་འཁྱམ་ཞིང་འདུག་གོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ན་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གི་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་ གསུམ་པའི་ལྷར་སྐྱེས་པ་དང་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཀུར་སྟི་བྱས་ཏེ་སྐྱབས་སུ་སོང་བ་དང་བསླབ་པའི་གཞི་རྣམས་བསྲུངས་པར་དེས་མཐོང་ངོ་། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་ བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱེད་དུ་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ ཀྱིས་ཐུ་བ་བཀང་སྟེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་སྔོན་བྲམ་ཟེར་གྱུར་པའི་ལྷའི་ བུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་མི་སྣང་བར་གྱུར་ཏེ། དེས་བལྟས་ན་བུ་དེ་དུར་ཁྲོད་ན་འདུག་ཅིང་ཤིན་ཏུ་མྱ་ངན་བྱེད་ལ་སྡུག་བསྔལ་ཞིང་སྨྲེ་སྔགས་འདོན་ཏེ། བྲང་རྡུང་ཞིང་ཕ་ཅིག་ཕ་ཅིག་ཅེས་ཆོ་ངེ་འདོན་ཏེ། ཕན་ཚུན་དུ་འཁྱམ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་བུའི་ཐད་དུ་སོང་སྟེ་ སྨྲས་པ། བུ་ང་ནི་མྱ་ངན་བྱར་མེད་པར་གྱུར་གྱིས་ངའི་ཕྱིར་ཧ་ཅང་མྱ་ངན་མ་བྱེད་ཅིག །བུས་སྨྲས་པ། ཁྱོད་སུ་ཞིག །ལྷའི་བུས་སྨྲས་པ། ང་ནི་ཁྱོད་ཀྱི་ཕ་ཡིན་ནོ། །བུས་སྨྲས་པ། ཁྱོད་གང་དུ་སྐྱེས། ལྷའི་བུས་སྨྲས་པ། ལྷའི་ནང་དུ་སྐྱེས་སོ། །བུས་སྨྲས་པ། ཁྱོད་ཀྱིས་ ལས་ཅི་ཞིག་བྱས། ལྷའི་བུས་སྨྲས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཀུར་སྟི་བྱས་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་སོ། །བུ་ངའི་མྱ་ངན་མ་བྱེད་པར་ཁྱོད་བདག་གི་མྱ་ངན་བྱོས་ལ། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཤིག་དང་། དེ་ ལས་ཁྱོད་ཀྱི་ལེགས་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བྱས་ནས། ལྷའི་བུ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སོང་ངོ་། །བྲམ་ཟེའི་ཁྱེའུ་དེས་ཀྱང་ཕའི་ངག་མཉན་ནས་ཕའི་མྱ་ངན་སྤངས་ཏེ། བཅོམ་ལྡན་འདས་ལ་ཡང་དགའ་བར་གྱུར་ནས། བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་ དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་ བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་ བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་གཟིགས་ལགས། བྲམ་ཟེའི་ཁྱེའུ་མ་དད་པ་འདི་ཕས་དད་པ་ཕུན་སུམ་ཚོགས་པ་ལ་བཞག་སྟེ། འདི་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེའི་ཁྱེའུ་འདི་མ་དད་པ་ལས་ཕས་ཇི་ལྟར་དད་པ་ཕུན་སུམ་ཚོགས་པ་ལ་བཞག་པ་དང་འདི་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་ དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་ བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་བྲམ་ཟེ་ཞིག་གནས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། གང་གི་ཚེ་ཆེར་སྐྱེས་ པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བྷོ་ཞེས་བྱ་བ་དང་གཙང་སྦྲ་དང་ཆོ་ག་དང་ཐལ་བ་བླང་བ་དང་རིལ་བ་ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་དང་མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་བྱེད་ དུ་གཞུག་པ་དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་སངས་རྒྱས་ལ་མངོན་པར་དགའ་ བར་གྱུར། ཆོས་དང་དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བཟུང་ངོ་། །དེ་ནས་ཕྱི་ཞིག་ན་དེ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷའི་ནང་དུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ་དེ་ནི་ཤིན་ཏུ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་ཏེ། བྲང་རྡུང་ཞིང་ཕ་ ཅིག་ཕ་ཅིག་ཅེས་ཆོ་ངེ་འདོན་ཏེ་ཕན་ཚུན་འཁྱམ་ཞིང་འདུག་གོ། །དེ་ནས་དེའི་ཕས་དེ་ཚོར་ནས་དེའི་ཐད་དུ་སོང་སྟེ་སྨྲས་པ། བུ་ཅིག་ང་ནི་མྱ་ངན་བྱར་མེད་པར་གྱུར་གྱིས་མྱ་ངན་མ་བྱེད་ཅིག །བུས་སྨྲས་པ། ཁྱོད་སུ་ཞིག །དེས་སྨྲས་པ། ང་ནི་ཁྱོད་ཀྱི་ཕ་ཡིན་ནོ། །བུས་སྨྲས་པ། ཁྱོད་ གང་དུ་སྐྱེས། དེས་སྨྲས་པ། ལྷའི་ནང་དུ་སྐྱེས་སོ། །བུས་སྨྲས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས། དེས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱས་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་སོ། །ད་ཁྱོད་ཀྱིས་ངའི་མྱ་ངན་མ་བྱེད་ པར་ཁྱོད་བདག་གི་མྱ་ངན་བྱོས་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྐྱབས་སུ་སོང་ཤིག་དང་། དེ་ལས་ཁྱོད་ཀྱི་ལེགས་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བྱས་ནས་ལྷའི་བུ་དེ་མི་སྣང་བར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེས་ཀྱང་ཕའི་ངག་མཉན་ཏེ། ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཀར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་བདག་གིས་ཡོན་ཏན་གྱི་ཚོགས་ཅི་ ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུའི་ཕར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ནོ། །དེའི་ཚེ་བུར་གྱུར་པ་གང་ཡིན་པ་དེ་ནི་བུ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདིས་ ཕ་ལས་བརྟེན་ཏེ་དད་པ་རྙེད་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །ད་ལྟར་ཡང་འདིས་ཕ་དེ་ཉིད་ལས་བརྟེན་ནས་དད་པ་རྙེད་དེ། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་ པོ་བཅུ་བཞི་པ། ཀོ་ཀ་ལི་ཀ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་སབ་ཀང་རི་ལ་འཇིགས་བྱེད་མའི་ཚལ་རི་དགས་ཀྱི་ནགས་ན་གནས་ཏེ། སབ་ཀང་རི་ལ་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ལ་བཀུར་སྟི་བྱས་བླ་མར་ བྱས་རི་མོར་བྱས་མཆོད་པར་བྱས་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས། དེས་དེར་དགེ་སློང་འོངས་སོ་ཅོག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་ཚེ་ཚེ་དང་ལྡན་པ་