Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 061_མདོ་སྡེ།_ཙ
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
ྡན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པ། ཆོས་བསྟན་པས་ཡོངས་སུ་མི་སྐྱོ་བ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་སྐྱེས་པ་ཡོངས་སུ་སྨིན་པར་བྱེད་པ། ལྡེམ་པོ་དག་ལ་ཕྱིན་ཅི་མ་ལོག་པའི་བཟོད་པ་དང་ལྡན་པ། ཡུལ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་ས་དང་ལྡན་པ། དུས་ཤེས་པ། ཚོད་ཤེས་པ། སྐབས་ཤེས་པ། རན་པ་ཤེས་པ། རྒོད་པ་མེད་པ། ཁེངས་པ་མེད་པ། སྤྱོད་ལམ་ཐ་མལ་པ་ཕུན་སུམ་ཚོགས་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཁས་པ། འབྱུང་བ་དང་འཇིག་པ་ཡོངས་སུ་སྤངས་པ། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། འཁོར་བ་ལ་ཡུན་རིང་དུ་སྤྱོད་པ་ལ་ཞུགས་པ། མཚན་མ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། སྤྲོས་པའི་རྣམ་པ་ཐམས་ཅད་ཀྱི་ མཚན་མ་ལེགས་པར་བཟུང་བ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ། འདུ་ཤེས་ཐམས་ཅད་དང་བྲལ་བ། ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པ་ལ་མཁས་པ། ཆོས་བསྟན་པ་ཡང་དག་པར་དབྱེ་བར་འཇུག་པར་བྱེད་པ། རང་སངས་རྒྱས་ཀྱི་ཐེག་པ་སྟོན་ པ། ཉེ་བར་ཞི་བའི་བསྔགས་པ་བརྗོད་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་སློང་བ། སྤྱོད་པ་ཇི་ལྟ་བ་བཞིན་དུ་ཞེ་འགྲས་པ་མེད་པར་ཆོས་སྟོན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤོབས་པ་བརྩེགས་པ་དང་། ལག་ན་རིན་ཆེན་ལྡན་དང་། སྤོས་འོད་དང་། མཐའ་ཡས་སྣང་བའི་བློ་གྲོས་དང་། ངན་སོང་སྤོང་དང་། དོན་གྲུབ་སེམས་པ་དང་། ཡོན་ཏན་རྒྱལ་པོ་སྣང་དང་། མྱ་ངན་གྱི་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་དང་། མི་མཉམ་པ་ཐམས་ ཅད་སྟོན་པ་དང་། དེའི་རང་བཞིན་དུ་མི་གནས་པ་དང་། བློ་མཐའ་ཡས་དང་། བརྩོན་འགྲུས་དང་། རྩལ་བརྟན་པོར་སེམས་པ་དང་། རིན་ཆེན་འབྱུང་གནས་དང་། བཀོད་པའི་རྒྱལ་པོ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། འཁྲུལ་པ་མེད་པའི་མཐུ་རྩལ་དང་། ཁྱད་པར་བློ་གྲོས་དང་། ཀུན་ནས་མཛེས་དང་། སྒྲིབ་མེད་སྟོན་དང་། རྣམ་པར་རྩེ་དང་། གསེར་མཆོག་འོད་དཔལ་དང་། ཆོས་ཐམས་ཅད་ལ་རྟག་ཏུ་ལྟ་བའི་བློ་ལྡན་དང་། སྤོས་དྲི་མྱུར་སྦྱིན་མེ་ཏོག་ཀུན་ཏུ་རྒྱས་དང་། གཙོ་བོ་བརྩེགས་དང་། མྱ་ངན་མེད་པའི་ དཔལ་དང་། ལྷུན་པོའི་ལྟོ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྤོས་ཀྱི་དབང་ཕྱུག་རྒྱལ་པོ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། བློ་མཐའ་ཡས་སྒྲུབ་པ་དང་། དམ་པའི་ཆོས་ཐམས་ཅད་མི་བརྗེད་པར་གནས་པ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སེང་གེ་ལྟར་སྒྲ་མངོན་པར་སྒྲོགས་པ་དང་། དེ་དག་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་གཞན་དག་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ ནས་དགེ་སློང་ཉིས་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ཏེ་ཡངས་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་སྒོའི་ཐེམ་པ་ལ་བཞག་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་གྲོང་ཁྱེར་དུ་གཤེགས་ པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་བྱུང་སྟེ། ལོང་བ་རྣམས་ནི་མཐོང་བར་གྱུར། འོན་པ་རྣམས་ནི་ཐོས་པར་གྱུར། སྨྱོན་པ་རྣམས་ནི་དྲན་པ་རྙེད་པར་གྱུར་ཏོ། །ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། །སྣང་བ་ ཆེན་པོ་ཡང་བྱུང་ངོ་། །སྲང་ཡང་དྲི་མ་མེད་པར་གྱུར་ཏོ། །ལྷའི་སིལ་སྙན་ཡིད་དུ་འོང་བ་དག་ཀྱང་མ་བརྡུངས་པར་གྲག་གོ། །མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་པ་ནས་འོག་མིན་གྱི་གནས་མན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་བདེ་བ་དང་ལྡན་ པར་གྱུར་ཏོ། །དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བཱི་སེང་གེའི་བུ་རིན་ཆེན་བྱིན་ཞེས་བྱ་བ་སྐྱེས་ནས་ལོ་གསུམ་ལོན་པ་མ་མའི་པང་པ་ན་འདུག་པ་ཁང་བཟངས་ཀྱིས་བརྒྱན་པའི་ཁང་བཟངས་ཀྱི་སྟེང་ན་འདུག་སྟེ། ཁྱེའུ་རིན་ཆེན་བྱིན་གྱིས་རྨད་དུ་བྱུང་བའི་མཚན་མ་དག་མཐོང་ ངོ་། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རང་གི་མ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། མ་མ་གང་གི་མཐུ་སྟོབས་ཀྱིས། །ཤིན་ཏུ་ཡ་མཚན་བྱུང་བ་སྣང་། །ཉི་མ་བྱེ་བ་རྣམས་ཀྱི་འོད། །ཟིལ་གནོན་སྣང་འདི་སུ་ཞིག་ཡིན། །སྟོང་གསུམ་ས་གཞི་ཁྱབ་གྱུར་ནས། ངན་འགྲོ་སྐེམས་ པར་བྱེད་པ་ཡི། །རྫུ་འཕྲུལ་སྣང་བ་གང་ཡིན་འདི། །མ་མ་བདག་ལ་མྱུར་དུ་སྨྲོས། །དུས་མིན་མེ་ཏོག་ཆར་པ་ཡིས། །སངས་རྒྱས་ཞིང་མཚམས་མེད་པར་མཛེས། །ཕྱོགས་རྣམས་བྱ་ཡི་ཚོགས་རྣམས་ཀྱིས། །སྐད་སྙན་པས་ནི་ཁྱབ་པར་གྱུར། །སྲང་ཡང་མེ་ཏོག་རྣམས་ཀྱིས་ ཁེབས། །མེ་ཏོག་གདུགས་ཀྱང་རྣམ་པར་བྲེས། །སྐྱེས་པ་བུད་མེད་དགའ་རྣམས་ཀྱིས། །ཀུན་ནས་རབ་ཏུ་མཛེས་པར་འདུག །ལོང་བ་རྣམས་ཀྱིས་མིག་ཀྱང་ཐོབ། །སྐྱེ་བོ་འོན་རྣམས་སྒྲ་ཡང་ཐོས། །བྱད་ངན་བྱད་གཟུགས་ཕུན་སུམ་ཚོགས། །མདོག་ངན་ཁ་དོག་ཕུན་སུམ་ཚོགས། ། གཡེངས་པ་རྣམས་ཀྱང་དྲན་པ་རྙེད། །ལྕེ་མེད་ཚིག་ནི་རྣམ་པར་དག །སེམས་ཅན་བྱམས་པའི་སེམས་མེད་པ། །བྱམས་པའི་སེམས་དང་ལྡན་པར་གྱུར། །མ་མ་སེམས་ཅན་ཁྱད་པར་ཅན། །རྫུ་འཕྲུལ་གྲུབ་པ་མཐུ་ལྡན་པ། །འཇིག་རྟེན་དག་ན་རྒྱུ་བ་འདི། །སུ་ཡིན་བདག་ ལ་མྱུར་དུ་སྨྲོས། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་མ་མས་ཁྱེའུ་རིན་ཆེན་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། རྣམ་པར་དག་པ་སྤྱོད་མཆོག་ལྡན། །རྒྱལ་བ་དྲི་མེད་བློ་མི་དམན། །བསམ་ཡས་མ་ལུས་ཡོངས་སུ་དག །དབང་ལྡན་ཡོན་ཏན་རིན་ཆེན་འཕགས། །འཇིག་རྟེན་ མགོན་པོ་འཁྲ་ས་མིག །དེ་བཞིན་གཤེགས་པ་རྩ་ལག་འདི། །བློ་ལྡན་བསོད་སྙོམས་དོན་དུ་གཤེགས། །འཇིག་རྟེན་ཆོས་ལ་རྟེན་པ་མེད། །འདི་ལ་སྡུག་དང་མི་སྡུག་སོགས། །འཇིག་རྟེན་པ་ཡི་རྟོག་མི་མངའ། །པད་མ་ཆུ་ལས་སྐྱེས་པ་ལྟར། །མངའ་བདག་མི་གོས་ སྤྱོད་པར་མཛད། །བློ་གྲོས་ལྡན་པ་ཐེ་ཙོམ་གཅོད། །ཕན་མཛད་ཐུགས་རྗེར་ལྡན་པ་སྟེ། །འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར། །རྣམ་པར་འདྲེན་པ་འདིར་གཤེགས་སོ། །བསྟོད་ཀྱང་དགྱེས་པར་མི་འགྱུར་ལ། །སྨད་ཀྱང་འཁྲུག་པར་མི་འགྱུར་ཏེ། །ཁོང་ཁྲོ་རྗེས་སུ་ ཆགས་པ་སྤངས། །ཆགས་མེད་རྒྱུ་བ་རླུང་དང་འདྲ། །འདི་ནི་ཆོས་རྒྱལ་དམ་པ་སྟེ། །ཡེ་ཤེས་ཟབ་མོ་ཕུན་སུམ་ཚོགས། །དོན་དམ་དོན་ལ་མཁས་པ་པོ། །འགྲོ་བའི་སློབ་དཔོན་གཤེགས་པ་ཡིན། །དེ་ནི་དབུ་མ་སྟོན་པ་སྟེ། །ཡོད་མེད་འཛིན་ལས་རྣམ་པར་གྲོལ། ། ཆོས་ལམ་ལྡན་ཞིང་ཞི་བ་སྟེ། །བརྟེན་པ་ཐམས་ཅད་ཡོངས་སུ་སྤངས། །ཡེ་ཤེས་ཕུང་པོ་བདག་མེད་བདག །བསོད་ནམས་ཚོགས་རྣམས་བསྩགས་པ་ཡི། །བདེ་གཤེགས་འཇིག་རྟེན་འདྲེན་པ་པོ། །མཐའ་ཡས་གཟུགས་ཅན་དེང་གཤེགས་སོ། །དབུ་སྐྲ་གཡས་སུ་ འཁྱིལ་པར་གནས། །འཇམ་ཞིང་མདོག་སྣུམ་ལྕང་ལོ་ཅན། །གནག་ཅིང་འཛིངས་པ་མེད་རྣམས་ཀྱིས། །དེ་ཡི་དབུ་ནི་རྣམ་པར་མཛེས། །གཙུག་ཏོར་གཡས་སུ་འཁྱིལ་པ་སྟེ། །དབུ་སྐྲ་འཁྱིལ་ཞིང་ལེགས་པར་གནས། །རི་རབ་རྩེ་མོ་འདྲ་བར་ནི། །དེ་ཡི་དབྱིབས་ནི་མཛེས་ པ་ཡིན། །དེ་ཡི་སྨིན་མཚམས་མཛོད་སྤུ་མཛེས། །འཇམ་ཞིང་གཡས་སུ་འཁྱིལ་བ་སྟེ། །འོད་ནི་ཤེལ་དང་ཟླ་བ་ཡི། །འོད་ཟེར་དྲ་བ་མང་བས་ལྷག །དེ་ཡི་ཞལ་ནས་སྤྱན་མཛེས་པ། །མེ་ཏོག་ཨུཏ་པལ་སྔོན་པོ་འདྲ། །བ་ཡི་རྫི་མ་ཡོངས་སུ་དག །མི་དམར་ མ་འཛིངས་ཞི་བར་གཟིགས། །དཔལ་ལྡན་སེང་གེའི་འགྲམ་པ་འདྲ། །དེ་ནི་རྟག་ཏུ་ཞལ་ཡང་འཛུམ། །སྒྲོས་ནི་བིམ་པ་བཞིན་དུ་དམར། །ཞལ་མཛེས་ལུས་ཅན་ཀུན་འདྲེན་པ། །མཐུ་སྟོབས་ཆེན་པོ་ཕུན་སུམ་ཚོགས། །བསོད་ནམས་བརྒྱ་ཡི་སྟོབས་མངའ་བ། ། ཚེམས་ཀྱི་ཕྲེང་བ་སྤ་བའི་འོད། །སྙོམས་ཤིང་ཐགས་བཟང་ཡོངས་སུ་དག །དེ་ཡི་ཚེམས་ནི་ཤིན་ཏུ་དཀར། །ལྗགས་ནི་ཤིན་ཏུ་རིང་ཞིང་སྲབ། །བདག་ཉིད་ཀྱི་ནི་ཞལ་གྱི་ངོས། །དེ་ཡིས་ཀུན་ཏུ་ཁྱབ་པར་གནས། །དཔལ་ལྡན་དབུ་ནི་གདུགས་དང་འདྲ། །དེ་བཞིན་དེ་ ནི་ཤངས་ཀྱང་མཐོ། །མདོག་ནི་བཙོ་མའི་གསེར་དང་འདྲ། །དེ་ཡི་ཞལ་གྱི་འཕྲལ་བ་མཛེས། །དེ་ཡི་ཞལ་གྱི་སྨིན་ཚུགས་ནི། །ཁ་དོག་མཐོན་མཐིང་ཤིན་ཏུ་སྡུག །ཞི་བའི་སྤྱན་ནི་མཛེས་པ་སྟེ། །སྙན་གྱི་དྲུང་དུ་ཐུག་པར་གནས། །སྙན་ཤལ་རིང་ལ་རབ་ཏུ་འཕྱང་། །ཞལ་ མཛེས་སྟོན་གྱི་ཟླ་བས་ལྷག །ཞལ་རས་པད་མ་རྣམ་དག་འདྲ། །ཞལ་མདངས་དཀར་ལ་དང་ཞིང་གསལ། །བརྟན་པོ་ཚངས་པའི་སྒྲ་སྐད་ལྡན། །དེ་གསུང་ཀ་ལ་པིང་ཀའི་འདྲ། །དེ་ཡི་གསུང་བཟང་ཡིད་དུ་འོང་། །འཇམ་ཞིང་སེམས་ཅན་ཚིམ་པར་བྱེད། །རྨ་བྱ་ངང་ པ་མིའམ་ཅི། །ནེ་ཙོ་རི་སྐེགས་ཁུ་བྱུག་དང་། །འབྲུག་སྒྲ་ཁྲུང་ཁྲུང་ཀུ་ན་ལ། །ཤང་ཤང་ཏེའུ་དང་གླིང་བུ་དང་། །རྫ་རྔའི་སྒྲ་དང་གཞན་དག་ཀྱང་། །སྒྲ་སྐད་སྙན་པ་ཅི་ཡང་རུང་། །དེ་དག་དེ་བཞིན་གཤེགས་པ་ཡི། །གསུང་གི་བཅུ་དྲུག་ཆར་མི་ཕོད། །སྐུལ་མཛད་ དེ་བཞིན་མཉེན་པ་སྟེ། །དེ་ནི་སྙན་ཅིང་འཇམ་པ་དང་། །ཡིད་འོང་དགའ་བྱེད་གསལ་བ་སྟེ། །སྐྱོན་དང་བྲལ་ཞིང་འཇིགས་པ་མེད། །རེ་བ་རྣམས་ལ་ཆར་རྒྱུན་ལྟར། །སེམས་རྒྱུན་ཚིམ་པར་བྱེད་ལ་ཞི། །མ་ཉམས་མ་འཁྲུལ་རབ་ཏུ་ཞི། །དེ་བཞིན་དག་ཅིང་བརྡ་ཕྲད་སླ། ། སྐལ་དང་ལྡན་ཞིང་སྙན་པར་ལྡན། །དོན་དང་ཡོན་ཏན་ཐམས་ཅད་ཚོགས། །གསུང་གི་རྒྱན་རྣམས་ཕུན་སུམ་ཚོགས། །དེ་ཡི་གསུང་ནི་དགེ་སྐྱེད་པ། །སེམས་ཅན་མོས་པ་ཐ་དད་དང་། །དེ་བཞིན་ངེས་ཚིག་ཐ་དད་རྣམས། །དེ་ཡི་གསུང་ལ་ངེས་པར་དད། །ཡིད་ཀྱང་ རབ་ཏུ་དགའ་བར་འགྱུར། །དེས་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས། །གནས་པའི་སེམས་ཅན་གསུང་གིས་ཁྱབ། །མགོན་པོ་དེ་ཡི་གསུང་ཚིག་ནི། །སེམས་ཅན་རྣམས་ལ་དོན་ཡོད་འཇུག །ཐུབ་པ་སྐྱེས་མཆོག་དེ་ཡི་ནི། །མགུར་ཡང་དུང་འདྲ་དཔུང་མགོ་ཟླུམ། ། དེ་ཡི་ཐལ་གོང་རྒྱས་པ་སྟེ། །དེ་ནི་བདུན་པོ་མཐོ་བ་མངའ། །དེ་ཡི་ཕྱག་ཀྱང་རབ་ཏུ་རིང་། །པགས་པ་གསེར་མདོག་འདྲ་བ་སྟེ། །གསེར་གྱི་སྡོང་པོ་བཞིན་དུ་མཐོ། །ནྱ་གྲོ་ད་ལྟར་ཆུ་ཞེང་གབ། །ཐུགས་ཀ་དཔལ་གྱི་བེའུས་བརྒྱན། །འཁོར་ལོའི་མཚན་ཅན་ པད་མའི་ཕྱག །ཤིང་བལ་འདབ་ལྟར་རེག་ན་འཇམ། །དེ་ཡི་ཕྱག་གི་སོར་མོ་རིང་། །སྤུ་རྣམས་རེ་རེར་སྐྱེས་ཤིང་ཡར་ཕྱོགས་སྟུག་ལ་འཇམ། །བྲང་གི་ཕེལ་ཀ་ཆེ་ལ་རབ་རྒྱས་ལྟེ་བ་ཟབ། །ཕྱལ་དབྱིབས་གཞུ་འདྲ་གླང་ཆེན་བཞིན་དུ་སྦུབས་སུ་ནུབ། །རྗེ་ངར་ཨེ་ནེ་ཡ་ འདྲ་མདངས་དཀར་འདམ་བུའི་སྦུབས། །ལོང་བུ་མི་མངོན་དེ་ཡི་རྟིང་པ་ལེགས་པར་གྲུབ། །དེ་བཞིན་དྲང་སྲོང་སོར་མོ་རིང་ཞིང་སེན་མོ་དམར། །བདེ་བར་གཤེགས་ཀྱི་ཞབས་ཀྱི་ལོང་བུ་མི་མངོན་ཏེ། །འཁོར་ལོ་ལྕགས་ཀྱུ་བཀྲ་ཤིས་ལྡན་དང་དུང་གིས་སྤྲས། །མགོན་པོ་ དེ་ཡི་ཞབས་གཉིས་མཉམ་ཞིང་ལེགས་གནས་དང་། །ཤིང་བལ་བཞིན་དུ་རེག་ན་འཇམ་ཞིང་བཟང་བ་དང་། །མེ་ཏོག་ཨུཏ་པལ་དམར་པོ་ལེགས་པར་སྐྱེས་པ་ཡི། །ཁ་དོག་འདྲ་བས་ས་གཞི་དག་ལ་གཤེགས་པར་མཛད། །དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་ བདེ་སྦྱིན་པ། །འགྲོ་བ་རྣམས་ཀྱི་གཙོ་བོ་དེ་ནི་འདིར་གཤེགས་ཏེ། །ཡོང་གིས་འཇིགས་པ་མེད་པར་སེང་གེའི་སྒྲ་སྐད་ཀྱིས། །གཉིས་སུ་མེད་ཅིང་སྤྲོས་པ་མེད་པའི་ཆོས་ཀྱང་སྟོན། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་བདག་གི་མ་མ་ལ་འདི་སྐད་ཅེས་སྨྲས་སོ། །མ་མ་བདག་ སྐར་ཁུང་འདིར་ཞོག་ཤིག་དང་། དེ་བཞིན་གཤེགས་པ་བལྟའོ། །དེ་ནས་མ་མ་དེས་ཁྱེའུ་རིན་ཆེན་བྱིན་སྐར་ཁུང་དུ་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་སྲང་དེ་ཁོ་ ནར་གཤེགས་སོ། །ཁྱེའུ་རིན་ཆེན་བྱིན་གྱིས་ཀྱང་བཅོམ་ལྡན་འདས་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། །གང་དག་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་འདི་ལྟ་བུ་མཐོང་ནས་བྱང་ཆུབ་ཀྱི་སེམས་སྐྱེད་པར་མི་བྱེད་པ་དེ་ དག་ནི་རྙེད་པ་ཉེས་པར་རྙེད་པའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱི་སྒོ་དྲུང་དུ་གཤེགས་སོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཁྱད་པར་ཅན་འདི་ལྟ་བུ་ནི་བསྐལ་པ་བྱེ་བ་ཕྲག་འབུམ་དུ་ཡང་རྙེད་པར་དཀའ་བས། ཁང་བཟངས་ འདི་ལས་བདག་གིས་མཆོང་བར་བྱའོ་སྙམ་མོ། །དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པད་མ་འདབ་མ་འབུམ་དང་ལྡན་པ་བརྩེན་པ་ལག་མཐིལ་དུ་ཁྱེར་རོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཁང་བཟངས་དེ་ལས་བདག་ཉིད་ཀྱིས་མཆོངས་སོ། ། དེ་སངས་རྒྱས་ཀྱི་མཐུས་ནམ་མཁའ་བར་སྣང་ལ་འདུག་གོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པད་མ་འདབ་མ་འབུམ་དང་ལྡན་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །དེ་ཁྱེའུ་རིན་ཆེན་བྱིན་གྱི་ལག་ནས་བཏང་ནས་བཅོམ་ལྡན་འདས་ཀྱིས་དབུའི་དྲང་ཐད་ ཀྱི་སྟེང་གི་ནམ་མཁའ་བར་སྣང་ལ་པད་མའི་གདུགས་སུ་བྱས་ཏེ་རིན་པོ་ཆེའི་དྲ་བ་ཡང་བྲེས་སོ། །དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་པད་མ་འདི་ཕུལ་བ། །བདག་ནི་ཅི་ཡང་མི་འཚལ་ཏེ། །དོན་རྣམས་ཐམས་ཅད་བཅད་སླད་དུ། ། བདག་ནི་བྱང་ཆུབ་མཆོག་འཚལ་ལོ། །ཇི་ལྟར་བྱང་ཆུབ་མ་སྐྱེས་ལ། །ཐོབ་པ་མ་མཆིས་བཤིག་མ་མཆིས། །བླང་དུ་མ་མཆིས་དོར་མ་མཆིས། །དེ་ལྟར་བདག་གིས་མེ་ཏོག་དབུལ། །བྱིས་པ་རྣམས་ཀྱིས་དོན་གང་བརྟགས། །བརྟགས་པ་དེ་ནི་དོན་མ་མཆིས། །རྟོག་པ་ ཐམས་ཅད་བཅད་སླད་དུ། །གང་ཟག་མཆོག་ལ་བདག་མཆོད་བགྱིད། །དེ་ཕྱིར་མེ་ཏོག་ཕུལ་བ་འདི། །བདག་ལ་རྣམ་སྨིན་འབྲས་མ་གྱུར། །དངོས་པོ་ཐམས་ཅད་བཅད་སླད་དུ། །པད་མ་འདི་ནི་བདག་གིས་ཕུལ། །བདག་གི་སངས་རྒྱས་ཞིང་དུ་ནི། །རྒྱལ་མཆོག་ ཐེག་པས་འགྲོ་མ་གཏོགས། །ཉན་ཐོས་ཀྱི་ནི་མིང་ཡང་རུང་། །རང་རྒྱལ་མིང་ཡང་འབྱུང་མ་གྱུར། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱེའུ་རིན་ཆེན་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་སྟོན་པ་འདི་འདྲ་ལ། །དད་པས་མཆོད་པ་བྱེད་མོད་ཀྱི། །བློ་ གྲོས་ཕྱིན་ཅི་ལོག་གྱུར་ན། །སངས་རྒྱས་སུ་ནི་ཇི་ལྟར་འགྱུར། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་ཐམས་ཅད་མ་སྐྱེས་ཏེ། །འདུས་བྱས་དག་ནི་གསོབ་དང་གསོག །དེ་འདྲ་བ་ཡི་ཆོས་རྣམས་ལ། ། དངོས་པོར་འགྱུར་བ་ག་ལ་ཡོད། །ཁྱོད་ནི་ཆོས་གོས་ངུར་སྨྲིག་བགོས། །དགྲ་བཅོམ་ཉིད་དུ་འཛིན་པར་བྱེད། །རྣམ་ཤེས་འདི་དག་སྤྱོད་ཡུལ་ཡང་། །སྟོང་པ་ཁོ་ན་མ་ཡིན་ནམ། །དམིགས་པ་ལ་ནི་གནས་བཅས་པས། །སངས་རྒྱས་བྱེ་བ་མ་མཉེས་བྱས། །བྱེ་བ་དེ་ཡང་ ཞི་བར་མཐོང་། །སུ་ཡང་མ་མཉེས་བྱས་པ་མེད། །མཽད་གལ་བུ་ལ་ད་དུང་ཡང་། །དམིགས་པ་འཇུག་པ་ཡོད་དམ་ཅི། །ཁྱོད་ཀྱི་སེམས་ནི་གང་ཞིག་གིས། །ཡོན་ཡང་ཡོངས་སུ་སྦྱོང་བར་བྱེད། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ ཅེས་སྨྲས་སོ། །ཁྱེའུ་ཅི་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་སམ། ཆོས་ཀྱང་མ་བསྟན་ཏམ། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། མཽད་གལ་གྱི་བུ་མཁས་པས་ནི་བྱང་ཆུབ་སྤྲོས་པར་མི་བྱའོ། །དེ་བཞིན་ གཤེགས་པ་ཡང་རློམ་སེམས་སུ་མི་བྱའོ། །ཆོས་མི་སྐྱེའོ་སྙམ་དུ་བརྟག་པར་མི་བྱའོ། །ཆོས་ཐམས་ཅད་འདུས་བྱས་སོ་སྙམ་དུ་བརྟག་པར་མི་བྱའོ། །ཆོས་ཐམས་ཅད་འདུས་མ་བྱས་སོ་སྙམ་དུ་བརྟག་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ་ཆོས་ཐམས་ཅད་སྐྱེ་བ་དང་། མི་སྐྱེ་བ་དང་། དངོས་པོ་དང་། དངོས་པོ་མེད་པ་ཞེས་བྱ་བ་དང་། འཛིན་པ་དང་། གཏོང་བ་ཞེས་བྱ་བ་དང་། ཕྲད་པ་དང་བྲལ་བ་ཞེས་བྱ་བ་དང་། འགྲོ་བ་དང་། འོང་བ་དང་། གནས་པ་དང་། འཕོ་བ་དང་། འདོད་ཆགས་ཀྱི་ཆོས་དང་། ཞེ་སྡང་གི་ཆོས་དང་། གཏི་མུག་གི་ ཆོས་དང་། ཆོས་དང་། ཆོས་མ་ཡིན་པ་ཞེས་བརྟག་པར་མི་བྱའོ། །མ་རིག་པ་ལ་སོགས་པ་ནས་སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཆོས་ རྣམས་དང་། རྣམ་པར་བྱང་བའི་ཆོས་རྣམས་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་དང་། འདུ་ཤེས་མེད་པ་དང་། མཚན་ཉིད་དང་། མཚན་ཉིད་མེད་པ་དང་། སྤྱོད་པ་ཡོངས་སུ་དག་པ་དང་། མཉམ་པ་ཉིད་དང་། མི་མཉམ་པ་ཉིད་ དང་། ལུས་དང་། སེམས་དང་། ཆོས་ཐམས་ཅད་ཚུལ་བཞིན་དང་། ཚུལ་བཞིན་མ་ཡིན་པ་ཞེས་བྱ་བའི་བར་དུ་སྐྱེ་བར་འགྱུར་རོ། །ཞེས་བརྟག་པར་མི་བྱའོ། །མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅི་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་མ་གཏོགས་པ་དང་། བྱང་ཆུབ་དེ་བཞིན་ཉིད་ལ་མ་གཏོགས་པ་དང་། སོ་སོའི་སྐྱེ་བོ་དེ་བཞིན་ཉིད་ལ་མ་གཏོགས་པར་འདོད་མ། མཽད་ གལ་གྱི་བུས་སྨྲས་པ། དེ་ནི་མ་ཡིན་ནོ། །ཁྱེའུས་སྨྲས་པ། མཽད་གལ་གྱི་བུ་ཁྱོད་སྤྲོས་པ་མེད་པ་ལ་སྤྲོས་པར་བྱེད་མ། མཽད་གལ་གྱི་བུས་སྨྲས་པ། ཁོ་བོ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་སྒོ་ནས་སྟོན་ཏོ། །ཁྱེའུས་སྨྲས་པ། མཽད་གལ་གྱི་བུ་འཇིག་རྟེན་ནི་བརྫུན་པ། སླུ་བ་སྒྱུ་མའི་ རྣམ་པ། བྱིས་པ་འདྲིད་པར་བྱེད་པའོ། །མཽད་གལ་གྱི་བུས་སྨྲས་པ། གལ་ཏེ་འཇིག་རྟེན་འདི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པ་དང་བསྟན་པ་འདི་ཡང་བརྫུན་པ། སླུ་བའི་ཆོས་ཅན་ཡིན་ན་ཁྱོད་ཅིའི་ཕྱིར་སྟོན་པར་བྱེད། སྨྲས་པ། མཽད་གལ་གྱི་བུ་ཆོས་ཐམས་ཅད་ནི་བསྟན་དུ་མེད་པ་སྟེ། དེ་དག་ནི་བསྟན་པར་བྱ་བ་མ་ཡིན། ཐོབ་པར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ནོ། །མཽད་གལ་གྱི་བུས་སྨྲས་པ། འོ་ན་ཁྱོད་ཀྱིས་གང་གི་དོན་དུ་དེ་བཞིན་གཤེགས་པ་མཆོད། ཁྱེའུས་སྨྲས་པ། མཽད་གལ་གྱི་བུ་ཁྱོད་དེ་བཞིན་གཤེགས་པའམ། སྦྱིན་པ་པོའམ། སྦྱིན་པར་དམིགས་སམ། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཅང་མི་སྨྲ་བར་གྱུར་ཏོ། །ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། མཽད་གལ་གྱི་བུ་བདག་གིས་དེ་ལས་བསམས་ནས་དེ་བཞིན་ གཤེགས་པར་འགྱུར་བ་ཡོངས་སུ་སྤངས་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སེམས་སྐྱེད་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི་རྙེད་པ་ཉེས་པར་རྙེད་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། །མཽད་གལ་གྱི་བུས་སྨྲས་པ། ཁྱོད་ནི་ན་ཚོད་ཤིན་ཏུ་གཞོན། །ཤེས་རབ་ཀྱིས་ནི་རྒྱ་མཚོ་བཞིན། ། ཁྱོད་ཀྱིས་ཇི་སྲིད་ཙམ་ཞིག་ནས། །ཆོས་འདི་དག་ལ་བསླབས་པར་གྱུར། །ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། བསླབ་པ་ཐམས་ཅད་རྣམ་འཇིག་པ། །བསླབ་པ་གང་ཡིན་དེ་བསླབ་མིན། །གང་ལ་བསླབ་པ་མེད་པ་དེ། །མཁས་པ་རྣམས་ཀྱི་བསླབ་པ་ཡིན། །དོན་གང་ ཁྱོད་ཀྱིས་བདག་དྲིས་པ། །སེམས་ཅན་འདུ་ཤེས་གནས་པ་སྟེ། །འདིར་ནི་ཆོས་རྣམས་ཐམས་ཅད་ལ། །གང་ལའང་སྐྱེ་བ་མི་རྙེད་དོ། །བྱིས་པ་རྣམས་ནི་བྱང་ཆུབ་དང་། །འཁོར་བ་ཉིད་དུ་རྟོག་པར་བྱེད། །འདིར་ནི་ད་དུང་བཙུན་པ་ཁྱོད། །བྱིས་པའི་ཆོས་ལ་འབྲང་ངམ་ཅི། ། རིང་པོའམ་ཡང་ན་ཐུང་ངུ་ཞེས། །མཁས་པ་དག་ནི་རྟོག་མི་བྱེད། །ཆོས་ཀུན་སྙིང་པོ་མེད་པར་ནི། །དེ་བཞིན་དེ་དག་ཁོང་དུ་ཆུད། །བྱིས་པའམ་བྱིས་པའི་ཆོས་རྣམས་སམ། །སངས་རྒྱས་ཆོས་སམ་རྒྱལ་བའང་རུང་། །བློ་ལྡན་ཐ་དད་མི་འབྱེད་ཀྱིས། །སྟོང་པ་ཉིད་ ལ་དེ་ལྟར་ལྟོས། །དྲང་སྲོང་ཆེན་པོས་བྱང་ཆུབ་ཐོབ། །དེ་ནི་མི་རིགས་བརྟགས་པ་ཡིན། །ཆོས་འདི་ལ་ནི་སྐྱེ་མེད་ན། །མྱ་ངན་འདས་པ་ཇི་ལྟར་ཐོབ། །ཆོས་རྣམས་མཐའ་ཡས་རབ་ཏུ་གསུངས། །སེམས་ཅན་གྲོལ་བའང་དངོས་པོ་མེད། །མྱ་ངན་འདས་དང་འཁོར་བ་ལ། ཐ་དད་དབྱེར་མེད་གཟུང་བར་གྱིས། །འདི་ལ་རྣམ་པ་ཐམས་ཅད་དུ། །བསྣན་དང་དབྲི་བ་ཅི་ཡང་མེད། །ཐ་དད་མེད་པའི་ཆོས་རྣམས་ལ། །མཁས་པ་རྣམས་ནི་རྨོངས་མི་འགྱུར། །བྱིས་པ་རྣམས་ཀྱིས་ཐོབ་ཅིང་རྙེད། །བྱིས་པས་མྱ་ངན་འདས་པ་ཐོབ། ། འཁོར་བ་ལ་ནི་དེ་ཀུན་ཆགས། །རློམ་སེམས་བདུད་ཀྱི་འཆིང་བ་ཡིན། །གང་གིས་བློ་ལ་ངས་ཐོབ་སྙམ། །དེས་ནི་ཅི་ཡང་ཐོབ་པ་མེད། །དེ་ཡི་ཡང་སྲིད་འགྲོ་བ་ཡི། །མ་རིག་པ་ཡང་འཇུག་པར་འགྱུར། །བྱང་ཆུབ་སྙིང་པོར་འདུག་ནས་ནི། །མཐོང་བ་མེད་ཅིང་སྤངས་པའང་ མེད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་འདི། །ཐ་སྙད་ཡིན་ཏེ་དོན་དུ་མིན། །བྱང་ཆུབ་དང་ནི་མྱ་ངན་འདས། །ཐ་སྙད་དག་གིས་བརྗོད་མི་ནུས། །གང་དག་དེ་ལྟར་ཡང་དག་མཐོང་། །དེ་དག་ཆོས་ཉིད་རྣམ་པར་ཤེས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱིས་ཡུན་ཇི་སྲིད་ཅིག་ནས་ཆོས་འདི་ལ་སྤྱད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་ལུང་བསྟན་པ་དེའི་ཚེ། འདི་མར་མེ་མཛད་ཀྱི་གསུང་རབ་ལ་སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །གང་གི་ཚེ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་པ་དེའི་ཚེ་འདིས་བཟོད་པ་ཐོབ་ནས་བསྐལ་པ་སུམ་འབུམ་ལོན་ནོ། །ཤཱ་རིའི་བུས་ གསོལ་པ། བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཁྱེའུ་རིན་ཆེན་བྱིན་འདི་ཉིད་ལ་དྲིས་ཤིག་ དང་འདི་ཉིད་ཀྱིས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས། རིན་ཆེན་བྱིན་གྱིས་སྨྲས་པ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མ་དམིགས་པས་ན་དེའི་ཕྱིར་བདག་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཤཱ་རིའི་བུས་སྨྲས་པ། འོ་ན་ཅི་དེ་བཞིན་གཤེགས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ན་དམིགས་པ་ལ་སྤྱོད་དམ། རིན་ཆེན་བྱིན་གྱིས་སྨྲས་པ། གལ་ཏེ་དེ་བཞིན་གཤེགས་ པ་མངོན་པར་རྫོགས་པར་སངས་རྒྱས་པར་འཛིན་ན་ནི། དེའི་དམིགས་པར་འགྱུར་བ་ཞིག་ན། ཆོས་གསུང་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་མཛད་ལ་སྤོང་བར་ཡང་མི་མཛད་དོ། །ཤཱ་རིའི་བུས་སྨྲས་པ། ཁྱོད་ཆོས་བཞི་སྒྲུབ་པ་དང་ཡོངས་སུ་སྨིན་པ་མཉམ་ པས་བཟོད་པ་གང་ལ་གནས། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། བདག་གིས་ནི་ཆོས་གཅིག་ཀྱང་ཡོངས་སུ་གྲུབ་པར་ཡང་དག་པར་མ་མཐོང་ན་བཞི་ལྟ་ཅི་སྨོས། འདི་ལ་ཡང་དག་པར་གྲུབ་པ་གང་ཞིག་ཡོད་དེ། ཆོས་རྣམ་པར་རིག་པ་ཞེས་བྱ་བ་འདི་ནི་དམིགས་པའོ། །བྱང་ ཆུབ་ཅེས་བྱ་བ་འདི་ནི་དམིགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་འདི་ནི་འཛིན་པའོ། །གྲོལ་བ་ཞེས་བྱ་བ་འདི་ནི་སྤྲོས་པའོ། །ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་འདི་ལྟ་བུའི་ཆོས་རྣམས་ལ་སྤྱོད་ལ་རྫུས་ཏེ་སྐྱེ་བས་སངས་རྒྱས་རྣམས་མངོན་སུམ་དུ་གྱུར་པར་སྐྱེ་ཞིང་རྟག་ ཏུ་རབ་ཏུ་འབྱུང་བ་འདི་ནི་ངོ་མཚར་ཏོ། །དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྐྱེ་དང་དེ་བཞིན་སྐྱེ་མེད་གཉིས་ནི་སྤྲོས་པ་སྟེ། །ཀུན་ཏུ་རྟོགས་པའི་ས་དང་བདུད་ཀྱི་སྤྱོད་ཡུལ་ཡིན། །ལུས་ལ་སོགས་པའི་ཆོས་འཛིན་རློམ་སེམས་འདོད་པ་ཡི། ། ལྷ་དང་ལྷ་མིན་འགྲོ་བ་རྣམས་ནི་འདིར་བརླག་གོ། །རྒྱལ་བས་བདུད་རྩི་འདུས་མ་བྱས་པ་བརྙེས་སྙམ་དུ། །དེ་ལྟར་གང་དག་བསམ་པ་རབ་ཏུ་འཇུག་བྱེད་པ། །དེ་དག་སངས་རྒྱས་ལ་ནི་སྐུ་ངས་གསོལ་བར་བྱེད། །བརྙེས་ཀྱང་འདི་ལ་འདྲེན་པ་རྣམས་ཀྱིས་བརྙེས་པ་མེད། །འདིར་ནི་ སྐྱེ་བོ་མང་པོ་དག །རབ་ཏུ་བྱུང་ནས་རང་བྱུང་རློམ། །སེམས་ཀྱི་དམིགས་པས་རྣམ་འཁྲུལ་ནས། །བསྟན་པ་ལ་ནི་སུན་འབྱིན་རྣམས། །བདུད་རྩི་བདག་གིས་ཐོབ་བོ་ཞེས། །ཐོབ་པའི་ང་རྒྱལ་ཅན་དག་སྨྲ། །སྐྱོབ་པ་ཤཱཀྱ་སེང་གེ་ཡི། །བསྟན་པ་ལ་ནི་སྤྲོས་མེད་པ། །སེམས་ ཀྱིས་རྣམ་པ་ཐམས་ཅད་དུ། །སེམས་ཀྱིས་ངོ་བོ་ཉིད་མི་རྟོགས། །དེ་བཞིན་རྣམ་འདྲེན་གསུངས་པ་ཡི། །ལྟ་བ་དེ་ནི་རང་བཞིན་མེད། །སྤྱན་དག་རྒྱལ་བས་གསུངས་པ་ཡི། །ལྟ་བ་ལ་ནི་ལྟ་བ་མེད། །དེ་ཕྱིར་ཤེས་རབ་ལྡན་པ་ནི། །བདག་ཉིད་གྲོལ་ སྙམ་འཛིན་པ་མེད། །མཚན་མར་འཛིན་པ་སྒོམ་པ་རྣམས། །བདག་ཏུ་དམིགས་པས་རྨོངས་པར་འགྱུར། །མཁས་པ་མ་ཡིན་ཁ་ཅིག་ནི། །ཡང་དག་མ་ཡིན་སྟོང་པ་སྤོང་། །དངོས་པོ་རྨི་ལམ་སྒྱུ་མ་འདྲ། །རང་གི་བློས་ནི་བརྟགས་ནས་ཀྱང་། །མི་མཁས་དེ་དག་ དངོས་པོ་རྣམས། །གཞིག་ཕྱིར་མྱ་ངན་འདས་པ་སྨྲ། །ལུས་ལ་ཡང་ནི་རྟེན་བཅས་ནས། །ཚུལ་ཁྲིམས་འདུ་ཤེས་རྣམ་པར་འཇིག །སེམས་ཀྱི་དམིགས་པ་དག་ལ་ཡང་། །བསམ་གཏན་འདུ་ཤེས་རྣམ་པར་འཇིག །དེ་བཞིན་ཤེས་རབ་དམིགས་ནས་ཀྱང་། །ས་ བོན་འདུ་ཤེས་རྣམ་པར་རྨོངས། །འཇིག་རྟེན་འཇིག་རྟེན་མཁས་རྣམས་ཀྱིས། །དེ་དག་ཆོས་ཀྱི་རྐུན་པོར་བརྗོད། །འདི་འདྲ་བ་ཡི་ཆོས་རྣམས་ལ། །ཆོས་དབྱིངས་འོད་གསལ་ཉོན་མོངས་མེད། །འོ་ན་རབ་ཏུ་བྱུང་བའི་དོན། །ཁྱོད་ཀྱིས་བདག་ལ་ཇི་སྐད་བརྗོད། །ཆོས་ རྣམས་ཐམས་ཅད་ཐ་དད་མེད། །འདི་དག་བྲག་ཅ་འདྲ་བ་ཡིན། །མཁས་པ་དེ་དག་ནམ་དུ་ཡང་། །འཕགས་པའི་སྤྱོད་ཡུལ་རྟོག་མི་བྱེད། །གཞན་མིན་མཚན་ཉིད་དེ་བཞིན་ཉིད། །གཞན་དག་ཏུ་ནི་ཡོང་མི་འགྱུར། །ཆོས་རྣམས་འགྱུར་བ་མེད་པ་ལ། །རབ་བྱུང་བརྟགས་ པས་ཅི་ཞིག་བྱ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེའུ་བྱང་ཆུབ་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་བྱང་ཆུབ་ནི་ཚིག་གི་བླ་དགས་མེད་པའོ། །འཇམ་དཔལ་ གྱིས་སྨྲས་པ། ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་ཆོས་ཉིད་ནི་བསམ་དུ་མེད་པ་ཡིན་ན། དེ་བདག་གིས་འདི་ལྟར་བསམས་ཏེ་བསྟན་པར་བྱ། འཇམ་དཔལ་གྱིས་སྨྲས་པ། འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་ ཇི་ལྟར་གདམས་ངག་བསྟན་པར་བྱ། ཇི་ལྟར་རྗེས་སུ་བསྟན་པར་བྱ། རིན་ཆེན་བྱིན་གྱིས་སྨྲས་པ། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འདོད་ཆགས་མ་སྤངས་ཤིག་ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག ། ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུང་ཤིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་སྤོངས་ཤིག ། སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་རྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུས་ལས་དང་པོ་པའི་བྱང་ཆུབ་ སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །བྱིས་པ་དེ་དག་ནི་སྐྱེ་བའི་ཆོས་སུ་ལུང་སྟོན་པར་བྱེད་དོ། །འགག་པའི་ཆོས་སུ་ལུང་སྟོན་པར་བྱེད་དོ། ། ཆོས་ཀྱི་དབྱིངས་འདི་ནི་རྣམ་པར་མི་རྟོག་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཆོས་འདི་རྣམས་ཀྱི་རང་བཞིན་དེ་ལྟར་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་བོ་ཞེས་དེ་ལྟར་གདམས་ན། གལ་ཏེ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ན། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཕྱིར་ མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པའི་སའི་སྐལ་བ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ། གདམས་ངག་འདིས་ཡང་དང་ཡང་དུ་ཡང་དག་པར་དགའ་བ་བསྐྱེད་པར་བྱའོ། །དེའི་ཚེ་དམིགས་པ་ཅན་གྱི་དགེ་སློང་བརྒྱད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་མ་བསྟེན་པར་སྤངས་ནས་འཁོར་ དེ་ནས་སོང་སྟེ། ཁ་ནས་ཁྲག་དྲོན་མོ་བྱུང་ནས་ཤིའོ། །ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་ འདི་ཐོས་པས་གནོད་པ་ཆེན་པོ་ཇི་ཙམ་དུ་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་སྐད་མ་ཟེར་ཅིག །གལ་ཏེ་དགེ་སློང་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་སུ་ཟིན་ན། བསྐལ་པ་ས་ཡའི་བར་དུ་ ནམས་ཀྱང་བཟང་འགྲོར་སྐྱེ་བར་ཡང་མི་འགྱུར་ན་སངས་རྒྱས་དང་ཕྲད་ཅིང་མཉེས་པར་བྱེད་པ་ལྟ་ཅི་སྨོས། ད་ནི་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ནས་ད་གཟོད་ཁོ་ནར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ནས་ཤི་འཕོས་ཏེ་དགའ་ལྡན་གྱི་ལྷའི་རིས་སུ་ སྐྱེའོ། །དེ་དག་བསྐལ་པ་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བཅུ་མཉེས་པར་བྱེད་པར་འགྱུར་ཏེ། ཐམས་ཅད་དུ་རྫུས་ཏེ་སྐྱེ་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤ་སྟག་ཏུ་འགྱུར་ལ། བསྐལ་པ་གཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་དག་ཏུ་འགྱུར་རོ། །དེ་ནས་ལྷའི་བུ་དེ་དག་གིས་བདག་ཅག་ལུང་བསྟན་པ་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ནས། དེ་དག་ལྷའི་བུ་བརྒྱད་ཁྲི་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་ ལྷའི་མེ་ཏོག་གིས་ཡངས་པའི་གྲོང་ཁྱེར་ཐམས་ཅད་དུ་གཏོར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་ཡི་རང་ལགས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་ཚུལ་འཕེལ་བར་མཛད་དུ་གསོལ་ཞེས་ ཀྱང་གསོལ་ཏོ། །དེ་དག་རྗེས་སུ་ཡི་རང་བའི་མོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པར་གྱུར་ཏོ། །སྲོག་ཆགས་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་ བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན་གང་གིས་སོམ་ཉི་མེད་པར་ཐོས་པ་ལྟ་ཅི་སྨོས། གང་གིས་ཡི་གེར་འདྲི་བ་ དང་། ལུང་ནོད་པ་དང་། འཆང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས། འཇམ་དཔལ་དེ་ལྟ་བས་ན་དགྲ་བཅོམ་པ་ཉིད་ཐོབ་པར་འདོད་པས་ཀྱང་ཆོས་འདི་ལ་བསླབ་པར་བྱའོ། །རང་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཆོས་འདི་ལ་བསླབ་ པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་ཆོས་འདི་ལ་བསླབ་པར་བྱའོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རང་གི་མ་མ་ལ་འདི་སྐད་ཅེས་སྨྲས་སོ། །མ་མ་ཁོ་བོ་ལ་ཁ་ཟས་བྱིན་ཅིག་དང་། བཅོམ་ ལྡན་འདས་ཀྱི་ཞལ་ཟས་དབུལ་བར་བྱའོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་མ་མས་ཁར་བའི་སྣོད་ཟས་རོ་བརྒྱ་དང་ལྡན་པས་བཀང་སྟེ། ཁྱེའུ་རིན་ཆེན་བྱིན་ལ་བྱིན་ནོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ ཐམས་ཅད་མི་ཟད་པའི་བདེན་པ་གང་ལགས་པའི་བདེན་པ་དེས་ན་དགེ་སློང་གི་དགེ་འདུན་ཐམས་ཅད་ཚིམ་པར་མ་གྱུར་གྱི་བར་དུ་ཁར་བའི་སྣོད་འདི་ཡོངས་སུ་འགྲིབ་པར་མ་གྱུར་ཅིག །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཀང་ནས་དགེ་སློང་གི་དགེ་འདུན་ལ་ སྨྲས་པ། བཙུན་པ་རྣམས་བདག་ལ་ཐུགས་བརྩེ་བའི་སླད་དུ་གང་གིས་བདག་ལ་འབྲས་བུ་ཆེན་པོར་འགྱུར་བའི་བསོད་སྙོམས་འདི་བཞེས་ཏེ། གང་ལུས་ཀྱིས་ཡོན་སྦྱོང་བར་མི་བྱེད་པ་དང་། སེམས་ཀྱིས་སྦྱོང་བར་མི་བྱེད་པ་དང་། གང་ལ་ཕུལ་ན་བསོད་ནམས་སུ་མི་འགྱུར་བ་ དང་། རྣམ་པར་སྨིན་པར་མི་འགྱུར་བ་དང་། གང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་མི་ལྡན་པ་དང་། །གང་འདུས་བྱས་ལ་མི་གནས་པ་དང་། གང་འདུས་མ་བྱས་ལ་མི་གནས་པ་དང་། གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱིས་མ་གོས་པ་དང་། ཉན་ཐོས་ཀྱི་ཆོས་རྣམས་ལ་མི་རྟེན་པ་དང་། སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་མི་འབྱུང་བ་དང་། ངེས་པར་འབྱུང་བར་མི་འདོད་པ་དེས་བཞེས་ཤིག །དེ་ནས་དགེ་སློང་གི་དགེ་འདུན་དེ་དག་གི་ནང་ནས་སུས་ཀྱང་སྣོད་དེ་མ་བླངས་སོ། །ཁྱེའུ་རིན་ ཆེན་བྱིན་གྱིས་སྨྲས་པ། བཙུན་པ་དག་བདག་ཀྱང་སྦྱིན་པར་འདོད་པ་ལགས། ཁྱེད་ཀྱང་གསོལ་བར་བཞེད་པ་ལགས་ཏེ། བདག་བཙུན་པ་རྣམས་ལས་ཅི་ཡང་རེ་བ་མ་མཆིས་ཀྱི་བཞེས་ཤིག །འཇམ་དཔལ་གྱི་ཚད་དང་མཉམ་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ ཕྲག་འབུམ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་བས་ཀྱང་ཆེས་བྱེ་བ་ཕྲག་འབུམ་ལས་ལྷག་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ། བདག་གི་སངས་རྒྱས་ཀྱི་ཞིང་དུ་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་གང་ཡིན་པའི་བདེན་པ་དང་བདེན་པའི་ཚིག་དེས་ན་ཁར་བའི་ སྣོད་འདི་ལས་ཁྱེད་ཐམས་ཅད་ཀྱི་ལྷུང་བཟེད་རྣམས་གང་བར་གྱུར་ཅིག །ཁར་བའི་སྣོད་འདི་ཡང་ཡོངས་སུ་ཟད་པར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་དེ་དག་གང་བར་གྱུར་ཏོ། །དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཡངས་ པའི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་ཁ་ཟས་རོ་བརྒྱ་དང་ལྡན་པ་དེས་ཚིམ་པར་བྱས་སོ། །བསོད་སྙོམས་དེ་ཡང་ཟད་པར་མ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིན་ཆེན་བྱིན་ལྔ་པོ་འདི་དག་ནི་བྱང་ ཆུབ་སེམས་དཔའི་ཡོན་ཡོངས་སུ་སྦྱོང་བ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་མི་དམིགས་པ་དང་། སེམས་མི་དམིགས་པ་དང་། སྦྱིན་པ་ལ་མངོན་པར་ཞེན་པ་མེད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་དང་། ལེན་པ་པོ་རྣམས་ལ་རྣམ་པར་སྨིན་པ་མེད་པའོ། །རིན་ ཆེན་བྱིན་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔས་རྟག་ཏུ་མངོན་དུ་བྱ་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། སྙིང་རྗེ་ཆེན་པོ་དང་། བདག་གི་ལས་ཀྱི་རྣམ་པར་སྨིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱེའུ་རིན་ཆེན་བྱིན་འདི་བསྐལ་པ་སུམ་ཅུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྟོབས་དང་གྲགས་པ་དོན་ཡོད་པ་ཞེས་བྱ་བར་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །དེའི་འཁོར་དུ་འདུས་པ་ཡང་མཐའ་ཡས་པར་འགྱུར་ཏེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། །དེ་དག་ཀྱང་འོད་མཐའ་ཡས་པ་དང་། ཚེ་དཔག་ཏུ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་ གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག །ཆོས་ཉིད་ཀྱི་སྐྱེ་བོ་ཞེས་བྱ་བར་ ཡང་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བསོད་སྙོམས་བཞེས་ནས་གཤེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རིན་ཆེན་བྱིན་དང་། ཐམས་ཅད་དང་ལྡན་པའི་ འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་ པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་གུ་ཎ་ཛྙཱ་ན་ཨ་ཙིན་ཏྱ་བི་ཥ་ཡ་ཨ་བ་ཏཱ་ར་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་ཆོས་ཀྱི་དབྱེ་དགོན་པ་ན་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་འོད་ ཀྱི་ཁང་བཟངས་བསོད་ནམས་ཀྱི་རྒྱན་གྱི་ཚོགས་ཆེན་པོ་བསགས་པ། དགའ་བ་རྒྱ་ཆེན་པོ་སྐྱེད་པ། ཀུན་ནས་མ་སྨད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་ སངས་རྒྱས་པ། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་ པ། སྒྲིབ་པ་མེད་པའི་རྟོགས་པ་བརྙེས་པ། ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་རྒྱུན་མི་གཅོད་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། མཚན་ཉིད་མེད་པའི་ཆོས་ཀྱི་དམ་པའི་ ཕ་རོལ་ཏུ་བྱོན་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམ་པར་ཐར་པར་མཛད་ པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པ་བགྲངས་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ ལོ་བསྐོར་བ་རྒྱུན་མི་གཅོད་པའི་སྐུ་མངའ་བ་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་ལ་བཞུགས་ཏེ། དགེ་སློང་འབུམ་ཕྲག་དྲུག་ཅུ་རྩ་གཉིས་དང་ཐབས་ཅིག་པ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་དང་། མ་ འགགས་པ་དང་། རབ་འབྱོར་དང་། ཀཱ་ཏྱཱའི་བུ་དང་། ཀ་པི་ན་ཆེན་པོ་དང་། ནག་པ་དང་། དགའ་བོ་དང་། ཆུ་ཀླུང་འོད་སྲུང་དང་། ག་ཡཱ་འོད་སྲུང་དང་། ལྟེང་རྒྱས་འོད་སྲུང་དང་། བྱམས་མའི་བུ་གང་པོ་དང་། བ་ལང་བདག་དང་། ལམ་ཕྲན་བསྟན་དང་། གྱད་བུ་ནོར་དང་། སེང་ལྡེང་ནགས་པ་དང་། སྐུལ་བྱེད་དང་། གསུས་པོ་ཆེ་ཆེན་པོ་དང་། སྒྲ་གཅན་ཟིན་དང་། ཀུན་དགའ་བོ་དང་། དེ་དག་ལ་སོགས་པ་དགེ་སློང་འབུམ་ཕྲག་དྲུག་ཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་ཀྱང་ཆོས་གཅིག་ལ་ཡང་དག་པར་གཞོལ་བ། འཕགས་པའི་སྤྱོད་ཡུལ་ལ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་གཞི་མེད་པ་ནམ་མཁའི་སྤྱོད་ཡུལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་མི་རྟེན་པར་གནས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང་སྤྱོད་ཡུལ་ལ་ཞུགས་པའི་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་ལ་ཞུགས་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སྣང་བའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་ཚུལ་གཅིག་ལ་ཡང་དག་པར་གཞོལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་རྒྱུན་མ་བཅད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལས་ཡིད་ཕྱིར་མ་ལོག་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཤེས་རབ་དང་ཡེ་ཤེས་མངོན་པར་གྲུབ་པའི་ཡིད་དང་ལྡན་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྷག་མཐོང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐབས་ཀྱི་ཡུལ་དང་། སྤྱོད་ཡུལ་ལ་ངེས་པར་བྱུང་བ་ཤ་སྟག་གོ། །དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་དང་། དགེ་སློང་མ་གྲགས་ འཛིན་ལ་སོགས་པ་དགེ་སློང་མ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་དཀར་པོའི་ཆོས་ཤིན་ཏུ་ཡོངས་སུ་བསྡུས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བར་གྱུར་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རབ་ཏུ་རྟོགས་པ་ཤ་སྟག་གོ། །ཆོས་ཐམས་ཅད་ལ་མཚན་ཉིད་མེད་པར་ཞུགས་པ། ཆོས་ཐམས་ཅད་ཡང་དག་པའི་མཐར་རིག་པ། ཆོས་ཐམས་ ཅད་མ་སྐྱེས་པ་དང་། མ་འགགས་པ་དང་། གཉེན་པོ་མེད་པར་མོས་པ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདུལ་བའི་སེམས་ཅན་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་ གྲུབ་པར་གཟུགས་དང་། ལུས་དང་། ཁ་དོག་དང་། སྤྱོད་ལམ་ཤིན་ཏུ་སྟོན་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་དགེ་ འདུན་ཆེན་པོ་དང་ཡང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཀུན་ནས་འདྲེན་དང་། ཀུན་ཏུ་སྤྲུལ་དང་། ཀུན་ཏུ་ཤེས་རབ་དང་། ཀུན་ཏུ་མིག་དང་། ཀུན་ཏུ་འོད་དང་། ཀུན་ཏུ་སྣང་བ་དང་། ཀུན་ཏུ་འོད་ ཟེར་དང་། ཀུན་ཏུ་རྟོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བློ་དང་། ཤུགས་ཆེན་དང་། ཤུགས་ཆེན་འཛིན་དང་། རྣམ་པར་འཕྲུལ་པ་ཆེན་པོ་དང་། རྣམ་པར་འཕྲུལ་པ་ཆེན་པོའི་རྒྱལ་པོ་དང་། བརྩོན་འགྲུས་ཆེན་པོས་རྣམ་པར་ གནོན་དང་། རྩལ་ཆེན་དཔའ་བ་དང་། ཆེར་བསྒྱིངས་དང་། བསྒྱིངས་པ་ཆེན་པོའི་སྟོབས་དང་། ཚོགས་ཀྱི་དབང་པོ་ཆེན་པོ་དང་། སྤོས་ཀྱི་བལ་གླང་གླང་པོ་ཆེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཆེན་པོ་དང་། ཟླ་བ་ བཟང་དང་། ཡོན་ཏན་ཟླ་བ་དང་། རིན་ཆེན་ཟླ་བ་དང་། ཀུན་ཏུ་སྣང་བའི་ཟླ་བ་དང་། ཆོས་དྲི་མ་མེད་པའི་ཟླ་བ་དང་། རྣམ་པར་སྣང་བྱེད་ཟླ་བ་དང་། རྣམ་པར་བསྒྲགས་པའི་ཟླ་བ་དང་། འོད་ཟེར་རབ་ཏུ་གཏོང་བའི་ཟླ་བ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཟླ་གང་དང་། ཚངས་པའི་དབྱངས་དང་། ཚངས་པའི་དབང་པོས་བསྒྲགས་པའི་དབྱངས་དང་། སའི་སྒྲ་དབྱངས་དང་། ཆོས་ཀྱི་དབྱིངས་ཀྱི་སྒྲ་དབྱངས་དང་། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་དབྱངས་དང་། ཆོས་ ཀྱི་རྔ་ཆེན་སྒྲ་དབྱངས་དང་། ཀུན་ཏུ་གོ་བར་བྱེད་པའི་དབྱངས་དང་། མི་རྟོག་རྣམ་པར་མི་རྟོག་དབྱངས་དང་། ས་སྟེང་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་ཀྱི་ཡན་ལག་ཐམས་ཅད་ཟིལ་གྱིས་གནོན་པའི་དབྱངས་དང་། ཀུན་ནས་ སྙིང་པོ་དང་། ཀུན་ཏུ་དྲི་མ་མེད་པའི་སྙིང་པོ་དང་། ཡོན་ཏན་སྙིང་པོ་དང་། རྣམ་པར་སྣང་མཛད་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཟླ་བའི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། སྣང་བྱེད་སྙིང་པོ་དང་། པད་མའི་དཔལ་གྱི་སྙིང་པོ་དང་། རྡོ་རྗེའི་སྙིང་པོ་དང་། བློ་གྲོས་བཟང་པོ་དང་། བློ་གྲོས་ཆེན་པོ་དང་། ཁྱད་པར་བློ་གྲོས་དང་། རྣམ་གྲགས་བློ་གྲོས་དང་། རྒྱལ་ཆེན་བློ་གྲོས་དང་། བླ་མའི་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། མཐའ་ཡས་བློ་གྲོས་དང་། ཡངས་པའི་བློ་གྲོས་དང་། སངས་རྒྱས་བློ་གྲོས་དང་། བློ་ གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། བརྟན་པའི་བློ་གྲོས་དང་། རྡོ་རྗེ་བློ་གྲོས་དང་། སངས་རྒྱས་མངོན་སུམ་བློ་གྲོས་དང་། རི་རབ་མར་མེ་དང་། མར་མེ་ཆེན་པོ་དང་། ཆོས་ཀྱི་སྒྲོན་མའི་ མར་མེ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པའི་མར་མེ་དང་། ཀུན་ཏུ་མར་མེ་དང་། མུན་པ་ཐམས་ཅད་སེལ་བའི་མར་མེ་དང་། འགྲོ་བ་ཐམས་ཅད་ལ་སྣང་བའི་མར་མེ་དང་། གཅིག་ཏུ་སྣང་བའི་མར་མེ་དང་། ཟླ་བའི་མར་མེ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཉི་མའི་མར་མེ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལག་ན་རིན་ཆེན་གཞོན་ནུར་གྱུར་པ་དང་། ལག་ན་ཕྱག་རྒྱ་རིན་ཆེན་གཞོན་ནུར་གྱུར་པ་དང་། རིན་ཆེན་འོད་ཟེར་གཞོན་ནུར་གྱུར་པ་དང་། ནམ་མཁའ་མཛོད་གཞོན་ནུར་གྱུར་པ་ དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཞོན་ནུར་གྱུར་པ་དང་། དྲ་བ་ཅན་གྱི་འོད་གཞོན་ནུར་གྱུར་པ་དང་། རྣམ་པར་སེལ་བ་གཞོན་ནུར་གྱུར་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་གཞོན་ནུར་གྱུར་པ་དང་། དཔལ་གྱི་སྙིང་པོ་ གཞོན་ནུར་གྱུར་པ་དང་། སེང་གེ་གཞོན་ནུར་གྱུར་པ་དང་། ཟླ་འོད་གཞོན་ནུར་གྱུར་པ་དང་། ཟླ་བའི་འོད་ཟེར་གཞོན་ནུར་གྱུར་པ་དང་། མཆོག་གི་བློ་གྲོས་གཞོན་ནུར་གྱུར་པ་དང་། རྒྱན་བཀོད་པ་གཞོན་ནུར་གྱུར་པ་དང་། ལག་ན་པད་མ་དང་། ལག་ན་རྡོ་རྗེ་ དང་། ཉི་འོད་དང་། ནོར་བུ་དང་། གློག་དང་། ཉི་མ་དང་། ཟླ་བ་དང་། བརྒྱ་བྱིན་དང་། ཚངས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་ཐམས་ཅད་ལས་ངེས་པར་འབྱུང་བའི་བློ་གྲོས་དང་། རྡུལ་མེད་རྣམ་པར་གནོན་དང་། རྣམ་དག་རྣམ་པར་གནོན་དང་། ཕུང་པོ་རྣམ་པར་གནོན་དང་། སྐྱེ་མཆེད་རྣམ་པར་གནོན་དང་། ཁམས་རྣམ་པར་གནོན་དང་། སྟོང་ པ་ཉིད་རྣམ་པར་གནོན་དང་། མཚན་མ་མེད་པ་རྣམ་པར་གནོན་དང་། སྨོན་པ་མེད་པ་རྣམ་པར་གནོན་དང་། སྐྱེ་བ་མེད་པ་རྣམ་པར་གནོན་དང་། འགག་པ་མེད་པ་རྣམ་པར་གནོན་དང་། འགྲོ་བ་མེད་པ་རྣམ་པར་གནོན་དང་། འོང་བ་མེད་པ་རྣམ་པར་གནོན་དང་། འཆི་འཕོ་མེད་པ་རྣམ་པར་གནོན་དང་། མི་སྐྱེ་བ་རྣམ་པར་གནོན་དང་། རང་བཞིན་འོད་གསལ་རྣམ་པར་གནོན་དང་། འཇིག་རྟེན་གསུམ་རྣམ་པར་གནོན་དང་། མཐའ་ཡས་རྣམ་པར་གནོན་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་གནོན་དང་། ཆོས་ ཐམས་ཅད་རྣམ་པར་གནོན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་རྣམ་པར་གནོན་དང་། མངོན་པར་ཤེས་པ་དང་། རིག་པ་རྣམ་པར་གནོན་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གནོན་དང་། ཡང་ དག་པའི་མཐའ་རྣམ་པར་གནོན་དང་། དེ་བཞིན་གཤེགས་པས་རྣམ་པར་གནོན་དང་། མཉམ་པ་ཉིད་རྣམ་པར་གནོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དབྱིངས་རྣམ་པར་གནོན་དང་། བདུད་ཡུལ་མི་གོས་དང་། བདུད་ལས་རྒྱལ་དང་། བདུད་ལས་རྒྱལ་ཆེན་པོ་དང་། གཙུག་ན་རིན་པོ་ཆེ་དང་། འོད་ཟེར་སྟོང་གི་འོད་འཕྲོ་དང་། མངོན་པར་འབྱུང་དཀའ་དང་། རབ་ཏུ་ཐུབ་དཀའ་དང་། རྟོགས་དཀའ་དང་། བསྙེན་པར་དཀའ་བའི་བློ་དང་། ངན་འགྲོ་སྐེམ་དང་། བཟང་སྐྱོང་དང་། དཀོན་མཆོག་ འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། མིས་བྱིན་དང་། ཆུ་ལྷའི་ལྷ་དང་། ཟླ་བའི་ལྷ་དང་། དྲི་མ་མེད་ཀྱིས་བྱིན་དང་། དྲི་མ་མེད་པར་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་འདུས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དཔྱོད་པ་དང་། ཐབས་དང་། ཚུལ་དང་། འདུལ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་ལ་འགོད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ ལ་དཔྱོད་པའི་ཚུལ་ཤེས་པ་རབ་འབྱམ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་སའི་སྤྱོད་ཡུལ་ཤེས་པ་ལ་དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤྲོས་པ་ཐམས་ཅད་ཤིན་ཏུ་ཆད་ཅིང་སྤྱོད་པ་ལེན་པ་རྣམ་པར་ཆད་ དེ་སེམས་ཅན་གྱི་ཁམས་ཐམས་ཅད་སྡུད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མཐའ་དང་དབུང་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་ལ་ཤིན་ཏུ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བ་མི་དམིགས་པར་ དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་དང་། དབང་པོ་དང་། རྩོམ་པ་དང་། སྦྱོར་བ་ལ་ཤིན་ཏུ་དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དོན་དང་ཚིག་དང་། ཡི་གེ་གཟུང་བ་དང་བླང་བ་ཤེས་པ་ཡང་དག་པར་འཛིན་ཅིང་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། མཐའ་དང་དབུང་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདུས་བྱས་དང་། འདུས་མ་བྱས་དང་། དུས་དང་རིམ་པའི་ཚུལ་ལ་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་ཅིག་གཅིག་གིས་དེ་མ་ཐག་ཏུ་ཐོབ་པར་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཆི་འཕོ་དང་། འབྱུང་བ་དང་། སྐྱེ་བ་ དང་། མངོན་པར་འབྱུང་བ་དང་། དཀའ་བར་སྤྱོད་པ་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ལ་ མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སེམས་བསྐྱེད་ཅིང་བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང་མ་བྲལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་སེམས་ཀྱི་དམིགས་པ་ལ་འཇུག་པས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་ ཀྱི་དམིགས་པ་ལ་མཁས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་ས་ལས་མ་བསྐྱོད་པའི་བྱང་ཆུབ་སེམས་དཔའི་ལུས་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཐོབ་པར་སྦྱོང་བ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྟོབས་རྒྱུན་མི་གཅོད་ཅིང་མངོན་པར་འདུ་མི་བྱེད་པ་ཤེས་པའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་བྱ་བ་ལ་བསྐལ་པ་མཐའ་ཡས་པར་སྤྱོད་པ་ཀུན་ཏུ་འཛིན་པར་བྱིན་གྱིས་རློབ་པ་ ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱད་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱིན་གྱིས་རློབ་ཅིང་གདུལ་བྱའི་ཁམས་འགྲོ་བ་ཐམས་ཅད་འཛུད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྣམ་པར་དག་པའི་གནས་ལ་འཇུག་པ་དང་། སྦྱོང་བའི་སྟོབས་ཀྱི་ཁྱད་པར་དང་སྨོན་ལམ་ཕུན་སུམ་ཚོགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱི་བསམ་པ་ཕུན་སུམ་ཚོགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་ཐད་དུ་འགྲོ་ཞིང་སྐུལ་བ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཀུན་ཏུ་འཛིན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་རིགས་རྒྱུན་མི་གཅོད་པར་བྱེད་པ་ ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་ཀུན་ཏུ་སྟོན་པར་བྱེད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱོང་བར་བྱེད་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པར་བྱེད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ནམ་མཁའི་ཁམས་ལྟར་ཚད་མེད་པའི་ཆོས་དང་ལྡན་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ལ་འཇུག་པ་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ལས་ཀྱིས་ཀུན་ནས་བསླང་བ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་ལ་ མོས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྒྱུས་ཀུན་ནས་བསླང་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ལ་མོས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྒྱའི་འབུར་ཀུན་ཏུ་འབྱུང་བ་ལྟ་བུར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མིག་ཡོར་དང་། གཟུགས་བརྙན་ལྟར་སྟོན་པའི་ཆོས་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་སྒྲ་དབྱངས་ཀྱི་རྣམ་པར་རིག་པ་བྲག་ཅ་དང་མཚུངས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་ པ་ཤ་སྟག་གོ། །ཐམས་ཅད་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་མཐའ་ཡས་པའི་མདོག་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུགས་ལ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྐྲ་ཙམ་གྱི་ཁྱོན་གཅིག་ལ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུ་དག་ཏུ་སྐྲ་ཙམ་གྱི་ཁྱོན་གཅིག་ལ་འཆི་འཕོ་དང་། འབྱུང་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱད་པར་སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་ འགྲོ་བ་དང་། བདུད་འདུལ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྐྱིལ་མོ་ཀྲུང་གཅིག་གིས་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ ཁམས་ཐམས་ཅད་ཀྱི་ནམ་མཁའ་རྒྱས་པར་འགེངས་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཞིང་ཐམས་ཅད་ཀྱི་རྒྱན་ཞིང་གཅིག་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཞིང་གཅིག་གི་རྒྱན་བཀོད་པ་ཞིང་ཐམས་ཅད་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གང་དག་ཡིན་པ་དེ་དག་དེ་བཞིན་གཤེགས་པ་གཅིག་གི་འཁོར་དུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །དེ་བཞིན་གཤེགས་པ་ གཅིག་གི་འཁོར་གང་ཡིན་པ་དེ་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་མཐའ་དང་དབུང་མེད་པར་སྟོན་པ་ལ་མཁས་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་རང་གི་ལུས་སུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་སྐུ་སངས་རྒྱས་གཅིག་གི་སྐུར་ཞུགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་གཅིག་ གི་སྐུ་སངས་རྒྱས་ཐམས་ཅད་ཀྱི་སྐུར་ཞུགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་གི་ལུས་སུ་ཆུད་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་ལུས་ ལ་དུས་གསུམ་གྱི་སེམས་ཅན་རྣམས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པའི་དུས་ལ་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དང་། མ་འོངས་པའི་དུས་ལ་འདས་པ་དང་། ད་ལྟར་བྱུང་བའི་དུས་དང་། ད་ལྟར་བྱུང་བའི་དུས་ལ་འདས་པ་ དང་། མ་འོངས་པའི་དུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ལུས་གཅིག་གིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ལུས་དཔག་ཏུ་མེད་གྲངས་མེད་པ་ལས་ལྡང་བ་ལ་མཁས་པ་ཤ་སྟག་གོ། །ལུས་དཔག་ཏུ་མེད་ཅིང་གྲངས་ མེད་པ་དག་གིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། ལུས་གཅིག་ལས་ལྡང་བར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་སྙེད་ཀྱི་མངོན་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སེམས་ཅན་གཅིག་གི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །སེམས་ཅན་གཅིག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ལས་ སངས་རྒྱས་ཀྱི་སྐུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་ལས་སེམས་ཅན་གྱི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གྱི་ལུས་ཆོས་ཀྱི་སྐུར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་ཞིང་ཐམས་ཅད་ཀྱི་རྒྱན་བཀོད་པ་དེ་དག་ཞིང་གཅིག་ཏུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཞིང་གཅིག་གི་རྒྱན་བཀོད་པ་དེ་དག་ཞིང་ཐམས་ཅད་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་སྐུ་སེམས་ཅན་གྱི་ལུས་སུ་ཀུན་ཏུ་སྟོན་པ་ལ་ མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇུག་པར་བྱེད་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྨོན་ལམ་གྱི་སྟོབས་ ཀྱི་གནས་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པ་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་བསྐལ་པ་བགྲངས་པ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྒྱུན་མི་གཅོད་པའི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་བསྐྱེད་པ་ གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་ན་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་ཅན་དང་། འདུ་ཤེས་ཅན་མ་ཡིན་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མང་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་ དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་། མི་མ་ཡིན་པ་སེམས་ཅན་གདུལ་བྱ་ཡོངས་སུ་སྨིན་པ་ཐམས་ཅད་ཇི་ལྟ་བ་དེ་བཞིན་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སྤྱོད་པ་དང་། སྤྱོད་ལམ་དང་བྱ་བ་ལ་འཇུག་པའི་གནས་ཀུན་ཏུ་སྟོན་པ་ལ་མཁས་པ་ ཤ་སྟག་གོ། །ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་འཇུག་པར་བྱེད་ཀྱང་སེམས་ཅན་ལ་གནོད་པ་མེད་པ་ལ་མཁས་ པ་ཤ་སྟག་གོ། །ཐམས་ཅད་ཀྱང་བསྐལ་པ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཡུད་ཙམ་གཅིག་ཏུ་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཡུད་ཙམ་གཅིག་ བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་བྱིན་གྱིས་རློབ་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་ པར་འགྱུར་བ་དེ་ལྟ་དེ་ལྟར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་གཟུགས་ཀྱི་ལུས་ཀྱི་ཁ་དོག་དང་། སྤྱོད་ལམ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གཞན་དག་ཐམས་ཅད་ཀྱང་ ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་དང་ལྡན་པ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། ། འཇིག་རྟེན་གྱི་ཁམས་འདི་ནས་ཀྱང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ ལ་བ་དེར་ལྷགས་སོ། །བརྒྱ་བྱིན་བྱེ་བ་ཕྲག་བརྒྱ་དང་། ལྷའི་རྒྱལ་པོ་རབ་འཐབ་བྲལ་བྱེ་བ་ཕྲག་བརྒྱ་དང་། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་བྱེ་བ་ཕྲག་བརྒྱ་དང་། ལྷའི་རྒྱལ་པོ་རབ་འཕྲུལ་བྱེ་བ་ཕྲག་བརྒྱ་དང་། ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་པ་བྱེ་བ་ཕྲག་ བརྒྱ་ལ་ལྷའི་རྒྱལ་པོ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དེད་དཔོན་ ལ་སོགས་པ་བདུད་ཀྱི་རིས་ཀྱི་ལྷ་བྱེ་བ་ཕྲག་མང་པོ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །སྲིན་པོའི་རྒྱལ་ པོ་འབུམ་ཕྲག་བཅྭ་བརྒྱད་དང་། འབྱུང་པོའི་རྒྱལ་པོ་འབུམ་ཕྲག་སུམ་ཅུ་རྩ་བརྒྱད་དང་། ལྷ་མ་ཡིན་གྱི་རྒྱལ་པོ་འབུམ་ཕྲག་བརྒྱད་ཅུ་དང་། རིག་སྔགས་འཆང་གི་རྒྱལ་པོ་འབུམ་ཕྲག་དྲུག་ཅུ་རྩ་ལྔ་དང་། དྲང་སྲོང་འབུམ་ཕྲག་དགུ་བཅུ་རྩ་དགུ་ཐམས་ཅད་ཀྱང་ མངོན་པར་ཤེས་པ་ལྔ་དང་ལྡན་པ་ཤ་སྟག་དང་། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་དང་། རྣམ་པར་འཐོར་རླུང་ཆེན་པོ་གཡོག་འཁོར་མང་པོ་དང་ལྡན་པ་དག་དང་། ཚངས་པ་བྱེ་བ་ཕྲག་བརྒྱ་དང་། ཚངས་པ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། འོད་ཆུང་བྱེ་བ་ ཕྲག་བརྒྱ་དང་། ཚད་མེད་འོད་བྱེ་བ་ཕྲག་བརྒྱ་དང་། འོད་གསལ་བྱེ་བ་ཕྲག་བརྒྱ་དང་། དགེ་ཆུང་བྱེ་བ་ཕྲག་བརྒྱ་དང་། ཚད་མེད་དགེ་བྱེ་བ་ཕྲག་བརྒྱ་དང་། དགེ་རྒྱས་བྱེ་བ་ཕྲག་བརྒྱ་དང་། སྤྲིན་མེད་བྱེ་བ་ཕྲག་བརྒྱ་དང་། འབྲས་བུ་ཆེ་བྱེ་བ་ཕྲག་བརྒྱ་དང་། བསོད་ནམས་སྐྱེས་བྱེ་བ་ཕྲག་བརྒྱ་དང་། གྱ་ནོམ་སྣང་བྱེ་བ་ཕྲག་བརྒྱ་དང་། ཤིན་ཏུ་མཐོང་བྱེ་བ་ཕྲག་བརྒྱ་དང་། མི་ཆེ་བ་བྱེ་བ་ཕྲག་བརྒྱ་དང་། མི་གདུང་བ་བྱེ་བ་ཕྲག་བརྒྱ་དང་། འོག་མིན་གྱི་ལྷ་བྱེ་བ་ཕྲག་བརྒྱ་དག་ལ་ཚངས་པ་ཆེན་པོ་རེ་རེ་ཡང་གཡོག་འཁོར་མང་པོ་ དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་ གཙང་མའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ཀླུའི་དབང་པོ་བྱེ་བ་ཕྲག་ བརྒྱ་དང་། གནོད་སྦྱིན་གྱི་དབང་པོ་བྱེ་བ་ཕྲག་བརྒྱ་དང་། དྲི་ཟའི་དབང་པོ་བྱེ་བ་ཕྲག་བརྒྱ་དང་། ལྷ་མ་ཡིན་གྱི་དབང་པོ་བྱེ་བ་ཕྲག་བརྒྱ་དང་། ནམ་མཁའ་ལྡིང་གི་དབང་པོ་བྱེ་བ་ཕྲག་བརྒྱ་དང་། མིའམ་ཅིའི་དབང་པོ་བྱེ་བ་ཕྲག་བརྒྱ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་བྱེ་བ་ ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། ། མི་དང་མ་ཡིན་པ་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དགེ་བསྙེན་ དང་དགེ་བསྙེན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །རྩྭ་ དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་གྱི་ལྷ་གང་དག་ཡིན་པ་དག་དང་། ལྷུན་པོ་དང་། ལྷུན་པོ་ཆེན་པོ་དང་། བཏང་བཟུང་དང་། བཏང་བཟུང་ཆེན་པོ་དང་། གངས་རི་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་ལ་སོགས་པ་རི་རྣམས་ཀྱི་ལྷ་ གང་དག་ཡིན་པ་དེ་དག་ཐམས་ཅད་གནས་དང་བཅས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །རྒྱ་མཚོ་དང་། རྒྱ་མཚོ་ཆེན་པོ་དང་། ཆུ་ཀླུང་དང་། ཆུ་བྲན་དང་། མཚོ་བྲན་དང་། མཚེའུ་དང་། ཆུ་མིག་དང་། འབབ་ཆུ་རྣམས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གནས་དང་བཅས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་ པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། འོར་རྣམས་ཀྱི་ལྷ་གང་དག་ཡིན་ པ་དེ་དག་ཀྱང་རང་གིས་གནས་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ཀླུ་དང་། གནོད་ སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་རང་རང་གི་གནས་སུ་ཞུགས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་ པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་མཐུས་སེམས་ཅན་འགའ་ལ་ཡང་གནོད་པ་མེད་ཅིང་སྒྲིབ་པ་མེད་དོ། །ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་བྱེ་བ་ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། ། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་ཡང་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དུད་འགྲོའི་སྐྱེ་ གནས་སུ་སོང་བའི་སེམས་ཅན་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང་། ཕྱག་བྱ་བའི་ཕྱིར་དང་། མཆོད་པའི་ཕྱིར་དང་། བསྙེན་བཀུར་བྱ་བའི་ཕྱིར་དང་། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དུད་འགྲོའི་སྐྱེ་གནས་སུ་ སོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་གཞོལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདོད་པ་ཤ་སྟག་གོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁ་དོག་དང་། གཟུགས་དང་། གཟི་བརྗིད་དང་། འོད་ཀྱིས་འཁོར་ཐམས་ ཅད་ཟིལ་གྱིས་མནན་ཏེ། ལམ་མེ། ལྷན་ནེ། ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ཉི་མས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཕྱུང་སྟེ་སྲིན་བུ་མེ་ཁྱེར་ཐམས་ཅད་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་བཞིན་དུ་བཅོམ་ ལྡན་འདས་ཀྱང་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་ལམ་མེ། ལྷན་ནེ། ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོ་ཚེས་བཅྭ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སྤྲིན་གྱི་དྲ་བ་ལས་གྲོལ་བ་ནི་སྐར་མའི་ཚོགས་ཐམས་ ཅད་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་སྤ་བཀོང་སྟེ་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ལྷང་ངེ་སྟེ། རིའི་རྒྱལ་པོ་རི་རབ་ལྟར་དཔལ་ གྱིས་རབ་ཏུ་འབར་ཏེ། སྐུ་མི་གཡོ། མི་འགྱུར། མི་འགུལ་བར་ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས