Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 061_མདོ་སྡེ།_ཙ
Văn bản gốc(Tây Tạng)
Trang 10 / 19 (50.000 ký tự/trang)
་གདབ་པ་དང་། མར་དང་། འབྲུ་མར་བསྐོལ་བ་དང་། སྨིན་པར་བྱ་བ་རྣམས་སྦྱོར་བའི་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་དེ་དག་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་ནད་སྣ་ཚོགས་ཀྱི་འཇིགས་པ་ལས་ཡོངས་སུ་ཐར་བར་བྱེད་དོ། །ཀྱེ་རྒྱལ་བའི་བུ་དག་དེ་བཞིན་ དུ་དེ་བཞིན་གཤེགས་པས་ཀྱང་ཏིང་ངེ་འཛིན་སྣ་ཚོགས་དང་། རྫུ་འཕྲུལ་གྱི་རྐང་པ་དང་། སྟོབས་དང་། མི་འཇིགས་པ་དང་། ལྷའི་མིག་དང་། རྣ་བ་རྣམས་ཀྱི་ཚེའི་རིག་པ་ཡན་ལག་བརྒྱད་དང་ལྡན་ཏེ། སེམས་ཅན་གྱི་ཁམས་དང་། བསམ་པ་དང་། སྦྱོར་བ་སྣ་ཚོགས་ ལ་མཁས་པས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནད་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ནད་ཀྱིས་གཟིར་བའི་སེམས་ཅན་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་བསྒྲིབས་པ་དང་། ཆགས་པ་དང་། མྱ་ངན་དང་། འཇིགས་ པ་དང་། ཁྲོ་བས་བསྒྲིབས་པ་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་གནས་ནས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་ཐབས་མཁས་པ་སྣ་ཚོགས་དང་། སྦྱོར་བ་སྣ་ཚོགས་དང་། ཏིང་ངེ་ འཛིན་སྣ་ཚོགས་དང་། རྫུ་འཕྲུལ་གྱི་རྣམ་པར་རོལ་པས་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བཀོད་ནས། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་ མཛད་དོ། །མི་དགེ་བའི་ཆོས་བརྒྱད་ལས་ཡོངས་སུ་ཐར་བར་མཛད་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོ་སོར་འགོད་དེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཐབས་ལ་མཁས་པ་དང་ལྡན་པས་ཇི་ལྟར་ཁམས་ཀྱི་དགེ་བའི་རྩ་བ་འདུལ་བའི་ སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་མི་སྣང་བར་ཡང་སྟོན། ཟླ་བ་ཁམ་པ་ལྟ་བུའི་དཀྱིལ་འཁོར་ཀྱང་སྟོན། ཟླ་བ་མར་གྱི་ངོ་དང་། ཡར་གྱི་ངོ་ཡང་སྟོན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ་ཡང་སྟོན། མུན་ནག་ཐིབས་པོ་ཐམས་ཅད་ཀྱང་རྣམ་པར་སེལ། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། འབྲས་ལ་སོགས་པ་ཡང་སིམ་པར་བྱེད་དོ། །ཀྱེ་རྒྱལ་བའི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་བསྒྲིབས་པའི་སེམས་ཅན་རྣམས་དང་། ཁམས་སྣ་ཚོགས་ཀྱིས་འདུལ་བའི་སེམས་ཅན་ རྣམས་ཀྱི་སྤྱོད་པ་མཁྱེན་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་སྟོན། སྐྱེ་བ་ཡང་སྟོན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་སྟོན། རྩེ་བ་དང་། དགའ་བ་དང་། བུད་མེད་ཀྱི་བཞད་གད་དང་། ཀུ་རེ་དང་། དྲི་དང་། ཕྲེང་བ་དང་། དགའ་ཞིང་རྩེ་བ་ཡང་སྟོན། །ཁྱིམ་ ནས་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་། དཀའ་བ་སྤྱད་པ་རྣམས་ཀྱང་སྟོན། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་ཆོས་ཀྱི་སྤྲིན་ཆེན་པོའི་ཆར་ཕབ་པས་སེམས་ཅན་རྣམས་ཚིམ་པར་བྱས་པའི་བར་དུ་ཡང་སྟོན་ཏེ། དེ་བཞིན་གཤེགས་ པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སྦྱོར་བ་སྣ་ཚོགས་ཀྱིས་རིང་བསྲེལ་མཆོད་པ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། སྐུ་གཟུགས་བྱེད་དུ་གཞུག་པ་དང་། རབ་ཏུ་འབྱུང་བའི་ཕྱིར་ཁྱིམ་ནས་འབྱུང་བ་དང་། དགེ་སློང་གི་དགེ་འདུན་ལ་མཆོད་པ་དང་། དམ་ པའི་ཆོས་འདྲི་བ་དང་། བཀླག་པ་དང་། ཁ་ཏོན་དུ་བྱ་བ་ལ་སྤྲོ་བ་བསྐྱེད་པ་དག་གིས་ཀྱང་སེམས་ཅན་ཐམས་ཅད་ཐར་བར་མཛད། བསླབ་པ་འཛིན་པ་དང་། བརྟུལ་ཞུགས་དང་། སྡོམ་པ་དང་། ཉེ་བར་གནས་པ་དང་། དགེ་བསྙེན་གྱི་སྡོམ་པ་རྣམས་འཛིན་དུ་གཞུག་པའི་ཐབས་ མཁས་པས་ཀྱང་སེམས་ཅན་རྣམས་ཐར་བར་མཛད་དེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་མཛད་ནས་ཆོས་ཉན་པས་ཚིམ་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བཀོད་དོ། །དེ་ནས་དེའི་ཚེ་ན་ལྷའི་བུ་བློ་ཆུང་བ་ཁ་ཅིག་ནི་འདི་སྙམ་དུ་སེམས་པར་གྱུར་ཏེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་དེ་བཞིན་གཤེགས་པའི་ མཛད་པ་མཛད་དེ། སྐུ་ཚེ་ཤིན་ཏུ་རིང་པོར་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་ བར་མཛད་པ་དེ་ལྟར་དེ་བཞིན་གཤེགས་པ་འདིས་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་ད་དུང་མ་མཛད་ཀྱིས་ཀྱང་། འདིས་མྱ་ངན་ལས་འདའ་བ་ལ་ཤིན་ཏུ་བསྔགས་ཤིང་བརྗོད་དེ། འཁོར་མང་པོ་བསྡུས་ནས་རྫུ་འཕྲུལ་དང་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་སྣ་ཚོགས་ སྟོན་པ་ལས་ན། དེ་ཅི་དེ་བཞིན་གཤེགས་པ་འདི་མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ལྟ་སྙམ་ནས་དེ་དག་ཡིད་མི་དགའ་སྟེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཤེས་ནས་ལྷའི་བུ་དེ་དག་ལ་འདི་ སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་ལྟར་མ་སེམས་མ་སྨྲ། ཡིད་མི་དགའ་བར་མ་བྱེད་ཅིག །དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་ནི་མང་སྟེ། ཐབས་དང་། ཤེས་རབ་དང་། ཏིང་ངེ་འཛིན་སྣ་ཚོགས་ཀྱི་དགེ་བའི་རྩ་བའི་སྟོབས་ཀྱི་བྱིན་གྱི་རླབས་ཀྱིས་ སེམས་ཅན་བསམ་པ་སྣ་ཚོགས་དག་ལ་ཆོས་སྟོན་ཏེ། ལྷའི་བུ་དག་ངས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཇི་ལྟར་མཐོང་བ་དེ་ལྟར་ངས་ཤེས་པ་ལས་ན། དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ སྟོབས་སྐྱེད་པའི་ཆོ་འཕྲུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་འཆད་པར་བཞེད་པ་དང་། རྒྱས་པར་མཛད་པར་བཞེད་པར་མི་འགྱུར་རམ། ཡང་ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད། སྐུ་ཚེ་ཟད་པར་འགྱུར་བ་ཡང་མེད། བསྐལ་པ་བྱེ་བ་དཔག་ཏུ་མེད་པའི་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་དེ་བཞིན་གཤེགས་པ་རྣམས་བཞུགས་མོད་ཀྱི། ཐབས་མཁས་པས་སེམས་ཅན་རྣམས་ལ་ཡོངས་སུ་ མྱ་ངན་ལས་འདའ་བ་ཡང་སྟོན། དམ་པའི་ཆོས་ནུབ་པར་འགྱུར་བ་ཡང་སྟོན་ཏོ། །སེམས་ཅན་མྱ་ངན་ལས་འདའ་བས་འདུལ་བ་དང་། རིང་བསྲེལ་གྱིས་འདུལ་བའི་སྙིགས་མའི་རང་བཞིན་ཅན། དེ་བཞིན་གཤེགས་པ་ལ་མ་དད་པ། བླ་མ་ལ་བསྟི་སྟང་བྱེད་པར་མི་འགྱུར་བའི་སེམས་ ཅན་དག་ཇི་ལྟ་ཇི་ལྟར་མཐོང་བ། དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་མོད་ཀྱི། དེ་བཞིན་གཤེགས་པ་ནི་བྱོན་པ་ཡང་མེད། གཤེགས་པ་མེད་དོ། །གང་གི་ཚེ་སེམས་ཅན་རྣམས་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་ཅིང་དེ་བཞིན་གཤེགས་ པ་ལ་བལྟ་བར་འདོད་པ་དང་། མཆོད་པར་འོས་པ་དང་། ཆོས་ཉན་པར་འདོད་པ་དང་། ཟླ་བའི་དཀྱིལ་འཁོར་བཞིན་དུ་འདོད་པར་གྱུར་པ་དེའི་ཚེ་ལྷ་དང་མི་རྣམས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་བྱ་བ་དང་། དཀོན་མཆོག་ གསུམ་གསལ་བར་བྱ་བ་དང་། རྒྱས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་མོད་ཀྱི། དེ་བཞིན་གཤེགས་པ་ལ་སྐྱེ་བ་མེད་དེ། རྒ་བ་དང་འཆི་བ་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ལེགས་པར་ཕྱིས་པ་ལ་ གཟུགས་སྣ་ཚོགས་སྣང་བར་འགྱུར། མི་སྣང་བར་ཡང་འགྱུར་མོད་ཀྱི། གཟུགས་བརྙན་ནི་དེར་འོང་བ་དང་། འགྲོ་བར་སྣང་བ་ནི་མེད་དོ། །ལྷའི་བུ་དག་དེ་བཞིན་གཤེགས་པའི་སྐུ་ལ་ཡང་དེ་ལྟར་བལྟ་བར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱེད་པ་ལེགས་པར་ བསླབས་པ་ནི་གྲོང་ཁྱེར་དང་། རྟ་བབས་དང་། སྐྱེད་མོས་ཚལ་སྣ་ཚོགས་དང་། ཤིང་རྟ་སྣ་ཚོགས་དང་། འཁོར་ལོས་སྒྱུར་བའི་གཟུགས་དང་། དགའ་བ་དང་། རྩེ་བ་སྣ་ཚོགས་བསྟན་ཏེ་མི་སྣང་བར་བྱེད་ཀྱང་དེ་ལ་འཕོ་བ་ཡང་མེད། འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ། །དེ་ བཞིན་དུ། དེ་བཞིན་གཤེགས་པ་རྣམས་འབྱུང་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཡང་བལྟ་བར་བྱའོ། །ཡང་ལྷའི་བུ་དག་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའམ། མྱ་ངན་ལས་འདས་ནས་བསྐལ་པར་ལོན་པའམ། མྱ་ངན་ལས་ འདས་ནས་བསྐལ་པ་བྱེ་བར་ལོན་ཡང་སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། རིང་བསྲེལ་གྱི་མཆོད་རྟེན་བྱེད་དུ་གཞུག་པ་དང་། སྐུ་གཟུགས་བྱེད་དུ་གཞུག་པ་དང་། མཚན་ནས་བརྗོད་པ་དང་། དམ་པའི་ཆོས་འཛིན་པ་དང་། མཆོད་པ་བྱེད་ པའི་སེམས་ཅན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པ་རྣམས་ཐར་པར་མཛད་དེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་དང་། སྡུག་ བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་མཛད་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་ དང་། བྱུག་པ་དང་། ན་བཟའ་དང་། རྒྱན་རྣམས་ཀྱི་མཆོད་པས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག་གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ། བསྐལ་པ་བྱེ་བ་ལོན་ཡང་སངས་རྒྱས་ལ་ཕྱག་འཚལ་ལོ་ ཞེས་མཚན་ནས་ལན་བདུན་དུ་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །མེ་ཏོག་ནམ་མཁའ་ལ་གཏོར་བལྟ་ཞོག་གི། གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་ པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བསླབ་པ་གཅིག་ཙམ་འཛིན་ཏམ་ཉིན་གཅིག་གམ། མཚན་གཅིག་གམ། ཡུད་ཙམ་ཞིག་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན། དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ། བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱེད་པའམ། འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་ དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། གང་གིས་རིང་བསྲེལ་གྱི་མཆོད་རྟེན་ནམ། རིང་བསྲེལ་གྱི་སྐུ་གཟུགས་བྱས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་གཙོ་བོར་ ཤེས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་དགྲོལ་ལོ་སྙམ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ནས་ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། སིལ་སྙན་དང་། གདུགས་དང་། རྒྱལ་ མཚན་རྣམས་ཀྱིས་མཆོད་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཏེ། ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བདེ་འགྲོར་འགྲོ་བར་འགྱུར་རོ། །ལྷའི་བུ་དག་དེ་ལྟར་ན་དེ་བཞིན་ གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་ལ་མཁས་ཤིང་འཐུན་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མའོ། །འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་ཤེས་རབ་ཆེན་པོ་དང་ལྡན་ནོ། །དེ་བཞིན་གཤེགས་པ་རྣམས་ མཆོག་ཏུ་ཐབས་མཁས་པ་དང་ལྡན་པ་ནི་ལགས་ན། གང་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་ནས་བསྐལ་པ་བྱེ་བ་དུ་མ་ལོན་ཡང་འཇིག་རྟེན་གྱི་ཁམས་དག་ན་བཞུགས་ཤིང་ཐབས་མཁས་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཡོངས་སུ་ སྨིན་པར་མཛད་དོ་ཞེས་དེས་སྨྲས་པ་དེ་ལྟ་བུ་འདི་ཅི་ཞིག་སྙམ་མོ། །འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཤེས་ནས་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ལེགས་སོ་ལེགས་སོ། །ཡུད་ཙམ་ཞིག་སྡོད་ཅིག །ཁྱོད་ཀྱི་ཡིད་ལ་བྱེད་པ་སྐྱེས་ པ་འདི་དང་སྔར་ཞུས་པར་གྱུར་པ་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་པས་དེ་བཞིན་གཤེགས་པ་གཙུག་ཕུད་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་ པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། རྣམ་པར་གཟིགས་དང་། མི་འཁྲུགས་པ་དང་། འོད་དཔག་ཏུ་མེད་པ་དེ་དག་འཁོར་གྱི་དཀྱིལ་འཁོར་ན་བཞུགས་ཤིང་དེ་བཞིན་གཤེགས་པ་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ནས་ཉན་ཐོས་དང་། བྱང་ཆུབ་སེམས་ དཔར་བཅས་པས་བསྐོར་ཅིང་འཁོར་རྒྱ་མཚོ་ལྟ་བུ་ལ་ཆོས་སྟོན་པར་སྣང་བ་དང་། ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ན་ཡང་དེ་བཞིན་གཤེགས་པ་དུ་མ་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ནས་ཆོས་འཆད་ཅིང་བཞུགས་པར་མཐོང་བ་ དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དང་། ལྷའི་བུ་དེ་དག་དགའ་བར་གྱུར་ཏེ། མཆོག་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས་བདག་གིས་དགེ་བའི་རྩ་བ་ལས་སྐྱེས་པའི་བསོད་ནམས་ཀྱི་སྟོབས་བསྐྱེད་པས་དེ་ བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ན་བཟའ་དང་། རྒྱན་རྣམས་ཀྱིས་མངོན་པར་མཆོད་དེ། ལན་གསུམ་དུ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཨེ་མ་ཡེ་ཤེས་ཡེ་ཤེས་ནི། །ཏིང་ངེ་ འཛིན་དང་ཤེས་རབ་སྒོམ། །ཇི་ལྟར་འཇིག་རྟེན་སྒྲོན་མ་རྣམས། །འདས་ནས་བསྐལ་པ་དུ་མ་ན། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དཔའ་བོ་ཆེན་པོ་འདི་ན་བཞུགས། །བྱང་ཆུབ་སེམས་དཔས་ཡོངས་བསྐོར་ཅིང་། །སེང་གེའི་ཁྲི་ལ་བཞུགས་པ་གདའ། ། སངས་རྒྱས་མཐོང་བ་ལེགས་པ་སྟེ། །ཆོས་མཉན་པ་ཡང་ལེགས་པ་ཡིན། །དགེ་བའི་བཤེས་གཉེན་བལྟ་བ་དང་། །མཉན་པའང་དེ་བཞིན་ལེགས་པ་ཡིན། །གང་དག་འདིར་ནི་བསླབ་འཛིན་པའི། །ལུས་ཀྱི་སྡོམ་པ་ལེགས་པ་ཡིན། །ནན་ཏན་གྱིས་ནི་སྒྲུབ་པ་ དག །དེ་ཀུན་བྱང་ཆུབ་ཐོབ་པར་འགྱུར། །ཐབས་དང་ཤེས་རབ་མཁས་པ་རྣམས། །འདིར་ནི་སེམས་ཅན་ཐར་བར་མཛད། །ཟླ་བའི་དཀྱིལ་འཁོར་འདྲ་བ་དང་། །དེ་བཞིན་སྒྱུ་མ་བྱེད་པ་འདྲ། །འོང་བ་དང་ནི་འགྲོ་བ་ཡང་། །དེ་བཞིན་གཤེགས་པ་སྟོན་པར་མཛད། ། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དམ་པའི་ ཆོས་ནི་མཉན་པ་དང་། །མཆོད་ཅིང་འཛིན་པའང་དེ་བཞིན་ཏེ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་འདི་ཡང་དག་པར་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་བཞི་ སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་ཉི་ཁྲིས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །ལྷའི་བུ་ལྔ་སྟོང་གིས་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བདུན་བརྒྱས་ཏིང་ངེ་འཛིན་སྣ་ཚོགས་ཐོབ་པར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བའི་སྲས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དྲིས་པའི་ ལན་བཤད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་བཤད་དེ་ལེགས་མོད་ཀྱི། ཁོ་བོ་ཐེ་ཙོམ་ཅུང་ཟད་ཅིག་སྐྱེས་ཀྱིས། གང་ཐོས་ནས་སེམས་ཅན་རྣམས་ཀྱིས་ཡིད་ལ་བྱས་ཏེ། དེ་དག་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འགྱུར་བ་དང་། བདེ་འགྲོར་འགྲོ་བར་འགྱུར་བ་ དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བར་ཁོ་བོས་དྲིས་པ་དེ་བསྟན་ཅིང་ལུང་སྟོན་ཅིག །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྔོན་དགེ་བའི་རྩ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ སྤོབས་པ་སྐྱེས་པ་ནི་ལེགས་སོ། །ཁྱོད་གང་དང་གང་འདོད་པ་དྲིས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ཙམ་དང་། མཆོད་པ་དང་། བཀུར་སྟི་བྱས་པ་ཉིད་ཀྱིས་སྡིག་པ་བྱེད་པའི་སེམས་ཅན་ རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་གྲོལ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བར་འགྱུར་བ་དེ་དག་གང་ལགས། དེ་དག་འཇིག་རྟེན་གྱི་ཁམས་ནི་གང་ན་བཞུགས། དེ་དག་ལ་མཆོད་པ་ནི་ཇི་ལྟར་བགྱི། འཇམ་དཔལ་གྱིས་ སྨྲས་པ། རིགས་ཀྱི་བུ་གང་གི་ཕྱིར་སེམས་ཅན་རྣམས་ངན་སོང་དུ་འགྲོ་བར་མི་འགྱུར་བ་དང་། གང་ངན་སོང་དུ་སྐྱེས་པ་དེ་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དེ་དག་གི་མཚན་རྣམས་དང་། འཇིག་རྟེན་གྱི་ཁམས་སུ་མཆོད་ཅིང་བསྟི་སྟང་བྱ་བ་བཤད་ཀྱིས་ཉོན་ཅིག །འཇིག་རྟེན་གྱི་ཁམས་བཻ་དཱུརྱ་སྣང་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་དཱུརྱའི་འོད་ཅེས་བྱ་བ་ བཞུགས་ཏེ། འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ་ཡོད་དོ། །འཇིག་རྟེན་གྱི་ཁམས་གཙུག་པུད་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གཙུག་པུད་ཅན་ཞེས་བྱ་བ་ཡོད་དོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ན་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པར་འབྱུང་བ་ཞེས་བྱ་བ་ཡོད་དོ། །འཇིག་རྟེན་གྱི་ཁམས་ཞི་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་བར་བཀོད་པ་ཞེས་བྱ་བ་ཡོད་དོ། །འཇིག་ རྟེན་གྱི་ཁམས་བདེ་བ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་པད་མོའི་བླ་མ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོ་འབྱུང་ བ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྡོ་རྗེ་ན་དེ་བཞིན་གཤེགས་པ་རྡོ་རྗེ་མཁྲེགས་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན་དེ་བཞིན་གཤེགས་པ་མྱ་ངན་བྲལ་བ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་འཇིགས་པ་མེད་པ་ན་དེ་བཞིན་གཤེགས་པ་འཇིགས་ པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྟོགས་པ་དང་བློ་གྲོས་སུ་ལྡན་པ་ན་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་ངན་འགྲོ་དང་བྲལ་བ་ན་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཞི་བར་ མཛད་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ན་དེ་བཞིན་གཤེགས་པ་བློ་གྲོས་རྣམ་པར་དག་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་དབང་པོ་ན་དེ་བཞིན་གཤེགས་པ་དབང་པོའི་བློ་གྲོས་ཞེས་བྱ་བ་ཡོད་དེ། དེའི་མཚན་བཟུང་བ་ཉིད་ཀྱིས་ ལྷའི་དབང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཟླ་བ་ན་དེ་བཞིན་གཤེགས་པ་ཟླ་བ་རྒྱས་པ་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། དེའི་མཚན་བཟུང་ཞིང་མཆོད་པས་ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཁྱད་པར་ཐོབ་པ་ན་ དེ་བཞིན་གཤེགས་པ་ངན་འགྲོ་ཐམས་ཅད་ཞི་བར་མཛད་པ་ཞེས་བྱ་བ་ཡོད་དེ། དེའི་མཚན་བཟུང་ཞིང་མཆོད་པས་ངན་འགྲོ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ལེགས་པར་སྣང་བ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་སྡུག་པར་མཐོང་བ་ཞེས་ བྱ་བ་ཡོད་དེ། དེའི་མཚན་བཟུང་ཞིང་མཆོད་པས་འཇིག་རྟེན་པ་ཐམས་ཅད་མངོན་པར་དགའ་བར་འགྱུར་རོ། །རིགས་ཀྱི་བུ་མདོར་ན་དེ་བཞིན་གཤེགས་པ་དགའ་བའི་དཔལ་དང་། དེ་བཞིན་གཤེགས་པ་ཙན་དན་གྱི་དཔལ་དང་། དེ་བཞིན་གཤེགས་པ་དཔའ་བོ་དང་། དེ་བཞིན་ གཤེགས་པ་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པ་དང་། དེ་བཞིན་གཤེགས་པ་གཙུག་པུད་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་དང་། དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དང་། དེ་བཞིན་ གཤེགས་པ་འོད་སྲུང་དང་། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལོན་པའམ། མྱ་ངན་ལས་འདས་ནས་བསྐལ་པ་བརྒྱ་ལོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་བཟུང་བ་དང་། རིང་བསྲེལ་ གྱི་མཆོད་རྟེན་བྱེད་དུ་འཇུག་པ་དང་། རི་མོ་དང་སྐུ་གཟུགས་བྱེད་དུ་འཇུག་པ་དང་། མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་བྱུག་པ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱས་པ་དང་། བསླབ་པ་འཛིན་དང་། བརྟུལ་ཞུགས་དང་། དཀའ་ཐུབ་དང་། སྡོམ་པ་ དང་། ཉེ་བར་གནས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་པ་ལྔ་ལ་སོགས་པ་ཡང་ཡོངས་སུ་དག་པར་འགྱུར་ཏེ། བདེ་ འགྲོར་འགྲོ་བར་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་བ་ནས། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་ པ་ཞིག་གིས་སྡིག་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་དག་ལ་སྐུར་པ་འདེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། སྲོག་གཅོད་པ་དང་། དཀོན་མཆོག་གསུམ་གྱི་ནོར་རྐུ་བ་དང་། སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་ དང་། ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་། གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང་། འཇིམ་པའི་སྐུ་གཟུགས་བྱེད་དུ་འཇུག་ཅིང་། བྱེད་དུ་བཅུག་ ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་གཙོ་བོར་བྱས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པར་གྱུར་ནས་ཟླ་བ་ཡར་གྱི་ཚེས་བརྒྱད་ནས་བརྩམས་ཏེ་བཅོ་ལྔའི་བར་དུ་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་ བ་དང་། བྱུག་པ་དང་། མར་མེ་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ། སེམས་ཅན་དེ་དག་ཐར་པར་བྱ་བའི་ཕྱིར་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བཞིན་གཤེགས་པའི་ཡེ་ ཤེས་ཀྱིས་ནི་མཁྱེན། ལྷའི་སྙན་གྱིས་ནི་གསན། ལྷའི་སྤྱན་གྱིས་ནི་གཟིགས་ཤིང་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་གྱི་ངན་འགྲོར་འགྲོ་བར་མི་འགྱུར་བ་དང་། ལེགས་པར་བྱ་བ་བྱེད་ཀྱི་ངན་པར་བྱ་བ་མི་བྱེད་པར་ཡོངས་སུ་བསྔོ་ཞིང་། དེ་ལྟར་སེམས་ ཅན་ངན་སོང་དུ་སྐྱེས་པ་དེ་དག་ཐར་པར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་གདབ་བོ། །བཤགས་པ་དང་མཐོལ་བས་སྡིག་པ་བསྲབས་པར་གྱུར་ཅིག །དེ་བཞིན་གཤེགས་པའི་མཚན་ཐོས་པར་གྱུར་ཅིག །ངན་འགྲོ་ཐམས་ཅད་ ལས་ཡོངས་སུ་གྲོལ་བར་གྱུར་ཅིག །ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བདག་གི་སྤྱོད་པ་དང་འཐུན་པར་སྤྱོད་པར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་ བྲིས་པ་དང་། འདྲིར་བཅུག་པ་དང་། བཅངས་པ་དང་། བཀླག་པ་དང་། མཆོད་པ་དེའི་ཕྱིར་སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་གི་སྨོན་ལམ་གྱི་མཐུས་སེམས་ཅན་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པ་དེ་དག་གི་རྣ་བར་མཚན་རྣམས་ཐོས་པར་ འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདིའི་མཐུས་ཀྱང་སྡིག་པ་ཐམས་ཅད་བསྲབས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་གཟི་བརྗིད་ཀྱི་མཐུ་དང་། ཆོས་ཀྱི་རྣམ་གྲངས་འདིའི་མཐུས་དགེ་བ་དང་མི་དགེ་བའི་ལས་རྗེས་སུ་དྲན་པར་གྱུར་ནས་ཕྱིས་སྡིག་པའི་ལས་ བྱེད་པར་མི་འགྱུར་ཏེ། དེ་ནས་སྡུག་བསྔལ་དེ་དག་ལས་ཡོངས་སུ་གྲོལ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྤྱོད་པ་འཐུན་པར་འགྱུར་རོ། །དེ་ལྟ་བས་ན་ཆོས་ཀྱི་ རྣམ་གྲངས་འདི་ནི་ཡོན་ཏན་མང་པོ་དང་ལྡན་ཞིང་ནོར་བུ་རིན་པོ་ཆེ་ཆེན་པོ་དང་འདྲ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་བསམ་པ་ཐམས་ཅད་འགྲུབ་སྟེ། སྡིག་པ་ཐམས་ཅད་འཇོམས་པར་བྱེད། ངན་འགྲོའི་སྒོ་ཐམས་ཅད་གཅོད་པར་བྱེད་བདེ་འགྲོའི་སྒོ་དང་། སངས་ རྒྱས་ཀྱི་ཞིང་གི་སྒོ་རྣམས་ནི་འབྱེད་དོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་དང་། སྨོན་ལམ་དང་། རྣམ་པར་འཕྲུལ་པ་དང་། བྱིན་གྱི་རླབས་དང་། ཏིང་ངེ་འཛིན་སྣ་ཚོགས་པས་མྱ་ངན་ལས་འདས་ནས་བསྐལ་པ་བརྒྱ་ལོན་པ་འཇིག་རྟེན་ གྱི་ཁམས་སྣ་ཚོགས་ན་གནས་པ་དག་མཉན་ཅིང་མཆོད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱིས་ངན་སོང་ཐམས་ཅད་ལས་ཡོངས་སུ་ཐར་ཏེ་བདེ་འགྲོར་བཀོད་པར་འགྱུར་ན། གང་འཆང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་གཞུག་པ་དང་། གཞན་ལ་རྒྱ་ ཆེར་ཡང་དག་པར་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡོན་ཏན་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཡོངས་སུ་བཟུང་བར་འགྱུར་ན། དེའི་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བའི་ཡོན་ཏན་དེ་ནི་དེ་བཞིན་གཤེགས་པ་མ་གཏོགས་ པར་བརྗོད་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཡོན་ཏན་འདི་དག་ལ་ལྟོས་ལ་ཆོས་ཀྱི་རྣམ་གྲངས་འདི་བཅང་བར་བྱའོ། །བཀླག་པར་བྱའོ། །བཤད་པར་བྱའོ། །མཆོད་པར་བྱའོ། །དཀོན་མཆོག་གསུམ་ལ་དད་པ་མི་ཕྱེད་པར་བྱའོ། །དེ་བཞིན་ གཤེགས་པ་ལ་རྟག་ཏུ་མཆོད་ཅིང་བསྙེན་བཀུར་བྱ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པར་གཟུང་བར་བྱའོ། །འཁོར་བ་ལས་ཡིད་སྐྱོ་ཞིང་བག་ཡོད་པ་དང་། འཁོར་བ་སྐད་ཅིག་མར་ཡིད་ལ་བྱེད་པ་དང་ལྡན་པར་བྱའོ། །ཡང་རྒྱལ་པོ་ཆེན་པོ་འདོད་པ་ ལ་བསྟེན་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སྡུག་བསྔལ་བ། སྐྱེ་བ་དང་འགག་པའི་སྡུག་བསྔལ་དང་། མངལ་ན་གནས་པའི་སྡུག་བསྔལ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ དང་། དབུལ་བའི་སྡུག་བསྔལ་དང་། གཅད་པ་དང་། གཞོམ་པ་དང་། བརྡུང་བ་དང་། བརྡེག་པ་དང་། བསྲེག་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། འདུ་བྱེད་ཐམས་ཅད་ཡོངས་སུ་སྤངས་ཏེ། འགྲོ་དགོས་པས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྙིང་བརྩེ་བ་གཙོ་བོར་བྱ་བ་ དང་། ཆོས་དང་ཐར་པ་འདོད་པར་བྱའོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། རྒྱལ་པོ་གསལ་རྒྱལ་གྱིས་འཇམ་དཔལ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཆོས་ཀྱི་ཆར་ཕབ་པས་བདག་ཅག་ཚིམ་པར་བགྱིས་ རངས་པར་བགྱིས། བྱང་ཆུབ་ལ་རབ་ཏུ་བཞག་པས་བག་ཡོད་པར་བགྱིས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། འདྲི་བ་པོ་དང་། འཆང་བ་པོ་དང་། ཀློག་པ་པོ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། རྒྱན་རྣམས་ཀྱིས་མཆོད་ན་བཅོམ་ ལྡན་འདས་དེའི་བསོད་ནམས་ཇི་སྙེད་ཅིག་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོའམ། བློན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་ལ་ཞིག་གིས་ ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ལ་དད་པས་བཅངས་པ་དང་། མཆོད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། ཡང་དག་པར་བསྟན་ན་དེས་ཡོན་ཏན་ཆེན་པོ་བརྒྱད་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། གང་དག་འཇིག་རྟེན་ན་ནད་དང་གནོད་པ་དེ་དག་ དེ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བ་དང་། གང་འཇིག་རྟེན་ན་གནོད་སྦྱིན་དང་། འབྱུང་པོ་དང་། ཤ་ཟ་མདངས་འཕྲོག་པ་དེ་དག་ཐམས་ཅད་བྱམས་པ་ལ་གནས་པར་འགྱུར་བ་དང་། གང་དག་གཤེད་བྱེད་དང་། བྱད་དང་། སྔགས་དང་། རོ་ལངས་གཞན་གྱི་ གནོད་པ་དེ་དག་དེའི་ལུས་ལ་གནོད་པར་མི་འགྱུར་བ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཐམས་ཅད་དེ་ལ་དགའ་ཞིང་མགུ་བར་གྱུར་ནས་དེའི་དོན་ཐམས་ཅད་འགྲུབ་ པར་འགྱུར་བ་དང་། ལྷ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་འགྱུར་བ་དང་། བདེ་འགྲོར་འགྲོ་བར་འགྱུར་བ་དང་། ལག་ན་རྡོ་རྗེས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཇི་ལྟར་འདོད་པའི་གནས་སུ་སྐྱེ་ཞིང་ཚེ་རབས་དྲན་པར་འགྱུར་བ་སྟེ། ཡོན་ཏན་ཆེན་པོ་དེ་བརྒྱད་ཐོབ་ པར་འགྱུར་རོ། །དེས་ནི་དེ་བཞིན་གཤེགས་པ་འདི་དག་ལ་དེ་བཞིན་གཤེགས་པའི་ལྷའི་མཆོད་པ་དང་། མངོན་སུམ་དུ་མཆོད་པས་ལོ་འབུམ་གྱི་བར་དུ་མཆོད་པར་འགྱུར་རོ། །གང་ཡང་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་ པོ་ཆེ་སྣ་བདུན་ལས་བྱས་པས་གང་བར་བྱས་ཏེ། ལྷའི་ཕྲེང་བ་དང་། བྱུག་པ་དང་། མེ་ཏོག་དང་། མར་མེ་དང་། རིན་པོ་ཆེའི་གདུགས་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་ལོ་འབུམ་དུ་བཀུར་སྟི་བྱས་ཏེ་རྗེད་ཅིང་མཆོད་པ་བས་གང་ཆོས་ཀྱི་ རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་དག་ལ་ཡང་དག་པར་རབ་ཏུ་བསྟན་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་དེ་ དག་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གཞོག་ཅིང་། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་རྗེད་ཅིང་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ཉན་པ་དང་། འཆང་བ་དང་། འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་ལ་རྒྱས་པར་བྱེད་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱ་ཆེར་བརྗོད་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཞིང་སྟོང་བྱེ་བ་གཞན་དུ་གནས་པ་ཡི། ། སངས་རྒྱས་མཁས་པ་མཐའ་ཡས་བྱེ་བ་དག །སེམས་ཅན་རྣམས་ཀྱི་ཕྱིར་ནི་དགོངས་མཛད་ཅིང་། །ངན་འགྲོ་ལས་ནི་སེམས་ཅན་ཐར་བར་མཛད། །བསྟིར་མེད་ལས་ལ་གནས་ཤིང་སྦྱིན་བྱེད་དག །ལས་བྱས་ནས་ནི་ངན་འགྲོར་སོང་བ་རྣམས། །དེ་དག་ཐར་བར་བྱ་ཕྱིར་ ཆོས་འདོད་པས། །དེ་བཞིན་གཤེགས་པ་འདི་དག་མཆོད་པར་བགྱི། །རི་མོར་མཆོད་རྟེན་རྣམ་པ་སྣ་ཚོགས་བྱོས། །གསེར་དང་དངུལ་དང་དེ་ལྟར་ལུགས་རྣམས་དང་། །འཇིམ་པའི་སྐུ་གཟུགས་དག་ནི་བྱེད་བཅུག་ནས། །མཆོད་པ་སྣ་ཚོགས་ཀྱིས་ནི་མཆོད་པར་གྱིས། ། མེ་ཏོག་དང་ནི་ཕྲེང་བ་བྱུག་པ་དང་། །མར་མེ་སིལ་སྙན་དྲི་དང་སྤོས་ཀྱིས་མཆོད། །ཤེས་རབ་ཆེ་བས་བསྔོ་བ་དག་ཀྱང་གྱིས། །མདོ་སྡེ་བཤད་ཅིང་འདིར་ཡང་བཞུགས་པར་གྱིས། །དེ་བཞིན་གཤེགས་དང་མདོ་སྡེའི་གཟི་བརྗིད་ཀྱིས། །སྡིག་པའི་ ལས་ལས་སེམས་ཅན་དེ་ཐར་གྱིས། །བླ་མེད་བྱང་ཆུབ་རེག་པར་འགྱུར་བར་དུ། །དག་པའི་གནས་སུ་སྐྱེ་བ་འཛིན་པར་འགྱུར། །སྔོན་གྱི་ལས་རྣམས་རྗེས་སུ་དྲན་འགྱུར་ཞིང་། །དྲན་ནས་མཁས་པ་སྡིག་པ་བྱེད་མི་འགྱུར། །མི་ཡི་བྱང་ཆུབ་སེམས་དཔས་མདོ་སྡེ་འདི། ། བཤད་པ་དེས་ནི་བསོད་ནམས་མང་དུ་ཐོབ། །དེ་ནི་ལྷ་རྣམས་ཀུན་གྱིས་བསྲུང་བར་འགྱུར། །དེ་ཡི་ལུས་འདི་ལ་ནི་ནད་མི་འབྱུང་། །དེ་ཡི་རྒྱལ་སྲིད་ཀུན་ལ་གནོད་མི་འབྱུང་། །ཁྱིམ་དང་གྲོང་དང་གྲོང་ཁྱེར་ཞི་བར་འགྱུར། །གང་ཞིག་མདོ་སྡེ་འདི་ནི་རྟག་འཛིན་པ། ། སངས་རྒྱས་རྣམས་ཀྱི་མཛོད་ནི་རྟག་འཛིན་འགྱུར། །གང་ཞིག་མཆོད་ཅིང་རྗེད་དང་འདྲིར་འཇུག་དང་། །ལས་གཞན་མེད་པར་ཉན་དུ་འཇུག་པ་ནི། །དེས་ནི་སངས་རྒྱས་ཡང་དག་མཆོད་པར་འགྱུར། །དེས་ནི་མྱུར་དུ་བྱང་ཆུབ་མཆོག་རྟོགས་འགྱུར། །དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་འདི་ལ་ཐེ་ཙོམ་སྐྱེས་ཏེ། བཅོམ་ལྡན་འདས་ཅི་ལུས་འདིས་རྒྱལ་སྲིད་ཀྱི་ལོངས་སྤྱོད་བསྒྲུབས་ནས་སླར་ཡང་སྡུག་བསྔལ་བསྒྲུབ་པར་འགྱུར་རམ། འཁོར་བར་འཁོར་བའི་ཚེ་སྐྱོ་བར་མི་འགྱུར་རམ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་མྱོང་བར་འགྱུར་ཞིང་ཇི་ལྟར་སྐྱེ། ཇི་ལྟར་འགུམ། ཇི་ལྟར་འཚོ། ཇི་ལྟར་བདེ་བ་སྒྲུབ་ པར་འགྱུར། ཇི་ལྟར་སྡུག་བསྔལ་མྱོང་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟད་མོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྟད་མོ་ཅན་འདི་ནི་ལས་ཀྱི་རྐྱེན་ཡིན་པར་བལྟ་བར་བྱའོ། །རིགས་ཀྱི་བུ་ཡང་འདི་ལ་གང་ཡང་ སྐྱེ་བ་མེད། འཆི་བ་མེད། འཚོ་བ་མེད་དེ། རིགས་ཀྱི་བུ་འདི་ལ་རྒ་བ་དང་། འཆི་བ་མེད་ཀྱི། འཚོ་བའི་ཁམས་ནི་རྟག་ཏུ་ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་སོ། །ཡང་ལས་ཀྱི་རྐྱེན་དང་ལས་ཀྱི་གཞིས་སྐྱེ་བ་སྣ་ཚོགས་སུ་འོངས་ཤིང་འཕོས་ནས་བདེ་བ་དང་། སྡུག་བསྔལ་ མྱོང་བར་འགྱུར་ཏེ། བདེ་བ་ལ་བདེ་བར་འདུ་ཤེས། སྡུག་བསྔལ་ལ་སྡུག་བསྔལ་དུ་འདུ་ཤེས། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ལ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་འདུ་ཤེས་སྐྱེད་མོད་ཀྱི། ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་གྱུར་གྱི་བར་དུ་སྐྱོ་བའི་སེམས་སྐྱེད་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གོས་སར་པ་གྱོན་ཏེ། དེ་ལ་དེ་གྱོན་ནས་ལས་ཐམས་ཅད་བྱེད་ཅིང་བདེ་བ་དང་སྡུག་བསྔལ་ཡང་མྱོང་བར་ འགྱུར་རོ། །ཡང་དུས་གཞན་ཞིག་ན་གོས་དེ་རྙིངས་ཤིང་མུགས་ཏེ་དྲི་མ་ཅན་མཐར་བཤད་པར་གྱུར་པ་དང་། དེས་དེ་བོར་བའི་ཆོས་ཅན་དུ་ཤེས་ནས་བོར་རོ། །བོར་ནས་ཡང་གོས་སར་པ་གསར་མ་གཞན་ཞིག་བཙལ་ཏེ་གྱོན་ནོ། །དེས་གྱོན་ན་ཡང་ལས་བྱེད་ཅིང་བདེ་བ་ དང་སྡུག་བསྔལ་མྱོང་བར་འགྱུར་ནས་དོན་དམ་པའི་གོས་སྲ་ཞིང་བརྟན་ལ་མི་ཤིགས་ཤིང་མི་ཆོད་པ་གྱོན་པར་མ་གྱུར་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པ་འདི་ལྟ་བུས་བསྐལ་པ་དུ་མ་འདས་ཀྱང་གོས་དེ་བགོས་སོ་ཤེའམ། བོར་རོ། །ཞེས་མི་རྟོག་རྣམ་པར་མི་རྟོག་གིས་དེ་ནི་ ལུས་ཀྱི་དབང་དུ་འགྲོའོ། །རིགས་ཀྱི་བུ་དེ་བཞིན་དུ་གང་གི་ཚེ་འཚོ་བའི་ཁམས་དེས་ལུས་འཇིག་པ་དང་། འགྱེལ་བའི་མཐར་གྱུར་པ་མཐོང་བ་དེའི་ཚེ་ལུས་དེ་བོར་ནས་ཡང་སར་པ་གཞོན་ནུ་གཞན་བཙལ་ཏེ། དེ་དེའི་ལས་བྱེད་ཅིང་དེ་བགོས་ནས་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་ རོ། །ཇི་ལྟར་རང་གི་བསོད་ནམས་ལས་སྐྱེས་པའི་གོས་དེ་འཇམ་པ་དང་། སྲ་བ་དང་། རྩུབ་པའི་བགོ་བ་དེ་བཞིན་དུ་འཚོ་བའི་ཁམས་ཀྱིས་བགོ་བ་ལྟ་བུའི་ལུས་བླངས་ཏེ། ཇི་ལྟར་རང་གི་ལས་ཀྱི་རྐྱེན་གྱི་དགེ་བའི་རྩ་བ་ལས་སྐྱེས་པ་བཞིན་དུ་ལྷ་དང་། རྒྱལ་པོ་དང་། སེམས་ ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་ཏེ། ལུས་དེ་ཡང་འཚོ་བའི་ཁམས་ཀྱི་དབང་གིས་འགྲོ་ཞིང་འཚོ་བའི་ཁམས་ཀྱིས་ཡོངས་སུ་བཏང་ཡང་མི་རྟོག །རྣམ་པར་མི་རྟོག་གོ། །རིགས་ཀྱི་བུ་དེ་ བཞིན་དུ་ལུས་གོས་ལྟ་བུར་བལྟ་བར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྦྲུལ་ནི་ལས་ཀྱི་རྐྱེན་གྱིས་དུས་ཀྱི་མཐར་ཤུན་པ་དེ་བོར་ནས་རང་གི་ལུས་ཀྱི་གཟུགས་ཀྱིས་འགྲོ་ཞིང་འོང་སྟེ། བདེ་བ་དང་སྡུག་བསྔལ་མྱོང་བར་གྱུར་ཀྱང་ཤུན་པ་དེ་མི་རྟོག །རྣམ་པར་མི་ རྟོག་གོ། །དེ་བཞིན་དུ་འཚོ་བའི་ཁམས་ནི་སྦྲུལ་ལྟ་བུར་བལྟའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤིང་ལོ་མ་དང་འདབ་མར་ལྡན་པར་གྱུར་པ་ལས། ཡང་དུས་ཀྱི་རྐྱེན་གྱིས་འཇིག་པ་དང་ལྟུང་བར་མཐར་འགྱུར་བའི་ཆོས་ཅན་དུ་གྱུར་ནས་ཕྱིས་ཡང་དུས་ཀྱི་རྐྱེན་གྱིས་མྱུ་གུ་དང་། ཡལ་ག་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་རྣམས་ལེན་ཏེ། རིགས་ཀྱི་བུ་དེ་བཞིན་དུ་ལས་ཀྱི་རྐྱེན་གྱིས་སྐྱེ་བ་དང་འགག་པར་བལྟའོ། །རིགས་ཀྱི་བུ་ཡང་ཕྱི་མའི་དུས་ཕྱི་མའི་དུས་ཀྱི་ཚེ་ན་སེམས་ཅན་དག་རྙེད་པ་དང་། ཆགས་པ་དང་། ཁྲོ་བ་དང་། ཕྲག་ དོག་དང་། ང་རྒྱལ་མང་བ་དག་འབྱུང་སྟེ། སྲང་དང་གཞལ་བ་ལ་གཡོ་བྱེད་པར་དགའ་བ་འདོད་ཆགས་ཀྱི་རྗེས་སུ་སྤྱོད་པ་དག་འབྱུང་སྟེ། དེ་དག་འདོད་པའི་རྒྱུ་དང་འདོད་པའི་གཞིས་སྡིག་པ་མང་དུ་བྱེད་པར་འགྱུར་ཏེ། སྡིག་པ་མང་དུ་བྱས་ནས་སྡུག་བསྔལ་མྱོང་བར་འགྱུར་ཞིང་མི་ རྟག་པ་ལ་རྟག་པའི་འདུ་ཤེས་ཅན་དང་། མི་གཙང་བ་ལ་གཙང་བའི་འདུ་ཤེས་ཅན་གྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མཆོད་པ་བྱེད་པར་མི་འགྱུར་ཏེ། བྱིས་པའི་བློ་ཅན་དེ་དག་དགེ་བའི་བཤེས་གཉེན་མི་ཚོལ་གྱི། གང་དེ་ལྟ་བུའི་སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་དག་ལ་ དགོད་ཅིང་ཀྱལ་ཀ་བྱེད་པ་མང་བར་འགྱུར་གྱི། དད་པར་མི་བྱེད། ཡིད་ཆེས་པར་མི་བྱེད་དེ། དེ་ལྟ་བུའི་སེམས་ཅན་དེ་དག་ནི་སྡིག་པ་སྤྱོད་དོ། །དེ་དག་གིས་འཚོ་བའི་ཁམས་དེས་ལས་ཀྱི་རྐྱེན་ཇི་ལྟ་བ་བཞིན་དུ་མྱོང་བར་འགྱུར་བའི་བགོ་བའི་ལུས་བླངས་ནས་སྡུག་བསྔལ་ལ་དགའ་བའི་འདུ་ཤེས་ སྐྱེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་བཀའ་སྩལ་པ། འདི་ནི་ལས་ཀྱི་རྐྱེན་ཡིན་པར་བལྟ་སྟེ། འདི་ལ་སུ་ཡང་འཆི་བ་མེད། འཚོ་བ་མེད། བདེ་བ་དང་། སྡུག་བསྔལ་ཡང་མྱོང་བར་མི་འགྱུར་ཏེ། ལས་ཀྱི་རྒྱུ་ལས་ཀྱི་རྐྱེན་གྱིས་སྐྱེ་བ་དང་འགག་པར་འགྱུར་རོ། །སེམས་ ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀའ་བ་སྤྱོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཛད་ནས་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ ཀྱང་མྱ་ངན་ལས་འདས་པ་ཆེན་པོ་ལ་བཀོད་དོ། །དེ་ནས་དེའི་ཚེ་ན་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ས་ཆེན་གཡོས་པར་གྱུར་ཏོ། །ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏོ། །རྒྱལ་པོ་གསལ་རྒྱལ་དང་གཞན་ཡང་མཐུ་ཆེན་པོ་ མཐུ་ཆེ་བ་རྫུ་འཕྲུལ་ཆེན་པོ་མང་པོས་ལྷའི་ན་བཟའ་ལྔ་བརྒྱས་དེ་བཞིན་གཤེགས་པ་ལ་མངོན་པར་མཆོད་ནས་ལུས་འདར་བཞིན་དུ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་ཉེས་པ་ལ་ཉེས་སོ་ཞེས་སོ་སོར་བཤགས་ ཏེ་བསླབ་པ་ལ་ཡི་དམ་བཅའ་བར་བྱ་སྟེ། ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་འདི་སྐད་དུ་སྨྲས་སོ། །དེ་བཞིན་གཤེགས་པ་སྐྱེ་བ་ཐམས་ཅད་ལས་སླར་ལོག་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ། གྲོལ་བ་ཐམས་ཅད་ལ་ཕྱག་བགྱིའོ། །ཕྱག་འཚལ་ལོ། །བཅོམ་ ལྡན་འདས་སླན་ཆད་བདག་ཅག་སྐྱེ་བའི་འཁོར་བར་སྡུག་བསྔལ་མྱོང་བར་སྤྲོ་བར་མི་བགྱིད་དོ། །བཅོམ་ལྡན་འདས་བདག་ཅག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ ལས་གྲོལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ནན་ཏན་སྙིང་པོར་བྱེད་པའི་དགེ་བའི་རྩ་བས་དཀོན་མཆོག་གསུམ་ལ་ལྷག་པའི་བསམ་པ་དང་ལྡན་པར་བྱོས་ཤིག །འདུ་བྱེད་ཐམས་ཅད་མི་རྟག་ཅིང་སྒྱུ་མ་ལྟ་བུར་ཤེས་པར་བྱོས་ཤིག །དམ་ པའི་ཆོས་ཡོངས་སུ་གཟུང་བ་ལ་སྤྲོ་བར་བྱོས་ཤིག །མཆོད་པ་དང་། རྗེད་པ་དང་། བཀུར་སྟི་མང་བར་བྱོས་ཤིག །སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བར་ཤེས་པར་བྱོས་ཤིག །ཆོས་སྨྲ་བ་ལ་དེ་བཞིན་གཤེགས་པའི་འདུ་ཤེས་བསྐྱེད་པར་བྱོས་ཤིག །དགེ་བའི་ བཤེས་གཉེན་ལ་བླ་མར་འདུ་ཤེས་བསྐྱེད་པར་བྱོས་ཤིག །ཆོས་ཀྱི་རྣམ་གྲངས་འདི་ཡིད་ལ་བྱ་བ་དང་། སྒོམ་པ་དང་། རྒྱས་པར་བྱོས་ཤིག །རིགས་ཀྱི་བུ་སྡུག་བསྔལ་ཐམས་ཅད་དང་། སྐྱེ་བ་ཐམས་ཅད་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་བསྔལ་བ་དང་། ཡིད་ མི་བདེ་བ་དང་། འཁྲུག་པ་ཆེན་པོ་ལས་ཡོངས་སུ་གྲོལ་བར་འགྱུར། འཁོར་བའི་ཞགས་པ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དགེ་བའི་རྩ་བ་ལ་བསྒྲུབ་པར་བྱོས་ཤིག །བག་མེད་པའི་གནས་ལས་སླར་ལྡོག་པར་བྱོས་ཤིག །རིགས་ ཀྱི་བུ་དེ་བཞིན་གཤེགས་པའི་བསླབ་པ་ཅིག་ཡུད་ཙམ་པ་བཟུང་བས་ཀྱང་སེམས་ཅན་རྣམས་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་ཞིང་བདེ་འགྲོར་འགྲོ་སྟེ་ངན་འགྲོར་མི་འགྲོ་བར་འགྱུར་ན། གང་དག་དགོད་པ་དང་། ཀུ་རེ་དང་། དགའ་བ་དང་། རྩེད་མོ་རྣམས་ཡིད་ ཀྱིས་ཡོངས་སུ་སྤངས་ནས་དེ་བཞིན་གཤེགས་པ་ལ་མཆོག་ཏུ་མོས་པས་རིམ་གྲོ་བྱེད་ཅིང་ལྷག་པའི་བསམ་པས་བཞུགས་ཏེ། འཕགས་པའི་ཉེ་བར་གནས་པ་ཡན་ལག་བརྒྱད་པ་ལ་ཉེ་བར་གནས་ནས་གསོ་སྦྱིན་ཡང་དག་པར་བླངས་ཏེ། སྤྱོད་པ་དེ་དག་ངན་སོང་གསུམ་དུ་མི་སྐྱེ་ཞིང་། བདེ་འགྲོར་འགྲོ་བར་འགྱུར་བ་དང་། ལྷ་དང་མིའི་བདེ་བ་མྱོང་ནས་སྡུག་བསྔལ་མཐར་བྱས་ཏེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ཅི་སྨོས། བུད་མེད་ཀྱི་ལུས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཉོན་ མོངས་པར་གྱུར་པ་ལ་ལ་ཞིག་ཉིན་གཅིག་གམ་ཉི་མ་ཕྱེད་དམ། ཡུད་ཙམ་ཡང་རུང་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་ཡང་དག་པར་ལེན་ཅིང་བསླབ་པ་འཛིན་པར་བྱེད་ན་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ ཅད་རྣམ་པར་བཟློག་སྟེ། སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བདེ་འགྲོར་འགྲོ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ལུས་དང་། ངག་དང་། ཡིད་ཀྱི་ཡི་དམ་འཆའ་བ་དང་། བསླབ་པ་ འཛིན་པ་ཡང་དག་པར་ལེན་པར་བྱེད་པ་ནི་ཡོན་ཏན་དང་དགེ་བའི་རྩ་བ་མང་པོ་དང་ལྡན་པ་ཡིན་ན། བྱིས་པ་དག་གིས་ནི་དེ་མི་ཤེས་སོ། །དེ་ནས་དེའི་ཚེ་ན་བར་སྣང་ལས་སྒྲ་ཆེན་པོ་བྱུང་བར་གྱུར་པ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ཨེ་མའོ་ཨེ་མའོ་ཞེས་དམ་པའི་ སྒྲ་བྱུང་ནས་མེ་ཏོག་དང་། དྲིའི་ཆར་ཆེན་པོ་རབ་ཏུ་ཕབ་བོ། །སེམས་ཅན་འབུམ་ཚང་བ་རྣམས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་གྱུར་ཏེ། ཕྱིར་མི་ལྡོག་པའི་ས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །གཞན་ཡང་སེམས་ཅན་བྱེ་བ་རྣམས་ སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིད་ལ་བྱས་ཤིང་སེམས་དང་པོ་བསྐྱེད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་མི་སྣང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་པ་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་ དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་བདག་ཅག་དབུགས་ཕྱུང་སྟེ། བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། དེ་བཞིན་གཤེགས་པ་དེ་དག་གི་མཚན་རྣམས་ ཐོས་ཏེ། བཅོམ་ལྡན་འདས་ལ་ཆོས་སྨྲ་བ་དང་། འཆང་བ་དང་། འདྲི་བ་དང་། ཀློག་པ་དང་། མཆོད་པ་དང་། སྒྲོགས་པ་དེ་དག་གི་ཡུལ་ལམ། གྲོང་ཁྱེར་རམ། གཙུག་ལག་ཁང་རྣམས་བདག་ཅག་གི་ལུས་དང་སྲོག་དང་ཡང་བསྔོས་ཏེ། བསྲུང་བར་བགྱི། ཡོངས་སུ་བསྐྱབ་ པར་བགྱི། དོན་ཐམས་ཅད་གྲུབ་པར་བགྱི། ནོར་དང་འབྲུ་རྣམས་ལེགས་པར་བསྒྲུབ་པར་བགྱི། ཐམས་ཅད་དུ་མཆོད་པར་འགྱུར་བར་བགྱི། ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱི། དྲན་པ་དང་། སྟོབས་དང་། སྤྲོ་བ་སྩལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེ་དག་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅི་ནས་ཀྱང་དེ་བཞིན་གཤེགས་པའི་དམ་ཚིག་གི་ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱེད་ཀྱིས་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་ཉན་ཐོས་ཆེན་པོ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་དྷ་རྨ་ཨ་ཙིན་ཏྱ་ནིར་དེ་ཤཱ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་འདུས་པ་ལ་ ཕྱག་འཚལ་ལོ། །དེ་ནས་དེ་ན་བྱང་ཆུབ་སེམས་དཔའ་མང་པོ་འདུས་པའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་གྱུར་ཏེ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་སྔོན་གྱི་སྨོན་ལམ་ལས་བྱུང་བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རིགས་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ འབྱུང་བ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་ཆགས་པར་སྤྱོད་ པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་མཁྱེན་པས་བྱང་ཆུབ་སེམས་དཔའ་ ཨུད་པ་ལའི་སྙིང་པོ་ལ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱི་བརླབས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཤུགས་སུ་གྱུར། དེ་བཞིན་གཤེགས་པའི་སྣང་བས་སྣང་བར་གྱུར། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཀུན་ཏུ་ཁྱབ་པར་གྱུར། སངས་རྒྱས་ཀྱི་མི་འཇིགས་པ་ལ་གནས་པར་ གྱུར། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་སུ་འཇུག་ཅིང་འབབ་པ་དང་ལྡན་པར་གྱུར། སངས་རྒྱས་ཀྱི་ཆེ་བ་དང་རྫུ་འཕྲུལ་གྱིས་ཡུལ་ལ་ཞུགས་པར་གྱུར། ཆགས་པ་མེད་པའི་རྣམ་པར་སྤྱོད་པ་མེད་པ་བཅུ་རྡུལ་ཡབ་ལ་གནས་པར་གྱུར། སངས་རྒྱས་ཐམས་ཅད་ཀྱི་གདུང་ གཅིག་ནས་གཅིག་ཏུ་འབའ་ཞིག་ཤེས་པར་གྱུར། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་བརྗོད་དུ་མེད་པ་ལ་སྤྱོད་ཅིང་བསྒྲུབ་པར་གྱུར་ཏོ། །དེ་ནས་ཨུད་པ་ལའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་འཇུག་པ་རྟོགས་ཤིང་ཤེས་ནས། ཡིད་ལ་ཆགས་པ་མེད་པའི་དབྱིངས་ སུ་བསྒྲུབས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པས་ཆོས་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པ་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་དང་ལྡན་པར་ཞུགས་པ་དང་། སངས་རྒྱས་ཐམས་ཅད་རྗེས་སུ་རྟོགས་ཤིང་སངས་རྒྱས་མཐོང་བ་དང་། སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོ་བགོས་ ནས་སེམས་ཅན་ཐམས་ཅད་ལ་ལྟ་ཞིང་ཡོངས་སུ་སྦྱོང་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཡི་དམ་གྱི་དཀྱིལ་འཁོར་བརྩམས་པ་དང་། སྐད་ཅིག་མའི་མཐར་སོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པ་དང་། མི་ཟད་པ་མཐོང་བ་དང་། ཐམས་ ཅད་མཁྱེན་པ་མངོན་དུ་བྱ་བ་དང་། གཟུངས་ཐམས་ཅད་སྣང་བར་གྱུར་པ་དང་། སོ་སོར་ཡང་དག་པར་རིག་པ་རྟོགས་ནས་ཨུད་པ་ལའི་སྙིང་པོ་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་མཐུས་པད་མའི་སྙིང་པོ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་ སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་དཔག་ཏུ་མེད་དོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་སྤྲུལ་པ་ཆེན་པོ་ལ་གནས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུའི་མཚན་ཐམས་ཅད་ཀྱི་མཛད་པ་བརྙེས་སོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་ཏིང་ངེ་འཛིན་གྱི་བསམ་པ་དང་ལྡན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་སོར་ཡང་དག་པར་རིག་པ་བཞི་བརྗོད་དུ་མེད་པར་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ ཆོས་བསམ་དུ་མེད་པ་ལ་གནས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་སྒྲ་དབྱངས་དཔག་ཏུ་མེད་པར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བརྗོད་དུ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ཤིང་ཆུད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་ པར་ཤེས་པ་ཐམས་ཅད་ཀྱི་ཁྱུ་མཆོག་སངས་རྒྱས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་དབྱིངས་ཀྱི་མཐའ་སྒྲིབ་པ་མེད་པ་ལ་འཇུག་པ་མདོར་བསྡུས་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་ དབུས་མེད་པའོ། །སངས་རྒྱས་ཀྱི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་མཐའ་དང་དབུས་མེད་པ་རྣམ་པར་དག་ཅིང་མ་བརྙོགས་པས་ཐམས་ཅད་དུ་འགྲོ་བ་སྤངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་ ཆགས་པ་མེད་པའི་སྤྱན་མཐའ་དང་དབུས་མེད་པས་སྤྱན་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆགས་པ་མེད་པའི་སྙན་མཐའ་དང་དབུས་མེད་པས་འགྲོ་བ་ཐམས་ཅད་ཀྱི་སྒྲ་སྒྲིབ་པ་མེད་པར་གསན་པ་དང་། སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས་ཤངས་ཀྱི་སྐྱེ་མཆེད་མཐའ་དང་དབུས་མེད་པས་སངས་རྒྱས་ཐམས་ཅད་ཀྱི་མངའ་མཆོག་བརྙེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྗགས་ཆེ་ཞིང་སྲབ་པ་མཐའ་དང་དབུས་མེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་སུ་སྒྲ་དབྱངས་ཀྱིས་འགྲོ་ བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཐའ་དང་དབུས་མེད་པས་ལས་ཀྱི་ལྷག་མ་མ་ལུས་ཤིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་རྒྱུད་དུ་དེ་བཞིན་གཤེགས་པ་སྟོན་ཅིང་དམིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡིད་ཀྱི་ལས་མཐའ་དང་ དབུས་མེད་པས་ཆོས་ཀྱི་དབྱིངས་ཀྱི་སྐུ་དབྱེར་མེད་ཅིང་དུས་གསུམ་ལ་མ་ཆགས་པས་རྗེས་སུ་འགྲོ་བ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་གནས་པ་མཐའ་དང་དབུས་མེད་པས་སངས་རྒྱས་ཀྱི་རྣམ་པར་སྤྲུལ་ པ་དང་ཆོ་འཕྲུལ་མི་ཟད་པ་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་མཐའ་དང་དབུས་མེད་པས་བརྗོད་དུ་མེད་པའི་རྒྱན་བྱིན་གྱིས་བརླབས་ཤིང་ཉོན་མོངས་པ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ དམིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཁྱད་པར་དང་། སྨོན་ལམ་ཡོངས་སུ་རྫོགས་པ་དང་། ཡེ་ཤེས་ཀྱིས་རྣམ་པར་རོལ་པ་དང་། ཆོས་ཀྱི་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱིས་རྣམ་པར་རོལ་པའི་ཆོས་ ཡོངས་སུ་རྫོགས་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་ སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་མཚན་ཉིད་སྟོན་པ་བཅུ་སྟེ། བཅུ་གང་ཞེ་ན། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་དགའ་ལྡན་གྱི་གནས་ནས་ཤི་འཕོ་བར་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚེ་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་བྱུང་བར་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་མངོན་པར་བྱང་ཆུབ་པར་ སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཇི་ལྟར་སྨིན་ཅིང་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་མཁྱེན་ནས་མགུ་བར་མཛད་པ་སྟོན་ པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་འདུལ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་སྣ་ཚོགས་བརྗོད་དུ་མེད་པའི་དམིགས་པ་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བརྗོད་དུ་མེད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ ཅིང་། ཁྱུ་མཆོག་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་མཛོད་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐམས་ཅད་རྣམ་པར་དག་པ་སྟོན་པ་དང་། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདས་པ་དང་། མ་འོངས་པ་དང་། ད་ ལྟར་བྱུང་བའི་སངས་རྒྱས་འབྱུང་བ་དང་། དབང་པོ་དང་། བརྩོན་འགྲུས་དང་། དད་པ་སྣ་ཚོགས་ཀྱིས་སྤྱོད་པའི་རིམ་པ་དང་། དུས་གསུམ་གྱི་སངས་རྒྱས་ཀྱིས་རིགས་མངོན་པར་མཁྱེན་པ་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་ རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་མཚན་ཉིད་སྟོན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་ལས་མི་འདའ་བ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་མི་འདའ་ བ་དང་། དུས་དེ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡང་དག་པར་དགེ་བའི་རྣམ་པར་སྨིན་པའི་རྣམ་པར་སྨིན་པ་ལས་མི་འདའ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་ སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་གྱི་བསམ་པ་བཞིན་དུ་ཆོ་འཕྲུལ་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་རྣམས་ཇི་ལྟར་དད་པ་བཞིན་དུ་སངས་རྒྱས་ཀྱི་སྐུའི་བྱིན་གྱི་རླབས་སྟོན་པ་ དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་བཏང་སྙོམས་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་འཇུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ ནས་ཇི་ལྟར་རབ་ཏུ་དང་བའི་སེམས་ཅན་རྣམས་རབ་ཏུ་འཛིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཉོན་མོངས་ཤིང་གདུལ་དཀའ་བའི་སེམས་ཅན་ལ་མི་བཙམས་པས་འདུལ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དམིགས་པ་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་དེ་ནས་དུས་ལས་མི་འདའ་བའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་མཚུངས་པ་མེད་ ཅིང་བསམ་གྱིས་མི་ཁྱབ་པ་བཅུ་སྟེ། བཅུ་གང་ཞེ་ན། སྐྱིལ་མོ་ཀྲུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པ་དང་། སངས་རྒྱས་ཐམས་ཅད་ཚིགས་སུ་བཅད་པའི་རྩ་བ་གཅིག་ཡང་དག་པར་རབ་ཏུ་སྟོན་པ་དང་། འོད་ཟེར་གཅིག་གིས་འཇིག་རྟེན་ གྱི་ཁམས་ཐམས་ཅད་མ་ལུས་པར་སྣང་བ་དང་། སྐུ་གཅིག་གིས་སྐུ་ཐམས་ཅད་དུ་སྟོན་པ་དང་། ཕྱོགས་གཅིག་གིས་གནས་དམིགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པའི་རྗེས་སུ་འགྲོ་བའི་སྐུ་དང་། ཡེ་ཤེས་གཅིག་གིས་ཆོས་ཐམས་ཅད་བསྒྲིབས་པ་མེད་ པར་ཆུད་པ་དང་། དུས་མཁྱེན་ནས་སེམས་གཅིག་བསྐྱེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱིས་མ་ལུས་པར་ཁྱབ་པ་དང་། སངས་རྒྱས་ཀྱི་ཆེ་བ་ཚད་མེད་པའི་རྗེས་སུ་སོང་ཞིང་གོམ་པ་གཅིག་ལ་དེ་ཁོ་ན་ཉིད་སྟོན་པ་དང་། དུས་གསུམ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ ཕུན་སུམ་ཚོགས་པས་ཁྱབ་པ་དང་། སངས་རྒྱས་འགྲོ་བ་ཐམས་ཅད་དང་མི་འདྲེ་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ངོ་བོ་ཉིད་གཅིག་སྟེ། གཉིས་སུ་མེད་པར་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་ཡུལ་མཚུངས་པ་མེད་ཅིང་བསམ་གྱིས་མི་ཁྱབ་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་མངོན་པར་སྒྲུབ་པ་མཁྱེན་པ་བཅུ་སྟེ། བཅུ་གང་ཞེ་ན། ཆོས་ཐམས་ཅད་ལ་མི་གནས་པར་འཇུག་ཅིང་སྨོན་ལམ་མངོན་པར་སྒྲུབ་ པ་མཁྱེན་པ་དང་། ལུས་མེད་པའི་ལུས་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཆོས་ཐམས་ཅད་གཉིས་སུ་མེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་མཁྱེན་པ་དང་། སེམས་ཅན་བདག་མེད་པའི་མཐར་གྱུར་པ་ལ་སེམས་ཅན་འདུལ་བ་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཆོས་ཐམས་ཅད་མཚན་མ་མེད་པ་ལ་མཚན་མ་སྣ་ཚོགས་མངོན་པར་སྒྲུབ་པ་མཁྱེན་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ཐམས་ཅད་མ་ལུས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུད་པ་དང་འགྱུར་བ་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཡུལ་ཐམས་ཅད་ལ་མངོན་པར་འདུ་ མི་བྱེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པའི་དབྱིངས་སུ་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པར་མངོན་པར་སྒྲུབ་པ་མཁྱེན་པ་དང་། ཆོས་ ཐམས་ཅད་སྐྱེ་བ་མེད་པ་ལ་སྐྱེ་ཞིང་འགོད་པའི་མཚན་ཉིད་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བ་མངོན་པར་སྒྲུབ་པ་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་མངོན་པར་སྒྲུབ་པ་མཁྱེན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་ སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་ཚད་མེད་པ་བཅུ་སྟེ། བཅུ་གང་ཞེ་ན། དུས་གསུམ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། སེམས་ཅན་ཐམས་ཅད་འདུལ་བའི་ཆོ་འཕྲུལ་གསུམ་སངས་རྒྱས་བཅོམ་ ལྡན་འདས་རྣམས་སུ་གཏོགས་པ་དང་། སངས་རྒྱས་ཀྱི་ཆོས་དང་། གཟུངས་དང་། ཚིགས་སུ་བཅད་པའི་རྩ་བ་རབ་ཏུ་དབྱེ་བ་ལ་མཁས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། ཆོས་ཀྱི་འཁོར་ལོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་ སོ་སོ་ཡང་དག་པར་རིག་པ་བཞི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ ལ་རྣམ་པར་གཟིགས་ཤིང་རྟག་ཏུ་མཉམ་པས་ཕན་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། ཆོས་ཐམས་ཅད་ཀྱི་ དབྱིངས་ལ་མི་ཆགས་པར་གནས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་། སྐད་ཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང་ཉི་མ་གཅིག་ལ་དུས་གསུམ་གྱི་བསྐལ་ པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་ཚད་མེད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་ པར་དཀའ་བའི་ཆོས་ཀྱི་བླ་རེ་བཅུ་སྟེ། བཅུ་གང་ཞེ་ན། བདུད་ཀྱི་རྒོལ་བ་བཅོམ་ཞིང་གཏོར་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། གཞན་མུར་འདུག་དང་ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པ་ཤིན་ཏུ་བཟོད་ པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། སེམས་ཅན་ཐམས་ཅད་འདུལ་ཞིང་ཚིམ་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། སེམས་ཅན་འདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་ པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། ཆོས་ཀྱི་དབྱིངས་རབ་ཏུ་ཕིགས་ཤིང་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། འཇིག་རྟེན་ གྱི་ཁམས་ཐམས་ཅད་མ་ལུས་པའི་རྗེས་སུ་འགྲོ་བའི་སྐུ་གཉིས་སུ་མེད་པས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་པར་ཕྱེ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབྱངས་ཀྱི་ ཡན་ལག་ཐམས་ཅད་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་འཇུག་པའི་གནས་དང་། སོ་སོ་ཡང་དག་པར་རིག་པ་སྟོན་པ་དང་། སེམས་ཅན་གཏི་མུག་མེད་ཅིང་དང་བའི་སེམས་ཅན་ཐོས་པས་འདུལ་བ་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང་། སངས་རྒྱས་ བཅོམ་ལྡན་འདས་རྣམས་བ་སྤུའི་བུ་ག་གཅིག་བཞིན་དུ་བ་སྤུའི་ཁམས་ཐམས་ཅད་ནས་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པ་དེ་སྙེད་གཤེགས་པ་གནས་པའི་ཚུལ་གྱིས་འབྱུང་བ་དང་། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་གནས་འདི་བཞིན་དུ་རིམ་པས་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སེམས་ཅན་འབྱིན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ གནས་གཅིག་གི་རབ་ཏུ་ཕྲ་བའི་རྡུལ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་སྟོན་པ་དང་། སངས་རྒྱས་ཀྱི་རྒྱན་རང་བཞིན་གྱིས་འཚེར་བས་ཆོས་ཀྱི་འཁོར་ལོ་སྐོར་ཞིང་སེམས་ཅན་འདུལ་བ་རྒྱུན་མི་གཅོད་ལ་ གཏོང་བ་མེད་ཀྱང་གནོད་པ་མེད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་གནོད་པ་མེད་དེ། རབ་ཏུ་ཕྲ་བའི་རྡུལ་དེ་རྒྱས་པར་བྱས་པའང་མེད། འཇིག་རྟེན་གྱི་ཁམས་ཆུང་ངུར་བྱས་པའང་མེད་པ་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཤིང་མཁྱེན་ནས་གནས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོའོ། །མུན་པ་མེད་པའི་དབྱིངས་སུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་མུན་པ་དང་བཅས་པ་སྣང་བར་གྱུར་ནས། སངས་རྒྱས་ཀྱི་ཆོས་རབ་རིབ་ མེད་པ། རྣམ་པར་རབ་རིབ་མེད་པའི་གནས་ལ་སེམས་ཅན་ཕ་རོལ་འཛུད་པ་དང་། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུའི་རྗེས་སུ་སོང་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་བཅུའོ། ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟིལ་གྱིས་གནོན་པའི་ཆོས་ཀྱི་བླ་རེ་ཆེན་པོ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཤིན་ཏུ་བསྒྲུབས་ཏེ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སྔོན་ནས་མཐོ་བས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་ཀྱི་རིགས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་ཅིང་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཤེས་པ་ལ་མི་གནས་ཤིང་ཕྱི་མའི་མཐའ་མའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་གནས་པ་བཅོམ་ཞིང་དུས་གསུམ་ལ་མི་གནས་པར་སྤྱོད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སྣ་ཚོགས་ཀྱི་བླང་བ་མེད་པས་སངས་རྒྱས་བཅོམ་ལྡན་འདས་རྒྱན་གཅིག་པའི་ངོ་བོ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་ རྒྱས་བཅོམ་ལྡན་འདས་བསོད་ནམས་ཟད་མི་ཤེས་པས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མཉམ་པའི་ཆོས་ཀྱི་དབྱིངས་ལ་གནས་པའི་བསོད་ནམས་ཟད་མི་ཤེས་པ་དང་ལྡན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སེམས་ཅན་འདུལ་བའི་དོན་གྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་གཟུགས་དང་ཁ་དོག་མཐའ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆགས་པ་མེད་པར་བཞུགས་ཏེ། འདི་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་པ་མེད་པ་བཞི་བརྙེས་ཏེ། བག་ཚ་བ་མེད་པར་གནས་ནས་ཁྱུ་མཆོག་སེང་གེའི་སྒྲ་སྒྲོག་སྟེ། སྟག་ཆེན་པོ་ལྟར་རྒོལ་བ་ རྣམ་པར་གནོན་ཅིང་། མེ་མར་ལྟ་བུའི་ཀུན་ཏུ་རྟོག་པས་ཆོས་སྟོན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་ པ་ནས་ཡོངས་སུ་མྱ་ངན་ལས་འདས་མོད་ཀྱི། འོན་ཀྱང་མིང་མང་པོ་རྣམ་པར་རིགས་པས་སེམས་ཅན་རྣམས་ཀྱི་སྦྱིན་གནས་སྦྱོང་སྟེ། ཇི་ལྟར་ཞུགས་པ་བཞིན་ནོ། །དེ་སྲིད་དུ་ཡུན་རིང་པོ་ནས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱང་རུང་སྟེ། སངས་རྒྱས་བཅོམ་ལྡན་ འདས་རྣམས་ལ་སྦྱིན་གནས་བསྐྲུན་པ་ནི་ཡོངས་སུ་ཟད་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་རིང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཀྱང་། འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་ན་སྐུ་སྟོན་པར་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་ བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་སྟེ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ ཏུ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚངས་པར་སྤྱོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མ་ཆགས་པའི་ཚུལ་ཁྲིམས་རྣམ་པར་དག་ ཅིང་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་ཅན་ཐམས་ཅད་ཕུང་པོ་ལས་བྱུང་བར་མཛད་པ་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ གཡོག་འཁོར་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་ཅིང་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ ལྡན་འདས་ཀྱི་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྒྲིབས་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཤིན་ཏུ་རྣམ་པར་དག་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་པ་དང་། རྣམ་པར་གནོན་པར་མཛད་པ་དམ་པའི་མཆོག་བརྙེས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སུ་དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཡུལ་ཁམས་ཐམས་ཅད་ན་ སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་རྙེད་པའི་སེམས་ཅན་རྣམས་ལ་དུས་ཐམས་ཅད་དུ་སངས་རྒྱས་སྟོན་པ་དང་། དུས་ཐམས་ཅད་དུ་སེམས་ཅན་ཤེས་ཀྱི་སེམས་ཅན་ལ་ཆོས་སྟོན་པ་དང་། དུས་ཐམས་ཅད་དུ་ སངས་རྒྱས་ལ་སེམས་རབ་ཏུ་དང་བའི་སེམས་ཅན་ལ་ཚད་མེད་པའི་དགེ་བའི་རྩ་བ་བསྐྱེད་པ་དང་། དུས་ཐམས་ཅད་དུ་ཆོས་མི་འགྱུར་བའི་ལམ་དུ་འདས་པའི་སེམས་ཅན་ལ་ཡེ་ཤེས་རྟོགས་པར་མཛད་པ་དང་། དུས་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ལ་སངས་ རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པ་དང་། དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མི་ཆགས་པར་བཞུད་པ་དང་། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་རྒྱུན་མི་གཅོད་པ་དང་། དུས་ཐམས་ཅད་དུ་སངས་རྒྱས་བཅོམ་ ལྡན་འདས་རྣམས་རྣམ་པར་སྤྲུལ་པ་ལ་བཞུགས་པ་དང་། དུས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་