Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 073_མདོ་སྡེ།_ཧ
Văn bản gốc(Tây Tạng)
Trang 2 / 20 (50.000 ký tự/trang)
ག་པ་དང་གོ་མཚོན་བརྟག་པ་རྣམས་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ ཞིག་ན་ཁྱེའུ་དེ་ནད་ཀྱིས་ཐེབས་ནས་དེའི་རྒྱབ་རླུང་གིས་སྒུར་བུར་བྱས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས། དེ་ལ་སྨན་པ་ཐམས་ཅད་དང་ཡོ་བྱད་ཐམས་ཅད་བསོགས་ཏེ་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་སོ། །དེ་ནས་ཕྱི་ཞིག་ ན་ཁྱིམ་བདག་དེའི་བློ་སྐྱེས་པ་ཁྱེའུ་འདི་སྨན་པ་ཐམས་ཅད་ཀྱིས་གསོ་མ་ནུས་ཀྱིས། ད་ནི་ཡོན་གནས་རྣམས་ལ་གསོལ་བ་བཏབ་ན། དེ་དག་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས། དེ་དག་གིས་བདག་གི་བུའི་རྒྱབ་སྔ་མཁོ་བཞིན་དུ་རངས་པར་བྱེད་ནུས་ཀྱང་སྲིད་དོ་ སྙམ་དུ་བསམས་ནས། དེས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་སྤྱན་དྲངས་ཏེ། རང་གི་ལག་གིས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཁྱེད་ནི་འདི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཅི་ ཡང་མི་མཁྱེན་པའམ། མི་རྟོགས་པ་མི་མངའ་བ་ལགས་ན། བདག་གི་བུ་འདི་རླུང་གིས་རྒྱབ་སྒུར་པོར་བགྱིས་པ་དེ་སོས་པར་མཛད་དུ་གསོལ་ཞེས་བྱས་སོ། །དེ་དག་གིས་ཀྱང་དེ་ལ་སྔགས་དང་སྨན་མང་དུ་བྱས་ན། འོན་ཀྱང་སོས་པར་བྱེད་མ་ནུས་སོ། །དེ་ནས་ཁྱིམ་ བདག་དེའི་མཛའ་བོ་བཤེས་པའི་གྲོགས་པོ་སངས་རྒྱས་པའི་དགེ་བསྙེན་ཞིག་ཡོད་པ་དེས། དེ་ལ་སྨྲས་པ་གྲོགས་པོ་སྐྱབས་མ་ཡིན་པ་འདི་དག་ལ་སྐྱབས་བཙལ་ཏེ་ཅི་བྱ། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་དང་ཁྱོད་ཀྱི་ལེགས་པ་ཐམས་ཅད་མཛད་པར་འགྱུར་ རོ། །དེས་སྨྲས་པ་དེ་ཅི་ཤེས་པ་ཞིག་དགེ་བསྙེན་གྱིས་སྨྲས་པ། དེ་ནི་ཐམས་ཅད་མཁྱེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །དེ་ནས་ཁྱིམ་བདག་དེས་ཐོས་མ་ཐག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དང་འཚམ་པའི་ཆོས་བསྟན་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཏམ་གྱི་མཇུག་ རྫོགས་ནས། ཁྱིམ་བདག་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ཞེས་གསོལ་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རང་ནས་བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་དེས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྦྱར་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ནས་ཕྱག་ཆབ་ཀྱི་ཆུ་ར་བཀང་སྟེ། བཅོམ་ལྡན་ འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་ གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་པ་དང་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་ བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་ དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། ཤིན་ཏུ་དགའ་བ་སྐྱེས་ནས། དེ་གུས་པར་བསྒྲིམ་པའི་ ཚུལ་གྱིས་ཁྲི་ལས་ལངས་སོ། །དེ་ཁྲི་ལས་ལངས་པའི་མོད་ལ་རྒྱབ་སྒུར་བ་དེ་སྔ་མཁོ་བཞིན་དུ་རངས་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མཆུས་གཏུགས་ནས་འདི་སྐད་དུ། བཅོམ་ལྡན་འདས་ནི་བདག་ལ་དཀའ་བ་མཛད་པའོ། །བདེ་བར་གཤེགས་པ་ནི། བདག་ལ་དཀའ་བ་མཛད་པའོ་ཞེས་གསོལ་ཏོ། །དེ་ནས་ བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་ བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ལགས་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་འཁོར་དང་བཅས་པའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་ དང་བཅས་པ་དང་ཁྱེའུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་བདེན་པ་རྣམས་ལ་བཀོད་ནས། ཆོས་ཀྱི་གཏམ་གྱིས་ཡང་དག་པར་ བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེའི་བློ་སྐྱེས་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་ བདེ་བ་རྣམ་པ་དུ་མ་ནི་བསལ། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ནི་བསྒྲུབས། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ནི་བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི་བསྒྲུབས་ཀྱིས་བདག་གིས་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་དུ་ འགྲོའོ་སྙམ་དུ་བསམས་ཏེ་ཕ་མ་ལ་གསོལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན་བདག་ཀྱང་། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ ལོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག །ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་ བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་། ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་ནས་དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་ གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ལ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་ པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དང་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྒྱབ་སྒུར་བུར་གྱུར་ལ། བཅོམ་ལྡན་འདས་ ལ་བརྟེན་ཏེ། སྔ་མཁོ་བཞིན་དུ་རངས་པར་གྱུར་ནས། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ན། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འདིས་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་ སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་ སཱི་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་མཚེ་མ་གཉིས་བྱུང་སྟེ། དེ་གཉིས་ཀྱི་བཙས་ སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ཚེ་དེ་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་ རྙེད་ནས། དེ་གཉིས་ཀྱིས་ཕ་མ་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། བསྙེན་པར་རྫོགས་ཏེ་དེ་གཉིས་ལ་མཁན་པོས་སྨྲས་པ། བུ་གཉིས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ནི་འཁོར་ལོ་གཉིས་ཀྱིས་གཟུང་ བ་བྱེད་དེ། བསམ་གཏན་གྱི་འཁོར་ལོ་དང་ཁ་ཏོན་བྱེད་པའི་འཁོར་ལོ་འདི་གཉིས་ཡིན་ན། ཁྱེད་གཉིས་ཀྱིས་གང་བྱ། དེ་གཉིས་ཀྱིས་སྨྲས་པ། ཐོག་མར་རེ་ཞིག་ཁ་ཏོན་ལ་འབད་པར་བགྱིས་ལ་སླད་ཀྱིས་བསམ་གཏན་བགྱིའོ། །མཁན་པོས་སྨྲས་པ། ཁྱེད་ གཉིས་ཇི་ལྟར་དགའ་བ་བཞིན་དུ་གྱིས་ཤིག་ཅེས་བྱས་ནས། དེས་རེ་ཞིག་ཁ་ཏོན་སློབ་ཏུ་བཅུག་གོ། །དེ་གཉིས་ཀྱི་ནང་ན་གཅིག་ནི་རྒོད་བག་ཅན་ཞིག་གོ། །གཅིག་ནི་བརྟན་པོ་ཞིག་སྟེ་དེ་ནི་གང་གི་ཚེ་ཁ་ཏོན་བྱས་ཟིན་ནས་ཉལ་བར་བྱེད་དེ། དེའི་ཚེ་རྒོད་བག་ཅན་ཅིག་ ཤོས་ཀྱིས་དེ་ཉལ་བའི་སྟེང་དུ་ཡང་དང་ཡང་ལྗིད་ཀྱིས་འབེབས་པར་བྱེད་ནས། དེས་དེ་ལ་བཙུན་པ་བདག་ལ་ཡང་དང་ཡང་དུ་གནོད་པ་མ་བྱེད་ཅིག་ཅེས་བྱས་ཀྱང་དེས་དེའི་ངག་མ་མཉན་ཏོ། །དེ་ནས་དེ་ཁྲོས་ནས་དེ་ཉིད་སྣད་པར་བྱ་བའི་ཕྱིར་དྲུང་དུ་སོ་ ཕག་ཅིག་བསྒྲེངས་ཏེ་བཞག་གོ། །དགེ་སློང་དེ་ཡང་དེ་ལ་གཙེ་བའི་ཕྱིར་ཡང་འོངས་ཏེ། དེའི་སྟེང་དུ་ལྗིད་ཀྱིས་ཕབ་ནས་དེའི་རྒྱབ་སོ་ཕག་དེའི་སྟེང་དུ་ཕབ་སྟེ། རྐེད་པ་ཆག་ནས་དེ་གཞི་དེ་ལས་སྡུག་བསྔལ་ཆེན་པོ་སྐྱེས་སོ། །དེ་ནས་ནུ་བོ་དེས་ཀྱང་དེའི་ལུས་ཀྱི་སྡུག་བསྔལ་ མཐོང་ནས། དེ་ཡང་སེམས་ཀྱི་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་གིས་མི་དགོས་པ་འདི་ལྟ་བུ་བྱས་པ་ཉེས་སོ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྨན་པ་དང་ཡོ་བྱད་རྣམས་སྦྱར་ཏེ་ཕུ་བོའི་ནད་གཡོག་བྱས་ནས་དེས་རིང་པོ་མ་ཐོགས་པར་དེའི་རྒྱབ་སོས་པར་བྱས་སོ། །དེ་ གང་གི་ཚེ་སོས་པར་གྱུར་པ་དེའི་ཚེ་དེ་ཤས་ཆེར་སྐྱོ་བ་སྐྱེས་ཏེ། ལུས་རུལ་བ་སྙིང་པོ་མེད་པ་འདི་ཅི་དགོས་སྙམ་ནས། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ནུ་བོ་དེས་ཀྱང་དེས་བྱ་བ་བྱས་པར་རྟོགས་ ནས། དེ་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེ་ལ་བཀུར་སྟི་དང་ལྡན་པས་གཡོག་བྱས་སོ། །དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡང་བཀུར་སྟི་བྱས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པ། བདག་གིས་འདི་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཀུར་སྟི་བྱས་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས་ད་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་དེའི་སྐལ་བ་ཅན་དུ་བདག་མ་གྱུར་ཅིག །ཇི་སྟེ་བདག་ལ་ལས་ དེའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་ན་ཡང་བདག་གི་ལུས་དང་སེམས་ཀྱི་གནོད་པ་དེ་བཅོམ་ལྡན་འདས་ཀྱིས་བསལ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ བར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེ་ཁྲོས་ནས་ཕུ་བོའི་རྐེད་པ་བཅག་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་རྐེད་པ་ཆག་པར་གྱུར་ཏོ། །དེས་དེར་སྨོན་ལམ་བཏབ་སྟེ། ཇི་སྟེ་བདག་ལ་ལས་དེའི་འབྲས་བུ་རྣམ་ པར་སྨིན་པར་གྱུར་ན་ཡང་བདག་གི་ལུས་དང་སེམས་ཀྱི་གནོད་པ་དེ་བཅོམ་ལྡན་འདས་ཀྱིས་བསལ་བར་གྱུར་ཅིག་ཅེས་བྱས་པ་དེས་ན་ད་ལྟར་ངས་འདི་གནོད་པ་གཉི་ག་ལས་ཡོངས་སུ་བསྐྱབས་སོ། །དེས་དེར་སྨོན་ལམ་བཏབ་སྟེ། བདག་གང་དང་གང་དུ་སྐྱེ་བ་དེ་དང་ དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་ བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། འདི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་ མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།སྒུར་བུ་གཅིག་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་དགེ་སློང་མ་ཚོན་མོ་དགའ་ མོ་དགེ་སློང་མའི་གཙུག་ལག་ཁང་རྒྱལ་པོའི་ཀུན་དགའ་ར་བ་ཞེས་བྱ་བ་ན་འདུག་པ་ལས་ཕྱི་ཞིག་ན་དེའི་བློ་སྐྱེས་པ་ཉན་ཐོས་ཆེན་མོ། གནས་བརྟན་མ་གནས་བརྟན་མ་རྫུ་འཕྲུལ་ཐོབ་པ་དེ་དག་ནི་རྫུ་འཕྲུལ་གྱིས་འདི་ནས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ཡང་སོང་། བྱང་གི་སྒྲ་ མི་སྙན་དང་ནུབ་ཀྱི་བན་ལང་སྤྱོད་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དང་གཞན་ཡང་ལྗོངས་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བའི་ལྗོངས་དེ་དང་དེ་དག་ཏུ་སོང་ནས་ཁ་ཟས་གཙང་མ་བཟང་པོ་མང་པོ་དག་ཁྱེར་ནས་འོངས་ཏེ། ཟ་བར་ བྱེད་ན། བདག་གིས་ཀྱང་རྫུ་འཕྲུལ་ཞིག་ཐོབ་ན་ནི་བདག་ཀྱང་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ཡང་སོང་། བྱང་གི་སྒྲ་མི་སྙན་དང་ནུབ་ཀྱི་བན་ལང་སྤྱོད་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དང་། གཞན་ཡང་ལྗོངས་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་ བོ་དང་མི་མང་པོས་གང་བའི་ལྗོངས་དེ་དང་དེ་དག་ཏུ་སོང་ལ། ཁ་ཟས་གཙང་མ་བཟང་པོ་མང་པོ་བླངས་ཏེ་བཟའ་བ་ཞིག་ན། མ་ལ་བདག་གིས་ཀྱང་རྫུ་འཕྲུལ་བསྐྱེད་པར་བྱའོ་སྙམ་མོ། །དེས་ཡང་བསམས་པ། བདག་ལ་རྫུ་འཕྲུལ་གྱི་མན་ངག་སྟོན་ནུས་པ་སུ་ ཞིག་ཡོད། གལ་ཏེ་བདག་དགེ་སློང་མ་རྣམས་ཀྱི་ཐད་དུ་སོང་ན་ནི། འདི་ན་དགེ་སློང་མ་རྣམས་ཕྲག་དོག་ཅན་ཡིན་པས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏོ། །དགེ་སློང་རྣམས་ཀྱང་སྙན་སླེབས་པར་དཀའ་སྟེ། བདག་ཅག་གཙུག་ལག་ཁང་ན་གནས་པ་རྣམས་ ལ་གཏམ་ཟེར་དུ་ཡང་མི་བཏུབ་ན། རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་པ་ལྟ་ཅི་སྨོས་ཀྱིས། མ་ལ་བདག་དྲུག་སྡེ་རྣམས་ཀྱི་ཐད་དུ་སོང་ན་ནི། དེ་དག་བདག་གི་གཉེན་ཡིན་པས། རྟག་ཏུ་བདག་གི་དོན་དུ་འགྱུར་བར་འདོད་པ་དང་ཕན་པར་འདོད་པ་ཡིན་ལ། དེ་ དག་གིས་ནི་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་ཀྱང་ནུས་ན་བདག་གིས་ཇི་ལྟར་བྱ། ཐོག་མ་ཁོ་ནར་བདག་གིས་དེ་དག་ལ་ཟང་ཟིང་གིས་གཅམས་ལ་ཕྱིས་བདག་གིས་འདི་དག་ལ་དོན་དེའི་གསོལ་བ་གདབ་བོ་སྙམ་བསམས་ནས། དེས་དེ་དག་སྤྱན་དྲངས་ཏེ། རང་ གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་མཁྱེན་པར་མཛད་དུ་གསོལ། བདག་ནི་རྫུ་འཕྲུལ་བསྒྲུབ་པར་འཚལ་ལ། ཁྱེད་ཀྱང་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་ སྤྱོད་ཀྱིས་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་བསྟན་དུ་གསོལ། ཁྱེད་ཀྱི་མཐུས་བདག་གིས་རྫུ་འཕྲུལ་བསྐྱེད་པར་འཚལ་ལོ། །དྲུག་སྡེ་རྣམས་ཀྱིས་དེ་ལ་སྨྲས་པ། ཚོན་མོ་དགའ་མོ། རིག་པ་སུ་ལའང་སྦྱིན་མི་བྱ། །རིག་དང་མཉམ་དུ་འཆི་བར་བྱ། །ཡང་ ན་རིག་པས་རིག་པ་བརྗེ། །ཡང་ན་སྲི་ཞུ་ནོར་ཕྱིར་སྦྱིན། །ཞེས་བྱ་བ་ཁྱོད་ཀྱིས་མ་ཐོས་སམ། དེ་ལྟ་མོད་ཀྱི་འོན་ཀྱང་ཁྱོད་ངེད་ལས་རྫུ་འཕྲུལ་བསྒྲུབ་པར་འདོད་ན། སྔར་ཇེ་ཁོ་བོ་ཅག་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲོངས་ལ། རེ་རེ་ལ་ཡང་ཡོ་བྱད་རྣམ་པ་དྲུག་དྲུག་ཕུལ་ ཅིག་ཅེས་བྱས་སོ། །དེ་ནས་དེས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་ཅིག་དང་དེ་བཞིན་དུ་བགྱིའོ། །དྲུག་སྡེ་པ་རྣམས་ཀྱིས་སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་ཐོག་མར་ཇེ་ལུས་ཟོན་ཡང་བར་གྱིས་དང་། ཕྱིས་གོམས་པའི་ ཤུགས་ཀྱིས་རྫུ་འཕྲུལ་དཀའ་བ་མེད་དོ། །དེས་སྨྲས་པ། བདག་གིས་ཐབས་ཅི་ཞིག་གིས་ལུས་ཟོན་ཡང་བར་བགྱི། དེ་དག་གིས་སྨྲས་པ། རེ་ཞིག་ཁ་ཟས་ཉུང་དུ་ཟོ་ཤིག །དེ་ནས་དང་པོའི་ཉིན་པར་ནི་ཁྲིའུ་གཅིག་གི་སྟེང་དུ་འཛེགས་ལ་མཆོངས་ཤིག །དེ་ བཞིན་དུ་ཕྱི་དེ་ཉིན་པར་ཁྲིའུ་ཉིས་བརྩེགས་བྱོས་ལ་དེའི་སྟེང་དུ་འཛེགས་ནས་དེ་ལ་མཆོངས་ཤིག །དེ་བཞིན་དུ་ཉི་མ་གསུམ་ནས་ཉི་མ་བདུན་གྱི་བར་དུ་ཁྲིའུ་བདུན་གཅིག་གི་སྟེང་དུ་གཅིག་བརྩེགས་ལ་དེའི་སྟེང་དུ་འཛེགས་ཏེ་དེ་ལས་མཆོངས་ཤིག །དེ་བཞིན་དུ་ཁང་ཐོག་ནས་ ཀྱང་མཆོངས་ཤིག་དང་དེའི་ཚེ་གོམས་པའི་ཤུགས་ཀྱིས་ལུས་ཟོན་ཡང་བར་འགྱུར་རོ། །དེའི་འོག་ཏུ་གོམས་པའི་ཤུགས་ཀྱིས་རྫུ་འཕྲུལ་འགྲུབ་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོན་མོ་དགའ་མོས། ཇི་ལྟར་དེ་དག་གིས་མན་ངག་བསྟན་པ་དེ་བཞིན་དུ་ བྱས་ནས་ཞག་བདུན་པའི་ཉིན་པར་དེས་ཁྲིའུ་བདུན་བརྩེགས་ལས་མཆོངས་ནས་རྐེད་པ་ཆག་གོ། །དེ་ནས་དེས་དྲུག་སྡེ་རྣམས་ལ་བསྙད་དེ། འཕགས་པ་དག་བདག་འདི་ཁོ་ན་ལྟར་གྱུར་གྱིས་མ་མཆིས་ན། ད་བདག་གིས་ཇི་ལྟར་བགྱི་ཞེས་བྱས་སོ། །དྲུག་སྡེ་རྣམས་ཀྱིས་ དེ་ལ་སྨྲས་པ། བདག་ཅག་གིས་ཅི་ཤེས་པའི་མན་ངག་ནི་ཁྱོད་ལ་བསྟན་ཟིན་ཏེ། ཐབས་འདིས་ན་ཁྱོད་ཀྱི་ལུས་ཟོན་ཡང་བར་གྱུར་ལ། ཕྱིས་རྫུ་འཕྲུལ་ཡང་དཀའ་བ་མེད་དོ། །དེ་ཕན་ཅད་ཇི་ལྟར་བྱ་བ་ནི་ཁྱོད་ཉིད་ཤེས་པར་ཟད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོན་མོ་ དགའ་མོ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ནས། དེས་གཙུག་ལག་ཁང་དུ་འོངས་པ་དེ་དག་ཚར་བཅད་དེ་ཞེ་གཅོད་པའི་ཚིག་གིས་དམུས་ཕྱུང་ནས་གཙུག་ལག་ཁང་ནས་བསྐྲད་དོ། །སྐྱེ་བོ་ཕལ་པོ་ཆེ་ལ་ཡང་དོན་དེ་བསྙད་ནས་ཁ་བྱས་ཏེ་སྨོད་ཅིང་འཕྱས་སོ། །དེ་ནས་ སྐབས་དེ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དགེ་སློང་མ་ཚོན་མོ་དགའ་མོ་རྫུ་འཕྲུལ་གྱི་སླད་དུ་དམས་ཤིང་ཉམས་པར་གྱུར་ལ། དེས་དགུང་ཟླ་གསུམ་གྱི་བར་དུ་གཡར་དྲངས་པ་དང་། ལྷུང་བཟེད་དང་ཆོས་གོས་མང་པོས་ ཀྱང་བགོད་ལ། དེས་རྫུ་འཕྲུལ་ཡང་མ་ཐོབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཚོན་མོ་དགའ་མོ་ནི་དྲུག་སྡེ་རྣམས་ཀྱིས་ད་ལྟར་འབའ་ཞིག་བྲིད་པར་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་དག་ཉིད་ཀྱིས་བྲིད་དེ། དོན་དེ་ཡང་ མ་གྲུབ་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། རྒྱལ་པོ་དེའི་ཕོ་བྲང་ན་ཁང་བཟངས་ཞིག་གསར་དུ་བྱེད་པ་དེར་ཤིང་མཁན་མང་པོ་ཞིག་ལས་བྱེད་དེ། དེ་དག་གིས་སྡོང་པོ་ཡོན་པོ་གང་ ཡིན་པ་དེ་དག་ཐིག་གིས་བཏབ་ནས་དྲང་པོར་སྲོང་བར་བྱེད་པ་དང་། རྒྱལ་པོ་དེའི་དཀོར་བ་བུད་མེད་སྒུར་མོ་ཞིག་འདུག་པ་དེས། ཤིང་མཁན་དེ་དག་གིས་སྡོང་པོ་ཡོན་པོ་རྣམས་ཐིག་གིས་བཏབ་ནས་དྲང་པོར་སྲོང་བར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་དེའི་བློ་སྐྱེས་པ་ཤིང་ མཁན་འདི་དག་ནི་མཁས་ཏེ་འདི་ལྟར་སྡོང་པོ་མཁྲང་ལ་རེག་ན་རྩུབ་པ་དག་ཀྱང་དྲང་པོར་སྲོང་ནུས་ན། བདག་གི་རྒྱབ་འཇམ་ཞིང་མཉེན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྟེ་སྲོང་མི་ནུས་སྙམ་བསམས་ནས། དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། ཀྱེ་ཁྱེད་རྣམས་ཀྱིས་བདག་ གི་རྒྱབ་སྒུར་བ་བསྲང་བར་ནུས་སམ། དེ་དག་གིས་སྨྲས་པ། ངེད་ཀྱིས་ནུས་ནི་ནུས་མོད་ཀྱི་འོན་ཀྱང་སྔར་ཇི་ཁོ་བོ་ཅག་ལ་རྔན་པ་བྱིན་ཏེ། ཟླ་བ་གསུམ་གྱི་བར་དུ་གཡར་དྲོངས་ལ་གོས་དང་རྒྱན་མང་པོ་དག་ཀྱང་བྱིན་ཅིག་དང་དེའི་འོག་ཏུ་ཁོ་བོ་ཅག་གིས་ཁྱོད་ཀྱི་རྒྱབ་དྲང་པོར་ བསྲང་ངོ་། །དེས་སྨྲས་པ། ཁྱེད་ཇི་ལྟར་དགའ་བ་བཞིན་དུ་བྱའོ་ཞེས་བྱས་ནས་དེས་དེ་དག་ཟླ་བ་གསུམ་གྱི་བར་དུ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་བཀུར་ནས། ཐ་མའི་ཉིན་པར་གོས་དང་རྒྱན་དག་ཀྱང་བྱིན་ཏེ་སྨྲས་པ། བདག་གིས་ཁྱེད་ལ་རྔན་པ་སྩལ་ལགས་ ཀྱིས། ད་ནི་ཁྱེད་ཀྱིས་བདག་གི་རྒྱབ་སྒུར་བ་དྲང་པོར་སྲོང་ཤིག །དེ་དག་གིས་སྨྲས་པ་ཆེ་ཞེ་བདག་ཅག་གིས་ནི་སྡོང་པོ་ཡོན་པོ་རྣམས་ཐིག་གིས་བཏབ་ནས་སྟ་རེས་བཞོགས་ཏེ་དྲང་པོར་སྲོང་ན། གལ་ཏེ་ཁྱོད་ཀྱིས་གནོད་པ་དེ་ལྟ་བུ་བཟོད་ནུས་ན་ནི། བདག་ཅག་གིས་ཁྱོད་ ཀྱི་རྒྱབ་ཐིག་གིས་བཏབ་སྟེ་སྟ་རེས་བཞོགས་ལ་དྲང་པོར་བསྲང་ངོ་། །དེས་སྨྲས་པ། ཐབས་དེས་ནི་བདག་འཆི་བར་འགྱུར་ཏེ། བདག་འཚོ་བའི་སྐབས་ཀྱང་མེད་དོ། །ཤིང་མཁན་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གི་ཤེས་པ་ནི་དེ་ཁོ་ནར་ཟད་དེ། དེ་ཕན་ཅད་ཇི་ལྟར་ བྱ་བ་ནི་ཁྱོད་ཉིད་ཤེས་སུ་ཟད་དོ། །དེ་ནས་དེ་སྐྱེངས་ཏེ་རེ་ཐག་ཆད་ནས། ཁ་རོག་པར་འདུག་སྟེ། སུ་ལ་ཡང་ཅུང་ཟད་ཀྱང་སྨྲ་བ་མ་ཕོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ། རྒན་མོར་གྱུར་པ་གང་ཡིན་པ་དེ་ནི་ཚོན་མོ་དགའ་མོ་འདི་ཉིད་ཡིན་ནོ། །དེའི་ཚེ་ཤིང་ མཁན་དུ་གྱུར་པ་དེ་དག་ནི་དྲུག་སྡེ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་དེ་དག་གིས་བྲིད་ནས་དོན་དེ་མ་གྲུབ་བོ། །ད་ལྟར་ཡང་འདི་དེ་དག་གིས་བྲིད་ནས་འདི་རྫུ་འཕྲུལ་ཡང་མ་གྲུབ་པ་ཡིན་ནོ།། །།འཆར་ཀ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ ཁབ་ན་བཞུགས་ཏེ་དེར་གང་གི་ཚེ། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ་དེས་བསམས་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་ནི་བསལ། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ནི་བསྒྲུབས། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ནི་བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི་བསྒྲུབས་ན། བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཇི་ལྟར་བསབ་པར་བྱ་སྙམ་མོ། །དེ་ནས་དེས་བསམས་པ་སངས་རྒྱས་འཇིག་རྟེན་དུ་འབྱུང་ བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ཟད་ཀྱིས། མ་ལ་བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱ་གོར་མ་ཆག་སྙམ་ནས་དེས་བསམས་པ། བདག་གིས་གདུལ་བར་བྱ་བ་འགའ་ལྟ་ཡོད་དམ་སྙམ་པ་དང་། དེས་ཡུལ་ཀཽ་ཤཱཾ་བཱི་ན་གནས་པའི་སྐྱེ་བོ་ ཕལ་ཆེར་བདག་གིས་གདུལ་བར་འགྱུར་བ་མཐོང་ནས། ཇི་སྲིད་དགའ་བའི་བར་དུ་རྒྱལ་པོའི་ཁབ་ཏུ་གནས་ནས་དེས་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་ཡུལ་ཀཽ་ཤཱཾ་བཱི་ན་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ་དེ་མཐར་གྱིས་རྒྱུ་ཞིང་སོང་བ་ལས་ཡུལ་ཀཽ་ཤཱཾ་བཱིར་ཕྱིན་ནས། ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་གནས་སོ། །ཚེ་དང་ལྡན་པ་དེ་ཡང་བསོད་ནམས་ཆེན་པོ་དང་ལྡན་པ། མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་གྲགས་སོ། །དེ་ནས་ཀཽ་ཤཱཾ་བཱི་ན་གནས་པའི་སྐྱེ་བོ་མང་པོས་འཕགས་པ་པིཎྜོ་ལ་བ་ར་དྷཱ་ཛ་ལྗོངས་རྒྱུ་ཞིང་ ཡུལ་ཀཽ་ཤཱཾ་བཱིར་འོངས་ཏེ། ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་སྡེ་ཚན་ནས་སྡེ་ཚན་དུ་འདུས་ཤིང་ཚོགས་ཏེ། ཀཽ་ཤཱཾ་བཱི་ནས་བྱུང་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ག་ལ་བ་དེར་སོང་སྟེ་ ལྷགས་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས། དེ་དག་གི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་རྟོགས་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། ཀཽ་ཤཱཾ་བཱི་ན་ གནས་པའི་སྐྱེ་བོའི་ཚོགས་འདུས་པ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི་དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ་དང་བདེན་པ་དང་འཐུན་པའི་བཟོད་པ་དང་འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང་། ཁ་ཅིག་གིས་ནི་ཚངས་པར་འགྱུར་བ་དང་། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ་ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་དག་གིས་ བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ལས་བརྟེན་ཏེ་བདག་ཅག་སེམས་ཅན་ དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་ལས་བཏོན་ནས། ལྷ་དང་མི་རྣམས་ཀྱི་ནང་དུ་གོམ་པ་འདོར་དུ་བཅུག་སྟེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་སྐམས། རུས་པའི་ལ་ནི་བསྒྲལ། ཐོག་མ་མེད་པ་ནས་གོམས་པའི་ཉོན་མོངས་པ་དེ་དག་ནི་བོར་ཏེ་བསལ་ཏོ། །འཕགས་པ་ བདག་ཅག་ཇི་སྲིད་འཚོའི་བར་དུ་བདག་ཅག་ལས་ཞལ་ཟས་དང་ན་བཟའ་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་ཅི་གནང་ཞེས་བྱས་སོ། །ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་སྨྲས་པ། གྲོགས་པོ་དག་གཞན་དག་ལ་ཡང་ ཕན་གདགས་དགོས་ཀྱིས་ཐོང་ཤིག །དེ་ནས་ཀཽ་ཤཱཾ་བཱི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་སྨྲས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་དོང་ངོ་། །དེ་ནས་ བདེན་པ་མཐོང་བ་དེ་དག་དུས་དུས་སུ་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་ཐད་དུ་འདོང་ཞིང་ཆོས་ཉན་ཏོ། །དེ་ནས་ཕྱི་ཞིག་ན་ཀཽ་ཤཱཾ་བཱི་ན་གནས་པའི་ཚོགས་ནས་ཚོགས་དང་འདུས་པ་ནས་འདུས་པའི་སྐྱེ་བོའི་ཚོགས་རྣམས། འདུས་ཤིང་ཚོགས་ཏེ་འདོང་བར་བྱེད་ལ། བད་སའི་རྒྱལ་པོ་ འཆར་ཀ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རི་དགས་ཤོར་དུ་དོང་བ་དང་། བད་སའི་རྒྱལ་པོ་འཆར་ཀས། ཀཽ་ཤཱཾ་བཱི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས། ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་འདོང་བ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་ རྣམས་ལ་དྲིས་པ། ཡུལ་མི་འདི་དག་གར་འདོང་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་མདུན་ན་འདོན་གྱི་བུ་པིཎྜོ་ལ་བ་ར་དྷྭ་ཛ་ཞེས་བགྱི་བ་ཞིག་མཆིས་པ་དེས་ཁྱིམ་དང་ཅོད་པན་མ་མཆིས་པའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་མཆིས་པ་ལས་ཀཽ་ཤཱཾ་བཱིར་མཆིས་ ནས། ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་གནས་ཏེ། འདི་དག་ནི་དེ་ལ་བལྟ་བའི་སླད་དུ་མཆིས་པ་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོས་སྨྲས་པ། དེ་ནི་ངའི་ཡང་ཡུན་རིང་པོ་ནས་སྙིང་དུ་སྡུག་པ་དང་ཡིད་དུ་འོང་བ་དང་མཁན་པོ་དང་ དྲན་པར་བྱ་བ་ཡིན་གྱིས་ང་ཡང་དེ་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ཞེས་བྱས་ནས། ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ག་ལ་བ་དེར་སོང་བ་དང་། གནས་བརྟན་དེས་རྒྱལ་པོ་བསུ་ཡང་མ་བསུ་ལངས་ཀྱང་མ་ལངས་སོ། །དེ་ནས་མཐོང་མ་ཐག་ ཏུ་རྒྱལ་པོ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོས་ནོན་ཏེ། ཁྲོས་ནས་གནས་བརྟན་ལ་བསྙེན་བཀུར་བྱས་ཏེ་སོང་ངོ་། །དེ་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་ཀྱིས་ངའི་ཡུལ་ན་འདུག་པའི་མདུན་ན་འདོན་གྱི་བུ་རབ་ཏུ་བྱུང་བ་པིཎྜོ་ལ་བ་ར་དྷྭ་ཛ་འདི་ལ་ལྟོས་དང་། ཁོས་ང་ མཐོང་ན་བསུ་ཡང་མ་བསུ་ལངས་ཀྱང་མ་ལངས་སོ་ཞེས་བྱས་སོ། །དེ་ནས་བློན་པོ་སྡང་བ་རྣམས་ཀྱིས་སྨྲས་པ། ལྷ་འདི་ལྟར་མཐོང་བ་བཞིན་དུ་མ་བསུ་བ་དང་མ་ལངས་པ་འདི་ནི་དེས་འཚམ་པར་བགྱིས་པ་མ་ལགས་སོ་ཞེས་བྱས་ནས། དེ་དག་གིས་རྒྱལ་པོ་དེ་ལྷག་པར་སྙིང་ན་བར་ བྱས་ཏེ། གཞི་དེས་རྒྱལ་པོ་དེ་ལྷག་པར་ཡང་མི་དགའ་བར་གྱུར་ནས། དེ་ཁྲོས་ཏེ་དཔུང་གི་ཚོགས་དེ་དག་དང་རི་དགས་ཤོར་དུ་སོང་ནས་ཕྱིར་ལོག་སྟེ་གཙུག་ལག་ཁང་དེ་ཉིད་ཀྱི་འདབ་ཏུ་སོང་ནས་བསམས་པ། ང་དགེ་སློང་དེ་ལ་བལྟ་བའི་ཕྱིར་ཡང་སོང་ལ། གལ་ཏེ་དེས་ང་མཐོང་ན་ བསུ་ཡང་མི་བསུ་ལྡང་ཡང་མི་ལྡང་བར་གྱུར་ན་ནི། དེ་མགོ་བོ་བཅད་དེ་དོར་རོ་སྙམ་དུ་བསམས་ནས། དེ་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་ཡང་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་བད་སའི་རྒྱལ་པོ་འཆར་ཀ་བདག་ལ་བལྟ་བའི་ཕྱིར་ཡང་འོངས་སོ་ ཞེས་ཐོས་སོ། །དེ་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཅིའི་ཕྱིར་ཡང་བདག་ལ་ལྟར་འོང་སྙམ་དུ་བསམས་པ་དང་། དེས་གལ་ཏེ་དགེ་སློང་འདི་བདག་བསུ་བར་ཡང་མི་བྱེད་ལྡང་བར་ཡང་མི་བྱེད་པར་གྱུར་ན། འདིའི་མགོ་འུད་པོར་བཅད་དེ་ས་ལ་དོར་རོ་སྙམ་དུ་སྡང་བའི་སེམས་ཀྱིས་འོངས་པར་དེས་ མཐོང་སྟེ། དེས་རྒྱལ་པོ་དེའི་བསམ་པ་སེམས་ཀྱིས་ཤེས་ནས། ཏིང་ངེ་འཛིན་དེ་ལས་ལངས་ཏེ་གོམ་པ་དྲུག་བོར་ནས་བསུ་བ་དང་། བསུ་བའི་མོད་ལ་རྒྱལ་པོ་དེའི་ལུས་ལས་འོད་འབྱུང་བ་དེ་མེད་པར་གྱུར་ཏེ་ས་ཡང་གས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་རྒྱལ་པོ་དེ་སྐྲག་ནས། དགེ་སློང་འདི་ནི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་ཞིག་སྟེ། བདག་འདི་ལ་སྡང་བའི་སེམས་ཀྱིས་སོང་བ་ལས་འདིའི་མཐུས་བདག་གི་འོད་མེད་པར་གྱུར་ལ་ས་ཡང་གས་པར་གྱུར་ཏོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ག་ལ་བ་དེར་སོང་སྟེ་རྐང་པ་ལ་ཕྱག་འཚལ་ནས་ སྨྲས་པ། འཕགས་པ་བདག་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པའི་ནོངས་པ་བཟོད་པར་གསོལ། གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ངས་ནི་བཟོད་མོད་ཀྱི་རང་གི་སེམས་ལ་བཟོད་པ་གསོལ་ཅིག་ཅེས་བྱས་སོ། །རྒྱལ་པོས་སྨྲས་པ། བཙུན་པ་བདག་རྒྱལ་སྲིད་ ལས་ཉམས་པ་འམ་སྲོག་གི་བར་ཆད་དུ་མི་འགྱུར་ལགས་གྲང་། གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མ་སྐྲག་ཤིག་མ་སྐྲག་ཤིག །ཁྱོད་རྒྱལ་སྲིད་ལས་ཀྱང་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུ་ཡང་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་མོད་ཀྱི་བདག་གིས་ཁྱོད་ལ་གོམ་པ་དྲུག་བསུ་ བ་དེས་ན་ཁྱོད་ཟླ་བ་དྲུག་གི་བར་དུ་རྒྱལ་སྲིད་སྟོར་བར་འགྱུར་ཏེ། ཟླ་བ་དྲུག་ལོན་ནས་ཕྱིར་ཡང་རྒྱལ་སྲིད་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་བདག་ལ་སེམས་དགའ་བར་གྱིས་ཤིག་དང་། སེམས་དགའ་བར་བྱས་མ་ཐག་པ་དེས་ན་ཁྱོད་སའི་འོག་ཏུ་ནུབ་པར་མི་འགྱུར་ལ། ཁྱོད་ཀྱི་ འོད་ཀྱི་དཀྱིལ་འཁོར་ཡང་སླར་འབྱུང་བར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོས་གནས་བརྟན་ལ་སེམས་དགའ་བ་བསྐྱེད་དེ། སེམས་དགའ་བ་བསྐྱེད་པའི་མོད་ལ་དེའི་འོད་ཀྱི་དཀྱིལ་འཁོར་ཡང་སླར་བྱུང་ལ་ས་གས་པ་ཡང་སླར་འབྱོར་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ དེ་གནས་བརྟན་ལ་ལྷག་པར་ཡང་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་གནས་བརྟན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་གནས་བརྟན་གྱི་ཐད་ནས་སོང་ངོ་། །དེ་ནས་ཕྱི་ཞིག་ན་བད་སའི་རྒྱལ་པོ་འཆར་ཀས་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་རི་དགས་ ཤོར་དུ་སོང་བ་དང་། དེ་རི་དགས་ཀྱིས་མིག་བླངས་ཏེ་སོང་ནས་དཔུང་གི་ཚོགས་ཀྱང་ལོགས་ཤིག་ཏུ་སོང་རྒྱལ་པོ་ཡང་ལོགས་ཤིག་ཏུ་སོང་སྟེ། དེ་དཔུང་གི་ཚོགས་དང་བྲལ་ནས་འབྲོག་འཆོལ་ཏེ། བ་ལང་གི་ལྷས་ཞིག་ཏུ་སོང་ནས་དེ་དེར་སུས་ཀྱང་ངོ་མ་ཤེས་ལ་དེས་ཀྱང་སུ་ ཡང་ངོ་མི་ཤེས་ཏེ། དེ་མྱོས་ནས་དེ་ཟླ་བ་དྲུག་གི་བར་དུ་བ་ལང་གི་ལྷས་དེ་ཉིད་ན་འདུག་གོ། །དེ་ནས་དེ་བུ་དང་བློན་པོ་དང་ཞམ་རིང་འཁོར་རྣམས་ཀྱིས་ཀྱང་བཙལ་བ་ལས་མ་རྙེད་ནས་སླར་རྒྱལ་པོའི་ཕོ་བྲང་དུ་འོང་སྟེ། བདག་ཅག་གིས་མ་རྙེད་ན་ཇི་ལྟར་བྱ། གར་སོང་ཞིག་གུ་སྙམ་ནས་ ཁ་རོག་སྟེ་འཁོད་དོ། །དེ་ནས་ཟླ་བ་དྲུག་ལོན་པ་དང་རྒྱལ་པོ་དེ་གཞན་གྱིས་མཐོང་ནས་ངོ་ཤེས་ཏེ་ལྷ་ཁྱོད་ག་ལས་གཤེགས་ཏེ་འདིར་བྱོན་ཅེས་དྲིས་སོ། །རྒྱལ་པོ་དེ་ཡང་སེམས་རྟས་ནས་དེས་བ་ལང་རྫི་དེ་ལ་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་དོ། །བ་ལང་རྫིས་སྨྲས་པ། ལྷ་ཐུགས་ རྟོན་ལ་སྤྲོ་བ་ཆེན་པོ་བསྐྱེད་དུ་གསོལ་དང་། བདག་གིས་ཁྱོད་ཉིད་ཀྱི་ཕོ་བྲང་དུ་བསྐྱལ་ལོ་ཞེས་སྨྲས་ནས། བ་ལང་རྫི་དེས་རྒྱལ་པོ་དེ་ཁྲིད་དེ། ཀཽ་ཤཱཾ་བཱི་ལོགས་སུ་ཆས་སོ། །བློན་པོ་རིགས་པའི་མུན་འཛིན་གྱི་བུ་ཞེས་བྱ་བས་ཀྱང་ཟླ་བ་དྲུག་ལོན་པ་དང་ཡིད་ལ་དྲན་ཏེ་རྒྱལ་པོ་དེ་གར་ གཤེགས་ཞིག་གུ་བདག་ཅག་གིས་བཙལ་དགོས་སོ། །གལ་ཏེ་བདག་ཅག་གིས་གསོན་པོར་རྙེད་ན་ནི་དེ་ཉིད་རྒྱལ་པོ་མཛད་པར་ཟད་དོ། །དེ་མ་ཡིན་ཏེ་ནོངས་པར་གྱུར་ན་ནི་སྲས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་གོ་སྙམ་དུ་བསམས་ནས། དཔུང་གི་ཚོགས་ཡན་ལག་ བཞི་གོ་བསྐོན་ཏེ། གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་ཚོལ་དུ་དོང་བ་ལས། བློན་པོ་རིགས་པའི་མུན་འཛིན་གྱི་བུས་བད་སའི་རྒྱལ་པོ་འཆར་ཀ་ཐག་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་དགའ་ཆེས་ཏེ། བད་སའི་ རྒྱལ་པོ་འཆར་ཀ་ག་ལ་བ་དེར་སོང་ནས་སྙུན་གསོལ་ཏེ། ལྷ་གང་དུ་གཤེགས་ཞེས་དྲིས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་ཇི་ལྟར་གྱུར་པ་རྒྱས་པར་བསྙད་དོ། །བློན་པོ་རིགས་པའི་མུན་འཛིན་གྱི་བུས་སྨྲས་པ། ལྷ་འདི་ནི་འཕགས་པ་པིཎྜོ་ལ་བ་ར་དྷྭ་ཛས་ཇི་སྐད་ དུ་ལུང་བསྟན་པ་ཐམས་ཅད་དེ་ཁོ་ན་བཞིན་དུ་གྱུར་པ་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་གནས་བརྟན་ལ་ཤིན་ཏུ་དགའ་བར་གྱུར་ནས། དེས་བསམས་པ། རེ་ཞིག་བདག་གྲོང་ཁྱེར་དུ་འགྲོ་བ་བཏང་ལ་འཕགས་པ་པིཎྜོ་ལ་བ་ར་དྷྭ་ཛ་དེ་ཉིད་ལ་བསྙེན་བཀུར་བྱའོ་སྙམ་དུ་བསམས་ ནས། ཀཽ་ཤཱཾ་བཱིར་མ་སོང་བར་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ། དེ་ཇི་སྲིད་དུ། བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་སོང་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ག་ ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །གནས་བརྟན་གྱིས་ཀྱང་དེ་ལ། དེ་དང་འཐུན་པའི་ཆོས་བསྟན་ཏོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་ཚེ་དང་ལྡན་པ་པིཎྜོ་ལ་ བ་ར་དྷྭ་ཛའི་གཏམ་གྱི་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་སྨྲས་པ། འཕགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་དགུང་བདུན་གྱི་བར་དུ་བདག་གི་དེར་ བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་བད་སའི་རྒྱལ་པོ་འཆར་ཀ་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་ཅང་མི་སྨྲ་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ་རྐང་ པ་ལ་ཕྱག་འཚལ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་ཐད་ནས་སོང་ངོ་། །དེ་ནས་དེས་ཞག་བདུན་གྱི་བར་དུ་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་འཁོར་དང་བཅས་པ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས། ཐ་མའི་ཉིན་པར་རེ་རེ་ལ་ཡང་རས་ཟུང་རེ་ ཕུལ་ཏེ། ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛས་ཀྱང་དེ་དང་འཐུན་པའི་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་སོ། །ཆོས་ ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཇི་སྲིད་དགྱེས་པའི་བར་དུ་ བཞུགས་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཀཽ་ཤཱཾ་བཱི་ག་ལ་བ་དེར་རྒྱུ་ཞིང་གཤེགས་པ་ལས་མཐར་གྱིས་ཀཽ་ཤཱཾ་བཱིར་བྱོན་ཏེ། ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་པད་མའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཀཽ་ཤཱཾ་བཱིར་བྱོན་ནས་ཀཽ་ཤཱཾ་བཱི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ཀ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་ བསྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ ཀས། བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ དགེ་སློང་གི་དགེ་འདུན་དང་བཅས་པར་དགུང་ཟླ་གསུམ་གྱི་བར་ཏུ་བདག་ལས་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་ཅི་གནང་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ཀ་ལ་ཅང་མི་ གསུང་བས་གནང་ངོ་། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་ཡོ་བྱད་ཐམས་ཅད་སྦྱར་ནས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་ གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་རས་ཟུང་རེ་ཕུལ་ནས་སོང་ངོ་། །དེ་ཡང་དུས་དུས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་ཆོས་མཉན་པར་བྱེད་དོ། ། བཅོམ་ལྡན་འདས་ལས་ཆོས་མཉན་ནས་ལྷག་པར་ཡང་ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་འབའ་ཞིག་གི་ཐད་དུ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ཐེ་ཙོམ་སྐྱེས་ཏེ་རྒྱལ་པོ་འདི་ཅིའི་ཕྱིར། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛ་འབའ་ ཞིག་ལ་ལྷག་པར་བཀུར་སྟི་བྱེད་ཞིག་གུ་སྙམ་ནས་དེ་དག་གིས་གཏམ་དེ་རྒྱས་པར་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏེ། འདི་སྐད་ཅེས་སྨྲས་སོ། །བཙུན་པ་བད་སའི་རྒྱལ་པོ་འཆར་ཀས་རབ་ཏུ་སྡང་བའི་སེམས་ཀྱིས། ཚེ་དང་ལྡན་པ་པིཎྜོ་ལ་བ་ར་དྷྭ་ཛའི་ཐད་དུ་ མཆིས་ནས། གཞི་དེས་ན་དེའི་འོད་མ་མཆིས་པར་གྱུར་ཏེ་དོག་ས་ལ་ཡང་དེའུ་ནུབ་པ་ལས། གང་གི་ཚེ་དེས་སླར་སེམས་དགའ་བ་བསྐྱེད་པ་དེའི་ཚེ་འོད་དེ་ཡང་སླར་བྱུང་བར་གྱུར་ལ། དོག་ས་གས་པ་ཡང་སླར་འབྱོར་པར་གྱུར་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་དེ་ནི་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདི་ལྟར་འདས་པའི་དུས་ན་ཡང་གྲོང་ཁྱེར་འབྲས་འཕེལ་ཞེས་བྱ་བ་ན་རྒྱལ་པོ་ལྷུན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་མུ་གེ་དང་ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་དེའི་ མདུན་ན་འདོན་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་རེ་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས། དེའི་བཙས་ སྟོན་རྒྱས་པར་བྱས་ཏེ། རིགས་དང་འཐུན་པར་མིང་བཏགས་ནས། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་ སྦྲ་དང་ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་ བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །ཕྱི་ཞིག་ན་དེས་བདག་གི་ཕ་ཆོས་དང་། ཆོས་མ་ཡིན་པས་རྒྱལ་སྲིད་ འཛིན་པ་མཐོང་ངོ་། །མཐོང་ནས་ཀྱང་དེས་བསམས་པ་ཕ་ཤི་བའི་འོག་ཏུ་བདག་གི་ཅོད་པན་མེད་པའི་རྒྱལ་སྲིད་འཛིན་པའི་བར་དུ་གྱུར་གྱིས། བདག་གིས་ཁྱིམ་ན་གནས་པ་བཏང་ལ་ནགས་འདབ་ཏུ་གནས་བཅའ་བར་བྱའོ་སྙམ་དུ་བསམས་ནས་ཕ་མ་ལ་གསོལ་ཏེ་ནགས་འདབ་ཏུ་གནས་བཅས་སོ། ། དེ་དེར་སོང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་རྒྱལ་པོའི་ཕོ་བྲང་འབྲས་འཕེལ་དུ་ཕྱིན་ནས། དེའི་ཕས་བུ་དེའི་ཕྱིར་བདག་གི་སྐྱེད་མོས་ཚལ་དུ་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། དེ་ལ་དུས་ དུས་སུ་སྐྱེ་བོ་ཕལ་པོ་ཆེ་འདོང་ཞིང་ཆོས་ཉན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ལྷུན་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རི་དགས་ཤོར་དུ་སོང་བ་དང་། རྒྱལ་པོས་སྐྱེ་བོ་ཕལ་པོ་ཆེ་མདུན་ན་འདོན་གྱི་སྐྱེད་མོས་ཚལ་དུ་འདོང་བ་མཐོང་ངོ་། །མཐོང་ནས་ ཀྱང་སྐྱེ་བོའི་ཚོགས་འདི་དག་གར་འདོང་ཞེས་དྲིས་སོ། །བློན་པོ་རྣམས་ཀྱིས་གསོལ་པ། ལྷ་མདུན་ན་འདོན་གྱི་བུ་དེ་རབ་ཏུ་བྱུང་སྟེ་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་ཡང་གྱུར་ཏེ་འདི་དག་ནི་དེ་ལ་བལྟ་བའི་སླད་དུ་མཆི་བ་ལགས་སོ། །དེ་ནས་རྒྱལ་པོས་བསམས་པ། དེ་ནི་ང་ཡི་ ཡང་སྙིང་དུ་སྡུག་པ་དང་ཡིད་དུ་འོང་བ་དང་། མཁན་པོ་དང་དྲན་པར་བྱ་བ་ཡིན་གྱིས་ང་ཡང་དེ་བལྟ་བའི་ཕྱིར་འགྲོའོ་སྙམ་དུ་བསམས་ནས། རྒྱལ་པོ་དེ་དྲང་སྲོང་ག་ལ་བ་དེར་སོང་བ་དང་། དྲང་སྲོང་དེས་དེ་མཐོང་ནས་བསུ་ཡང་མ་བསུ་ལངས་ཀྱང་མ་ལངས་སོ། །དེ་ནས་དེ་མཐོང་ མ་ཐག་ཏུ་རྒྱལ་པོ་དེ་ཁྲོ་བ་ཆེན་པོས་ནོན་ནས། འདི་ང་ཡི་ཡུལ་ན་འདུག་པའི་མདུན་ན་འདོན་གྱི་བུ་ཡིན་ལ། ང་འོངས་ན་བསུ་ཡང་མ་བསུ་ལངས་ཀྱང་མ་ལངས་ཀྱིས་འདིའི་མགོ་བོ་བཅད་དེ་བོར་རོ་སྙམ་དུ་བསམས་པ་དང་། རྒྱལ་པོ་དེའི་ལུས་ལས་འོད་འབྱུང་བ་དེ་ དེས་སེམས་བསྐྱེད་མ་ཐག་ཏུ་འོད་མེད་པར་གྱུར་ཏོ། །ས་ཡང་གས་ཏེ་དེར་ནུབ་ཏུ་བྱེད་པ་དང་དེ་མཐོང་མ་ཐག་ཏུ་རྒྱལ་པོ་དེ་འཇིགས་པ་ཆེན་པོ་སྐྱེས་ཏེ། དྲང་སྲོང་དེ་ལ་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡིན་ནོ་སྙམ་ནས་དགའ་བ་ཆེན་པོ་སྐྱེས་སོ། །དེ་ནས་དེས་དེའི་རྐང་པ་ལ་ཕྱག་ འཚལ་ནས་བཟོད་པ་གསོལ་ཏོ། །དེ་ནས་དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ངས་ནི་བཟོད་མོད་ཀྱི་འོན་ཀྱང་རང་གི་སེམས་ལ་བཟོད་པ་གསོལ་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་སྐྲག་ནས་དྲང་སྲོང་དེ་ལ་སྨྲས་པ། དྲང་སྲོང་བདག་རྒྱལ་སྲིད་ལས་ཉམས་པའམ་སྲོག་གི་ བར་ཆད་དུ་མི་འགྱུར་ལགས་གྲང་། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མ་སྐྲག་ཤིག །ཁྱོད་རྒྱལ་སྲིད་ལས་ཀྱང་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུ་ཡང་མི་འགྱུར་རོ། །དེ་ལྟ་མོད་ཀྱི་ཁྱོད་ཀྱིས་བདག་ལ་སེམས་སྡང་བར་བྱས་པ་དེས་ན་ཁྱོད་ཀྱི་འོད་དེ་མེད་པར་གྱུར་ ལ་ས་ཡང་གས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སླར་བདག་ལ་དགའ་བའི་སེམས་བསྐྱེད་ན་ནི། ཁྱོད་ཀྱི་འོད་དེ་སླར་སྔ་མཁོ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་དྲང་སྲོང་དེ་ལ་སེམས་དགའ་བ་སྐྱེས་ནས། དེའི་འོད་དེ་སྔ་མཁོ་བཞིན་དུ་བྱུང་ བར་གྱུར་ལ། ས་ཡང་སླར་འབྱོར་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་པིཎྜོ་ལ་བ་ར་དྷྭ་ཛ་འདི་ཉིད་ཡིན་ནོ། །རྒྱལ་པོ་ལྷུན་པོར་གྱུར་པ་དེ་ནི་བད་སའི་རྒྱལ་པོ་འཆར་ཀ་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་འདིས་དེ་ལ་སེམས་སྡང་ བར་བྱས་པས་དེའི་འོད་ཀྱི་དཀྱིལ་འཁོར་མེད་པར་གྱུར་ལ་ས་ཡང་གས་པར་གྱུར་ཏོ། །གང་གི་ཚེ་ཕྱིར་སེམས་དགའ་བ་བསྐྱེད་པ་དེའི་ཚེ་ནི་འོད་ཀྱི་དཀྱིལ་འཁོར་དེ་ཡང་བྱུང་ལ། ས་གས་པ་ཡང་ཕྱིར་འབྱོར་བར་གྱུར་ཏོ། །ད་ལྟར་ཡང་འདིས་དེ་ལ་སེམས་སྡང་བར་བྱས་པས་འདིའི་འོད་ ཀྱང་མེད་པར་གྱུར་ལ་ས་ཡང་གས་སོ། །གང་གི་ཚེ་འདིས་དེ་ལ་སེམས་དགའ་བ་བསྐྱེད་པ་དེའི་ཚེ་ནི་འདིའི་འོད་ཀྱི་དཀྱིལ་འཁོར་ཡང་བྱུང་བར་གྱུར་ལ་ས་གས་པ་ཡང་འབྱོར་བར་གྱུར་ཏོ།། །།རྒྱལ་མཚན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་གྲོང་ཁྱེར་བཱ་ རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་མུ་གེ་དང་ནད་རྣམས་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཀཱ་ཤིའི་རྒྱལ་པོའི་བུ་མོ་ཡང་ཡིན་ལ་གཟུགས་ཀྱང་མཛེས་པས་ན། བུ་མོ་འདིའི་མིང་ཀཱ་ཤི་མཛེས་ལྡན་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ཀཱ་ཤི་མཛེས་ ལྡན་མ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་ཞོ་དང་མར་དང་། ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་ པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་མོར་གྱུར་ཏེ། སྒྱུ་རྩལ་ཤེས་པར་གྱུར་པ་དེའི་ཚེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་གཉིས་ལ་གསོལ་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཀུར་སྟི་བྱས་སོ། །དེ་གང་གི་ཚེ་ཆེན་མོར་ གྱུར་པ་དེའི་ཚེ། ཀཱ་ཤིའི་རྒྱལ་པོའི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། འཇིག་རྟེན་ན་བུ་མོ་དེ་དང་འདྲ་བ་གཞན་མེད་དོ་ཞེས་ཀུན་ཏུ་གྲགས་པས་རྒྱས་པར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་དྲུག་འདོད་ཆགས་ཀྱི་མདས་ཕོག་ ནས། དེ་དག་ཐམས་ཅད་ཀྱིས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། དེ་དག་རེ་རེ་ནས་བུ་མོ་དེ་ང་ལ་བྱིན་ཅིག་ཅེས་སྤྲིང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་སེམས་ཁོངས་སུ་ཆུད་ཅིང་འདུག་སྟེ། གལ་ཏེ་བུ་མོ་འདི་གཅིག་ལ་བྱིན་ ན་ནི། གཞན་རྣམས་བདག་གི་དགྲར་འགྱུར་ན་སུ་ལ་བྱིན་པར་བྱ་སྙམ་བསམས་ནས་གང་ལ་ཡང་སྦྱིན་མི་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཉི་འོག་གི་རྒྱལ་པོ་དྲུག་གིས་བསམས་པ། དེས་བདག་ཅག་ལ་དད་པས་བུ་མོ་བྱིན་པར་མི་འགྱུར་གྱིས་དེར་སོང་ལ་མཐུས་དབྲོག་ གོ་སྙམ་དུ་བསམས་ཏེ། ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གྲོང་ཁྱེར་བཱ་རཱ་ཎ་སཱིར་དོང་སྟེ། ཁོ་ར་ཁོར་ཡུག་ནས་བསྐོར་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བདག་ཉིད་ཕ་རོལ་གྱི་དམག་ཚོགས་ཀྱིས་གཙེས་པར་རིག་ནས་ཁང་ བཟངས་ཀྱི་སྟེང་དུ་སོང་སྟེ། ལག་པ་ལ་རྐོམ་ཚུགས་བཅས་ནས། ད་བདག་གིས་ཇི་ལྟར་བྱ་སྙམ་སྟེ་སེམས་ཁོངས་སུ་ཆུད་ཅིང་འདུག་གོ། །དེ་ནས་ཀཱ་ཤི་མཛེས་ལྡན་མས་རྒྱལ་པོ་ཁང་བཟངས་ཀྱི་སྟེང་དུ་སོང་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་འདུག་པ་མཐོང་ངོ་། །མཐོང་ནས་ ཀྱང་ཕ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཅིའི་སླད་དུ་ཁང་བཟངས་ཀྱི་སྟེང་དུ་གཤེགས་ནས། ཕྱག་ལ་རྐོམ་ཚུགས་བཅས་ཏེ་སེམས་ཁོངས་སུ་ཆུད་ཅིང་བཞུགས། རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་ཉིད་ཀྱི་ཕྱིར་རོ། །བུ་མོས་སྨྲས་པ། ཡབ་བདག་བྱད་བཞིན་ངན་ལགས་ སམ་ཅི་ན་བདག་གི་སླད་དུ་ཡབ་སེམས་ཁོངས་སུ་ཆུད་ཅིང་བཞུགས། རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་ཡན་ལག་ཐམས་ཅད་མཛེས་པ་དང་ལྡན་པས། དེའི་ཕྱིར་ང་སེམས་ཁོངས་སུ་ཆུད་ཅིང་འདུག་སྟེ། ཁྱོད་ཉིད་ཀྱི་ཕྱིར་ཉི་འོག་གི་རྒྱལ་པོ་དྲུག་འཁྲུགས་ནས་དཔུང་གི་ཚོགས་ ཡན་ལག་བཞི་གོ་བསྐོན་ཏེ་ལྷགས་ནས་བ་ར་ཎཱ་སཱིར་བསྐོར་ཏེ་འཁོད་དོ། །ཀཱ་ཤི་མཛེས་ལྡན་མས་སྨྲས་པ། ཡབ་བུ་མོ་དག་ལ་རང་ཉིད་ཀྱིས་ཁྱིམ་ཐབ་འདམ་པ་མ་མཆིས་ལགས་སམ། རྒྱལ་པོས་སྨྲས་པ། བུ་མོ་འདམ་པ་ཡོད་དོ། །བུ་མོས་སྨྲས་པ། ཡབ་བདག་ ཉིད་ཀྱིས་ཁྱིམ་ཐབ་འདམ་པར་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་ཉི་འོག་གི་རྒྱལ་པོ་རྣམས་ལ་ང་བཟླུགས་ཀྱི་བར་དུ་སྡོད་ཅིག་ཅེས་བྱས་ནས། རྒྱལ་པོ་ཚངས་པས་བྱིན་གྱིས་ཉི་འོག་གི་རྒྱལ་པོ་དེ་དག་ཐམས་ཅད་ལ་བཟླུགས་ཏེ། ཀཱ་ཤི་མཛེས་ལྡན་མ་ནི་རང་ ཉིད་ཁྱིམ་ཐབ་འདམ་པར་ཆད་ཀྱིས་གལ་ཏེ་ཁྱེད་འདོད་ན་འདམ་དུ་གཞུག་གོ། །དེ་ནས་དེར་སོ་སོ་ནས་བསམས་པ་དེ་ནི་ང་ལྟ་བུ་བཏང་སྟེ། གཞན་འདམ་པར་མི་འགྱུར་རོ་སྙམ་ནས་སྨྲས་པ། དེས་མ་ནོངས་ཀྱིས་འདམ་དུ་སྩོལ་ཅིག །དེ་ནས་ཕོ་ཉ་དེ་ཕྱིར་སོང་ནས་རྒྱལ་པོ་ཚངས་པས་བྱིན་ ལ་བསྙད་དེ། དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་ཤིན་ཏུ་དགའ་བར་གྱུར་ཏོ། །རྒྱལ་པོ་དྲུག་པོ་དེ་དག་གིས་ཀྱང་གཅིག་ལ་གཅིག་བཟླུགས་ནས། ཡིད་ཆེས་པའི་མནའ་མཐོ་བཅད་དེ་མཇལ་དུམ་བྱས་ནས་ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་ཁང་པ་བརྩེགས་པ་ཚར་དུ་སྦྲེངས་ ཏེ་རང་རང་གི་གཡོག་འཁོར་དང་རྒྱན་ཐམས་ཅད་ཀྱིས་བཀླུབས་པའི་སེང་གེའི་ཁྲི་དག་ལ་འདུག་ཅིང་འཁོད་དོ། །ཀཱ་ཤི་མཛེས་ལྡན་མ་ཡང་བཞོན་པ་བཟང་པོ་ལ་ཞོན་ཏེ། བུ་མོ་དག་གིས་གཡོག་བྱས་ནས་ཆས་གོས་ཚོན་ཅན་གྱི་རྒྱལ་མཚན་བསྒྲེངས་ཏེ། བཱ་རཱ་ཎ་སཱི་ནས་བྱུང་ནས་དེ་ དག་ཐམས་ཅད་ཀྱི་དབུས་ནས་ཐལ་ཏེ། དྲང་སྲོང་སྨྲ་བ་ལོགས་སུ་ཁ་བལྟས་ནས་བཅོམ་ལྡན་འདས་ལོགས་སུ་མེ་ཏོག་གི་ཆུན་པོ་བོར་ཏེ་སྨྲས་པ། བདག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་ལ་སྐྱབས་སུ་མཆིའོ་ཞེས་བྱས་ནས། ཤིང་རྟ་དེ་དྲང་སྲོང་སྨྲ་བ་ལོགས་སུ་ཁ་བསྒྱུར་ཏོ། །དེ་ ནས་རྒྱལ་པོ་དེ་དག་དང་སྐྱེ་བོ་ཕལ་པོ་ཆེ་དེ་དག་ཡ་མཚན་དུ་གྱུར་ཏེ། འདི་འདི་ལྟར་བྱད་གཟུགས་མཛེས་ལ་འདོད་པ་རྣམས་ལ་ཡང་མི་ལྟ་བ་ངོ་མཚར་ཏོ་སྙམ་མོ། །དེ་ནས་དེ་དག་དེ་ཉིད་ཀྱི་ཕྱི་གཞིན་དུ་འབྲང་སྟེ་རེ་ཞིག་འདོང་ལ་འདི་ཅི་བྱེད་པ་བལྟའོ་ཞེས་འཛེར་ཏོ། །དེ་ནས་ཀཱ་ཤི་མཛེས་ ལྡན་མ་དྲང་སྲོང་སྨྲ་བ་ག་ལ་བ་དེར་སོང་སྟེ། དེ་ཅི་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་འཚལ་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་ པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འགུགས་པ་བཏང་སྟེ་དེ་ལ་གཏད་དོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ ཀྱང་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་ པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །སྐྱེ་བོ་ཕལ་པོ་ཆེ་དེ་དག་ཀྱང་ཡ་མཚན་དུ་གྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དེ་དང་འཐུན་པའི་ཆོས་བསྟན་པ་མཛད་དོ། །དེ་དག་ཀྱང་བཅོམ་ལྡན་འདས་ལས་ཆོས་མཉན་ནས་རང་རང་གི་ཡུལ་དུ་དོང་ངོ་། །དེ་ནས་དགེ་སློང་ དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀཱ་ཤི་མཛེས་ལྡན་མས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རྒྱལ་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་བྱད་གཟུགས་དཔེ་མ་མཆིས་པར་གྱུར་ལ་ དེས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ན། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་ དབང་ལས་གྱུར་ཏོ། །བཙུན་པ་འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་ བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པར་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་ པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས། སངས་རྒྱས་འོད་སྲུང་ལ་སོགས་པ་ དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཏེ། དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཕ་མ་གཉིས་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་ སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་དེས་བསམས་པ། ཐོས་པར་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱིས། མ་ལ་ད་ནི་བདག་གིས་བསམ་གཏན་ལ་འབད་པར་བྱའོ་སྙམ་དུ་བསམས་ནས། ཡིད་ལ་བྱེད་པའི་ལུང་མནོས་ཏེ་སྲོད་དང་ཐོ་རངས་མི་ཉལ་བར་ བརྩོན་པ་ལྷུར་བྱེད་པ་ལ་གནས་པས་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྐྱེད་ནས། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པ། ཀྱེ་མ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་ དག་བྱས་པ་དང་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་བྱད་གཟུགས་དཔེ་མེད་པར་གྱུར་ཅིག ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མ་གང་ཡིན་པ་དེ་ནི་ཀཱ་ཤི་མཛེས་ལྡན་མ་འདི་ཉིད་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཞིང་ བསོད་ནམས་དག་བྱས་པ་དང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ། བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང་། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་བྱད་གཟུགས་ དཔེ་མེད་པར་གྱུར་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ པ་དང་བྱད་གཟུགས་དཔེ་མེད་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ། ང་ ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་དེར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་བྱད་གཟུགས་དཔེ་མེད་པར་གྱུར་ཏོ།། །། ལས་བརྒྱ་ཐམ་པ། བམ་པོ་གསུམ་པ། བདེ་བྱེད་མ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་ལ། བཱ་རཱ་ཎ་སཱི་ན་ནི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་པ་ལས་དེ་གཉིས་ཕན་ཚུན་ མི་འཐུན་པར་གྱུར་ཏེ། དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ཀོ་ས་ལའི་ཡུལ་དུ་སོང་ནས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འཁོད་དོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ རྒྱལ་པོ་ཚངས་པས་བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས། བདག་དང་གཡུལ་འགྱེད་དུ་འོངས་སོ་ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་ཀཱ་ཤིའི་རྒྱལ་པོ་དང་གཡུལ་འགྱེད་དུ་སོང་སྟེ། དེས་ཀྱང་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ ཕྲུ་མ་བཏབ་སྟེ་འཁོད་དོ། །དེ་ནས་དེ་གཉིས་དེ་ན་འཁོད་པས་ཕན་ཚུན་དུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་གཉིས་ཀ་ཡང་མཐུ་ཆེ་ཞིང་ཚུགས་པར་དཀའ་བ་ཡིན་ཏེ། དེ་གཉིས་གཅིག་གིས་གཅིག་མི་ཐུབ་ཅིང་འདུག་གོ། །དེ་ནས་ཕྱི་ཞིག་ན་དེ་ཁོ་ན་འཁོད་བཞིན་དུ་རྒྱལ་པོ་གསལ་ རྒྱལ་གྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཀྱང་བཙས་ནས། དེར་དེ་གཉིས་སོ་སོའི་ཕོ་བྲང་འཁོར་དུ་དགའ་བའི་རོལ་མོ་བརྡུངས་སོ། །དེ་ ནས་དེ་གཉིས་ཀྱིས་ཕན་ཚུན་དུ་ཐོས་ནས་འདིར་དགའ་བའི་རོལ་མོ་བརྡུངས་པ་དེ་ཅི་ཞིག་ཅེས་དྲིས་ནས་བློན་པོ་རྣམས་ཀྱིས་བསྙད་དེ། རྒྱལ་པོ་གསལ་རྒྱལ་གྱི་ནི་བུ་མོ་བཙས། ལྷའི་ནི་སྲས་པོ་བལྟམ་མོ་ཞེས་བྱས་སོ། །རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རྣམས་ཀྱིས་ཀྱང་བསྙད་དེ། ལྷའི་ནི་སྲས་མོ་བལྟམ། རྒྱལ་པོ་ཚངས་པས་བྱིན་གྱི་ནི་བུ་ཕོ་བཙས་སོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་དགའ་བར་གྱུར་ཏེ། བདག་ཅག་གཉིས་ཕན་ཚུན་དགྲར་མི་བྱེད་པར་གཉེན་བྱེད་པའི་ཐབས་རྙེད་དོ་སྙམ་མོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་གྱིས་རྒྱལ་ པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་བཙས་པ་དེ་བདག་གི་བུ་འདིའི་ཆུང་མར་བྱིན་ཅིག་ཅེས་སྤྲིང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ་ཐབས་འདིས་ནི་བདག་ཇི་སྲིད་འཚོའི་བར་དུ། རྒྱལ་པོ་ཚངས་པས་བྱིན་དང་མཛའ་བར་འགྱུར་རོ་སྙམ་ནས་དེས་ཀྱང་དེ་ལ་ཕོ་ཉ་བཏང་སྟེ་ཇི་ལྟར་ དགའ་བ་དེ་བཞིན་དུ་བྱའོ་ཞེས་བྱས་ནས། དེ་གཉིས་གཅིག་ལ་གཅིག་བཟོད་པ་གསོལ་ཏེ་མཛའ་བོ་བྱས་ནས་གཅིག་གིས་ཀྱང་བུ་མོ་ལ་གོས་དང་རྒྱན་མང་པོ་བསྐུར་རོ། །གཅིག་གིས་ཀྱང་ཁྱེའུ་ལ་གོས་དང་རྒྱན་མང་པོ་བསྐུར་ཏེ། དེ་གཉིས་ཕན་ཚུན་གཉེན་དུ་བྱས་ནས་མགུལ་ནས་འཇུས་ཏེ་ ཡུལ་དེ་ནས་དོང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ་བུ་མོ་འདི་བཙས་པས་ང་རྒྱལ་པོ་ཚངས་པས་བྱིན་དང་བདེ་བར་གྱུར་ཏོ་སྙམ་ནས། དེའི་བཙས་སྟོན་རྒྱས་པར་བྱས་ཏེ། མིང་བདེ་བྱེད་མ་ཞེས་བཏགས་སོ། །དེ་ནས་བུ་མོ་བདེ་བྱེད་མ་འོ་མ་དང་ཞོ་དང་མར་དང་ ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། དེས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། སྦྱིན་པ་དག་ བྱིན་ཏེ་བསོད་ནམས་དག་བྱས་སོ། །དགེ་སློང་མའི་གཙུག་ལག་ཁང་དུ་ཡང་རྒྱུན་མི་འཆད་པར་འགྲོ་ཞིང་ཆོས་ཉན་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། རྫུ་འཕྲུལ་ཡང་བསྒྲུབས་ནས། རྫུ་འཕྲུལ་ཆེན་མོ་མཐུ་ཆེན་མོ་རྣམ་པར་ཐར་པ་བརྒྱད་ ལ་བསམ་གཏན་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཕ་མ་གཉིས་ཀྱི་མདུན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ་སྨྲས་པ། ཡབ་ཡུམ་བདག་གིས་ནི་ཆོས་འདི་ལྟ་བུ་ཐོབ་པས་ན་འདོད་པ་ཡོངས་སུ་སྤྱོད་པའི་རྔོ་མི་ཐོགས་ཀྱིས། བདག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ འབྱུང་བ་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ་ཁྱོད་བཙས་མ་ཐག་ཏུ་བདག་ཅག་གིས་ཁྱིམ་ཐབ་ལ་བྱིན་ཟིན་གྱིས་བདག་ཅག་གིས་གནང་བར་བྱར་མི་རུང་ངོ་། །དེ་ལྟ་མོད་ཀྱི་བདག་ཅག་གིས་དེ་ལ་བཟླུགས་ཏེ། དེ་དང་བདག་ཅག་ཅི་ནས་ཕྱིས་འཁོན་ དུ་མི་འགྱུར་བར་བྱས་ལ། བག་མ་ལེན་པ་འོངས་ནས་ཁྱོད་ཉིད་ཀྱིས་ཁྱིམ་ཐབ་ལ་གསོལ་བ་ཐོབ་ལ་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། བུ་མོ་བདེ་བྱེད་མ་ནི་རབ་ཏུ་འབྱུང་བར་འདོད་དེ་བཟློག་པར་མི་ ནུས་ཀྱི་མ་ཐོགས་པར་བག་མ་ལོང་ཤིག་ཅེས་སྤྲིང་ངོ་། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ཕོ་ཉ་བཏང་སྟེ། ཚེས་གྲངས་འདི་ལ་འོང་གིས་བག་མ་བཏང་བའི་སྟ་གོན་གྱིས་ཤིག་ཅེས་སྤྲིང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་མ་ཐག་ཏུ་བག་མ་བཏང་བའི་སྟ་གོན་བྱས་སོ། ། རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་བུ་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་བཏང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཀུར་སྟི་ཆེན་པོས་མཉན་དུ་ཡོད་པར་གཡར་དྲངས་སོ། །གཡར་དྲངས་ནས་རང་གི་ཕོ་བྲང་དུ་སྟེགས་བུ་བྱས་ཏེ། རྒྱན་གྱིས་བརྒྱན་ནས་ དེར་སྐྱེ་བོ་ཕལ་ཆེར་འདུས་སོ། །བུ་མོ་དེ་ཡང་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་སྟེགས་བུ་བརྒྱན་པ་དེའི་སྟེང་དུ་དྲངས་ཏེ་བཞག་གོ། །ཁྱེའུ་དེ་ཡང་སྟེགས་བུ་བརྒྱན་པ་དེའི་སྟེང་དུ་བཏང་སྟེ་བུ་མོ་བདེ་བྱེད་མ་དྲང་བར་བྱས་པ་ལས། དེའི་སྟེང་གི་བར་སྣང་ལ་འཕགས་ཏེ་འབར་བ་དང་། ལམ་ མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །དེ་ནས་ཁྱེའུ་དེ་དང་སྐྱེ་བོ་དེ་དག་གིས་མཐོང་མ་ཐག་ཏུ་བདེ་བྱེད་མ་ལ་དགའ་བ་ཆེན་པོ་སྐྱེས་སོ། །དེ་ནས་ཁྱེའུ་དེས་བསམས་པ། གལ་ཏེ་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པ་ ཡིན་ན། འདི་བདག་དང་ལྷན་ཅིག་ཏུ་འདོད་པ་ཡོངས་སུ་སྤྱོད་པར་ག་ལ་འགྱུར་སྙམ་དུ་བསམས་ནས་སྨྲས་པ། བཟང་མོ་མར་སྤྱོན་དང་ཁྱོད་ཉིད་ཅི་དགར་འདམ་དུ་གཞུག་གོ། །བདེ་བྱེད་མས་སྨྲས་པ། ཇོ་བོ་བདག་ནི་འདོད་པ་ཡོངས་སུ་སྤྱོད་པའི་རྔོ་མི་ཐོགས་ཀྱིས་བདག་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛོད་ཅིག །ཁྱེའུས་སྨྲས་པ། གནང་ངོ་། །དེ་ནས་དེ་ཐོས་མ་ཐག་ཏུ་བུ་མོ་བདེ་བྱེད་མ་བབས་ཏེ། དེས་སྐྱེ་བོའི་ཚོགས་དེ་དག་ལ་ཆོས་བསྟན་ནས་ཕ་མ་གཉིས་ལ་གསོལ་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། དེ་བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་ དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་གཏད་དོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཀྱང་དེ་རབ་ཏ