Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 073_མདོ་སྡེ།_ཧ

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
བོ་སྲིད་པའི་ཆུ་ལས་སྒྲོལ་བར་ཤོག །ཅེས་བྱས་སོ། །དེ་ནས་གནོད་སྦྱིན་དེ་དག་གང་གི་ཚེ་འགྲངས་ཤིང་ངོམས་པར་གྱུར་ཏེ། དབང་པོ་རྣམས་ཚིམ་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་ལ་
སྨྲས་པ། སྙིང་རྗེ་ཆེན་པོ་ཁྱོད་རྩོལ་བ་འདིས་ཅི་ཞིག་སྒྲུབ། བྱང་ཆུབ་སེམས་དཔས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །དེ་དག་གིས་སྨྲས་པ། འོ་ན་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགྲོ་བ་རྣམས་བདུད་རྩིས་ཚིམ་
པར་མཛད་པ་དེའི་ཚེ། བདག་ཅག་ཁྱོད་ཀྱི་ཉན་ཐོས་ཀྱི་དང་པོར་གྱུར་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱེད་རྣམས་ནི་སྲོག་གཅོད་པ་ཕ་རོལ་གྱི་སྲོག་འཕྲོག་པ་ཡིན་ན། ཇི་ལྟར་ངས་དེ་འདྲ་བ་དག་ཉན་ཐོས་ཀྱི་དང་པོར་བྱ། དེ་དག་གིས་སྨྲས་པ། སྙིང་རྗེ་ཆེན་པོ་བདག་ཅག་ལ་བཀའ་ཅི་སྩལ། བྱང་ཆུབ་སེམས་དཔས་སྨྲས་
པ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་གྱིས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་གནོད་སྦྱིན་དེ་རྣམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་གང་གི་ཚེ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
འཚང་རྒྱ་བ་དེའི་ཚེ། བདག་ཅག་འདིའི་ཉན་ཐོས་ཀྱི་དང་པོར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་པོ་གང་ཡིན་པ་དེ་དག་ནི་དགེ་སློང་
ལྔ་སྡེ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་ཡང་འདི་དག་ངས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།

རླུང་ནག་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་པ་ལྔ་བརྒྱ་ཙམ་གྱིས་ཟོང་ཁྱེར་ཏེ། ཡུལ་གཞན་དུ་ཆས་ནས་དེ་དག་མཐར་གྱིས་སོང་སོང་བ་ལས་ནགས་ཁུང་ཆེན་པོ་དགོན་པ་ཞིག་ཏུ་ཕྱིན་ཏོ། །ནགས་ཁུང་
དེ་ན་གཟི་བྱིན་འཕྲོག་པའི་གནོད་སྦྱིན་དྲག་པོ་འཇིགས་པ། གཞན་གྱི་སྲོག་འཕྲོག་པ་ཞིག་ཀྱང་གནས་ཏེ། དེས་རླུང་ནག་པོ་ཆེན་པོ་བཏང་ནས་ཚོང་པ་དེ་དག་གི་སྟེང་དུ་བརྒྱུགས་ཏེ། དེ་ནས་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ནས། དེ་དག་འཇིགས་ཤིང་སྐྲག་
སྟེ་ལྷའོ་ཅོག་ལ་གསོལ་བ་འདེབས་པ་ལ་ཞུགས་སོ། །དགེ་བསྙེན་ཞིག་ཀྱང་འདྲོན་པོ་དེ་དག་གི་ནང་ན་འདུག་སྟེ། དེས་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་འདུག་པ་མཐོང་ནས་སྨྲས་པ། ཀྱེ་སྐྱབས་མ་ཡིན་པ་འདི་རྣམས་ལ་སྐྱབས་བཙལ་ཏེ་ཅི་རུང་། བཅོམ་ལྡན་འདས་ལ་
སྐྱབས་སུ་དེང་ཤིག་དང་དེས་ཁྱེད་དཀོས་ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་པ་ལས་ཡོངས་སུ་བསྐྱབ་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་དེ་དག་བཅོམ་ལྡན་འདས་ལ་སྐྱབས་སུ་དོང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཅི་ཡང་མི་གཟིགས་པ་དང་མི་མཁྱེན་པ་དང་ཐུགས་སུ་མི་ཆུད་པ་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས་བདག་ཅག་དཀོས་
ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་པ་ལས། ཡོངས་སུ་བསྐྱབ་པ་དང་སྲོག་ཕངས་པ་སྩལ་དུ་གསོལ་ཞེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་
པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི། ཆོས་ཉིད་ཀྱིས། ཉིན་དུས་གསུམ་མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་
སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད་སུ་ནི་དར་སུ་ནི་ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན་སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི་ངན་སོང་དུ་གཞོལ་སུ་ནི་ངན་སོང་དུ་འབབ་སུ་ནི་ངན་སོང་དུ་བབ་སུ་ནི་ངན་སོང་ནས་ཕྱུང་སྟེ།
མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་
བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི་སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་
དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་
ནས། ཚོང་པ་ལྔ་བརྒྱ་པོ་རྣམས་འདུལ་བའི་དུས་ལ་བབ་པར་ཐུགས་སུ་ཆུད་ནས། ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ། ཚོང་པ་ལྔ་བརྒྱ་པོ་དེ་དག་ནགས་ཁུང་དགོན་པ་དེ་ནས་བྲུངས་རྫས་དང་བཅས་ཏེ་བླངས་ནས། མཉན་དུ་ཡོད་པ་ནས་ཧ་ཅང་མི་རིང་བ་ཞིག་ཏུ་བཏོན་ཏེ་
བཀོད་དོ། །དེ་ནས་ཚོང་པ་ལྔ་བརྒྱ་པོ་དེ་དག་གིས་མཉན་དུ་ཡོད་པར་ཕྱིན་པའི་རྟགས་རྣམས་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གིས་བསམས་པ། བདག་ཅག་ནི་བཅོམ་ལྡན་འདས་ཀྱིས་སྐྱབས་མཛད་དོ་སྙམ་ནས་ཚོང་པ་དེ་དག་ཤིན་ཏུ་དགའ་བར་གྱུར་ཏེ། དེ་དགའ་

བར་གྱུར་ནས་བསམས་པ། བདག་ཅག་ཁྱིམ་ན་གནས་པ་བཏང་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་བསྒྲུབ་པ་དང་འབད་པར་བྱའོ་སྙམ་ནས་མཉན་
དུ་ཡོད་པར་དོང་སྟེ། རང་རང་གི་ཁྱིམ་གྱི་འཁོར་བཏང་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཞབས་ལ་མཆུས་
གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་བདག་ཅག་ལ་དཀའ་བ་མཛད་པ་དང་། སྲོག་ཕངས་པ་སྩོལ་བ་ལགས་སོ་ཞེས་གསོལ་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་གི་བསམ་
པ་དང་བག་ལ་ཉལ་དང་ཁམས་དང་ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཚོང་པ་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་
འབྲས་བུ་མངོན་དུ་བྱས་ཏེ་དེ་དག་གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་
པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་
ཚིག་གིས་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ། །དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་

པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་
ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་
རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་འཇིགས་པ་ཆེན་པོ་ལས་ཡོངས་སུ་བསྐྱབས་ཏེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ཚོང་པ་ལྔ་བརྒྱ་པོ་འདི་དག་ཉིད་ངས་ཇི་ལྟར་འཇིགས་པ་ཆེན་པོ་ལས་ཡོངས་སུ་བསྐྱབས་ནས། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་
བྱུང་བ་འདས་པའི་དུས་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་གིས་ཟོང་ཁྱེར་ཏེ། ཡུལ་གཞན་དུ་ཆས་ནས་དེ་དག་མཐར་གྱིས་སོང་སོང་བ་ལས་ནགས་ཁུང་ཆེན་པོ་དགོན་པ་ཞིག་ཏུ་ཕྱིན་ཏོ། །ནགས་ཁུང་དེ་ན་གཟི་བྱིན་འཕྲོག་པའི་གནོད་སྦྱིན་དྲག་པོ་འཇིགས་པ་གཞན་གྱི་སྲོག་འཕྲོག་པ་ཞིག་
ཀྱང་གནས་ཏེ། དེས་རླུང་ནག་པོ་ཆེན་པོ་བཏང་ནས་ཚོང་པ་དེ་དག་གི་སྟེང་དུ་བརྒྱུགས་ཏེ། དེས་ན་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ནས་དེ་དག་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེའི་ཚེ་དྲང་སྲོང་གི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ།
རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པ་དེས། ཚོང་པ་ལྔ་བརྒྱ་སྡུག་བསྔལ་བར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་ཚོང་པ་ལྔ་བརྒྱ་པོ་དེ་དག་བྲུངས་རྫས་དང་བཅས་ཏེ། ནགས་ཁུང་དགོན་པ་དེ་ནས་བླངས་ནས་བདག་ཉིད་ཀྱི་གནས་སུ་བཀོད་དོ། །དེ་ནས་ཚོང་

པ་རྣམས་ཀྱིས་བསམས་པ། ཅི་ཡང་རུང་སྟེ་བདག་ཅག་འཚོ་བར་གྱུར་པ་འདི་དག་ཐམས་ཅད་ནི་དྲང་སྲོང་འདིའི་མཐུ་ཡིན་གྱིས། བདག་ཅག་གིས་ཁྱིམ་ན་གནས་པ་བཏང་ལ་འདི་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པ་སྤྱད་དོ་སྙམ་ནས། ཚོང་པ་ལྔ་བརྒྱ་
པོ་དེ་དག་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ནས། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཚོང་པ་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་ཚོང་པ་ལྔ་
བརྒྱ་པོ་འདི་དག་ཡིན་ཏེ། དེའི་ཚེ་ཡང་ངས་འདི་རྣམས་འཇིགས་པ་ཆེན་པོ་ལས་བསྐྱབས་ནས། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་རྣམས་འཇིགས་པ་ཆེན་པོ་ལས་བསྐྱབས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་
བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རྣམས་རབ་ཏུ་བྱུང་སྟེ། རབ་ཏུ་བྱུང་ནས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཀར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་
བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་
ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི།
ཚོང་པ་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་དེར་རབ་ཏུ་བྱུང་ནས། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། འཆི་ཀར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་

བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་
པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་
པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།གྲོག་མ་གཉིས་ཞེས་བྱ་བ་ལ། གྲོག་མ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེར་གང་གི་ཚེ་
ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བདེན་པ་རྣམས་མཐོང་བ་དེའི་ཚེ། ལྷ་བརྒྱད་ཁྲིས་ཀྱང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཀཽཎྜི་ནྱ་ལ་སོགས་པ་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་
བཅུད་ཀྱིས་ཚིམ་པར་མཛད་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་འདས་པའི་དུས་ན་ཡང་ཀཽཎྜི་ནྱ་ལ་སོགས་པ་ལྷ་བརྒྱད་ཁྲི་པོ་འདི་དག་
ཉིད་ངས་ཇི་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཆུ་ཀླུང་ཞིག་གི་འགྲམ་ན། རུ་སྦལ་སྙིང་རྗེ་ཆེ་བ་བྱམས་པའི་བདག་ཉིད་ཅན། སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེ་རེས་འགའ་
ནི་སྐམ་ལ་རྒྱུ། རེས་འགའ་ནི་ཆུའི་ནང་དུ་རྒྱུའོ། །དེ་ནས་ཕྱི་ཞིག་ན་ཆུའི་ནང་ནས་བྱུང་སྟེ། སྐམ་ལ་རྒྱུ་ཞིང་སོང་སོང་བ་ལས་སྐམ་ས་དེ་ཉིད་དུ་ཉལ་ལོ། །དེ་ནས་གྲོག་ཚང་ཞིག་ནས་གྲོག་མ་ཞིག་བྱུང་སྟེ། རུ་སྦལ་དེའི་ཐད་དུ་སོན་པ་དང་། དེས་རུ་སྦལ་སྐམ་ལ་ཉལ་བ་དེ་

མཐོང་ནས་དེ་ཚང་གི་ནང་དུ་སོང་སྟེ། གྲོག་མ་གཞན་དག་ལ་སྦྲན་ཏོ། །གྲོག་ཚང་དེ་ན་ཡང་གྲོག་མ་བརྒྱད་ཁྲི་གནས་ཏེ། དེ་དག་གིས་གྲོག་མ་དེ་ལས་ཐོས་ནས་གྲོག་ཚང་དེའི་ནང་ནས་འཐོན་ཏེ། རུ་སྦལ་དེའི་ལུས་ལ་ཞུགས་སོ། །དེ་ནས་དེ་དག་ཟ་བས་སད་དེ་
དེས་བལྟས་ན་ལུས་ཐོག་ཐག་གྲོག་མས་གང་བར་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་དུ་ཟིན་ཀྱང་སེམས་ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་བསམས་པ། ངས་ཆུའི་ནང་དུ་འགྲོ་ནི་ནུས་མོད་ཀྱི། སེམས་ཅན་
འདི་སྙེད་ཀྱི་སྲོག་མ་རུང་བར་འགྱུར་ལ། བདག་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་གྱིས་བདག་རང་གི་སྲོག་ཡོངས་སུ་བཏང་ཡང་སླའི། སེམས་ཅན་འདི་སྙེད་ཀྱི་སྲོག་མ་རུང་བར་བྱར་ནི་མི་རུང་ངོ་སྙམ་ནས་བདག་ཉིད་ཀྱིས་མནགས་ཏེ་ཅང་མི་ཟེར་བར་འདུག་ནས།
དེ་གྲོག་མ་བརྒྱད་ཁྲི་པོ་དེ་དག་གིས་བཟའ་བ་ན་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ་སྟོན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་
སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་
མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག །ཇི་ལྟར་ངས་འདི་རྣམས་ད་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་པ་དེ་བཞིན་དུ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
སངས་རྒྱས་པ་ན་ཡང་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རུ་སྦལ་དུ་གྱུར་པ་བྱང་

ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་གྲོག་མ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི་ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་ཡང་ངས་འདི་རྣམས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་ནོ། །ད་
ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།གྲོག་མ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། གཏན་
ཚིགས་རྒྱས་པར་ནི་དབྱིག་དགའི་རྟོགས་པ་བརྗོད་པ་ལས་འབྱུང་བ་བཞིན་ཏེ། གང་གི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བདེན་པ་རྣམས་མཐོང་བར་གྱུར་པ་དེའི་ཚེ། ལྷ་བརྒྱད་ཁྲིས་ཀྱང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་
བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཀཽཎྜི་ནྱ་ལ་སོགས་པ་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་མཛད་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་སུ་ཡང་ཀཽཎྜི་ནྱ་ལ་སོགས་པ། ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ངས་ཇི་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས། སྲོག་ཕངས་པ་བྱིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་
བ་འདས་པའི་དུས་ན། རི་ཁྲོད་ཅིག་ནས་ཐག་མི་རིང་བ་ཞིག་ན། ཁུང་ཞིག་གི་ནང་ན་སྲོག་ཆགས་སྐྱིན་གོར་སྙིང་རྗེ་ཆེ་བ་བྱམས་པའི་བདག་ཉིད་ཅན་སེམས་ཅན་ལ་བྱམས་པ་ཞིག་གནས་པ་དེ། རྩ་བ་དང་འབྲས་བུས་འཚོ་ཞིང་སུ་ལ་ཡང་འཚེ་མི་འདོད་པ་ཞིག་འདུག་པ་དེ་ཕྱི་ཞིག་
ན་གཟས་ལ་སོང་སོང་བ་ལས། རྔོན་པ་ཞིག་གིས་མཐོང་ནས་དེ་དེས་གསོན་པོར་བཟུང་སྟེ། པགས་པ་བཤུས་ནས་བཏང་སྟེ་རྔོན་པ་དེས་པགས་པ་དེ་ཁྱེར་ཏེ་སོང་ངོ་། །དེ་ནས་སྐྱིན་གོར་དེ་ན་ཚ་མི་བཟོད་དེ་ཆུ་འགྲམ་ཞིག་ཏུ་སོང་ནས་ས་གཞི་བསིལ་བའི་ཕྱོགས་སུ་ཉལ་ལོ། །དེ་ནས་ཧ་

ཅང་ཡང་མི་རིང་བ་ཞིག་ན་གྲོག་ཚང་ཞིག་ཡོད་དེ། གྲོག་ཚང་དེ་ན་གྲོག་མ་བརྒྱད་ཁྲི་གནས་ཏེ། གྲོག་ཚང་དེའི་ནང་ནས་གྲོག་མ་ཞིག་བྱུང་སྟེ། གྲོག་མ་དེ་སྐྱིན་གོར་དེའི་ཐད་དུ་སོང་སྟེ་བལྟས་ན་སྐྱིན་གོར་པགས་པ་མེད་པ་དེ་མཐོང་ནས་རང་གི་ཚང་དུ་སོང་སྟེ། གྲོག་མ་
གཞན་དག་ལ་སྦྲན་ནས། གྲོག་མ་བརྒྱད་ཁྲི་པོ་དེ་དག་ཚང་ནས་འཐོན་ཏེ་སྐྱིན་གོར་དེའི་ལུས་ལ་ཞུགས་སོ། །དེ་ནས་དེ་དག་ཟ་བས་སད་དེ་དེས་བལྟས་ན་ལུས་ཐོག་ཐག་གྲོག་མས་གང་བར་མཐོང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་དུ་ཟིན་ཀྱང་། སེམས་
ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་བསམས་པ། ངས་བདག་ཉིད་ཐར་བར་ནི་ནུས་མོད་ཀྱི་སེམས་ཅན་འདི་སྙེད་ཀྱི་སྲོག་མ་རུང་བར་འགྱུར་ལ། བདག་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་གྱིས་བདག་རང་གི་སྲོག་ཡོངས་སུ་བཏང་ཡང་
སླའི། སེམས་ཅན་འདི་སྙེད་ཀྱི་སྲོག་མ་རུང་བར་བྱར་ནི་མི་རུང་ངོ་། །གཅིག་ཏུ་ན་བདག་ནི་གནོད་པ་འདི་ཁོ་ནས་ངེས་པར་འཆི་བར་འགྱུར་ལ། བདག་གི་བྱ་བ་གང་ཡིན་ཞེ་ན། སེམས་ཅན་ལ་ཕན་པའི་ཕྱིར་ལུས་ཡོངས་སུ་གཏོང་བ་སྟེ། དེ་ནི་བདག་ལ་འདི་རྣམས་ཀྱིས་
བསྐུལ་ཏོ་སྙམ་ནས། བདག་ཉིད་ཀྱིས་མནགས་ཏེ་ཅང་མི་ཟེར་བར་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ་སྟོན་པ་མེད་པ་ཡོངས་སུ་འདྲེན་པ་མེད་པར། སེམས་ཅན་མ་རྒལ་བ་
རྣམས་སྒྲོལ་བ་དང་མ་གྲོལ་བ་རྣམས་དགྲོལ་བ་དང་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་
ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག །ཅི་ལྟར་ངས་འདི་རྣམས་ད་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་

ནས། སྲོག་ཕངས་པ་བྱིན་པ་དེ་བཞིན་དུ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་འགོད་
པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྐྱིན་གོར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་གྲོག་མ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི་ལྷ་བརྒྱད་ཁྲི་འདི་དག་ཉིད་ཡིན་ཏེ། དེའི་
ཚེ་ཡང་ངས་འདི་རྣམས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་ནོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།
སྤྱོད་ཡུལ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་རྣམས་ནི་ཆོས་ཉིད་ཀྱིས་འདུ་བ་ཆེན་པོའི་དུས་གཉིས་ཡོད་དེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་འཆའ་བའི་དུས་ལ་བབ་པ་དང་། སྟོན་ཟླ་ཐ་ཆུངས་
ཉའོ། །དེ་ལ་དབྱར་ཟླ་འབྲིང་པོ་ལ་དབྱར་གནས་འཆར་ཉེ་བའི་ཚེ་ནི། དགེ་སློང་རྣམས་ཡིད་ལ་བྱེད་པའི་ཁྱད་པར་དག་མནོས་ནས་རིའི་སུལ་དང་། རིའི་ཕུག་དང་སོག་མའི་སྤྱིལ་པོ་དང་ཐང་དང་དུར་ཁྲོད་དང་ནགས་ཁྲོད་དང་བས་མཐའི་གནས་མལ་དག་ཏུ་དོང་སྟེ་དབྱར་གནས་འཆའ་
བར་བྱེད་དོ། །སྟོན་ཟླ་ཐ་ཆུངས་ཉ་ལ་ནི་ཕྱིར་འོངས་ནས་རྟོགས་ཟིན་པ་ནི་རྗོད་པར་བྱེད། ད་དུང་མ་རྟོགས་པ་ཡན་ཆད་ནི་ཞུ་བར་བྱེད་དོ། །དེ་ནས་དགེ་སློང་ཞིག་ལྗོངས་སུ་སྐབས་དབྱེ་བ་བྱས་ནས་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་མཉན་དུ་ཡོད་པར་ཕྱིན་ནས། དེས་ལྷུང་བཟེད་དང་
ཆོས་གོས་བཞག་གོ། །དེ་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་། །དེ་ཡང་གསར་དུ་འོངས་ལ་སྔན་ཅད་མ་ཕྱིན་ཏེ། ཤེས་པ་ཆུང་ཞིང་སྤྱོད་ཡུལ་ལ་མི་མཁས་པ་ཞིག་སྟེ། དེ་ཤིན་ཏུ་འཕྱི་བ་ཞིག་ན་

མཉན་དུ་ཡོད་པར་སོང་ནས་དེས་བལྟས་ན། དགེ་སློང་གཞན་དག་ལག་པ་གང་བ་དང་ལྷུང་བཟེད་བཀང་སྟེ། ཕྱིར་འོང་བར་མཐོང་ནས་དེས་བསམས་པ། དགེ་སློང་འདི་དག་ལ་འདི་ན་སྤྱོད་ཡུལ་གྱི་ས་གང་ན་ཡོད་པ་དང་གང་དུ་བསོད་སྙོམས་སྐྱེན་པར་རྙེད་པར་འགྱུར་བ་
དེ་དྲི་བར་བྱའོ་སྙམ་ནས། ཉེ་དགའ་བོའི་ཐད་དུ་དོང་སྟེ་དྲིས་པ། བཙུན་པ་ཉེ་དགའ་བོ་བདག་ནི་མཉན་དུ་ཡོད་པའི་སྤྱོད་ཡུལ་གྱི་རྒྱུས་མ་འཚལ་ན་བདག་གིས་གང་ནས་བསོད་སྙོམས་སྐྱེན་པར་རྙེད་པར་འགྱུར་བ་དེ་ལྟ་བུའི་སྤྱོད་ཡུལ་བདག་ལ་སྟོན་ཅིག་ཅེས་བྱས་པ་དང་། ཉེ་དགའ་བོས་མཐོ་
བཙམ་པར་བསམས་ཏེ། བྲམ་ཟེ་དགེ་མཚན་དང་བཀྲ་ཤིས་དང་སྦྱོར་བ་མི་སྲུན་ཅིང་མ་དད་པ་ཞིག་གི་ཁྱིམ་བསྟན་ཏེ། ཁྱིམ་འདིར་སོང་ཤིག་དང་འདི་ནས་ཁྱོད་ཀྱི་བསོད་སྙོམས་འབྱུང་བར་འགྱུར་རོ་ཞེས་བྱས་ནས་ཉེ་དགའ་བོ་སོང་ངོ་། །དེ་ནས་དགེ་སློང་དེ་ཁྱིམ་དེའི་ནང་དུ་སོང་
བ་དང་བྲམ་ཟེ་དེ་ཡང་དོན་ཞིག་ལ་གྲོང་གཞན་ཞིག་ཏུ་འགྲོ་བར་ཆས་པ་ལས་དེས་བསམས་པ། མགོ་རེག་གོས་ཚོན་ཅན་གྱོན་པ་བདག་གི་མདུན་དུ་འོངས་པ་འདི་ནི་བཀྲ་མི་ཤིས་སོ་སྙམ་ནས། དེ་དེས་བཟུང་ནས་ཁུ་ཚུར་དང་། རྡོག་པས་ཞེན་པར་བརྡེགས་ཏེ། བསྐྱུར་ཏེ་
བོར་ནས་དེ་ཀླད་པ་ནི་རྡོལ། ཆོས་གོས་སྣམ་སྦྱར་ནི་རལ། ལྷུང་བཟེད་ནི་ཞོམ། གསེག་ཤང་ནི་ཆག་སྟེ། ཁྱིམ་དེའི་ནང་ནས་ཕྱིར་བྱུང་ནས་དེས་བསམས་པ། བདག་ཟན་མེད་ཀྱང་སླའོ་སྙམ་ནས་དེ་སྨྱུང་བར་འདུག་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་།
དགེ་སློང་རྣམས་ཀྱིས་དེ་མཐོང་ནས་དྲིས་པ་བཙུན་པ་འདི་ལྟ་བུ་ཅི་ཁྱོད་མི་རྒོད་ཀྱིས་མ་བཅོམ་མམ། དེས་སྨྲས་པ། བདག་མི་རྒོད་ཀྱིས་ནི་མ་བཅོམ་གྱི་ཉེ་དགའ་བོས་མཐོ་བཙམས་སོ་ཞེས་བྱས་སོ། །དེ་ནས་སྐབས་ཀྱི་གཏམ་དེ་དགེ་སློང་རྣམས་ཀྱིས་ཐོས་ཏེ་བཅོམ་ལྡན་འདས་ལ་
གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་ལ་སྤྱོད་ཡུལ་མ་ཡིན་པ་བསྟན་པར་མི་བྱའོ། །གལ་ཏེ་མི་ཤེས་བཞིན་དུ་འགྲོ་འདོད་པ་ཞིག་དགེ་སློང་དག་གིས་མཐོང་ན་ཡང་དགག་པར་བྱ་སྟེ། དེ་ལྟར་བཀག་ན་ནི་ལེགས། མ་བཀག་ན་ཉེས་

པ་དང་ལྡན་པར་འགྱུར་རོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཉེ་དགའ་བོས་དགེ་སློང་འདི་སྤྱོད་ཡུལ་མ་ལགས་པར་བཏང་ནས། དགེ་སློང་འདི་ཡང་དེར་མཆིས་ཏེ། གནོད་པ་ཆེན་པོ་དང་མཇལ་བ་ལ་གཟིགས་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་འདས་པའི་དུས་ན་ཡང་དགེ་སློང་འདི་ཉེ་དགའ་བོ་འདི་ཁོ་ནས་སྤྱོད་ཡུལ་མ་ཡིན་པ་ལ་ཇི་ལྟར་བཏང་བ་དང་འདི་ཡང་དེར་སོང་སྟེ། གནོད་པ་ཆེན་པོ་དང་ཇི་ལྟར་ཕྲད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་
པད་མའི་མཚོ་ཞིག་གི་ནང་ན། སྲོག་ཆགས་རུ་སྦལ་ཞིག་གནས་ལ་ཝ་ཞིག་ཀྱང་སྐོམ་གྱིས་གདུངས་ནས་ཆུ་བཏུང་ངོ་སྙམ་སྟེ་པད་མའི་མཚོ་དེའི་ནང་དུ་ཞུགས་པ་དང་། དེས་སྲོག་ཆགས་རུ་སྦལ་དེ་མཐོང་ནས་བཟའ་བར་ཆས་ཏེ། སོས་བཟུང་ནས་རུ་སྦལ་དེས་དེ་ལ་སྨྲས་པ།
གྲོགས་པོ་བདག་མ་གསོད་ཅིག་བདག་ནི་ཁྱོད་ཀྱི་ཁམ་ཅིག་ཏུ་ཡང་མེད་ཀྱིས་གལ་ཏེ་ཁྱོད་ཀྱིས་བདག་གསོན་པོར་བཏང་ན་བདག་གིས་ཁྱོད་ལ་ཁ་ཟས་མང་པོ་བསྟན་ཏོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཝ་དེས་རུ་སྦལ་དེ་བཏང་སྟེ་སྨྲས་པ། བདག་གིས་ག་ལས་བཟའ་བ་རྙེད་
པར་འགྱུར་བའི་ཕྱོགས་དེ་སྟོན་ཅིག །རུ་སྦལ་གྱིས་སྨྲས་པ། གྲོགས་པོ་ཕྱོགས་ག་གེ་མོ་ཞིག་ན་ཕུག་ཅིག་གི་ནང་ན་སྐྱིན་གོར་མ་སྨད་བརྒྱད་གནས་ཀྱིས། དེ་རྣམས་ཁྱོད་ཀྱིས་སོད་ལ་ཟོ་ཤིག་ཅེས་བྱས་སོ། །ཕུག་དེའི་ནང་ན་སེང་གེ་མོ་ཞིག་ཀྱང་གནས་ཏེ། དེ་ཡང་གསར་
དུ་བུ་བྱུང་ནས་དེ་ལ་སེང་གེའི་ཕྲུག་གུ་གཉིས་ཡོད་དེ། དེས་དེ་གཉིས་བསྲུང་བའི་ཕྱིར་ཕུག་དེའི་ནང་ནས་ཕྱིར་འབྱུང་དུ་མི་བཏུབ་བོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཝ་དེ་ཡང་ཕུག་སྒོ་ལོགས་སུ་ཆས་པ་ལས། དེ་ཝ་གཞན་ཞིག་གིས་མཐོང་ནས་སྨྲས་པ། གྲོགས་པོ་གར་འགྲོ །དེས་
སྨྲས་པ། ཕུག་འདིའི་ནང་ན་སྐྱིན་གོར་མ་སྨད་བརྒྱད་གནས་ཏེ། དེ་དག་བདག་གིས་བསད་ལ་བཟའ་བར་བྱའོ། །ཝ་དེས་སྨྲས་པ། གྲོགས་པོ་ལྟོས་དང་ཁྱོད་འདིར་སོང་ན་སྡུག་བསྔལ་དང་ཕྲད་ཏ་རེ་ཞེས་བྱས་པ་དང་། དེས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་

ནི་འདི་ན་སྟོབས་ལྡན་བརྩོན་འགྲུས་ལྡན། །བདག་དང་མཚུངས་པ་ག་ལའང་ཡོང་མེད་དེ། །གླང་ཆེན་རྒྱལ་པོ་རྫིང་ལ་བབ་པ་བཞིན། །དེ་རིང་སྐྱིན་གོར་སྨད་བརྒྱད་གཞོམ་པར་བྱ། །ཞེས་སྨྲས་ནས། དེས་དེའི་ཚིག་མ་མཉན་ཏེ་ཕུག་དེའི་ནང་དུ་སོང་བ་ལས། དེ་སེང་གེའི་
ཕྲུ་གུ་གཅིག་གིས་ནི་རྣ་བ་ནས་བཟུང་། གཅིག་གིས་ནི་མཇུག་མ་ནས་བཟུང་སྟེ་མས་སྨྲས་པ། བུ་གཉིས་ཐེ་རེལ་ཟ་བ་འདི་མ་གསད་འདི་བསད་དེ་ཅི་རུང་ཞེས་བྱས་ནས། དེ་གཉིས་ཀྱིས་མའི་ཚིག་མ་ཉན་ཏེ་གཅིག་གིས་ནི་རྣ་བ་བཅད་གཅིག་གིས་ནི་མཇུག་མ་བཅད་དེ་བོར་རོ། །དེ་
ནས་ཝ་ཅིག་ཤོས་ཀྱིས་དེ་ཕུག་སྒོ་ནས་བྱུང་བ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་འདི་ན་སྟོབས་ལྡན་བརྩོན་འགྲུས་ལྡན། །ཁྱོད་དང་མཚུངས་པ་ག་ལའང་མེད་ཅེ་ན། །དཔའ་བོ་ལུས་མཛེས་མ་རུང་གྱུར་པ་ལས། །ཁ་ཚོ་བསྐྱེད་པ་དེ་དང་འཐུན་མ་གྱུར། །དེ་ནས་དེས་དེ་ལ་སྨྲས་
པ་འདི་ནི་དེས་ཀྱང་མཉེས་ཀྱིས་བདག་གིས་དེའི་ཚིག་མཉན་ཏེ་ཡིད་ཆེས་པར་བྱས་པ་འདི་ནི་བདག་ཉིད་ཀྱིས་ཉེས་སོ་ཞེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། སྐྱིན་གོར་སྨད་བརྒྱད་ཕུག་ན་སྐྱེས་སོ་ཞེས། བདག་ནི་རུ་སྦལ་ཚིག་ལ་ཡིད་ཆེས་པ། །དེ་ནི་བདག་འདིར་བླུན་ཞིང་
དགོངས་ཀྱང་ཆུང་། །མི་ཤེས་བྱུར་ངན་དམ་པས་དམད་པར་འོས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྲོག་ཆགས་རུ་སྦལ་དུ་གྱུར་པ་གང་ཡིན་པ་དེ་ནི་ཉེ་དགའ་བོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཝར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེའི་ཚེ་ཡང་དེ་འདིས་
སྤྱོད་ཡུལ་མ་ཡིན་པར་བཏང་སྟེ། འདི་ཡང་དེར་སོང་བ་ལས་སྡུག་བསྔལ་ཆེན་པོ་རྙེད་ལ་ད་ལྟར་ཡང་དེས་འདི་སྤྱོད་ཡུལ་མ་ཡིན་པར་བཏང་སྟེ། དགེ་སློང་འདི་དེར་སོང་ནས་སྡུག་བསྔལ་ཆེན་པོ་རྙེད་པར་གྱུར་ཏོ།། །།དགོན་པ་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་
བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་

ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། སེམས་ཅན་དེ་ཡང་སྲིད་པ་ཐ་མ་པ་ཞིག་ཡིན་ལ། ཁྱིམ་དེའི་བསེན་ནི་ཚེ་དང་ལྡན་པ་མ་འགགས་པ་ཡིན་ཏེ། དེས་བལྟས་ན་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཁྱིམ་དེར་ཉིང་མཚམས་སྦྱར་བར་
མཐོང་ངོ་། །དེ་ནས་དེས་ཕྱི་ཞིག་ན་ཁྱིམ་བདག་དེ་བརྟན་པོར་བྱ་བའི་ཕྱིར། གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཁྱིམ་དེར་སོང་བ་དང་། ཁྱིམ་བདག་དེས་ཚེ་དང་ལྡན་པ་མ་འགགས་པ་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་ཞམ་རིང་མ་མཆིས་སམ་ཅི་ན། ཟླ་མ་མཆིས་པ་དང་
ཞབས་འབྲིང་མ་མཆིས་པར་གཅིག་པུ་གཤེགས། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བདག་ཅག་གི་གཡོག་ནི་ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་དེ་དག་བདག་ཅག་གི་གཡོག་ཏུ་འགྱུར་བར་ཟད་པས་ན། བདག་ཅག་གི་གཡོག་ནི་རྙེད་རྙེད་ཙམ་དུ་ཟད་དོ། །
ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱིས་དེ་ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ། །མ་འགགས་པས་སྨྲས་པ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ནོ་
ཞེས་སྨྲས་ནས་སོང་ངོ་། །ཁྱིམ་བདག་གི་ཆུང་མ་དེ་ཡང་གང་གི་ཚེ་བུ་ཆགས་པར་གྱུར་ནས། གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་སོང་ནས་གནས་པར་བྱེད་དེ། ཕྱིན་ཅད་སྐྱེ་བོ་མང་པོའི་ནང་དུ་འདུག་པར་མི་དགའོ། །དེ་ནས་ཁྱིམ་བདག་གིས་བསམས་པ། མ་ལ་བདག་
གི་ཆུང་མ་འདི་འབྱུང་པོ་འགའ་ཞིག་གིས་མ་བརླམས་གྲང་སྙམ་ནས་ལྟས་མཁན་རྣམས་ལ་བསྟན་ནས་ལྟས་མཁན་རྣམས་ཀྱིས་སྨྲས་པ། འདི་འབྱུང་པོས་བརླམས་པ་ནི་མ་ཡིན་གྱི་འདི་ནི་སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ཏེ། སེམས་ཅན་དེ་ནི་གཅིག་པུ་གར་བར་དགའ་བ་ཞིག་
གོ་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ་གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ་སྣ་མཐོ་བ་སྣ་ལེགས་པ་ཞིག་

བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མ་བཙས་པའི་སྔ་རོལ་ནས་གཅིག་པུ་གར་བར་དགའ་བར་འགྱུར་རོ་ཞེས་ལུང་བསྟན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དགོན་པ་པ་
ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་དགོན་པ་པ་དེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུས་བསྐྱེད་བསྲིངས་ནས་འགྲོ་བར་ནུས་པར་གྱུར་པ་དང་། ཁྱེའུ་དེ་རང་བཞིན་གྱིས་ཚེ་རབས་དྲན་ཏེ། དེས་བལྟས་ན་འཁོར་བར་འཁོར་བ་ན་བདག་གིས་འདུ་འཛིའི་ཉེས་པས་
སྡུག་བསྔལ་ཆེན་པོ་མྱོང་བར་མཐོང་ངོ་། །མཐོང་ནས་ཀྱང་གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་དགའ་བར་བྱེད་ཅིང་དེ་འདུ་འཛིའི་ཉེས་པ་སྤང་བའི་ཕྱིར་གནས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས་དེ་རབ་ཏུ་བྱུང་བའི་དུས་ལ་བབ་པར་ཤེས་ནས་ཁྱིམ་བདག་དེ་ལ་སྨྲས་
པ། ཁྱིམ་བདག་ཁྱེའུ་འདི་ནི་མ་བཙས་པའི་སྔ་རོལ་ནས། ཁྱོད་ཀྱིས་བདག་ལ་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི་དམ་བཅས་པ་ལ་བརྟན་པ་ཡིན་ན་དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ་དེ་ཁོ་ན་ལྟར་དམ་བཅས་ལགས་སོ་ཞེས་
བྱས་ནས། ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པའི་ཞབས་འབྲིང་དུ་ཕུལ་གྱིས་སོང་ལ་འཕགས་པའི་ཞབས་འབྲིང་གྱིས་ཤིག །ཁྱེའུས་སྨྲས་པ། དེ་ནི་བདག་ལ་ཕན་གདགས་པ་
ལགས་སོ་ཞེས་བྱས་ནས། ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་སོང་ངོ་། །ཚེ་དང་ལྡན་པ་མ་འགགས་པས་ཀྱང་། ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཁྱེའུ་དེ་ཁྲིད་དེ་གཙུག་ལག་ཁང་དུ་སོང་ངོ་། །དེར་ཁྲིད་ནས་ཀྱང་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་
ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་

ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་
དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགོན་པ་དང་ནགས་ཁྲོད་དང་བས་མཐའི་གནས་མལ་ལ་རྟེན་ཅིང་། བདག་སུ་དང་ཡང་མི་ཕྲད་པར་བྱའོ་སྙམ་མོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ།
བཙུན་པ་དགོན་པ་བས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་
མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། ནོངས་དམིགས་ཅི་ཞིག་མཐོང་ན་བྱིས་པ་ནས་འདུ་འཛི་སྤངས་ཏེ་གཅིག་པུ་མཆིས་པར་དགའ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི་རང་བཞིན་གྱིས་ཚེ་
རབས་དྲན་ལ། འཁོར་བར་འཁོར་བ་ན་འདིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་ཡང་མྱོང་བར་གྱུར་ཏེ། འདིས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུ་གནས་པར་དགའ་བར་གྱུར་ཏོ། །བཙུན་པ་འདིས་གང་དུ་འདུ་འཛིའི་ཉེས་པ་བསྐྱེད་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།
སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་ཞལ་ཏ་བྱེད་པ་འདུ་འཛི་མང་བར་གྱུར་ནས། འདུ་འཛིའི་ཉེས་པ་དེས་ཚུལ་ཁྲིམས་

འཆལ་པར་གྱུར་ཏེ། ཚུལ་ཁྲིམས་འཆལ་པ་དང་། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་། འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས། ཅི་འདོད་པར་སྤྱད་དེ་གཞན་དག་ལ་ཡང་བྱིན་ནོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཞལ་
ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཁོ་ན་ཡིན་ཏེ། དེ་དེར་རབ་ཏུ་བྱུང་ནས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས། ཅི་འདོད་པར་སྤྱད་དེ། གཞན་དག་ལ་ཡང་བྱིན་ནས། ཁོང་དགེ་བ་རྣམས་ལ་ངོར་
བྱས་པའི་ལས་དེའི་རྣམ་པར་སྨིན་པས། འདི་ཚེ་རབས་ལྔ་བརྒྱར་ཡི་དགས་སུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ་། །དེས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུ་གནས་པར་དགའ་བར་གྱུར་ཏོ། །དེས་དེར་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་ལ་གནས་པ་བསྲུངས་པ་དང་།
དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི་ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་ཅུང་ཟད་ཆོས་བཞིན་དུ་ཞལ་ཏ་བྱས་པའི་ལས་དེའི་རྣམ་པར་སྨིན་
པས་ནི། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་དྲུག་པ། གླང་པོ་ཆེ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་དབྱར་གནས་བཅས་
ཏེ། དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་མཛད་དེ། ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་ཆས་ཏེ་གཤེགས་ནས། མཐར་གྱིས་གཤེགས་གཤེགས་པ་ལས་རི་དྲུང་ཤོད་ཅིག་ཏུ་བྱོན་པ་དང་། དེའི་
ཚེ་དགོན་པའི་གླང་པོ་ཆེ་ཞིག་སེང་གེས་འཇིགས་ནས་རང་གི་ཁྱུ་དེད་དེ། རི་དེ་ལ་འཛེགས་ནས་རང་གི་ཁྱུ་སྐྱོང་ཞིང་འདུག་པ་ལས། གླང་པོ་ཆེའི་གཙོ་བོ་རི་ལ་སོང་བ་དེས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་གཤེགས་པ་མཐོང་ནས། བཅོམ་ལྡན་འདས་མཐོང་མ་ཐག་ཏུ་གླང་པོ་ཆེའི་

གཙོ་བོ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་ནས། དེ་རི་དེ་ལས་བབས་ཏེ་ཤིང་ནྱ་གྲོ་དྷའི་ཡལ་ག་དག་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྐུ་ལ་ཉི་མའི་འོད་ཀྱིས་གདུང་བར་མི་འགྱུར་
བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སྟེང་དུ་ནྱ་གྲོ་དྷའི་ཡལ་ག་འཛིན་ཅིང་ཕྱི་བཞིན་འབྲང་ངོ་། །དེ་ནས་གྲོང་གཞན་དུ་གཤེགས་ཀྱི་བར་དུ་བསྐྱལ་ཏེ། ཕྱིར་ལོག་ནས་དེ་ཕྱིར་ལྡོག་ཅིང་འོང་བ་ན། རི་དགས་ཀྱི་རྒྱལ་པོ་སེང་གེས་བསད་དེ་དེ་ཤི་འཕོས་ནས་དུས་ལས་འདས་པའི་འོག་ཏུ་
ལྷའི་ནང་དུ་སྐྱེས་ཏེ། ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་།
བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ་། །དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་བལྟ་བའི་ཕྱིར་
འགྲོ་སྙམ་མོ། །དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་
མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་
འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་

བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་།
རུས་པའི་ལ་བརྒལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས་མས་ཀྱང་མ་བགྱིས་རྒྱལ་པོས་ཀྱང་མ་བགྱིས་ལྷ་རྣམས་ཀྱིས་ཀྱང་མ་བགྱིས་ནང་མི་དང་གཉེན་གྱི་ཚོགས་
རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །
མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་འཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །
སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགར་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་
རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་
འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་སངས་རྒྱས་བཅོམ་ལྡན་

འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་བལྟ་བའི་ཕྱིར་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་
ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ཏེ། ཁྱོད་ཀྱིས་གླང་པོ་ཆེའི་གཙོ་བོ་གང་གིས་དེ་བཞིན་གཤེགས་པ་ལམ་དུ་འགྲོ་བའི་སྟེང་དུ་ནྱ་གྲོ་དྷའི་ཡལ་ག་བཟུང་བ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དགེ་
སློང་དག་དེ་ནི་ངའི་ཐད་ནས་ཕྱིར་ལོག་པའི་འོག་ཏུ་སེང་གེས་བསད་དེ། དེ་ང་ལ་སེམས་དགའ་བ་བསྐྱེད་པས་ལྷའི་ནང་དུ་སྐྱེས་ཏེ་ལྷར་གྱུར་ནས་ངའི་ཐད་དུ་འོངས་ཏེ། དེ་ལ་ངས་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ་རང་གི་གནས་སུ་སོང་ངོ་། །དེ་ནས་དགེ་སློང་རྣམས་ཀྱིས།
སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་གླང་པོ་ཆེའི་གཙོ་བོ་དེས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གླང་པོ་ཆེར་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལྷའི་ནང་དུ་སྐྱེས་ལ། དེས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ལ་
མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ། ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་
ཉིད་ལ། སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་
ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་བསླབ་པ་ལ་མ་གུས་ཤིང་གཡེལ་བར་གྱུར་ཏེ། དེས་དེར་བསླབ་པའི་གཞི་ཆེ་ཕྲ་ལས་འགལ་བ་མང་དུ་བྱས་སོ། །དེས་བསླབ་པའི་གཞི་ཁ་ཅིག་ནི་བསྲུངས་ནས་འཆི་

ཀར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །
དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི་གླང་པོ་ཆེ་འདི་ཁོ་ན་ཡིན་ཏེ། དེས་དེར་བསླབ་པའི་གཞི་ཆེ་ཕྲ་མང་དུ་མ་བསྲུངས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དུད་འགྲོའི་ནང་དུ་སྐྱེས་སོ། །དེས་དེར་བསླབ་པའི་གཞི་ཁ་ཅིག་བསྲུངས་ནས།
འཆི་ཀར་སྨོན་ལམ་བཏབ་སྟེ་དགེ་བའི་རྩ་བ་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་
དེས་ནི་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ད་ལྟར་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་པ་ནི་འདས་པའི་ལས་ཡིན་ནོ། །ད་ལྟར་བྱུང་
བའི་ལས་གང་ཞེ་ན། དེ་གླང་པོ་ཆེར་གྱུར་ནས་ང་ལ་བསྙེན་བཀུར་བྱས་ཏེ། སེམས་དགའ་བར་བྱས་པ་དེས་ན་ལྷའི་ནང་དུ་སྐྱེས་ཏེ་འདི་ནི་ད་ལྟར་བྱུང་བའི་ལས་ཡིན་ནོ།། །།ཀླུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ན་
ཀླུའི་རྒྱལ་པོ་དབྱིག་ཅེས་བྱ་བ་ཞིག་གནས་ཏེ། དེས་ཀླུའི་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་བུ་ཁྱེའུ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས། བུ་འདིའི་མིང་ཇི་སྐད་གདགས་
ཞེས་མིང་འདོགས་པར་བྱེད་དེ། བུ་འདི་དབྱིག་གི་བུ་ཡིན་པས་ན། འདིའི་མིང་དབྱིག་བཟངས་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་དབྱིག་བཟངས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་ཆེར་སྐྱེས་ཏེ་འགྲོ་ནུས་པར་གྱུར་

ཏོ། །ཀླུ་རྣམས་ཀྱི་ཆོས་ཀྱིས་ནི་ཉིན་དུས་གསུམ་མཚན་དུས་གསུམ་དུ་ལུས་ལ་ཀླུའི་བྱེ་མ་འབབ་སྟེ། གཞི་དེས་ན་དེ་དག་གིས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་ཏེ། བུ་དེ་བྱིས་པ་ཤེད་མ་བྱེ་བའི་བར་དུ་ནི་དེའི་ལུས་ལ་ཀླུའི་
བྱེ་མ་དེ་མི་འབབ་བོ། །གང་གི་ཚེ་ཆེར་སྐྱེས་ཤིང་ཤེད་བྱེ་བར་གྱུར་པ་དེའི་ཚེ་ནི་དེའི་ལུས་ལ་ཡང་ཀླུའི་བྱེ་མ་འབབ་པར་འགྱུར་ཏེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་ནས། ཕ་མ་ལ་དྲིས་པ། ཡབ་ཡུམ་བདག་གིས་ཡུན་
ཇི་སྲིད་ཅིག་གི་བར་དུ་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར། ཕ་མས་སྨྲས་པ། བུ་ཇི་སྲིད་དུ་སྐལ་བ་མཉམ་པ་འདི་ཡོད་པ་དེ་སྲིད་དུ་ཁྱོད་ཀྱིས་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་བུ་དེས་བལྟས་ན། ཀླུ་ཆེན་པོ་གཞན་དག་གི་ལུས་ལ་ཀླུའི་བྱེ་མ་མི་འབབ་པ་
མཐོང་ངོ་། །མཐོང་ནས་ཀྱང་ཕ་མ་ལ་དྲིས་པ། ཡབ་ཡུམ་ལོག་པར་ལྟུང་བར་གྱུར་པ་འདྲ་ན། ཅིའི་ཕྱིར་ཀླུ་ཆེན་པོ་འདི་དག་གི་ལུས་ལ་ནི་ཀླུའི་བྱེ་མ་མི་འབབ་ལ། བདག་ཅག་གི་ལུས་ལ་ནི་འབབ། ཕ་མས་དེ་ལ་སྨྲས་པ། ཀླུ་ཆེན་པོ་འདི་དག་ནི་ཆེ་བར་གྲགས་པ་ཡིན་ཏེ། ཆེ་
བར་གྲགས་པ་ཡིན་པས་ན་དེ་དག་ལ་ནི་མི་འབབ་བོ། །དེ་ནས་དེས་བལྟས་ན་རྒྱ་མཚོ་ཆེན་པོ་དེའི་ནང་ན་ཀླུ་བདག་ཅག་པས་ཆེས་ངན་པ་དེ་དག་གི་ལུས་ལ་ཡང་ཀླུའི་བྱེ་མ་མི་འབབ་པར་མཐོང་ངོ་། །མཐོང་ནས་ཀྱང་ཕ་མ་ལ་སྨྲས་པ། ཡབ་ཡུམ་ཁྱེད་གཉིས་ན་རེ་ཀླུ་ཆེན་པོ་འདི་དག་ནི་
ཆེ་བར་གྲགས་པ་ཡིན་ཏེ། ཆེ་བར་གྲགས་པ་ཡིན་པས་ན་འདི་དག་གི་ལུས་ལ་ཀླུའི་བྱེ་མ་མི་འབབ་བོ་ཞེ་ན། འདི་ན་བདག་ཅག་པས་ཆེས་ངན་པ་གཞན་དག་ཀྱང་ཡོད་ན། ཅིའི་ཕྱིར་དེ་དག་ལ་ནི་ཀླུའི་བྱེ་མ་མི་འབབ་ལ་བདག་ཅག་ལ་ནི་འབབ། ཕ་མ་གཉིས་ཀྱིས་སྨྲས་པ། དེ་དག་
ནི་བདག་ཅག་བས་ཆེས་ངན་མོད་ཀྱི། འོན་ཀྱང་དེ་དག་གིས་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླངས་པས་ན། དེའི་ཕྱིར་དེ་དག་གི་ལུས་ལ་ཀླུའི་བྱེ་མ་མི་འབབ་བོ། །དེ་ནས་དེ་ཐོས་མ་ཐག་ཏུ་བུ་དེ་ཤིན་ཏུ་དགའ་བར་གྱུར་ཏེ། སྨྲས་པ་ཡབ་ཡུམ་དེ་དག་གི་སྐྱབས་སུ་འགྲོ་བ་དང་བསླབ་

པའི་གཞི་རྣམས་ག་ལས་བྱུང་། དེ་གཉིས་ཀྱིས་སྨྲས་པ། ཡུལ་དབུས་འདིར་སངས་རྒྱས་བྱུང་སྟེ། དེ་ནི་བདུད་རྩིའི་ཆར་འབེབས་པས། དེ་ལས་དེ་དག་གི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བྱུང་ངོ་། །ཀླུའི་བུ་དེས་སྨྲས་པ། ཡབ་ཡུམ་བདག་མཆི་བར་གནང་བར་
མཛོད་ཅིག་དང་། གང་དག་གི་མཐུས་བདག་གི་ལུས་ལ་ཀླུའི་བྱེ་མ་འབབ་པར་མི་འགྱུར་བའི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དེ་དག་བདག་གིས་བླང་བར་བགྱིའོ། །ཕ་མས་སྨྲས་པ། བུ་མ་ལེན་ཅིག །ལྷན་ཅིག་སྐྱེས་པའི་བྱེ་མའི་སྡུག་བསྔལ་འདི་ནི་ཆུང་གི །སྐྱབས་སུ་
འགྲོ་བ་དང་བསླབ་པའི་གཞི་དེ་དག་བླངས་པ་ལས་མ་བསྲུངས་ན། གཞི་དེ་ལས་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་སུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་རྣམས་མྱོང་བར་འགྱུར་ཏེ། སྡུག་བསྔལ་འདི་ནི་སྡུག་བསྔལ་འདིའི་བརྒྱའི་ཆར་ཡང་མི་ཕོད་སྟོང་གི་ཆར་ཡང་མི་ཕོད་འབུམ་
གྱི་ཆར་ཡང་མི་ཕོད་དོ། །ཀླུའི་བུས་སྨྲས་པ། ཡབ་ཡུམ་བདག་གི་ལྷན་ཅིག་སྐྱེས་པའི་བྱེ་མའི་སྡུག་བསྔལ་འདི་ཞི་བར་འགྱུར་བ་འབའ་ཞིག་གི་ཕྱིར་ཡང་ཅི་ནུས་ཀྱིས་བསྲུང་བར་བགྱིའོ་ཞེས་སྨྲས་ནས། ཀླུའི་བུ་དེས་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་པད་མ་དཀར་པོ་རྣམས་
ཀྱིས་ཐུ་བ་བཀང་སྟེ། རྒྱ་མཚོ་ཆེན་པོའི་ནང་ནས་མི་སྣང་བར་གྱུར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་ཆོས་སྟོན་ཅིང་བཞུགས་སོ། །དེ་ནས་ཀླུའི་བུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་
མཛེས་ཤིང་ཡིད་དུ་འཐད་པ་དབང་པོ་དུལ་བ་ཐུགས་ཞི་བ་ཐུགས་དུལ་ཞིང་རྣམ་པར་ཞི་བའི་མཆོག་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་དང་གཟི་བརྗིད་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་
སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་མནོས་ཏེ། ཆོས་

མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་དེའི་ཀླུའི་བྱེ་མ་མེད་པར་གྱུར་ནས། དེས་བསམས་པ་བཅོམ་ལྡན་འདས་ནི་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་སེལ་བ་དང་བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ཐོབ་པར་མཛད་པ་ཡིན་ན་བདག་གིས་བཅོམ་
ལྡན་འདས་ཀྱི་བཀའ་དྲིན་ཇི་ལྟར་བསབ་པར་བྱ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་ན། བདག་གིས་ཇི་སྲིད་འཚོའི་བར་དུ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ་སྙམ་ནས། སྟན་ལས་ལངས་
ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་སྲིད་འཚོའི་བར་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་
གསོས་དང་སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་གཞན་དག་ལ་ཡང་ཕན་གདགས་དགོས་ཀྱིས་ཐོང་ཤིག་དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པར་དབྱར་
བཞུགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཡུལ་མ་ག་དྷཱར་ལྗོངས་སུ་རྒྱུ་ཞིང་གཤེགས་ཀྱིས། སུ་ནི་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་འགྲོ་འདོད་པ་དེ་ཆོས་གོས་དག་དང་
ཆོས་ཤིག་ཅེས་སྦྲོན་ཅིག །དེ་ནས་བཅོམ་ལྡན་འདས་ཇི་སྲིད་དགྱེས་པའི་བར་དུ་མཉན་དུ་ཡོད་པ་ན་བཞུགས་བཞུགས་ནས་རྒྱལ་པོའི་ཁབ་ག་ལ་བ་དེར་རྒྱུ་ཞིང་གཤེགས་སོ། །དེ་ནས་ཀླུའི་བུ་དེས་བསམས་པ་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བར་
བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། བདག་གིས་ལམ་འདིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ་སྙམ་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་

བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཀྱི་བར་དུ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་
སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་དེ་ལ་ཅང་མི་གསུང་བས་གནང་ནས་ཀླུའི་བུ་དེས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རི ག་ནས། མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཀྱི་བར་
གྱི་ལམ་ཐོག་ཐག་ཏུ་རྡོ་དང་གསེག་མ་དང་གྱོ་མོ་རྣམས་བསལ་ཏེ། སྟོར་ཁུང་དང་ཕྱི་སའི་འདམ་དང་ཕྱག་དར་ཉལ་ཉིལ་དང་ཤིང་དང་བོང་བ་རྣམས་མེད་པར་བྱས་ནས། ས་གཞི་གསིང་མ་སྔོན་པོས་ཁྱབ་པར་བྱས་ནས། སྤོས་ཆབ་ཀྱིས་ཆག་ཆག་བཏབ་པ། ངོས་གཡས་
གཡོན་ནས་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་དག་གིས་འཁྱམས་འདྲ་བར་དཀྲིགས་ཏེ། ནེ་ཙོ་དང་རི་སྐེགས་དང་རྨ་བྱ་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པ་བཀོད་མ་དང་། མཚེའུ་དང་ལྟེང་ཀ་དང་རྫིང་རྣམས་མེ་ཏོག་དང་། པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ད་
དང་། པད་མ་དཀར་པོ་རྣམས་ཀྱིས་གང་བར་འདུག་ལ། ངང་པ་དང་ངུར་པ་དང་ཟལ་མོ་རྣམས་སྐད་འབྱིན་པ་དག་སྤྲུལ་ཏེ། ལམ་ཐོག་ཐག་ཏུ་བུམ་པ་གང་བ་དང་ཆུ་ཤིང་གི་སྡོང་བུ་དང་ཕྲེང་བའི་མཆོག་རྣམས་ནི་ཚར་དུ་སྦྲེངས། གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ནི་བསྒྲེང་
རས་སྣ་ཚོགས་ནི་སྦྱངས་རྔ་ཡབ་སྣ་ཚོགས་ནི་བཙུགས་གློ་གཡས་གཡོན་དུ་ནི་གཟིམས་ཁྲི་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བཤམས་དར་གྱི་བླ་རེ་རྣམས་ནི་བྲེས། ཟླ་བ་དང་ཟླ་བ་ཚེས་པ་དང་མེ་ལོང་རྣམས་ཀྱིས་ནི་བརྒྱན། མགུལ་
གདུབ་དང་གདུབ་བུ་རྒྱན་ཅན་དང་དཔུང་རྒྱན་དང་རྒྱན་ཕྲེང་དང་སེ་མོ་དོ་རྣམས་ཀྱིས་ནི་མཛེས་པར་བྱས། མེ་ཏོག་སྣ་ཚོགས་ཀྱི་ཆུན་པོ་རྣམས་ཀྱིས་ནི་ཁེབས་པར་བྱས་ཏེ་སྤྲུལ་ཏོ། །དེར་མི་མང་པོ་དག་ཀྱང་སྤྲུལ་ཏེ། ལ་ལ་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་

རྣམས་ལ་གདུགས་རྩིབས་བརྒྱ་པ་དག་འཛིན་པར་བྱེད། ལ་ལ་ནི་བླ་རེ་འཛིན་པར་བྱེད། ལ་ལ་ནི་རྔ་ཡབ་གསེར་གྱི་ཡུ་བ་ཅན་དང་། ནོར་བུའི་ཡུ་བ་ཅན་དག་གིས་གཡོབ་པར་བྱེད། ལ་ལ་ནི་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་རྣམས་འཐོར་བར་
བྱེད་དོ། །ཀླུའི་བུ་དེ་ཉིད་ནི་བཅོམ་ལྡན་འདས་ལ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་རྣམས་ཀྱིས་མཆོད་པ་བྱེད་ཅིང་ཕྱི་བཞིན་འབྲང་སྟེ། དེས་ཕྱོགས་གང་དང་གང་དུ་བཅོམ་ལྡན་འདས་མཉེལ་བསོ་བའི་ཕྱོགས་དེ་དང་དེར་གདན་རྣམས་སྤྲུལ་པར་བྱེད་དོ། །སངས་རྒྱས་ལ་
སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱར་བའི་བཏུང་བ་དང་། ཧྭགས་དང་། འདམ་བུ་ཁ་ར་དང་། ཁ་ར་རྣམས་ཀྱིས་ཀྱང་ཚིམ་པར་བྱེད་དོ། །ཕྱོགས་གང་དང་གང་དུ་བཅོམ་ལྡན་འདས་གཤེགས་དགོངས་མཛད་པའི་ཕྱོགས་དེ་དང་དེར་ནི་རྣམ་པ་ཐམས་ཅད་རྫོགས་པའི་གཙུག་ལག་
ཁང་སྤྲུལ་པར་བྱེད་དོ། །དགེ་སློང་རྣམས་ལ་ཡང་རྐང་པ་བཀྲུ་བའི་སྤོས་ཆུ་དང་རྐང་པ་བསྐུ་བའི་ཏིལ་མར་སྤོས་ཅན་འབུལ་བར་བྱེད་དོ། །དེ་ནས་ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་
ཡང་བཅོམ་ལྡན་འདས་ལ་བཀུར་སྟི་བྱེད་བླ་མར་བྱེད་རིམ་གྲོ་བྱེད་མཆོད་པ་བྱེད་ཅིང་ཕྱི་བཞིན་འབྲང་ངོ་། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་གཤེགས་གཤེགས་པ་ལས་རྒྱལ་པོའི་ཁབ་ཏུ་བྱོན་ཏེ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་བཞུགས་སོ། །དེ་
ནས་ཀླུའི་བུ་དེས་ཡང་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འོད་མའི་ཚལ་འདི་ཉིད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་
ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་དེ་ལ་ཅང་མི་གསུང་བས་གནང་སྟེ། ཀླུའི་བུ་དེས་བཅོམ་ལྡན་འདས་ཀྱིས་

ཅང་མི་གསུང་བས་གནང་བར་རིག་ནས། འོད་མའི་ཚལ་དེ་ཉིད་དུ་ཟླ་བ་གསུམ་གྱི་ཡོ་བྱད་ཐམས་ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་
གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ལ་འབུམ་རི་བའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་རྣམས་ལ་ཡང་སོ་སོར་ཡོ་བྱད་ཐམས་ཅད་ཕུལ་ནས་སེམས་དད་པར་བྱས་ཏེ། གྲལ་དཔོན་གྱི་སྤྱན་སྔར་འདུག་གོ། །དེའི་སྐབས་སུ་
བཅོམ་ལྡན་འདས་འཛུམ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཆོས་ཉིད་དེ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་
ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་
དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས། ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་
བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་འོན་ཏེ་གཞན་དུ་སྐྱེས་སམ་
སྙམ་མོ། །དེ་ནས་དེ་དག་དད་པ་སྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི་འོན་ཀྱང་སྔོན་མ་བྱུང་བའི་

སེམས་ཅན་སྣང་བ་འདིའི་མཐུས། བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས། སེམས་ཅན་དམྱལ་བ་མྱོང་བར་གྱུར་པའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་
པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་།
གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་
དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་
ཀྱི་བར་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། འདམ་བུའི་ཁྱིམ་ལ་
གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་བརྗོད་པར་བྱའོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་

ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་
སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་
སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་
ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་
བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་
ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གིས་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་
ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །

བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་ཉན་
པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །
ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་བུ་འདིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ལམ་དང་རྒྱལ་པོའི་ཁབ་འདིར་བཀུར་སྟི་འདི་ལྟ་བུ་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཀླུའི་བུ་འདི་དགེ་བའི་རྩ་བ་འདིས་བསྐལ་པ་བརྒྱའི་
བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བརྒྱའི་བར་དུ་ལྷ་དང་མིའི་ནང་དུ་ཉིང་མཚམས་སྦྱོར་ཞིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང་གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ། རབ་ཏུ་བྱུང་ནས་སློབ་དཔོན་མེད་པ་དང་། མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་
དང་འཐུན་པའི་ཆོས་མངོན་སུམ་དུ་གྱུར་ཏེ། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་ནས། རང་སངས་རྒྱས་སྨོན་ལམ་ལེགས་པར་བཏབ་པ་ཞེས་བྱ་བར་འགྱུར་ཏེ། འདི་ནི་དེའི་སྦྱིན་པར་བྱ་བའི་ཆོས་ཡིན་ནོ།། །།སེང་གེ་ཞེས་བྱ་བ་ནི།
གླེང་གཞི་ཡངས་པ་ཅན་ན་བཞུགས་ཏེ། དེའི་ཚེ་སྡེ་དཔོན་སེང་གེ་ཞེས་བྱ་བ་ཆུང་མ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས། བུད་མེད་དེའི་ལུས་ཐོག་ཐག་ནས་ཕྱི་སའི་དྲི་འབྱུང་ལ། ཕྱི་ས་ཟ་བའི་སེམས་ཀྱང་སྐྱེས་ནས་ཆུང་
མས་སྡེ་དཔོན་སེང་གེ་ལ་བསྙད་དོ། །དེ་ནས་སྡེ་དཔོན་སེང་གེས་བསམས་པ། མ་ལ་བདག་གི་ཆུང་མ་འདི་ལུས་སྲུལ་པོ་འགའ་ཞིག་གིས་མ་བརླམས་གྲང་སྙམ་སྟེ། དེས་ལྟས་མཁན་རྣམས་ལ་བསྟན་ན་ལྟས་མཁན་རྣམས་ན་རེ། འདི་ལུས་སྲུལ་པོས་

བརླམས་པ་ནི་མ་ཡིན་གྱི་འདི་ནི་སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ཏེ། སེམས་ཅན་དེ་ནམ་བཙས་པ་དེའི་ཚེ་འདིའི་སྐྱོན་དེ་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ཟླ་བ་དགུའམ་བཅུ་ལོན་པ་དང་། དེའི་བུ་མི་སྡུག་པའི་སྣ་གྲངས་
བཅྭ་བརྒྱད་དང་ལྡན་པ་ཞིག་བཙས་ནས། དེ་བཙས་མ་ཐག་ཏུ་ཁྱིམ་དེ་ཐོག་ཐག་ཏུ་ཕྱི་སའི་དྲིས་གང་བར་གྱུར་ཏོ། །དེ་ནས་བུད་མེད་དེ་དག་གིས་སྤོས་སྣ་ཚོགས་ཀྱིས་བྱུགས་ཏེ། མལ་དུ་བཞག་ཀྱང་དེའི་ལུས་ལས་ཕྱི་སའི་དྲི་མེད་པར་མ་གྱུར་ནས། ཆུང་མས་
སྡེ་དཔོན་སེང་གེ་ལ་བུ་དེ་བསྟན་པར་མི་འདོད་པ་ལས་བུད་མེད་གཞན་དག་གིས་དེ་ལ་བསྙད་དེ། ཇོ་བོ་ཁྱོད་ཀྱི་སྲས་ནི་བལྟམ་མོད་ཀྱི་མི་སྡུག་པའི་སྣ་གྲང་བཅྭ་བརྒྱད་དང་ལྡན་པ། ལུས་ཐོག་ཐག་ནས་ཕྱི་སའི་དྲི་འབྱུང་སྟེ། དེས་ན་ཁྱིམ་ཐོག་ཐག་ཕྱི་སའི་དྲིས་གང་
བར་གྱུར་ཏོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྡེ་དཔོན་སེང་གེ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། དེས་བསམས་པ། འདི་ལྟར་བདག་གི་བུ་བཙས་སུ་ཟིན་ཀྱང་འདི་ཁོ་ན་ལྟར་སྐྱོན་ཅན་དུ་གྱུར་ན། བུ་འདི་ལྟ་བུ་བདག་ལ་ཅི་དགོས་ཀྱིས་མུན་སྲོས་པའི་
འོག་ཏུ་ཁྱིམ་ནས་བྱུང་སྟེ། ཁྱི་རྣམས་ལ་སྦྱིན་ནོ་སྙམ་མོ། །དེ་ནས་དེའི་བར་སྐབས་སུ་སྡེ་དཔོན་སེང་གེ་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་དང་ཕྲད་ནས་བདེན་པ་རྣམས་མཐོང་སྟེ། དེས་བདེན་པ་རྣམས་མཐོང་ནས། བསམས་པ། སེམས་ཅན་འདི་ནི་ལས་
ལས་སྐྱེས་ཏེ། སྔོན་མི་དགེ་བའི་ལས་རྣམས་ཀྱིས་ལུས་འདི་ལྟ་བུར་སྐྱེས་པར་གྱུར་ནས་ངན་ངོན་ཞིག་གསོས་ལ་ཆེར་སྐྱེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་དུ་གཞུག་གོ། །འོན་ཀྱང་ཚེ་རབས་གཞན་
དུ་ལུས་འདི་ལྟ་བུར་སྐྱེ་བར་མི་འགྱུར་རོ་སྙམ་ནས། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་གསོས་ནས་དེ་ཆེར་སྐྱེས་པ་དང་། ཕས་དེ་ལ་སྨྲས་པ། བུ་ཁྱོད་སྔོན་གྱི་ལས་མི་དགེ་བ་རྣམས་ཀྱིས་ལུས་འདི་ལྟ་

བུར་སྐྱེས་ལ། ད་ལྟར་བཅོམ་ལྡན་འདས་འདི་ནི་བསོད་ནམས་ཀྱི་ཞིང་རྐང་གཉིས་པ་ཡིན་ཏེ། འདི་ལ་ནི་བཀུར་སྟི་ཅུང་ཟད་ཅིག་བྱས་ཀྱང་འབྲས་བུ་ཆེ་ཞིང་ཕན་ཡོན་ཆེ་བར་འགྱུར་གྱིས། དེ་ལ་བཀུར་སྟི་བྱོས་ལ་སྨོན་ལམ་ལེགས་པར་ཐོབ་ཤིག་དང་། ཁྱོད་ཀྱི་ལས་དེ་
ཡང་བར་འགྱུར་ཡང་སྲིད་དོ་ཞེས་བྱས་ནས་དེས་ཀྱང་ཕའི་ངག་མཉན་ཏེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེས་ཕ་མ་ལ་གསོལ་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་
དྲངས་ནས། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ། ཅི་བཞེད་པ་བསྟབས་ནས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི་གྱུ་ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ཁྱེར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་
ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་
ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམས་པ། གལ་ཏེ་བདག་ལུས་འདི་ལྟ་བུར་མ་གྱུར་ན་ནི་བདག་ཀྱང་བཅོམ་ལྡན་འདས་ཀྱི་
བསྟན་པ་ལ་རབ་ཏུ་བྱུང་ནས། ཆུ་བོ་རྣམས་ལས་རྒལ་བར་བྱ་བ་དང་། སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་། བསྒྲུབ་པ་དང་། འབད་པར་བྱ་བ་ཞིག་ན་སྙམ་དུ་སེམས་པ་དང་། སེམས་བསྐྱེད་མ་ཐག་ཏུ་ཁྱེའུ་དེའི་བྱད་བཞིན་མི་སྡུག་
པ་དེ་དང་དྲི་མི་ཞིམ་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ཏེ། དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡ