Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 073_མདོ་སྡེ།_ཧ
Văn bản gốc(Tây Tạng)
Trang 1 / 20 (50.000 ký tự/trang)
༄༅། །མདོ་སྡེ་ཧ་པ་བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། ཀརྨ་ཤ་ཏ་ཀ། བོད་སྐད་དུ། ལས་བརྒྱ་ཐམ་པ་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ལས་ འཇིག་རྟེན་བླ་མ་བདེ་གཤེགས་ཐོས་པའི་སྒོ་ནས་རབ་སྙན་བརྟན་པའི་གསུང་ལྡན་གྱིས། །སེམས་ཅན་རྣམས་ལ་ཕན་པ་འབའ་ཞིག་བཞེད་ཕྱིར་བཤད་པ་རྣམ་པ་སྣ་ཚོགས་རང་ཉིད་ཀྱིས། ། ལོག་པར་ལྟ་བའི་མུན་ནག་ཆེན་པོ་ཐིབས་པོར་འཐོམས་ཤིང་འཁྲུགས་པ་རྣམས་ལ་རབ་གསུངས་པ། །དེ་ཡི་མིང་ནི་ལས་རྣམ་བརྒྱ་པ་ཞེས་བྱ་ཡོངས་སུ་ཚང་བ་བདག་གིས་བཤད་ཀྱིས་ ཉོན། །སྤྱི་སྡོམ་ནི། ཁྱི་མོ་དང་ནི་ཤིང་རྟ་དང་། །ཀ་ཙང་ཀ་ལ་བྱམས་མི་སྡུག །བྱ་དང་འཕྱེ་བོ་གང་པོ་དང་། །བུ་རྣམས་དང་ནི་བརྒྱ་བྱིན་ནོ། །སྡོམ་ནི། ཁྱི་མོ་མིག་ཆུང་ རྫོགས་བྱེད་དང་། །སྒུར་གཉིས་འཆར་ཀ་རྒྱལ་མཚན་དང་། །བདེ་བྱེད་མ་དང་ནོར་བུའི་འོད། །སྣ་མའི་མེ་ཏོག་ང་བྱིན་དང་། །འདུས་མོ་དང་ནི་ཚེམ་བུ་མཁན། །ཁྱི་མོ་ཞེས་བྱ་ བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་ པ་ཞིག་གནས་ཏེ། མུ་སྟེགས་ཅན་ལ་དགའོ། །དེ་ནས་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་ བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ་ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་ བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་རྩེར་གཞུག་པའི་ཕྱིར་ ཕས། ཁྱི་གུ་མོ་ཞིག་ཁྱིམ་དུ་བཞག་གོ། །ཁྱི་གུ་མོ་དེ་ཡང་གང་གི་ཚེ། གཞན་མུ་སྟེགས་པ་དག་མཐོང་བ་དེའི་ཚེ་ནི་རྒྱུག་སྟེ་ཟ་བར་བྱེད་ལ་གོས་རྣམས་ཀྱང་འདྲལ་བར་བྱེད་དོ། །དེ་སྟེ་དགེ་སློང་དག་མཐོང་ན་ནི་དྲུང་དུ་འཇར་ཞིང་ལྕེས་རྐང་པ་ལ་བལྡགས་ཏེ། མཇུག་ མ་དྲིལ་ནས་གཡས་ཕྱོགས་སུ་སྐོར་བ་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ་མི་འཇིགས་པ་བཞིས་མི་ འཇིགས་པ་འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་ པ། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ། སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་པ་ནས་དྲང་བར་བྱ། སུ་ནི་འཕགས་ པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་ གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ། ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན། ཁྱིམ་བདག་འཁོར་དང་བཅས་པ་གདུལ་བའི་དུས་ལ་བབ་པར་མཐོང་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་། ། དེ་མཐར་གྱིས་བསོད་སྙོམས་རྒྱུ་བ་ལས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། ཁྱི་མོ་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཐག་རིང་པོ་ཞིག་ནས་མཐོང་ངོ་། །མཐོང་ནས་ཀྱང་ཤིན་ཏུ་རིངས་པར་ལངས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་ནས། ཇི་ལྟར་དགེ་སློང་གཞན་དག་གི་ ཐད་དུ་འགྲོ་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཤཱ་རིའི་བུའི་ཐད་དུ་སོང་ནས། ཆེས་གུས་པར་ལྕེས་རྐང་པ་ལ་བལྡགས་ཏེ། མཇུག་མ་དྲིལ་ནས་ལན་གསུམ་སྐོར་བ་བྱེད་དོ། །དེ་ཡང་ཁྱིམ་བདག་དེས་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ། མ་ལ་འདི་ལྟར། ཁྱི་མོ་ལོག་པར་ལྟུང་བའི་ལུས་ཅན་འདི་ཡང་འདི་ ལ་དེ་ལྟ་བུའི་བཀུར་སྟི་བྱེད་པར་སེམས་པ་ལས་ན། དགེ་སློང་འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་གོར་མ་ཆག་སྙམ་དུ་བསམས་ཏེ། མ་ལ་བདག་གིས་ཀྱང་དགེ་སློང་འདི་སྤྱན་དྲངས་ལ་བཤོས་གསོལ་ལོ་སྙམ་དུ་བསམས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་ རྐང་པ་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་འོ་ན་འདི་ཉིད་དུ་བཤོས་གསོལ་དུ་ཅི་གནང་ཞེས་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཅང་མི་ཟེར་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཅང་མི་ཟེར་བས་གནང་བར་རིག་ནས་ཚེ་དང་ལྡན་པ་ ཤཱ་རིའི་བུའི་སྟན་བཤམས་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་བཤམས་པ་ལ་འདུག་གོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་བདེ་བར་འདུག་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་ བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་འདོད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ། ཅི་འདོད་པ་བསྟབས་པའི་འོག་ཏུ་སྡེར་ནི་གྱུ། ལྷུང་བཟེད་ནི་བཀྲུས་པར་རིག་ནས། ཆོས་མཉན་པའི་ཕྱིར་ མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་འཁོར་དང་བཅས་པའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག ། ཡང་དག་པར་གཟེངས་བསྟོད། ཡང་དག་པ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །ཁྱིམ་བདག་དེ་ཡང་བདེན་པ་མཐོང་བར་གྱུར་ནས། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེའི་ཁྱིམ་དེ་སློང་བའི་སྐྱེ་བོ་རྣམས་ཀྱི་ཆུ་དོང་དང་འདྲ་བར་གྱུར་ཏོ། །ཁྱིམ་བདག་དེས་ ཀྱང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དང་ཡང་དུ་ཁྱིམ་གྱི་ནང་དུ་བཤོས་གསོལ་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཁྱིམ་བདག་དེས་ཁྱི་མོ་དེ་ལ་ཁ་ཟས་བྱིན་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །ཁྱི་མོ་དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་ནས་ཆོས་ཉན་ཏོ། ། དེ་ནས་ཁྱིམ་བདག་དེས་བསམས་པ་བདག་གིས་ལེགས་པ་འདི་ལྟ་བུ་རྟོགས་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཁྱི་མོ་འདིའི་མཐུ་ལས་བྱུང་བ་ཡིན་ནོ། །སྙམ་དུ་རིག་གོ། །རིག་ནས་ཀྱང་དེ་ལ་ཤིན་ཏུ་སྐྱོང་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱི་མོ་དེ་ནད་ཀྱིས་ཐེབས་ནས། ཤཱ་རིའི་བུས་དེ་ལ་སྨྲས་ པ། བུ་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང་། དུད་འགྲོའི་སྐྱེ་གནས་དང་འབྲལ་བར་འགྱུར་ཡང་སྲིད་དོ་ཞེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ་། །དེ་སོང་ནས་རིང་པོ་མ་ལོན་པར་ཁྱི་མོ་དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་ནས་ཤིའོ། །དེ་ཤི་འཕོས་ཏེ་འདས་ནས་ཁྱིམ་དེ་ཉིད་དུ་ཁྱིམ་བདག་དེའི་ཆུང་མ་ཆེན་མའི་མངལ་དུ་སྐྱེས་སོ། །དེ་ཤི་བའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཁྱིམ་དེར་ འོངས་ནས། ཁྱིམ་བདག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བསྙད་དེ། བཙུན་པ་ཤཱ་རིའི་བུ་ཁྱི་མོ་དེ་གུམ་ལགས་སོ་ཞེས་བྱས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱི་མོ་དེའི་རོ་དེ་ཕྱོགས་དབེན་པ་ཞིག་ཏུ་ཞོག་ཤིག་དང་། རུས་པ་དེ་དག་ཕྱིས་དེ་ཉིད་ལ་ཕན་འདོགས་པར་འགྱུར་རོ། ། ཁྱིམ་བདག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུས་ཇི་སྐད་བཀའ་སྩལ་པ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཁྱིམ་བདག་དེས་ཁྱི་རོ་དེ་གང་དུ་སུས་ཀྱང་མི་མཐོང་བར་འགྱུར་བ་དེ་ལྟ་བུའི་ཕྱོགས་ཤིག་ཏུ་བཞག་གོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ་སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་བཙས་སྟོན་ཡང་རྒྱས་པར་བྱས་ནས། རིགས་དང་འཐུན་པའི་མིང་བཏགས་ཏེ། འོ་མ་དང་མར་དང་ཞོ་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། བུ་འདུག་ལ་ཆོས་ཉོན་ཅིག་ ཅེས་བྱས་ན། དེ་བྱད་གཟུགས་དང་ལང་ཚོའི་རྒྱགས་པས་དྲེགས་ནས་ཕན་ཚུན་དུ་གཡེངས་ཏེ་ཆོས་ཉན་དུ་མི་བཏུབ་བོ། །དེ་ནས་ཕྱིས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་ཤེད་བྱེ་བར་རིག་ནས། ཁྱི་མོའི་རུས་བུ་དེ་དེ་ཉིད་ཀྱི་མདུན་དུ་བཞག་སྟེ། ཅི་ནས་ཀྱང་བུ་མོ་དེས་ཚེ་རབས་དྲན་པར་འགྱུར་བ་ དེ་ལྟ་བུར་བྱིན་གྱིས་བརླབས་ནས། ཚེ་རབས་དྲན་མ་ཐག་ཏུ་བུ་མོ་དེ་ཤས་ཆེར་སྐྱོ་བ་སྐྱེས་སོ། །དེ་སྐྱོ་བ་སྐྱེས་ནས་བསམས་པ། འཕགས་པ་ཤཱ་རིའི་བུ་ནི། བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་པ་ལྟ་ཞིག་སྟེ། འདི་ལས་བརྟེན་ནས། བདག་གིས་དུད་འགྲོའི་སྐྱེ་གནས་སྤངས་སོ་སྙམ་དུ་ རིག་ནས། དགའ་བ་སྐྱེས་ཏེ་ཆོས་མཉན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་བསམ་པ་དང་བག་ལ་ཉལ་དང་། ཁམས་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་དེས་སྟན་དེ་ཁོ་ན་ལ་འདུག་ བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་ སྤྱད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་ཕ་མ་ལ་དད་པ་སྨྲས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་སྐྱེ་དགུའི་བདག་མོ་ཆེན་མོས་དེ་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་བྱས་ཏེ། དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་ མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་རྡོར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་ རིག་པས་མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་ སུ་གྱུར་ཏོ། །དེ་དགྲ་བཅོམ་པར་གྱུར་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་སྔོན་གྱི་དྲིན་དྲན་ཏེ། ཡང་དང་ཡང་དུ་ཐད་དུ་འགྲོ་ཞིང་རྐང་པ་ལ་ཕྱག་འཚལ་ནས། འདི་སྐད་དུ་འཕགས་པ་ཤཱ་རིའི་བུ་ལས་བརྟེན་ཏེ་བདག་གིས་དུད་འགྲོའི་སྐྱེ་གནས་སྤངས་ནས། ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་ གྱུར་པས་ན། འཕགས་པ་ནི་བདག་ལ་དཀའ་བ་མཛད་མཛད་པ་ལགས་སོ་ཞེས་ཟེར་རོ། །དེ་ཡང་དང་ཡང་དུ་ཟེར་བ་དགེ་སློང་མང་པོས་ཐོས་ནས་ཐོས་མ་ཐག་ཏུ་དེ་དག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དྲིས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་མ་འདིས་ཅི་ལས་བསམས་ཏེ། དེ་ཡང་དང་ཡང་ དུ་དེ་སྐད་མཆི། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱེད་ཀྱིས་ཁྱིམ་བདག་འདིའི་ཁྱིམ་ན་ཁྱི་མོ་ཞིག་འདུག་པ་མཐོང་ངམ། དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་མཐོང་ངོ་། །དེ་ཁོ་ནས་བདག་ལ་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ་འདས་པ་དང་། ཁྱིམ་བདག་དེ་ཉིད་ཀྱི་ཁྱིམ་ དུ་སྐྱེས་ཏེ། དེས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་ནས། སྔོན་གྱི་དྲིན་གཟོ་བའི་ཕྱིར་བདག་ལ་དེ་སྐད་ཅེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་དགེ་སློང་མ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྔོན་ཁྱིར་ སྐྱེས་ལགས། ལས་ཅི་བགྱིས་ན་དེ་ནས་ཤི་འཕོས་ཏེ་མིར་སྐྱེས་ནས། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ་ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དོ། །བཙུན་པ་འདས་པའི་ལས་ཅི་བགྱིས་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་ སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱིས་དེ་ལ་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། གང་གི་ཚེ་དེ་ཆེན་མོར་གྱུར་པ་དང་། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ ལ་དད་པ་རྙེད་ནས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། དེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་། སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས་དེས་བསམས་པ་མ་ལ་བདག་གིས་ རྙེད་པ་དང་བཀུར་སྟིའི་སྒོ་ནས། རྙེད་པར་བྱ་བ་རྙེད་པ་གང་ཡིན་པ་དེས། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་པར་བྱ་གོར་མ་ཆག་སྙམ་དུ་བསམས་ནས། ཆོས་བཞིན་དུ་གཉི་གའི་དགེ་འདུན་གྱི་ཞལ་ཏ་བྱས་སོ། །དེ་ནས་ཕྱིས་དེ་ལ་བྲེལ་བ་ཞིག་བྱུང་སྟེ། དེས་ སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་གསོལ་བ་བཏབ་ན། དེ་དག་ན་རེ་བདག་ཅག་གི་དགེ་བའི་ཕྱོགས་བཏང་སྟེ། ཁྱོད་ཀྱི་དོན་བསྒྲུབ་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་པའི་མོད་ལ་དགེ་སློང་མ་དེ་ཤིན་ཏུ་ཁྲོ་བའི་ཀུན་ནས་དཀྲིས་པ་སྐྱེས་ཏེ། དེ་ཁྲོས་ནས་ དགེ་སློང་མ་དེ་དག་ལ་སྨྲས་པ། ང་ནི་ཁྱི་མོ་དང་འདྲ་བ་ཁྱེད་དགང་བ་དང་གསོ་བ་འབའ་ཞིག་བྱེད་ན་ཁྱེད་ནི་སྐད་ཅིག་ཙམ་བདག་གི་དོན་བྱེད་དུ་ཡང་མི་བཏུབ་བམ་ཞེས་བྱས་སོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་བསམས་པ། ཉོན་མོངས་མ་འདི་ནི་དམས་ཤིང་ཉམས་པར་གྱུར་ཏེ། འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་ངོ་སྙམ་དུ་བསམས་ནས། འདིའི་ར་མདའ་བྱ་དགོས་སོ་སྙམ་སྟེ་དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ངེད་སུ་ཡིན་པ་དང་། ཁྱོད་བདག་སུ་ཡིན་པ་ཤེས་སམ་དེས་སྨྲས་པ། ངས་ཤེས་ཏེ་ཁྱེད་ཀྱང་རབ་ཏུ་བྱུང་བ་ཡིན་ལ་ང་ཡང་རབ་ཏུ་ བྱུང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། ཆེ་ཞེའུ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་བཅིང་བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ་ངེད་ནི་བྱ་བ་བྱས་པ་ཡིན་གྱིས་ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ཁྱོད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ ཆེན་པོ་རྙེད་ཏ་རེ། དེ་སྐད་ཐོས་པའི་མོད་ལ་དགེ་སློང་མ་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། འགྱོད་པ་ཆེན་པོ་སྐྱེས་ནས། ལྷག་པར་ཡང་ཆོས་བཞིན་དུ་གཉི་གའི་དགེ་འདུན་གྱི་ཞལ་ཏ་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་བདག་ཀྱང་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། ཆོས་བཞིན་དུ་ཞལ་ཏ་བྱས་པའི་དགེ་བའི་རྩ་བ་འདིས་ནི་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་། གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག ། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་ཁྲོས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པའི་སྐལ་ བ་ཅན་དུ་བདག་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་འདི་ཉིད་ཡིན་ཏེ། དེས་དེར་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་སོ། ། དེས་དེར་འཆི་ཀར་སྨོན་ལམ་བཏབ་སྟེ། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་ འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། འདི་ ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་ བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་འདི་ནི་འདིས་འདས་པའི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་ཅི་ཞིག་བྱས་ཞེ་ན། དེ་ཁྱིར་སྐྱེས་ནས་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པ་དེས་ནི་མིའི་ནང་ དུ་སྐྱེས་ཏེ། འདི་ནི་ད་ལྟར་བྱུང་བའི་ལས་ཡིན་ནོ།། །།མིག་ཆུང་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ། བཅུ་ལོན་པ་དང་ཁྱེའུ་གཟུགས་ བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ་དེ་གང་གི་ཚེ། འགྲོ་ནུས་པར་གྱུར་པ་དེའི་ཚེ། དེ་རྩེར་ གཞུག་པའི་ཕྱིར་ཕས་ཁྱི་གུ་ཞིག་ཁྱིམ་དུ་བཞག་སྟེ་ཁྱེའུ་ལ་བྱིན་ནོ། །དེ་ནས་ཁྱེའུ་དེས་ཁྱི་གུ་དེ་ཟ་བ་བསླབས་སོ། །དེ་ནས་གང་གི་ཚེ་ཁྱི་གུ་དེ་ཆེར་སྐྱེས་པ་དེའི་ཚེ། ལམ་པོ་ཆེར་སོང་ནས་སྐྱེ་བོ་ཕལ་པོ་ཆེ་ལ་ཡང་ཟ་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་ གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་། ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ་མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ་སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཆོས་ཉིད་ཀྱིས་ ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ལས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་ པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་ལྟ་བར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས། ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན་ཁྱིམ་བདག་འཁོར་དང་བཅས་པ་གདུལ་བའི་དུས་ལ་བབ་པར་མཐོང་ནས། སྔ་དྲོ་ཤམ་ཐབས་དང་། ཆོས་གོས་བགོས་ ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་། །དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ལས། ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང་། ཁྱི་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ་། །མཐོང་ནས་ཀྱང་ཤུགས་དྲག་པོས་བརྒྱུགས་ཏེ། ཚེ་དང་ལྡན་པ་ཤཱ་ རིའི་བུ་ཟིན་ཏོ། །དེའི་ཆོས་གོས་རྣམས་དྲལ་ཏོ། །ཁྱིམ་བདག་དེས་ཀྱང་མཐོང་ནས་བཀག་སྟེ། དེའི་རྨ་དེ་ཡང་བཀྲུས་ནས། རས་ཀྱིས་དཀྲིས་ཏེ་རྐང་པ་ལ་ཕྱག་འཚལ་ནས་སྨྲས་པ། བཙུན་པ་ཤཱ་རིའི་བུ་འདི་ཉིད་དུ་བཤོས་གསོལ་དུ་ཅི་གནང་ཞེས་བྱས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས། ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཅང་མི་སྨྲ་བས་གནང་བར་རིག་ནས། སྟན་བཤམས་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུ་སྟན་བཤམས་པ་ལ་འདུག་གོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་བདེ་བར་འདུག་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་འདོད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་ གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་འདོད་པ་བསྟབས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས། དེའི་ཉིན་པར་ཟན་ཟོས་པའི་འོག་ཏུ་ཁྱི་དེ་ལ་ཁྱོས་མ་བྱིན་ཏེ། ཁྱི་དེས་ཟོས་ནས་དེའི་གདོང་དུ་བལྟས་སོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ ཟན་ཟོས་ཟིན་ཏེ། སྡེར་ནི་གྱུ་ལྷུང་བཟེད་ནི་བཀྲུས་པར་རིག་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་འཁོར་དང་བཅས་པའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་རྟོགས་ནས། དེ་དང་འཐུན་པའི་ཆོས་སྟོན་པར་བྱེད་དེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས། སྟན་དེ་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ རྣམས་བླངས་ཏེ། སྨྲས་པ་བཙུན་པ་ཤཱ་རིའི་བུ་བདག་ཇི་སྲིད་འཚོའི་བར་དུ་བདག་ལས་གོས་དང་ཟས་དང་མལ་ཆ་དང་སྟན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་གསོལ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་གཞན་དག་ལ་ཡང་ཕན་གདགས་དགོས་ ཀྱིས་ཐོང་ཤིག་ཅེས་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེར་གང་གི་ཚེ་ཁྱིམ་བདག་དེས་བདེན་པ་རྣམས་མཐོང་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པ་དེའི་ཚེ་དེས་སྦྱིན་པ་དག་སྦྱིན་པ་དང་བསོད་ནམས་དག་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་ཤཱ་རིའི་ བུ་ཡང་དུས་དུས་སུ་སྤྱན་དྲངས་ཏེ། བཤོས་གསོལ་བར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་ཟན་ཟོས་པའི་འོག་ཏུ་ཁྱི་དེ་ལ་ཁྱོས་མ་བྱིན་པར་བྱེད་དོ། །ཁྱི་དེ་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་གང་གི་ཚེ་ཚེ་དང་ལྡན་ པ་ཤཱ་རིའི་བུ། ཁྱིམ་དེར་འོང་བ་དེའི་ཚེ། ཁྱི་དེས་བསུ་ནས་རྐང་པ་ལ་བལྡགས་ཏེ་མཇུག་མ་དྲིལ་ནས་ལན་གསུམ་སྐོར་བ་བྱེད་དོ། །དེར་གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཆོས་བཤད་ནས་ཕྱིར་འགྲོ་བ་དེའི་ཚེ་ཁྱི་དེས་ཐེ་གི་ཟད་ཙམ་དུ་བསྐྱལ་ནས། ལན་ གསུམ་བསྐོར་བ་བྱས་ཏེ་ཕྱིར་ལྡོག་གོ། །དེ་ནས་ཕྱིས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཡང་ཁྱིམ་དེར་ཟན་ཟོས་ཏེ་ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཕྱིར་འགྲོ་བ་ན་ཁྱི་དེ་ཡང་ཕྱི་བཞིན་འབྲང་སྟེ། ཕྱི་རོལ་གྱི་ལམ་པོ་ཆེར་སོང་ནས་ལྕེས་རྐང་པ་ལ་བལྡགས་ཏེ། མཇུག་མ་དྲིལ་ནས་ ལན་གསུམ་བསྐོར་བ་བྱས་ཏེ། ཕྱིར་ལོག་ནས་ཁྱིམ་དུ་འགྲོ་བ་ན། ཁྱི་དེ་ཁྱི་གཞན་དག་ཅིག་གིས་བཅས་ནས་བསད་དོ། །དེ་ནས་དེ་གནས་བརྟན་ཤཱ་རིའི་བུ་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་འདས་ནས་ཁྱིམ་དེ་ཉིད་དུ་ཁྱིམ་བདག་དེའི་ཆུང་མ་ཆེན་མའི་མངལ་དུ་སྐྱེས་སོ། ། ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་ཁྱི་དེ་བདག་གི་ཐད་ནས་ཕྱིར་ལྡོག་པའི་འོག་ཏུ་ཁྱི་གཞན་དག་གིས་ཇི་ལྟར་བསད་པ་ཤེས་སོ། །དེ་ནས་དེས་བསམས་པ་ཁྱི་དེ་གར་སྐྱེས་སྙམ་པ་དང་། ཁྱིམ་བདག་དེ་ཉིད་ཀྱི་ཁྱིམ་དུ་ཁྱིམ་བདག་གི་ཆུང་མའི་མངལ་དུ་སྐྱེས་པར་མཐོང་ངོ་། །མཐོང་ ནས་ཀྱང་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་གཡོག་མེད་པར་གཅིག་པུ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཟླ་མེད་པ་དང་། གཡོག་མེད་པར་གཅིག་པུ་འོང་བར་མཐོང་ངོ་། །མཐོང་ནས་ཀྱང་འཕགས་པ་ཁྱོད་ཅིའི་སླད་དུ་ཟླ་མ་མཆིས་པ་དང་། ཞམ་རིང་མ་མཆིས་པར་གཅིག་པུ་གཤེགས། འཕགས་པའི་ཞམ་རིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་མ་གཏོགས་པར་བདག་ཅག་ལ་གུད་ན་གཡོག་གི་འབྱུང་ཁུངས་ག་ལ་ཡོད། ཁྱིམ་བདག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱིས། དེ་ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞམ་རིང་དུ་དབུལ་ལོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁོང་དགེ་བ་རྣམས་ནི་དམ་བཅས་ པ་ལ་བརྟན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ་། །ཁྱིམ་བདག་དེའི་ཆུང་མ་ཡང་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་མོད་ཀྱི་འོན་ཀྱང་མིག་ཆུང་ངོ་། །དེ་ནས་དེའི་བཙས་སྟོན་ རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མིག་ཆུང་བས་ན་མིང་མིག་ཆུང་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་མིག་ཆུང་འོ་མ་དང་། ཞོ་དང་མར་དང་ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་། ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་། སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་ སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་། མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་ བུས་ཀྱང་མིག་ཆུང་རབ་ཏུ་དབྱུང་བའི་དུས་ལ་བབ་པར་མཐོང་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་སྟེ། དེ་མཐར་གྱིས་བསོད་སྙོམས་རྒྱུ་བ་ལས། ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ ནས་སྟན་བཤམས་པ་ལ་འདུག་གོ། །འདུག་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི་མ་བཙས་པའི་སྔ་རོལ་ནས་ཁྱོད་ཀྱིས་བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་ མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེ་ཁོ་ན་ལྟར་དམ་བཅས་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས། འཕགས་པ་ལ་ངས་ཕུལ་ གྱིས་སོང་ལ་འཕགས་པའི་ཞམ་རིང་གྱིས་ཤིག །ཁྱེའུས་སྨྲས་པ། དེ་ནི་བདག་ལ་ཕན་བཏགས་པ་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཕྱི་བཞིན་འབྲང་སྟེ། ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུས། གཙུག་ལག་ཁང་དུ་ཁྲིད་ནས་རབ་ ཏུ་ཕྱུང་སྟེ། དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་དགེ་ཚུལ་བ་བྱེད་བཞིན་དུ་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་ དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲེད་པའི་རྙེད་པ་དང་ཆགས་ པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དང་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་སྣུམ་གྱིས་སྐུད་པ་ན། དེས་ཚེ་དང་ལྡན་པ་ཤཱ་ རིའི་བུའི་རྐང་པའི་རྨའི་སྒྲོས་མཐོང་ངོ་། །མཐོང་ནས་དྲིས་པ། མཁན་པོའི་རྨའི་སྒྲོས་འདི་སྔོན་ཅི་ལས་གྱུར་ལགས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། བུ་རྨའི་སྒྲོས་འདི་སྔོན་ཅི་ལས་གྱུར་པ་སོམས་ཤིག །དེ་ནས་དེས་བདག་ཉིད་ཀྱིས་སྔོན་ཁྱིར་གྱུར་པའི་ཚེ་ཟིན་པར་མཐོང་ ནས་དེས་བདག་གང་ནས་ཤི་འཕོས་ཏེ། ཁྱིར་སྐྱེས་པར་གྱུར་ཅེས་བསམས་ན། དེས་ཁྱི་ལས་ཤི་འཕོས་ཏེ་ཁྱི་ཉིད་དུ་སྐྱེས་པར་མཐོང་ངོ་། །དེ་བཞིན་དུ་དེས་ཚེ་རབས་ལྔ་བརྒྱའི་བར་དུ་བལྟས་ན་དེས་ཁྱི་ལས་ཤི་འཕོས་ཏེ། ཁྱི་འབའ་ཞིག་ཏུ་སྐྱེས་པར་མཐོང་ངོ་། །དེས་ཡང་མ་ འོངས་པའི་དུས་ལ་བསམས་ཏེ། གལ་ཏེ་བདག་ལ་མཁན་པོས་མ་དགོངས་སུ་ཟིན་ན། བདག་དེ་ནས་ཤི་འཕོས་ན། གང་དུ་སྐྱེ་བར་འགྱུར་སྙམ་དུ་བསམས་ན་དེས་ཁྱི་དེ་ཉིད་དུ་དེའུ་སྐྱེས་པར་མཐོང་ངོ་། །དེ་བཞིན་དུ་དེས་མ་འོངས་པའི་དུས་སུ་ཚེ་རབས་ལྔ་བརྒྱའི་བར་ཏུ་བལྟས་ན་དེས་ཁྱི་ ལས་ཤི་འཕོས་ནས་ཁྱི་འབའ་ཞིག་ཏུ་དེའུ་སྐྱེས་པར་མཐོང་ནས། དེས་བསམས་པ་བདག་འདིས་ལོག་པར་ལྟུང་བ་ལས་རྣམ་པར་གྲོལ་བར་བྱས་ཏེ་གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བ་མྱ་ངན་ལས་འདས་པ་ལ་བཞག་པས་མཁན་པོ་ནི་བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་ ནོ་སྙམ་ནས། བསྙེན་བཀུར་བྱ་བ་ལས་གུད་ན་མཁན་པོའི་དྲིན་བདག་གིས་བསབ་པའི་ཐབས་གཞན་ཅི་ཡོད་དེ་བསྙེན་པར་རྫོགས་ནས་ནི་བདག་གིས་བསྙེན་བཀུར་རིམ་གྱིས་བྱར་མི་རུང་ན། མ་ལ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་བར་འདུག་ལ་འདི་ལ་བསྙེན་བཀུར་བྱའོ་སྙམ་དུ་ བསམས་ནས། དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། མཁན་པོ་བདག་ཇི་སྲིད་འཚོའི་བར་དུ་མཁན་པོའི་བསྙེན་བཀུར་བ་བགྱིད་དོ། །བུ་ཁྱོད་ཇི་ལྟར་དགའ་བ་བཞིན་གྱིས་ཤིག །དེ་ནས་ཕྱིས་དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། མིག་ཆུང་ཁྱོད་ཅིའི་ཕྱིར་བསྙེན་ པར་རྫོགས་པར་མི་བྱེད། དེས་སྨྲས་པ། བདག་གིས་མཁན་པོའི་དྲིན་བསབ་དགོས་ཏེ། བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་བར་འདུག་བཞིན་དུ་དེའི་བསྙེན་བཀུར་བྱེད་དོ། །དེ་དག་གིས་སྨྲས་པ། ཁྱོད་ལ་མཁན་པོས་ལྷག་པར་དྲིན་ཅི་ཞིག་བཏགས། དེ་ནས་ དེས་དགེ་སློང་དེ་དག་ལ་གཏམ་དེ་རྒྱས་པར་བསྙད་ནས། དགེ་སློང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མིག་ཆུང་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཁྱིར་སྐྱེས་ལ། གལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུས་མ་བསམས་ སུ་ལགས་ན། ཚེ་རབས་ལྔ་བརྒྱར་ཁྱི་འབའ་ཞིག་ཏུ་དེའུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཁྱི་ལས་ཤི་འཕོས་ཏེ། སླར་མིའི་ནང་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མིག་ཆུང་ངུར་གྱུར་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མིག་ཆུང་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་མེའི་ཁམས་དང་རླུང་ གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་ འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་ པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེ་ གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། དེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས། དེས་བསམས་པ་མ་ལ་བདག་གིས་རྙེད་པ་དང་བཀུར་སྟིའི་སྒོ་ནས། རྙེད་པར་བྱ་བ་རྙེད་པ་གང་ཡིན་པ་དེས། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་ པར་བྱ་གོར་མ་ཆག་སྙམ་དུ་བསམས་ནས། ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ཏེ། དེ་ནས་ཕྱི་ཞིག་ན་དགེ་སློང་དགྲ་བཅོམ་པ་ཞིག་ལ་ཕྱི་དྲོའི་གུང་སྐྱེམས་ཀྱི་ཞལ་ཏ་བྱེད་པའི་རེས་བབ་ནས། དེས་དགེ་འདུན་ལ་གུང་སྐྱེམས་བྲིམས་པའི་འོག་ཏུ་ལུས་ངལ་ཏེ་གནས་ཁང་དུ་ སོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་དེ་ནས་ཞལ་ཏ་བྱེད་པ་དེའི་སྦྱིན་བདག་རྣམས་ལ་གུང་སྐྱེམས་དགོས་པར་གྱུར་ནས། དེས་དགེ་སློང་གཞན་དག་ལ་སྨྲས་པ། དེང་གུང་སྐྱེམས་ཀྱི་ཞལ་ཏ་བྱེད་པའི་རེས་སུ་ལ་བབ། དེ་དག་གིས་སྨྲས་པ། དགེ་སློང་ཆེ་གེ་མོ་ཞིག་ ལ་བབ་བོ། །དེ་ནས་ཞལ་ཏ་བྱེད་པ་དེ་ཁྲོས་ནས་མིག་བཙུམས་ཏེ་མིག་འདི་འདྲ་བ་དེ་ཡིན་པ་ལྟ་ཞེས་སྨྲས་སོ། །དེ་སྐད་སྨྲས་ནས། དགྲ་བཅོམ་པ་དེ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་སྨྲས་པ། བཙུན་པ་བདག་ནི་ཁྱེད་ཀྱི་ཕྱིར་སྦྱིན་བདག་དང་སྦྱིན་པ་པོ་རྣམས་དགའ་བར་ བྱས་ནས། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན་ཁྱེད་ནི་བདག་གི་དད་པས་བྱིན་པ་ལ་ལོངས་སྤྱོད་ནས། ཁྱི་བཞིན་དུ་ཚང་དུ་ཞུགས་ནས་ཉལ་ཞིང་འདུག་གམ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམས་པ། ཉོན་མོངས་པ་འདི་ནི་དམས་ཤིང་ཉམས་ པར་གྱུར་ཏེ། འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་ངོ་སྙམ་དུ་བསམས་ནས་འདིའི་ར་མདའ་བྱ་དགོས་སོ་སྙམ་སྟེ། ཞལ་ཏ་བྱེད་པ་དེ་ལ་སྨྲས་པ། བཙུན་པ་ཁྱོད་ཀྱིས་ང་སུ་ཡིན་པ་དང་། ཁྱོད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། ངས་ ཤེས་ཏེ། ཁྱོད་ཀྱང་རབ་ཏུ་བྱུང་བ་ཡིན་ལ་ང་ཡང་རབ་ཏུ་བྱུང་བ་ཡིན་ནོ། །དགྲ་བཅོམ་པས་སྨྲས་པ། འུ་བུ་ཅག་གཉིས་རབ་ཏུ་བྱུང་བར་འདྲ་མོད་ཀྱི་ཁྱོད་ནི་བཅིང་བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ། ང་ནི་བཅིང་བ་ཐམས་ཅད་ལས་ངེས་པར་གྲོལ་ བའི་དགྲ་བཅོམ་པ་ཡིན་ན་ཁྱོད་ཀྱིས་ཚིག་རྩུབ་པོ་སྨྲས་ཀྱིས་ཉེས་པ་ལ་ཉེས་སོ་ཞེས་བཤགས་པར་གྱིས་ཤིག །ཁྱོད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་སྐད་ཐོས་པའི་མོད་ལ་ཞལ་ཏ་བྱེད་པ་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། འགྱོད་པ་ཆེན་པོ་སྐྱེས་ནས། དགེ་སློང་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ནས་ལྷག་པར་ཡང་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱས་སོ། །དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ནས། འཆི་ཀར་སྨོན་ ལམ་བཏབ་པ། ཀྱེ་མ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དང་། ཆོས་བཞིན་དུ་ཞལ་ཏ་བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་། གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག ། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་ལ་ཚིག་རྩུབ་པོ་སྨྲས་པའི་སྡིག་པའི་ལས་དེའི་འབྲས་བུ་བདག་གིས་རྙེད་པར་མ་གྱུར་ཅིག ། ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། དགེ་ཚུལ་པ་མིག་ཆུང་འདི་ཉིད་ཡིན་ཏེ། དེས་དེར་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས། ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་ཏེ། གལ་ཏེ་དགེ་སློང་ཤཱ་རིའི་བུས་མ་བསམས་སུ་ཟིན་ན། ཕྱིན་ཅད་ཀྱང་ཚེ་རབས་ལྔ་བརྒྱའི་བར་དུ་ཁྱི་འབའ་ཞིག་ཏུ་དེའུ་སྐྱེས་སོ། །ཁྲོས་ནས་དེས་དགྲ་བཅོམ་པ་དེ་ཉིད་ཀྱི་མིག་ལྟར་བཅོས་ཏེ། མིག་བཙུམས་ནས་མིག་འདི་འདྲ་བ་དེ་ཡིན་པ་ལྟ་ཞེས་སྨྲས་པའི་ལས་དེའི་རྣམ་པར་ སྨིན་པས་ནི། ད་ལྟར་མིར་སྐྱེས་ན་ཡང་མིག་གཉིས་འདི་འདྲ་བར་གྱུར་ཏོ། །དེས་དེར་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།རྫོགས་བྱེད་ཅེས་བྱ་བ་ནི། གླེང་ གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་ཁྱིམ་བདག་དེ་ལ་བུ་མེད་དེ་བུ་འདོད་པའི་ཕྱིར་དེས་ལྷ་རྣམས་ལ་ཡང་གསོལ་བ་བཏབ་སྟེ། ལྷ་གུ་ལང་དང་ཆུ་ལྷ་དང་ཀུ་བེ་ར་དང་བརྒྱ་བྱིན་དང་ཚངས་ པ་ལ་སོགས་པ་དང་ཀུན་དགའ་ར་བའི་ལྷ་དང་ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་སུམ་མདོའི་ལྷ་དང་གཏོར་མ་ལེན་པའི་ལྷ་དང་ལྷན་ཅིག་སྐྱེས་པའི་ལྷ་དང་ཆོས་འཐུན་པ་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ཏེ། འཇིག་རྟེན་ན་ ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་གྲག་མོད་ཀྱི། དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་ རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་དྲི་ཟ་འོངས་པ་སྟེ། དྲི་ཟའི་སེམས་ཀྱང་རྗེས་སུ་ཆགས་པ་དང་ ལྡན་པའམ་ཁོང་ཁྲོ་བ་དང་ལྡན་པ་རྣམ་པ་གཉིས་ལས་གང་ཡང་རུང་བས་སྐྱེས་པའོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ལ་སེམས་ཅན་ཆེན་པོ་ཆེ་བར་གྲགས་པ། སྲིད་པ་ཐ་མ་པ་བཙལ་བར་བྱ་བ་རྙེད་པ་ཐར་པའི་སྐལ་བ་ཅན་དུ་གྱུར་པ། ཚོགས་བསགས་པ་མྱ་ ངན་ལས་འདས་པ་ལ་ནང་དུ་བལྟས་པ། འཁོར་བ་ལས་ཕྱི་རོལ་ཏུ་བལྟས་པ། སྲིད་པར་འགྲོ་བའི་སྐྱེ་གནས་རྣམས་མི་འདོད་པ། ལུས་ཀྱི་ཐ་མ་འཛིན་པ་ཞིག་ཀྱང་དེའི་ཆུང་མའི་མངལ་དུ་སྐྱེས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི་ཐུན་མོང་མ་ཡིན་པའི་ཆོས་ ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ལ་མ་ཆགས་པར་ཡང་ཤེས་པ་དང་དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང་བུ་ཆགས་པ་ཤེས་པ་དང་། གང་ལས་བུ་ཆགས་པ་ཤེས་པ་དང་། ཁྱེའུ་ཡང་ཤེས་ལ་བུ་མོ་ཡང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ ནི་ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་ན་རྟེན་ཅིང་གནས་སོ། །དེ་ནས་གང་གི་ཚེ་དེ་ལ་བུ་ཆགས་པར་གྱུར་པ་དེའི་ཚེ་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ ལོགས་སུ་རྟེན་ཅིང་གནས་པ་ལས་ན་ཁྱེའུར་འགྱུར་བར་ངེས་ཀྱིས། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས། དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག་ལག་པ་གཡས་པ་ནི་བརྐྱང་ནས། བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་། །བདག་གི་བུ་ རུང་བར་གྱུར་ཅིག་མི་རུང་བར་མ་གྱུར་ཅིག །བདག་གི་བྱ་བ་དག་བྱེད་པར་ཤོག་ཤིག །གསོས་ན་གསོས་པའི་ལན་ཕྱིར་གསོ་བར་ཤོག་ཤིག །ནོར་སྐལ་ལ་སྤྱོད་པར་ཤོག་ཤིག །བདག་གི་རིགས་རྒྱུད་ཡུན་རིང་དུ་གནས་པར་ཤོག་ཤིག །བདག་ཅག་འདས་ཏེ་ཤི་ བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཤིག་ཅེས་ཡོན་སྔོ་བར་ཤོག་ཤིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེས་བུ་ཆགས་པར་རིག་ནས་ བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་ཧ་ཅང་ ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང་ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་སྐྱུར་བ་དང་ལན་ཚྭ་དང་མངར་བ་དང་ཚ་བ་དང་བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་། དོ་ཤལ་དང་སེ་མོ་དོས་ ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ། ལུས་ཁྲིའི་སྟེང་ནས་ཁྲིའི་སྟེང་དང་། ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་ པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་བྱང་ཆུབ་ཀྱི་ ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས་ ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར་སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངས་ངན་སོང་ལས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས། འཕགས་པའི་ནོར་བདུན་ གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་ མིག་གིས་འཇིག་རྟེན་ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་མ་འགགས་པས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན། སྲིད་པ་ཐ་མ་པའི་སེམས་ཅན་ཞིག་གིས་ཁྱིམ་བདག་དེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ་སེམས་ཅན་དེ་སུས། འདུལ་བར་འགྱུར། ཅི་སངས་རྒྱས་ཀྱིས་འདུལ་བར་འགྱུར་རམ། འོན་ཏེ་ཉན་ཐོས་ཀྱིས་འདུལ་བར་འགྱུར་ཞིག་གུ་སྙམ་པ་དང་དེས་བདག་ཉིད་ཀྱིས་འདུལ་བར་འགྱུར་བ་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་དེར་སོང་ནས། ཁྱིམ་བདག་དེ་ལ་དུས་དུས་སུ་ཆོས་སྟོན་ཏོ། །དེས་ཁྱིམ་ བདག་དེ་དད་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱས་སོ། །སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་ཡང་གནས་པར་བྱས་སོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་ཡང་དད་པར་བཙུད་དེ། དེས་རིང་པོ་མ་ལོན་པར། ཁྱིམ་དེ་སློང་བ་རྣམས་ཀྱི་ཆུ་དོང་དང་འདྲ་བར་ གྱུར་པར་བྱས་སོ།།དེ་ནས་ཕྱི་ཞིག་ན། ཚེ་དང་ལྡན་པ་མ་འགགས་པས། ཕ་མ་དེ་གཉིས་བརྟན་པར་བྱ་བའི་ཕྱིར་ཟླ་མེད་པ་དང་། གཡོག་མེད་པར་གཅིག་པུ་ཁྱིམ་དེར་སོང་བ་དང་ཁྱིམ་བདག་དེས། ཚེ་དང་ལྡན་པ་མ་འགགས་པ་ཟླ་མེད་པ་དང་། གཡོག་མེད་ པར་གཅིག་པུ་འོང་བར་མཐོང་ངོ་། །མཐོང་ནས་ཀྱང་འཕགས་པ་ཁྱོད་ཅིའི་སླད་དུ་ཟླ་མ་མཆིས་པ་དང་། ཞམ་རིང་མ་མཆིས་པར་གཅིག་པུ་གཤེགས། འཕགས་པའི་ཞབས་འབྲིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་མ་འགགས་ པས་སྨྲས་པ། ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་མ་གཏོགས་པར་བདག་ཅག་ལ་གུད་ན་གཡོག་གི་འབྱུང་ཁུངས་ག་ལ་ཡོད། ཁྱིམ་བདག་གིས་སྨྲས་པ། བཙུན་པ་མ་འགགས་པ་བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱིས་དེ་ལས། གལ་ཏེ་ཁྱེའུ་ཞིག་ བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་མ་འགགས་པ་སོང་ངོ་། །ཁྱིམ་བདག་ དེའི་ཆུང་མ་ཡང་ཟླ་བ་དགུ་འམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་གདུགས་ལྟར་འདུག་པ་ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ་སྣ་ལེགས་པ་སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་ དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བདག་གི་བུ་ནམ་བཙའ་བར་འགྱུར་ཞིག་གུ་སྙམ་དུ་ཡུན་རིང་པོ་ནས། བདག་གིས་སྨོན་སྨོན་པ་དང་ཡུན་རིང་པོ་ནས་བདག་འདོད་ཅིང་། ཡིད་སྨོན་དུ་བགྱི་བགྱི་བ་དེ། ཁྱེའུ་འདིས་ཡོངས་སུ་རྫོགས་པར་བྱས་པས་ན། ཁྱེའུ་འདིའི་མིང་རྫོགས་བྱེད་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་རྫོགས་བྱེད་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་དྲི་མ་འཁྲུ་བའི་མ་མ་གཉིས་དང་རྩེ་བའི་མ་མ་གཉིས་ཏེ་མ་མ་ བརྒྱད་ལ་གཏད་ནས། དེ་སྲེད་མེད་ཀྱི་བུའི་ལག་ན་ཐོགས་པའི་རྨ་བྱའི་མདོངས་དང་བསྲུང་བའི་སྲད་བུ་དང་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེར་སྐྱེས་པ་ དེའི་ཚེ། ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་ མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན། ཚེ་དང་ལྡན་པ་མ་འགགས་པས། ཁྱེའུ་དེ་རབ་ཏུ་དབྱུང་བའི་དུས་ལ་བབ་པར་མཐོང་ནས། སྔ་དྲོ་ཤམ་ཐབས་དང་ཆོས་གོས་ བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་སྟེ། དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ལས། ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྟན་བཤམས་པ་ལ་འདུག་གོ། །འདུག་ནས་ཀྱང་ཚེ་དང་ལྡན་པ་མ་འགགས་པས། ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི་མ་བཙས་པའི་སྔ་རོལ་ནས། ཁྱོད་ཀྱིས་བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེ་ ཁོ་ན་ལྟར་དམ་བཅས་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ། ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས། འཕགས་པ་ལ་ངས་ཕུལ་གྱིས་སོང་ལ་འཕགས་པའི་ཞམ་རིང་གྱིས་ཤིག ། ཁྱེའུས་སྨྲས་པ། དེ་ནི་བདག་ལ་ཕན་གདགས་པ་ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་འབྲང་སྟེ། ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པས། གཙུག་ལག་ཁང་དུ་ཁྲིད་ནས། རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་བྱས་ ནས་དེ་ལ་ལུང་ཡང་ཕོག་གོ། །དེ་ནས་དེ་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཀྱང་ཁྱད་པར་ཅུང་ཟད་ཀྱང་མ་ཐོབ་ནས། དེ་ཕྱི་ཞིག་ན་ནད་ཀྱིས་ཐེབས་ནས། དེའི་ཕ་མ་གཉིས་ཀྱིས་བུ་ནད་ཀྱིས་ཐེབས་སོ་ཞེས་ཐོས་ནས། ཐོས་མ་ཐག་ཏུ་དེའི་ཕ་མ་གཉིས་ ཀྱིས་སྨན་པ་ཁྲིད་དེ། ཡོ་བྱད་ཐམས་ཅད་ཁྱེར་ནས། གཙུག་ལག་ཁང་དུ་སོང་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་སོས་པར་བྱེད་མ་ནུས་ནས། དེ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་གཙུག་ལག་ཁང་དུ་འདུག་ན་ནི་ཁྱིམ་གྱི་བྱ་བ་མང་ པོ་དག་ཤོར་བར་འགྱུར་ན་མ་ལ་བུ་འདི་ཁྱིམ་དུ་ཁྲིད་ལ་དེ་ཉིད་དུ་ནད་གཡོག་བྱའོ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་མཁྱེན་པར་མཛད་དུ་གསོལ། བདག་ཅག་གཉིས་འདི་ན་མཆིས་ན་ནི་ཁྱིམ་གྱི་བགྱི་ བ་མང་པོ་དག་ཤོར་བར་འགྱུར་ན། བདག་ཅག་གཉིས་ཀྱིས་བུ་འདི་ཁྱིམ་དུ་ཁྲིད་དེ་ནད་གཡོག་བགྱི་བར་འཚལ་ན་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བསམས་པ། དགེ་སློང་འདིས་ཁྱིམ་དེ་ཉིད་དུ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱེད་པར་འགྱུར་ལ། ཕ་མ་གཉིས་དང་ཁྱིམ་མི་རྣམས་ཀྱང་བདེན་པ་རྣམས་ལ་འགོད་པར་འགྱུར་རོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགའ་བ་བཞིན་དུ་གྱིས་ཤིག །དེ་ནས་དེ་སྐད་ཐོས་པའི་མོད་ལ། ཁྱིམ་བདག་ དེས། དགེ་སློང་དེ་བདག་གི་ཁྱིམ་དུ་ཁྲིད་དེ། སྨན་པའི་ལུང་བཞིན་དུ་ཡོ་བྱད་ཐམས་ཅད་ཀྱིས་ནད་གཡོག་བྱས་སོ། །དགེ་སློང་དེས་ཀྱང་ཁྱིམ་དེ་ཉིད་ན་འདུག་བཞིན་དུ་ནད་ཀྱིས་སྐྱོ་བར་གྱུར་ནས། བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་ སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཐོབ་ནས་ཕ་མ་གཉིས་དང་ཁྱིམ་གྱི་མི་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་དང་བཅས་ པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་ནས། བདག་ཉིད་ཀྱི་སྔོན་གྱི་གནས་ རྗེས་སུ་དྲན་པར་བྱེད་དེ། བདག་གང་ནས་འཆི་འཕོས་གང་དུ་སྐྱེས་སྙམ་དུ་བསམས་ནས། དེས་མི་ལས་ཤི་འཕོས་ཏེ། མི་ཉིད་དུ་སྐྱེས་ལ་ཐམས་ཅད་དུ་ཡང་ནད་མང་བ་དང་། ཚེ་ཐུང་བར་གྱུར་པར་མཐོང་ནས། དེས་བསམས་པ་བདག་སོ་སོའི་སྐྱེ་བོར་གྱུར་པས། འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ལ། ད་ནི་བདག་གིས་བྱ་བ་བྱས་ཟིན་པས། བདག་ལ་སྡུག་བསྔལ་འདི་ལྟ་བུ་ཅི་དགོས་ཀྱིས། མ་ལ་བདག་ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་དུ་བསམས་ནས། འབར་བ་དང་ལམ་མེར་འདུག་པ་དང་། ཆར་འབབ་ པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས། ཕ་མ་གཉིས་ཀྱིས་དེ་ཁྱོགས་རས་སྔོན་པོ་དང་། སེར་པོ་དང་དམར་པོ་དང་ དཀར་པོ་རྣམས་ཀྱིས་བརྒྱན་པའི་སྟེང་དུ་བཞག་སྟེ་ཁྱེར་བར་བྱས་ན། ཁྱོགས་གདེག་པར་མ་ནུས་ནས། དེ་དག་ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་སོང་སྟེ་བསྙད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དྲན་པར་བྱས་ཏེ། བསམས་ན་དེ་ཉིད་ཀྱིས། དེ་ལྟ་བུར་ འགྱུར་བའི་སྨོན་ལམ་བཏབ་པར་རིག་ནས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཆོས་གོས་དག་གྱོན་ལ། དགེ་སློང་དེའི་མཆོད་པའི་ལས་བྱེད་དུ་འདོང་ངོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་དགེ་ སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཀྱང་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་རབ་ཏུ་བྱུང་ནས། དེ་ཡོངས་སུ་མྱ་ངན་ལས་ འདས་ཏེ། བཅོམ་ལྡན་འདས་ཀྱང་དེ་ལ་མཆོད་པ་དང་བཀུར་སྟིར་མཛད་པར་བཞེད་དོ་ཞེས་ཐོས་ཏེ། དེ་ལྟར་རིག་ནས། དེས་ཀྱང་དེའི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱས་ཏེ་འཁོར་ལྔ་བརྒྱ་དང་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་དོང་ངོ་། །ཁྱིམ་བདག་མགོན་མེད་ ཟས་སྦྱིན་དང་བཙུན་མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་གནའ་མིས་ཀྱང་ཐོས་སོ། །དགེ་བསྙེན་མ་ས་ག་དང་། དགེ་བསྙེན་མ་ལེགས་སྐྱེས་མས་ཀྱང་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་རབ་ཏུ་བྱུང་ནས། དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། བཅོམ་ལྡན་འདས་ཀྱང་ དེའི་མཆོད་པ་དང་བཀུར་སྟི་མཛད་པར་བཞེད་དོ་ཞེས་ཐོས་སོ། །ཐོས་ནས་དེ་དག་ཀྱང་འཁོར་དང་བཅས་པར་དེར་དོང་སྟེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་གསོལ་པ། དགེ་སློང་འདི་ཡི་སྐུ་གདུང་གི་མཆོད་པ་བདག་ཅག་བགྱིད་ཀྱིས། བཅོམ་ལྡན་འདས་འོ་བརྒྱལ་མི་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དགེ་བསྙེན་གཞན་དག་གིས་དགེ་སློང་དེའི་ཁྱོགས་ཁྱེར་ ནས། དུར་ཁྲོད་དུ་ཆས་ཏེ། དེའི་ཕྱི་བཞིན་དུ་བཅོམ་ལྡན་འདས་དང་དགེ་སློང་གཞན་དག་དང་མཆོད་པ་དང་བཀུར་སྟི་བྱེད་པའི་དགེ་བསྙེན་དང་དགེ་བསྙེན་མ་རྣམས་ཀྱང་ཕྱི་བཞིན་དུ་འབྲང་སྟེ། དེ་དག་གིས་དུར་ཁྲོད་དུ་ཁྱེར་ནས། སྤོས་ཀྱི་ཤིང་སྣ་ཚོགས་བཙེར་ཏེ་མེ་སྦར་ནས། མེ་དེ་ འོ་མས་བསད་དེ་རུས་པ་དེ་རྣམས་བསྡུས་ནས་བུམ་པའི་ནང་དུ་བཅུག་སྟེ་ས་ཕྱོགས་དེ་ཉིད་དུ་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས། མཆོད་རྟེན་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ་ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་སྔར་འཁོད་ནས། བཅོམ་ལྡན་འདས་ ཀྱིས་འཁོར་བཞི་པོ་རྣམས་ལ་མི་རྟག་པ་དང་ལྡན་པའི་གཏམ་བཀའ་སྩལ་ནས། གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། དགེ་སློང་རྫོགས་བྱེད་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་ནད་མང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྫོགས་བྱེད་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་ པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་ དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། རྒྱལ་པོའི་ཕོ་བྲང་བདེ་ལྡན་ན། རྒྱལ་པོ་བདེ་བའི་མདུན་ན་འདོན་པ། བྲམ་ཟེ་མེས་བྱིན་ལ་བུ་གཉིས་ཡོད་པ་ལས་གཅིག་གིས་ནི་རྒན་པོ་དང་། ནད་པ་དང་ཤི་བ་མཐོང་ནས་ནགས་ཀྱི་ནང་དུ་ རྟེན་བཅས་ཏེ། དེ་དེར་སོང་ནས་བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་སུམ་ཅུ་རྩ་བདུན་དྲན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་ནས་སེམས་ཅན་ལ་ཕན་པ་མཛད་དེ། ཡང་ དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བར་གྱུར་ཏོ། །ཅིག་ཤོས་ནི་འདོད་པ་ལ་ཞུགས་ཏེ་བག་མེད་པ་དང་གཞན་གྱི་ཆུང་མ་ལ་བྱི་བྱེད་པ་དང་། སྲོག་གཅོད་པ་བྱེད་པར་གྱུར་ཏེ། དེ་རི་དགས་ཤོར་དུ་སོང་ནས། སེམས་ཅན་སྟོང་ཕྲག་དུ་མ་ཁ་འདོག་པར་ བྱེད་དོ། །དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཕོ་བྲང་མཛེས་ལྡན་དུ་གཤེགས་ཏེ། ཡབ་སྲས་གདན་འཛོམ་པ་དེའི་ཚེ་མཛེས་ལྡན་ན་རྟེན་ཅིང་བཞུགས་ཏེ། སེམས་ཅན་ལ་ཕན་པ་མཛད་དོ། །དེ་ནས་དེས་གཅུང་དེ་སྡིག་པའི་ ལས་དེ་ལས་བཟློག་ནས། སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་ལ་གནས་པར་མཛད་དོ། །དེས་ཀྱང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་ བཅས་པ་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཅི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ ཟེའི་བུར་གྱུར་པ་གང་ཡིན་པ་དེ་ནི་རྫོགས་བྱེད་འདི་ཉིད་ཡིན་ཏེ། དེས་དེར་སེམས་ཅན་སྟོང་ཕྲག་དུ་མ་ཁ་བཏག་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ནད་མང་བ་དང་ཚེ་ཐུང་བར་གྱུར་ཏོ། །དེས་དེར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ གཙུག་ལག་ཁང་བྱས་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་འཆི་ཀར་སྨོན་ལམ་བཏབ་པ། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ གྱུར་ཅིག །སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་ པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཡོངས་སུ་ མྱ་ངན་ལས་འདས་པ་ན་འཁོར་བཞི་པོ་རྣམས་མཆོད་པ་བགྱིད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་བཏབ་པའི་དབང་གིས་གྱུར་ཏོ། །འདིས་གང་དུ་སྨོན་ལམ་བཏབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་ བྱུང་ནས། བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བདག་གིས་འཁོར་བའི་ལུས་འདིས་བྱ་བ་བྱས་ཟིན་གྱིས། མ་ལ་ད་ནི་བདག་ཞི་བའི་དབྱིངས་སུ་ འཇུག་པར་བྱའོ་སྙམ་དུ་བསམས་ནས། འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། མཁན་པོས་དེའི་ཕ་མ་ལ་སྦྲན་ཏེ། དེའི་ཕ་ མ་གཉིས་དང་མཁན་པོས་སྐུ་གདུང་གི་མཆོད་པ་ཆེན་པོ་བྱས་ནས་མཁན་པོས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་བཅོམ་ལྡན་ འདས་འཁོར་བཞི་པོ་དང་བཅས་པ་རྣམས་ཀྱིས་མཆོད་པའི་ལས་མཛད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་རྫོགས་བྱེད་འདི་ཉིད་ཡིན་ཏེ། དེས་དགྲ་བཅོམ་པ་དེ་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་ པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་ མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་འཁོར་ བཞི་པོ་རྣམས་ཀྱིས་མཆོད་པའི་ལས་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་གཉིས་པ། སྒུར་བུ་གཉིས་ཞེས་བྱ་བ་དེ་ལ། སྒུར་བུ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་ སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་། ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་ སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟ