Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 061_མདོ་སྡེ།_ཙ
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
ར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་བྱམས་པའི་དང་པོ་སེམས་བསྐྱེད་པ་ཞེས་བྱ་བར་ཟུང་ཤིག །བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་ སེམས་དཔའ་ལུང་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པའི་ཕྱག་རྒྱ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་དང་། གཞན་དག་ལ་ཡང་ རྒྱས་པར་ཡང་དག་པར་བསྟན་པར་བྱ་བའི་བར་གྱི་ཕྱིར་ཁྱོད་ལ་གཏད་དོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས་ནི་ གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་དང་པོ་འཇུག་པ་འདི་ཐོས་ནས་སེམས་ཀྱི་རྒྱུད་བྱང་ཆུབ་ཏུ་གཞོལ་བ་དང་། བྱང་ཆུབ་ཏུ་སྨོན་པས་མོས་པར་བྱེད་དམ། འཛིན་ཏམ། འཆང་ངམ། ཀུན་ཆུབ་པར་བྱེད་དམ། སྒོམ་མམ། གཞན་དག་ལ་རྒྱས་པར་ཡང་དག་པར་སྟོན་ པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་ལུས་འཐོབ་པ་རྙེད་པར་དཀའ། །སངས་རྒྱས་འབྱུང་བའང་རྙེད་པར་དཀའ། །སངས་རྒྱས་དད་པ་རྙེད་པར་དཀའ། །བྱང་ཆུབ་ སེམས་ཀྱང་རྙེད་པར་དཀའ། །གནས་སྐབས་བཞི་པོ་འདི་དག་ནི། །བསྐལ་པ་བྱེ་བར་རྙེད་དཀའ་སྟེ། །དེ་ཕྱིར་ཐོབ་ནས་མ་སྤངས་ཤིག །མཐུ་རྩལ་དག་ཀྱང་ཆུད་མ་གཟན། །མི་ལུས་ཐོབ་པ་རྙེད་པ་དང་། །སངས་རྒྱས་འབྱུང་བ་རྙེད་པ་དང་། །སངས་རྒྱས་དད་པའང་རྙེད་པ་དང་། །བྱང་ཆུབ་སེམས་ནི་བསྐྱེད་ གྱུར་ན། །དེ་ཕྱིར་བརྩོན་འགྲུས་བསྐྱེད་ནས་ཀྱང་། །རྟག་ཏུ་བག་ནི་ཡོད་པར་གྱིས། །དྲང་སྲོང་ཆེན་པོ་དེ་དག་གིས། །བག་ཡོད་པས་ནི་བྱང་ཆུབ་བརྙེས། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བའི་སྒོ་དང་ཚུལ་གྱི་ལམ། །བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱང་འདི་ལ་སློབ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྩེ་བ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ དོ། །འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱའི་སྐད་དུ། ཀྭན་ཇི་ལིའུ་ཕུ་ས་ཞང་ཤྱན་ཏེའུ་ཤིས་ཐྱན་ཀྱིན། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་པའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་ཡུལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མཚན་མོའི་ཐུན་དང་པོ་ལ། སྐུ་ལས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བྱུང་ནས། རྒྱལ་བྱེད་ཀྱི་ཚལ་ལན་བདུན་བསྐོར་ཏེ། ཁྱིམ་བདག་སུ་ཏ་ཤ་ལ་སོགས་པ་འོད་ཀྱིས་རེག་པར་བྱས་ནས། འོད་གསེར་གྱི་ཁ་དོག་ལྟ་བུ་ནམ་མཁའ་ལ་སྤྲིན་བཞིན་དུ་ ཁྱབ་པར་བྱས་ནས་མཉན་དུ་ཡོད་པའི་ཡུལ་ཀུན་ཏུ་གསེར་གྱི་ཁ་དོག་ལྟ་བུའི་མེ་ཏོག་ཆར་རབ་ཏུ་ཕབ་བོ། །འོད་གསེར་གྱི་ཁ་དོག་ལྟ་བུའི་ནང་ནས་སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བརྒྱ་སྟོང་སྣང་བ་ཐམས་ཅད་ཀྱིས་གསུང་འཐུན་པར་བསྐལ་པ་འདི་ཉིད་དུ། བྱང་ཆུབ་ སེམས་དཔའ་སྟོང་གི་དང་པོ་ལོག་པར་དད་སེལ་སངས་རྒྱས་པ་ནས། ཐ་མར་སྣང་མཛད་སངས་རྒྱས་པའི་དོན་བཀའ་སྩལ་ཏོ། །དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ཏིང་ངེ་འཛིན་ལས་ལངས་ནས་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་ པ་འོད་སྲུང་ཆེན་པོ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། མ་ཧ་པ་ཤ་པ་ཏི་ལ་སོགས་པ་དགེ་སློང་མ་སྟོང་དང་། ཁྱིམ་བདག་སུ་ཏ་ཤ་ལ་སོགས་པ་དགེ་བསྙེན་ཕ་སུམ་སྟོང་ དང་། བྱི་ཤྭ་ཁྲ་འཕོ་ཏ་ལ་སོགས་པ་དགེ་བསྙེན་མ་ཉིས་སྟོང་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། ཆོས་ཀྱི་རྒྱལ་བུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། ལྷ་དང་། ཀླུ་ དང་། གནོད་སྦྱིན་དང་། ལྷ་མ་ཡིན་ལ་སོགས་པ་འཁོར་ཐམས་ཅད། དེ་བཞིན་གཤེགས་པའི་འོད་ཀྱིས་བསྐུལ་ནས་སྤྲིན་བཞིན་དུ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ལྗགས་ཀྱི་དབང་པོ་ལས་འོད་ཟེར་སྟོང་ཕྱུང་ནས། འོད་ཟེར་རེ་རེ་ཁ་དོག་ སྟོང་སྟོང་། ཁ་དོག་རེ་རེའི་ནང་ནས། སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་སྙེད་སྣང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུང་འཐུན་པར། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པ་ཟབ་མོའི་ གཟུངས་བསྟན་པ་འདི་ལྟ་སྟེ། ཨ་ནན་ཏ་མུ་དྲ་ཞེས་བྱ་བའི་གཟུངས་དང་། སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་གཟུངས་དང་། སྒྲིབ་པ་མེད་པའི་དངོས་པོ་ཞེས་བྱ་བའི་གཟུངས་དང་། མཚན་མ་མེད་པར་རྣམ་པར་གྲོལ་བ་ཆེན་པོ་ཞེས་བྱ་བའི་གཟུངས་ལ་སོགས་པ། སྒྲ་སྐད་གཅིག་ གིས་བརྒྱ་ཕྲག་བྱེ་བའི་གཟུངས་ཀྱི་སྒོ་བཀའ་སྩལ་ཏོ། །གཟུངས་ཀྱི་སྒོ་བཀའ་སྩལ་མ་ཐག་ཏུ། འཁོར་འདུས་པའི་ནང་ནས། བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། དེ་མ་ཐག་ཏུ་བྱེ་བ་བརྒྱ་ཕྲག་ཁྲིའི་གཟུངས་ཀྱི་ སྒོ་ཐོབ་ནས། སྟན་ལས་ལངས་ཏེ་གོས་ཚགས་བཅོས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཨུ་པཱ་ལི་སྟན་ལས་ལངས་ཏེ། གདོང་དང་སྤྱི་བོས་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བཅོམ་ལྡན་འདས་ཀྱིས་སྔོན་དུ་ཡང་མཛོད་ཀྱི་ཆོས་ཐམས་ཅད་ལས། མ་ཕམ་པ་མ་འོངས་པའི་དུས་སུ་སངས་རྒྱས་པར་གསུངས་ན། མ་ཕམ་པ་སོ་སོའི་སྐྱེ་བོའི་ལུས་དང་མ་བྲལ། ཟག་པ་ཡང་མ་ཟད། མ་ཕམ་པ་འདི་ཉིད་དུ་རབ་ཏུ་བྱུང་ཡང་། ཏིང་ངེ་འཛིན་ མི་བསྒོམ། ཉོན་མོངས་པ་མ་སྤངས་ན། བཅོམ་ལྡན་འདས་ཀྱིས་ངེས་པར་སངས་རྒྱས་པར་བཀའ་སྩལ་ན། མ་ཕམ་པ་དེ་ཚེའི་དུས་བྱས་ནས། ཁམས་གང་དུ་སྐྱེ་བ་ལེན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཨུ་པཱ་ལི་ལ་བཀའ་སྩལ་པ། ཨུ་པཱ་ལི་གཅིག་ཏུ་ གྱིས་ལ་ཉོན་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་འཁོར་འདིའི་ནང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱས་པར་འགྱུར་བར་ལུང་བསྟན་གྱིས། དུས་འདི་ནས་ལོ་བཅུ་ གཉིས་ཀྱི་འོག་ཏུ་ཚེའི་དུས་བྱས་ནས། ངེས་པར་དགའ་ལྡན་གྱི་གནམ་དུ་སྐྱེ་བ་ལེན་པར་འགྱུར་རོ། །དེ་ནས་དགའ་ལྡན་གྱི་གནམ་གྱི་སྟེང་ན། ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་ལྔ་བརྒྱ་ཡོད་པ། ལྷའི་བུ་རེ་རེས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པས། སྐྱེ་བ་གཅིག་གིས་ ཐོགས་པའི་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་དོན་དུ། ལྷའི་བསོད་ནམས་ཀྱི་མཐུས། གཞལ་མེད་ཁང་བྱས་ཏེ། རང་རང་གི་ལུས་ཀྱི་གོས་དང་། ཙན་དན་དང་། རིན་པོ་ཆེའི་དབུ་རྒྱན་ཕུད་དེ། པུས་མོ་བཙུགས་ནས་ཐལ་མོ་སྦྱར་ཏེ། སྨོན་ལམ་འདི་སྐད་ཅེས་བཏབ་བོ། ། བདག་གི་རིན་ཐང་མེད་པའི་རིན་པོ་ཆེ་དང་། ལྷའི་དབུ་རྒྱན་གྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་མཆོད་པའི་དོན་དུ། མ་ཕམ་པ་འདི་མ་འོངས་པའི་དུས་སུ་རིང་པོ་མི་ཐོགས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས། བདག་ཅག་གི་རིན་ པོ་ཆེའི་དབུ་རྒྱན་འདི། །སངས་རྒྱས་ཀྱི་ཞིང་ཁམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་མཆོད་པའི་རྫས་སུ་གྱུར་ཅིག་ཅེས་ལྷའི་བུ་ཐམས་ཅད་རང་རང་པུས་མོ་བཙུགས་ཏེ། སྨོན་ལམ་དེ་སྐད་ཅེས་བཏབ་པ་དང་། དེ་ནས་ལྷ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་མ་ཐག་ཏུ། རིན་པོ་ཆེའི་ དབུ་རྒྱན་ཐམས་ཅད་བྱེ་བ་ཁྲག་ཁྲིག་ཕྲག་ལྔ་བརྒྱའི་གཞལ་མེད་ཁང་དུ་གྱུར་ཏེ། རིན་པོ་ཆེའི་གཞལ་མེད་ཁང་རེ་རེ་ལ་ཡང་སྐྱེད་མོས་ཚལ་བདུན་བདུན། སྐྱེད་མོས་ཚལ་རེ་རེ་ཡང་། རིན་པོ་ཆེ་སྣ་བདུན་བདུན་ལས་གྲུབ་པ། རིན་པོ་ཆེ་རེ་རེ་ལས་ཀྱང་བྱེ་བ་ཕྲག་ལྔ་བརྒྱའི་ འོད་ཀྱི་འོད་ཟེར་རེ་རེ་ལས་བྱེ་བ་ཕྲག་བརྒྱའི་པད་མ་པད་མ་རེ་རེ་ལས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་སྣ་བདུན་གྱི་ཤིང་གི་ཕྲེང་བ། ཤིང་རེ་རེའི་ལོ་མ་ལས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ཁ་དོག །རིན་པོ་ཆེའི་ཁ་དོག་རེ་རེ་ལས་ཀྱང་། བྱེ་བ་ཕྲག་ལྔ་བརྒྱའི་འཛམ་བུའི་གསེར་གྱི་ འོད་འཛམ་བུའི་གསེར་གྱི་འོད་རེ་རེའི་ནང་ནས་ཀྱང་། བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ལྷའི་བུ་མོ། ལྷའི་བུ་མོ་རེ་རེ་ཡང་ཤིང་གི་དྲུང་ན་འདུག་ནས། ལག་ན་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་གྲངས་མེད་པའི་དོ་ཤལ་ཐོགས། ངོ་མཚར་ཆེ་བའི་གླུ་དབྱངས་སྙན་ པ་ལེན། གླུ་དབྱངས་སྙན་པའི་ནང་ནས་ཕྱིར་མི་ལྡོག་པའི་སའི་ཆོས་ཀྱི་འཁོར་ལོ་སྤྱོད། ཤིང་དེ་དག་ལས་འབྲས་བུ་སྐྱེས་པའི་ཁ་དོག་བཻ་དཱུརྱ་བཞིན་དུ་འདུག །ཁ་དོག་དེ་དག་ཐམས་ཅད་བཻ་དཱུརྱའི་ནང་དུ་འདུག་པ། འོད་ཟེར་དེ་དག་ཐམས་ཅད་གཡས་ཕྱོགས་སུ་འཁོར་བ། སྒྲ་སྙན་ པ་སྣ་ཚོགས་འབྱུང་བ། སྒྲ་ཐམས་ཅད་ལས། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ཆོས་འཆད་པ། རེ་རེའི་ཕོ་བྲང་མཐོ་ཁྱད་ནི་དཔག་ཚད་དྲུག་ཅུ་རྩ་གཉིས། རྔམས་སུ་དཔག་ཚད་བཅུ་བཞི། ཀླུའི་རྒྱལ་པོ་བྱེ་བ་ཕྲག་ལྔ་བརྒྱས་ནི་ཕོ་བྲང་བསྐོར། ཀླུའི་རྒྱལ་པོ་རེ་ རེ་ཡང་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་སྣ་བདུན་གྱི་ཤིང་གི་ཆར་ཕབ་པས་ཕོ་བྲང་གི་སྟེང་བརྒྱན། རང་བཞིན་རླུང་བྱུང་བས་ཤིང་དེ་དག་བསྐྱོད་པ་དང་། ཤིང་དེ་ལས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ སྒྲ་བྱུང་བར་གྱུར་ཏོ། །དེ་ནས་ཕོ་བྲང་དེའི་ནང་ན། རྒྱལ་པོ་ཆེན་པོ་ལེའུ་དུ་པ་ཏི་ཞེས་བྱ་བ། སྟན་ལ་འདུག་པ་ལས་ལངས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་གི་བསོད་ནམས་ ཀྱིས། བྱང་ཆུབ་སེམས་དཔའ་བྱམས་པའི་ཆོས་ཀྱི་ཕོ་བྲང་བྱེད་པའི་བསོད་ནམས་དང་ལྡན་ན། བདག་གི་སྨིན་མཚམས་བར་ནས་ནོར་བུ་རིན་པོ་ཆེ་རང་བྱུང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་དང་། དེ་མ་ཐག་ཏུ་བྱེ་བ་ཕྲག་བརྒྱའི་རིན་པོ་ཆེ་བྱུང་ནས། རིན་པོ་ཆེ་ བཻ་དཱུརྱ་ལ་སོགས་པའི་ཁ་དོག་ཐམས་ཅད་རྫོགས་པར་གྲུབ་པ། ཤེལ་གྱི་ཁ་དོག་བཞིན་ཕྱི་ནང་གསལ་བ། རིན་པོ་ཆེ་དེ་དག་ནམ་མཁའ་སྟོང་པ་ལ་འཁོར་ཞིང་། ངོ་མཚར་ཆེ་བའི་རིན་པོ་ཆེའི་ཕོ་བྲང་རིམ་པ་བཞི་བཅུ་རྩ་དགུ་སྤྲུལ་པར་གྱུར་ཏོ། །རེ་རེའི་ལན་ཞུན་རེ་རེ་ ལས་ཀྱང་། བྱེ་བ་འབུམ་ཕྲག་གི་རིན་པོ་ཆེ་པད་མ་འདིས་སྤྲས་པ་ལ་གྲུབ་པ། ལན་ཞུན་གྱི་བར་ཐམས་ཅད་ན། རྫུ་ས་ཏེ་སྐྱེས་པའི་ལྷའི་བུ་བྱེ་བ་ཕྲག་དགུ་དང་། ལྷའི་བུ་མོ་བྱེ་བ་ཕྲག་ལྔ་བརྒྱ་ལ། ལྷའི་བུ་རེ་རེའི་ལག་ནས་རིན་པོ་ཆེ་སྣ་བདུན་བདུན་ལས་གྲུབ་པའི་པད་མ་ དཔག་ཏུ་མེད་པ་བྱེ་བ་ཕྲག་བཅུ། པད་མ་རེ་རེའི་སྟེང་དུ་འོད་བྱེ་བ་ཕྲག་དཔག་ཏུ་མེད་པ་འོད་དེ་དག་གི་ནང་ན། ལྷའི་རོལ་མོའི་ཆ་སྤྱད་མ་དཀྲོལ་བར་སྒྲ་རང་བྱུང་བ། སྒྲ་དེ་དག་བྱུང་བ་དང་། བུ་མོ་ཐམས་ཅད་ལངས་ནས། རོལ་མོའི་ཆ་སྤྱད་ཐོགས་ཏེ། གར་དང་། གླུ་དབྱངས་སྙན་པ་ལེན་པའི་སྒྲ་ལས། དགེ་བ་བཅུ་དང་། སྨོན་ལམ་བཞི་ལ་སོགས་པའི་སྒྲ། ལྷ་ཐམས་ཅད་ཀྱིས་ཐོས་པས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་སྐྱེད་མོས་ཚལ་ཐམས་ཅད་ཀྱི་ནང་ན། སྐྱེད་མོས་ཚལ་ཁ་དོག་བརྒྱད་ཀྱི་བཻ་དཱུརྱའི་རྫིང་བུ་ རྫིང་བུ་རེ་རེའི་ནང་ན། བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་ལས་གྲུབ་པ། རྫིང་བུ་རེ་རེའི་ནང་ན། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། ཆུ་དེ་དག་ཀྱང་གྱེན་དུ་འབབ་པ། སྒོ་བཞིའི་ཕྱི་རོལ་ན་རྫུས་ཏེ་སྐྱེས་པའི་པད་མ་བཞི། པད་མ་དེ་དག་ལས་ཆུ་བྱུང་བ་རིན་པོ་ཆེའི་པད་ མའི་ཁ་དོག་བཞིན་དུ་འབབ་པ། པད་མ་རེ་རེའི་སྟེང་དུ་ལྷའི་བུ་མོ་ཉི་ཤུ་རྩ་བཞི་བཞི། ལུས་ཀྱི་ཁ་དོག་ངོ་མཚར་ཆེ་བ། བྱང་ཆུབ་སེམས་དཔའ་བཞིན་དུ་བརྒྱན་པ། ལུས་མཚན་དང་ལྡན་པ། ལག་ན་རིན་པོ་ཆེའི་རང་བཞིན་གྱི་སྣོད་བྱེ་བ་ཕྲག་ལྔ་བརྒྱ་སྤྲུལ། སྣོད་རེ་རེའི་ ནང་ན། ལྷའི་བདུད་རྩིའི་རང་བཞིན་ཐམས་ཅད་ཀྱིས་གང་བ། ཕྲག་པ་གཡོན་ལ་ཐོགས་པ། དོ་ཤལ་དཔག་ཏུ་མེད་པ། ཕྲག་པ་གཡས་ལ་ཐོགས་པ། རོལ་མོའི་ཆ་བྱད་དཔག་ཏུ་མེད་པ་སྤྲིན་བཞིན་དུ་ནམ་མཁའ་ལ་འདུག་པ། ཆུ་ལས་བྱུང་བ། བྱང་ཆུབ་སེམས་དཔའ་ཕ་ རོལ་ཏུ་ཕྱིན་པ་དྲུག་བརྗོད་པ། དགའ་ལྡན་གྱི་གནམ་དུ་སྐྱེས་པའི་ལྷའི་བུ་གང་ལ་ལ་ཞིག །རང་བཞིན་གྱིས་ལྷའི་བུ་མོ་རྣམས་ཀྱིས་གཡོག་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་འཕང་དུ་དཔག་ཚད་བཞི་ཡོད་པ། འཛམ་བུའི་གསེར་དང་། རིན་པོ་ཆེ་དཔག་ཏུ་ མེད་པས་བརྒྱན་པ་ཟུར་བཞི་ལ་འདུག་པ། པད་མ་བཞི་ལས་སྐྱེས་པ། པད་མ་རེ་རེ་ལ་ཡང་རིན་པོ་ཆེ་ཕྲག་བརྒྱ་ལས་གྲུབ་པ། རིན་པོ་ཆེ་རེ་རེ་ལ་ཡང་བྱེ་བ་ཕྲག་བརྒྱའི་འོད་ཟེར། འོད་ཟེར་དེ་དག་ལས། ངོ་མཚར་ཆེ་བ་སྤྲུལ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ ཏོག་སྤྲུལ་པས་བརྒྱན་པ། རིན་པོ་ཆེའི་ཡོལ་བ་བྲེས་པ་དེའི་ཕྱོགས་ན་ཚངས་པའི་རྒྱལ་པོ་བྱེ་བ་ཕྲག་སྟོང་གིས། རང་རང་གི་ཚངས་པའི་ལྷའི་ངོ་མཚར་ཆེ་བའི་དྲིལ་བུ་ཁྱེར་ནས། ཡོལ་བའི་སྟེང་དུ་སྤྱངས་པ། ཚངས་པའི་རྒྱལ་པོ་ཆུང་ངུས་ཀྱང་། རིན་པོ་ཆེ་སྣ་ཚོགས་པའི་ དྲ་བས་ཡོལ་བའི་སྟེང་དུ་བྲེས་པ། དེ་ནས་ལྷའི་བུ་དང་། ལྷའི་བུ་མོ་བརྒྱ་སྟོང་གྲངས་མེད་པའི་འཁོར་གྱིས། རིན་པོ་ཆེའི་མེ་ཏོག་པད་མ་ཐམས་ཅད་ཁྱེར་ནས་ཁྲིའི་སྟེང་དུ་བདལ་བ། པད་མ་དེ་དག་ཐམས་ཅད་རིན་པོ་ཆེའི་རང་བཞིན་གྱི་བུ་མོ་བྱེ་བ་ཕྲག་ལྔ་བརྒྱ་བྱུང་ བ་དེ་དག་གི་ལག་ན་རྔ་ཡབ་དཀར་པོ་ཐོགས་པ། ཡོལ་བའི་ནང་ན་འདུག་པ། ཕོ་བྲང་ཟུར་བཞི་ལ་རིན་པོ་ཆེའི་ཀ་བ་བཞི་ཡོད་པ། རིན་པོ་ཆེའི་ཀ་བ་རེ་རེ་ལ་ཡང་བརྒྱ་ཕྲག་སྟོང་གི་ཁང་པ་བརྩེགས་པ། བུ་མོ་འདིའི་ནོར་བུ་ནི་བྲེས། ལན་ཀན་བར་ཀུན་ཏུ་ལྷའི་བུ་མོ་བརྒྱ་སྟོང་ ཡོད། ཁ་དོག་ངོ་མཚར་ཆེ་བ། དཔག་ཏུ་མེད་པའི་རོལ་མོའི་ཆ་སྤྱད་ལག་ན་ཐོགས་པ། རོལ་མོའི་སྒྲའི་ནང་ནས་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་། བདག་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྒྲ་འབྱུང་བ། ལྷའི་ཕོ་བྲང་དེ་དག་ནས་རིན་པོ་ཆེའི་ཁ་དོག་ དཔག་ཏུ་མེད་པ་བྱེ་བ་ཕྲག་བརྒྱ་ཡོད་པ། བུ་མོ་རེ་རེ་ཀུན་ཀྱང་རིན་པོ་ཆེའི་ཁ་དོག་དང་འཐུན་པར་སྤྲུལ་ཏོ། །དེ་ནས་ཕྱོགས་བཅུའི་ལྷ་དཔག་ཏུ་མེད་པ་ཐམས་ཅད། དགའ་ལྡན་གྱི་ལྷའི་ཕོ་བྲང་དུ་སྐྱེ་བ་ལེན་པར་སྨོན་ལམ་བཏབ་བོ། །དེ་ནས་དགའ་ལྡན་གྱི་ཕོ་བྲང་ན། རྒྱལ་པོ་ ཆེན་པོ་ལྔ་པོ་ལ། རྒྱལ་པོ་ཆེན་པོ་དང་པོ་ནི། རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ། ལུས་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པས་ཕོ་བྲང་གི་ནང་དུ་འཐོར་བ། རིན་པོ་ཆེའི་ནོར་བུ་རེ་རེ་ཡང་། རོལ་མོའི་ཆ་སྤྱད་དཔག་ཏུ་མེད་པར་སྤྲུལ་པ། ནམ་མཁའ་ལ་ཀུན་ཏུ་ འཕྱང་བ། མ་བརྡུངས་པར་སྒྲ་སྙན་པ་དཔག་ཏུ་མེད་པ་རང་འབྱུང་བ། སེམས་ཅན་གྱི་ཡིད་རྟོག་པ། རྒྱལ་པོ་གཉིས་པ་མེ་ཏོག་འཐོར་བ་ཞེས་བྱ་བ། ལུས་ལ་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པ། ཕོ་བྲང་ཐམས་ཅད་ཁྱབ་པར་མེ་ཏོག་གི་གདུགས་སྤྲུལ། གདུགས་རེ་རེ་ཡང་ བརྒྱ་ཕྲག་སྟོང་གི་རྒྱལ་མཚན་དང་། འཕན་གྱིས་ལམ་དྲངས་པ། རྒྱལ་པོ་གསུམ་པ་ནི། སྤོས་ཀྱི་དབྱངས་ཞེས་བྱ་བ། ལུས་ཀྱི་བ་སྤུའི་ཁུང་བུའི་ནང་ནས། ངོ་མཚར་ཆེ་བའི་རྒྱ་མཚོའི་འགྲམ་གྱི་ཙན་དན་གྱི་སྤོས་ཀྱི་ཆར་འབེབས་པ། སྤོས་དེ་དག་སྤྲིན་བཞིན་དུ་ ཆགས་པ། ཁ་དོག་བརྒྱ་ཕྲག་གིས་ཕོ་བྲང་ལན་བདུན་དུ་བསྐོར་བ། རྒྱལ་པོ་ཆེན་པོ་བཞི་པ། དགའ་བ་བདེ་བ་ཞེས་བྱ་བ། ལུས་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཆར་འབེབས་པ། རིན་པོ་ཆེ་རེ་རེ་ཡང་རང་བཞིན་གྱིས་རྒྱལ་མཚན་དང་། འཕན་གྱི་སྟེང་དུ་འདུག་ནས་སངས་ རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བར་འཆད་པ་དང་། ཡན་ལག་ལྔའི་ཚུལ་ཁྲིམས་ཀྱི་སྒྲ་དང་། དགེ་བའི་ཆོས་དཔག་ཏུ་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། བྱམས་པ་བྱང་ཆུབ་ཀྱི་ཡན་ལག་གི་སྒྲ་ལ་འཛུད་པ། རྒྱལ་པོ་ཆེན་པོ་ལྔ་པ། སྒྲ་དབྱངས་དྲག་པོ་ཞེས་བྱ་བ། ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཆུ་འབེབས་པ། ཆུ་རེ་རེའི་སྟེང་དུ་མེ་ཏོག་པད་མ་བྱེ་བ་ཕྲག་ལྔ་བརྒྱ་ཡོད་པ། པད་མ་རེ་རེའི་སྟེང་དུ་ཤེལ་གྱི་བུ་མོ་ཉི་ཤུ་རྩ་ལྔ་ལྔ། ཤེལ་གྱི་བུ་མོ་རེ་རེའི་ལུས་ཐམས་ ཅད་ཀྱི་བ་སྤུའི་བུ་ག་རེ་རེའི་ནང་ནས། ལྷའི་བདུད་ལས་རྒྱལ་བའི་སྒྲ་སྙན་པ་འབྱུང་བ་སྤྲུལ་ལོ། །བཅོམ་ལྡན་འདས་ཀྱིས་ཨུ་པཱ་ལི་ལ་བཀའ་སྩལ་པ། དགའ་ལྡན་གྱི་ལྷའི་གནས་ཞེས་བྱ་བར། དགེ་བ་བཅུ་དང་། རྒྱལ་བ་ལ་དྲིན་བསབ་པ་དང་། ངོ་མཚར་ཆེ་ བ་བསྐྱེད་པའི་བསོད་ནམས་ནི། ངས་བསྐལ་པ་ཆུང་ངུ་གཅིག་གི་བར་དུ་འདུག་ནས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དྲིན་བསབ་པ་དང་། དགེ་བ་བཅུའི་འབྲས་བུ་བཤད་ཀྱང་རྫོགས་པའི་མཐའ་མེད་དེ། འདིར་ངས་ཁྱེད་ལ་སོགས་པ་ལ་མདོ་ཙམ་ཞིག་ བཤད་ཅིང་བསྟན་པར་བྱའོ། །ཨུ་པཱ་ལི་དགེ་སློང་ངམ། འཁོར་ཐམས་ཅད་ཀྱང་རུང་སྟེ། གང་ལ་ལ་ཞིག་སྐྱེ་ཤི་ལ་མི་སྐྱོ་བར། ལྷའི་གནས་སུ་སྐྱེ་བར་འདོད་ན། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱམས་པའི་ཞབས་འབྲིང་བྱེད་འདོད་ པར་ལྟ་བ་ནི། ཡན་ལག་ལྔའི་ཁྲིམས་བརྒྱད་རྫོགས་པ། ལུས་སེམས་ཀྱི་བརྩོན་འགྲུས་རྒྱུན་མི་འཆད་པ། དགེ་བ་བཅུའི་ཆོས་ལ་སྤྱོད་པ། བདེ་སྐྱིད་ཕུན་སུམ་ཚོགས་པར་འདོད་པ། སེམས་རྩེ་གཅིག་ཏུ་དགའ་ལྡན་གྱི་གནས་སུ་སྐྱེ་བར་འདོད་པ་དེ་དག་ནི་ཡང་དག་པར་ ལྟ་བ་ཞེས་བྱ་སྟེ། གཞན་དུ་ལྟ་བ་ནི། ལོག་པར་ལྟ་བ་ཞེས་བྱའོ། །དེ་ནས་ཨུ་པཱ་ལི་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས། གདོང་དང་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགའ་ལྡན་གྱི་གནམ་དུ་དེ་ལྟ་ བུའི་བདེ་སྐྱིད་ཕུན་སུམ་ཚོགས་པ་དེར། སྐྱེས་བུ་ཆེན་པོ་འདི་དུས་ཅི་ཙམ་དུ་འཛམ་བུའི་གླིང་ནས། ལྷའི་གནས་དེ་ལྟ་བུར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་འདི་ནས་ལོ་བཅུ་གཉིས་ལོན་ནས། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉི་མ་ལ། ཡུལ་བ་ ར་ནི་ཀྲ་པ་ལིའི་གྲོང་ཁྱེར་ན་བྲམ་ཟེ་ཆེན་པོ་པ་པ་ལི་ཞེས་བྱ་བའི་ཁྱིམ་ནས་སྐྱེ་བ་བླངས་པའི་ས་ནས། སྐྱིལ་མོ་ཀྲུང་བཅས་ནས། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་བཞིན་དུ། ལུས་གསེར་གྱི་ཁ་དོག་དང་། འོད་ཟེར་དམར་པོ་ཉི་མ་བརྒྱ་སྟོང་བས་ལྷག །སྟེང་གི་ དགའ་ལྡན་གྱི་གནམ་དུ། ལུས་ཀྱི་སྐུ་གདུང་ཡང་དཔེར་ན། གསེར་གྱི་གཟུགས་བཞིན་དུ། མི་གཡོ་མི་འགུལ་བར། ལུས་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་གྱི་ནང་ནས། རྣམ་པར་ཐར་པ་གསུམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེ་གསལ་བར་སྟོན་ཏེ། དེ་ནས་ལྷ་མི་ཐམས་ཅད་རྗེས་སུ་འབྲང་ནས། རིན་པོ་ཆེ་སྐུ་གདུང་གི་མཆོད་རྟེན་ལ་མཆོད་ནས། དེ་ནས་དགའ་ལྡན་གྱི་གནམ་དུ། རིན་པོ་ཆེ་སྣ་བདུན་གྱི་ཕོ་བྲང་ན་འདི་གཞལ་མེད་ཁང་སེང་གེའི་པད་མའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས། ལུས་འཛམ་བུ་ གསེར་གྱི་ཁ་དོག་བཞིན་དུ་རྫུས་ཏེ་སྐྱེས་ནས། སྐུ་ཆུར་དཔག་ཚད་བཅུ་དྲུག །མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་རྫོགས་པར་བརྒྱན་པ། དབུའི་ཐོར་ཚུགས་དང་ལྡན། དབུ་སྐྲ་བཻ་དཱུརྱའི་ཁ་དོག་དང་འདྲ་བ། ཤི་ཀྲ་བི་ལི་ཀྲ་དང་། མ་འདི་དང་། གྱེན་ཤུགས་ཀྱི་རིན་པོ་ཆེ་ས་ལྷའི་དབུ་རྒྱན་བརྒྱན་པ། རིན་པོ་ཆེ་ལྷའི་དབུ་རྒྱན་དེ་དག་ལ། བྱེ་བ་ཕྲག་བརྒྱའི་རིན་པོ་ཆེའི་ཁ་དོག་རེ་རེའི་ནང་ནས། སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་བརྒྱ་སྟོང་ཕྲག་ཁྲིའི་སྤྲུལ་པའི་བྱང་ཆུབ་སེམས་དཔའ་མང་པོས་ཞབས་འབྲིང་ བྱས་པ། དེ་ནས་ཞིང་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད། ཆོ་འཕྲུལ་བཅོ་བརྒྱད་སྟོན་ཅིང་། ལྷའི་དབུ་རྒྱན་གྱི་ནང་ན་ཡིད་ལ་སྨོན་པའི་རྗེས་སུ་འཐུན་པར་ལྷའི་དབུ་རྒྱན་གྱི་ནང་ན་གནས་སོ། །བྱམས་པའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་སྟེ། འོད་ཟེར་ དེ་དག་ལས། བརྒྱ་ཕྲག་གི་རིན་པོ་ཆེའི་ཁ་དོག་དང་ལྡན་པའི་མཚན་སུམ་ཅུ་རྩ་གཉིས། མཚན་རེ་རེའི་ནང་ནས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ཁ་དོག་དཔེ་བྱད་བཟང་པོ། དཔེ་བྱད་རེ་རེ་ལ་ཡང་། བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་མཚན་དང་། དཔེ་བྱད་ཀྱི་ཁ་དོག་འབར་བའི་ལྷའི་བུ་ རེ་རེའི་འོད་ཟེར་བརྒྱ་ཁྲི་བཞི་སྟོང་གི་སྤྲིན་ཐམས་ཅད་པད་མ་ལས་རང་རང་འདུག་ནས། ཉིན་མཚན་རྟག་པར་ཕྱིར་མི་ལྡོག་པའི་སའི་ཆོས་ཀྱི་འཁོར་ལོ་སྤྱོད་པ། བགྲོད་པ་གཅིག་ཅིང་དོན་གྲུབ་པར་བྱེད་པ་ཕྲག་ལྔ་བརྒྱའི་ལྷའི་བུ་དེ་དག་ཕྱིར་མི་ལྡོག་པའི། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་འདི་དག་ཏུ། དགའ་ལྡན་གྱི་གནམ་དུ་ཉིན་མཚན་རྟག་ཏུ་ཕྱིར་མི་ལྡོག་པའི་སའི་ཆོས་ཀྱི་འཁོར་ལོ་ལ། ལྷའི་བུ་ཐམས་ཅད་འཁོད་པ། འཛམ་བུའི་གླིང་གི་ཚེ་ལོའི་གྲངས་བྱེ་བ་འབུམ་ཕྲག་ལྔ་བཅུ་རྩ་དྲུག་ལོན་ནས། བྱམས་པ་དགའ་ལྡན་གྱི་གནམ་ནས་ འཛམ་བུའི་གླིང་དུ་སྐྱེ་བ་བླངས་པའི་མདོ་བཤད་པར་འགྱུར་རོ། །ཨུ་པཱ་ལི། བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ། འཛམ་བུའི་གླིང་ནས་ཚེ་འཕོས་ནས། དགའ་ལྡན་གནམ་དུ་སྐྱེས་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། ངའི་འཁོར་ ཉེ་གནས་ལས་གང་ལ་ལ་ཞིག །བརྩོན་འགྲུས་སུ་བསོད་ནམས་བསགས་པ། སྡོམ་པ་མ་ཞིག་ཅིང་མཆོད་རྟེན་ལ་ཕྱག་དར་དང་། མཎྜལ་བྱེད་པ་དང་། སྤོས་དྲི་ཞིམ་པ་དང་། མེ་ཏོག་གི་མཆོད་པ་དང་། རྣམ་པར་ཐར་པ་གསུམ་ལ་སྤྱོད་ཅིང་། ཟབ་ཅིང་ དྲང་བའི་ཆོས་ལ་སྤྱོད་པ་དང་། མདོ་སྡེ་ཀློག་ཅིང་། སེམས་རྩེ་གཅིག་ཏུ་རྒྱུན་མི་འཆད་པར་ཡིད་ལ་ཟློས་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། བྱམས་པའི་མཚན་བརྗོད་པ་དེ་ལྟ་བུ་ལ་སོགས་པའི་མི་ དེ་དག་ནི་འདི་སྐད་ཅིག་ཙམ་དུ་ཁྲིམས་བརྒྱད་མནོས་ནས། སྡིག་པ་ཐམས་ཅད་བྱང་བར་བྱེད་ཅིང་། སྨོན་ལམ་བཏབ་ནས། ཚེའི་དུས་བྱས་པའི་འོག་ཏུ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ལག་པ་བརྐྱང་བ་ཙམ་དུ་དགའ་ལྡན་དུ་སྐྱེས་ནས་པད་མའི་སྟེང་དུ་སྐྱིལ་མོ་ཀྲུང་ བཅས་ནས། བརྒྱ་ཕྲག་སྟོང་གི་ལྷའི་བུས། ལྷའི་རོལ་མོ་བྱེད་ཅིང་། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་འཐོར་ཞིང་། ལེགས་སོ་ལེགས་སོ། །ཞེས་བསྔགས་པ་བརྗོད་ནས། རིགས་ཀྱི་བུ་ཁྱོད་ནི་འཛམ་བུའི་གླིང་དུ་བསོད་ནམས་རྒྱ་ཆེན་པོ་བསགས་ནས། འཆི་ འཕོ་བའི་འོག་ཏུ། འདི་ནི་དགའ་ལྡན་གྱི་གནས་ཞེས་བྱ་བ་ཡིན་ཏེ། འདིར་ལྷའི་རྒྱལ་པོ་བྱམས་པ་ཞེས་བྱ་བ་ལ། ཁྱོད་སྐྱབས་སུ་གསོལ། ཕྱག་འཚོལ་ཅིག་དང་། ཕྱག་འཚལ་ན། སྨིན་མཚམས་ཀྱི་མཛོད་སྤུ་ནས། འོད་ཟེར་དཀར་པོ་རེག་པར་བྱས་ནས། བསྐལ་ པ་དགུ་བཅུའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་པ་འབྱང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་རྗེས་སུ་འཐུན་པའི་ཡོན་ཏན་གྱིས། ངོ་མཚར་གྱི་ཆོས་བཤད་ནས། བརྩོན་པ་མི་འདོར་བ་ཕྱིར་མི་ལྡོག་པའི་འཁོར་ལོ་དང་། བླ་ན་མེད་པའི་ལམ་ཡིད་ལ་སེམས་པ་དེ་ ལྟ་བུ་ལ་སོགས་པའི་སེམས་ཅན་སྡིག་པ་ཐམས་ཅད་བྱང་ཞིང་། ཆོས་དྲུག་ལ་སྤྱོད་ན། ཐེ་ཙོམ་མེད་པར་ངེས་པར་དགའ་ལྡན་གྱི་གནམ་དུ་སྐྱེས་ནས། འཕགས་པ་བྱམས་པའི་ཞལ་མཐོང་། བྱམས་པའི་ཞབས་འབྲིང་བྱས་ནས། འཛམ་བུའི་གླིང་དུ་དང་པོར་ཆོས་ཐོས་ ནས། མ་འོངས་པའི་བསྐལ་པ་འདི་ཉིད་ཀྱི་སངས་རྒྱས་དང་། བསྐལ་པ་སྐར་མ་ལྟ་བུའི་སངས་རྒྱས་ཐམས་ཅད་ཀྱི་ཡང་ཞལ་མཐོང་ནས། སངས་རྒྱས་དེ་དག་ཐམས་ཅད་ཀྱི་དྲུང་དུ་བྱང་ཆུབ་ཏུ་ལུང་སྟོན་པ་ཐོབ་པར་འགྱུར་རོ། །ཨུ་པཱ་ལི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ པའི་འོག་ཏུ། དགེ་སློང་དང་། དགེ་སློང་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་འཁོར་ཐམས་ཅད་ལས། གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བྱམས་པའི་མཚན་ཐོས་ནས་དགའ་བ་དང་། གུས་པར་ཕྱག་འཚལ་བའི་མི་དེ་དག །ཚེའི་དུས་བྱས་ནས། སེ་གོལ་གཏོགས་པ་ཙམ་དུ་གོང་མ་ཅི་ལྟ་བ་བཞིན་དུ། བྱམས་པའི་མཚན་ཐོས་ནས་ཚེའི་དུས་བྱས་པའི་འོག་ཏུ། མུན་པའི་ཁམས་སུ་མི་ལྟུང་། མཐའ་ འཁོབ་ཀྱི་ཡུལ་དང་། ལོག་པར་ལྟ་བ་དང་། མི་དགེ་བ་ཐམས་ཅད་སྤྱོད་པར་མི་སྐྱེ། སྐྱེ་བ་ཐམས་ཅད་དུ་དྲང་པོར་ལྟ་བ་དང་། འཁོར་ཕུན་སུམ་ཚོགས་པ་དང་། དཀོན་མཆོག་གསུམ་ལ་མི་སྨོད་པར་སྐྱེའོ། །ཨུ་པཱ་ལི། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ ལ་ལ་ཞིག །སྡོམ་པ་བཤིག་པ་དང་། སྡིག་པ་མི་དགེ་བའི་ལས་བྱས་པས། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་མཚན་ཐོས་པས། མཚན་ནས་བརྗོད་ཅིང་། ཡན་ལག་ལྔ་གཏུགས་ཏེ། སེམས་རྩེ་གཅིག་ཏུ་བཤགས་ན། སྡིག་པ་ཐམས་ཅད་མྱུར་དུ་ བྱང་ནས་མ་འོངས་པའི་དུས་ཀྱི་སེམས་ཅན་ཐམས་ཅད། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་མཚན་བརྗོད་པ་དང་། སྐུ་གཟུགས་བྲིས་ནས། སྤོས་དང་། མེ་ཏོག་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཕྱག་འཚལ་ཞིང་། ཡིད་ ལ་ཟློས་ན། མི་དེ་དག་ཚེའི་དུས་བྱས་པའི་ཚེ་ན། བྱང་ཆུབ་སེམས་དཔའ་བྱམས་པས། མི་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ནས། འོད་དང་། ལྷའི་བུ་ཐམས་ཅད་ཀྱིས། མན་དཱ་ར་བའི་ཆར་ཕབ་ནས། མི་དེ་དག་བསུས་ནས། སྐད་ཅིག་ཡུད་ཙམ་ གྱིས་ལྷའི་གནས་སུ་སྐྱེས། འཕགས་པ་བྱམས་པའི་ཞལ་མཐོང་ནས། གདོང་དང་སྤྱི་བོས་ཕྱག་འཚལ་ནས། དེ་མ་ཐག་ཏུ་ཆོས་ཐོས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པ་དང་། ཕྱིར་མི་ལྡོག་པའི་འཁོར་ལོ་དང་། མ་འོངས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་གང་གཱའི་ཀླུང་ གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ཨུ་པཱ་ལི། ཁྱོད་རྩེ་གཅིག་ཏུ་ཉོན་ལ་ཡིད་ལ་གྱིས་ཤིག །བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ལ། མ་འོངས་པའི་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བ་ན། གང་ལ་ལ་ཞིག་སྐྱབས་སུ་འགྲོ་བའི་ མི་དེ་དག་ནི། བླ་ན་མེད་པའི་ལམ་དང་། ཕྱིར་མི་ལྡོག་པའི་འཁོར་ལོ་འཐོབ་ནས། བྱང་ཆུབ་སེམས་དཔའ་བྱམས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་དུས་ཀྱི་ཚེ། མི་དེ་དག་དེ་བཞིན་གཤེགས་པའི་འོད་ཟེར་ མཐོང་ནས། ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཨུ་པཱ་ལི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འཁོར་བཞི་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་གང་ལ་ལ་ཞིག་དགའ་ལྡན་གྱི་གནས་སུ་སྐྱེས་པའི་དུས་ཀྱི་ཚེ། འདི་ལྟར་ བལྟ་བར་བྱ་སྟེ། དགའ་ལྡན་ཡིད་ལ་བྱེད་པས། དེ་བཞིན་གཤེགས་པའི་སྡོམ་པ་བླངས་ནས། ཉི་མ་གཅིག་གམ། ཉི་མ་བདུན་གྱི་བར་དུ། དགེ་བ་བཅུ་ཡིད་ལ་བྱེད་པ་དང་། དགེ་བ་བཅུའི་ལམ་ལ་སྤྱོད་པའི་བསོད་ནམས་དེ་དག །བྱམས་པའི་མདུན་དུ་བསྔོ་ཞིང་ སྨོན་ལམ་བཏབ་པ་དེ་དག་ནི། ལྟ་བ་དེ་དག་གི་ལྷའི་བུ་མཐོང་བ་དང་། པད་མ་མཐོང་བར་འགྱུར་རོ། །གང་ལ་ལ་ཞིག་སྐད་ཅིག་ཙམ་བྱམས་པའི་མིང་ནས་བརྗོད་པའི་མི་དེ་དག་ནི། བསྐལ་པ་སྟོང་ཉིས་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་། སྡིག་པ་འབྱང་བར་འགྱུར་རོ། །བྱམས་པའི་ མཚན་ཐོས་པས་ཐལ་མོ་སྦྱར་བའི་མི་དེ་དག་ནི། བསྐལ་པ་ལྔ་བཅུའི་སྐྱེ་ཤི་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞིག་བྱམས་པ་ལ་གུས་པར་ཕྱག་འཚལ་བས། བསྐལ་པ་བྱེ་བ་བརྒྱའི་སྐྱེ་ཤི་ལས་གྲོལ་ཐར་ཞིང་སྡིག་པ་བྱང་བར་འགྱུར་རོ། །ལྷའི་གནས་ལ་མི་ཆགས་ཤིང་། མ་འོངས་པའི་དུས་སུ་ཀླུའི་སྡོང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་སེམས་བསྐྱེད་པ་ཡང་ཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་མང་པོ་དཔག་ཏུ་མེད་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་ འཚལ་ནས། བྱམས་པའི་ཞབས་ལ་ཡང་ཕྱག་འཚལ་ནས། བཅོམ་ལྡན་འདས་དང་། བྱམས་པ་ལ་ལན་བརྒྱ་སྟོང་དུ་བསྐོར་ནས། ལམ་མ་ཐོབ་པ་དག་རང་རང་གི་སྨོན་ལམ་བཏབ་པ། བདག་ཅག་ལ་སོགས་པས། ལྷ་དང་། མི་དང་། སྡེ་བརྒྱད་ པོ་འདིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མོས་པས་སྨོན་ལམ་བཏབ་པས། མ་འོངས་པའི་དུས་སུ་ལུས་སྤངས་ནས། འཕགས་པ་བྱམས་པའི་ཞལ་མཐོང་བ་དང་། ཐམས་ཅད་དགའ་ལྡན་གྱི་གནམ་དུ་སྐྱེ་བ་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཁྱེད་ལ་སོགས་པ་མ་འོངས་པའི་དུས་སུ་བསོད་ནམས་བྱེད་པ་དང་། ཚུལ་ཁྲིམས་བསྲུང་བ་དང་། ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་སྐྱེ་བ་བླངས་ནས། བྱང་ཆུབ་སེམས་དཔའ་བྱམས་པས་བྱིན་གྱིས་རློབ་པར་འགྱུར་རོ། །བཅོམ་ ལྡན་འདས་ཀྱིས་ཨུ་པཱ་ལི་ལ་བཀའ་སྩལ་པ། ཨུ་པཱ་ལི་དེ་ལྟ་བུར་ལྟ་བ་ནི། ཡང་དག་པར་ལྟ་བ་ཞེས་བྱའོ། །གཞན་དུ་ལྟ་བ་ནི། ལོག་པར་ལྟ་བ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལ་འདུག་པ་ལས་ལངས་ཏེ། པུས་མོ་བཙུགས་ནས་ཐལ་མོ་ སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ། །བཅོམ་ལྡན་འདས། བྱམས་པའི་ཡོན་ཏན་ལེགས་པར་བཤད་དོ། །མ་འོངས་པའི་དུས་ཀྱི་ཚེ། བསོད་ནམས་བྱེད་པའི་སེམས་ཅན་འབྲས་བུ་ཐོབ་པ་བདག་ཅག་གིས་ཐོབ་པར་འཚལ་བས། བཅོམ་ ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མཚན་ཅི་ལགས། བདག་ཅག་གིས་ཅི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པས་གསུངས་པ་མ་བརྗེད་པར་ཟུང་ལ། མ་འོངས་ པའི་དོན་དུ་ལྷའི་གནས་སུ་སྐྱེ་བའི་ལམ་འབྱེད་པ་དང་། བྱང་ཆུབ་ཀྱི་མཚན་དང་། དེ་བཞིན་གཤེགས་པའི་གདུང་རྒྱུན་མི་གཅོད་པས། མདོ་སྡེའི་མིང་། བྱང་ཆུབ་སེམས་དཔའ་བྱམས་པ་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ། བྱང་ཆུབ་ སེམས་དཔའ་བྱམས་པ་དགའ་ལྡན་གྱི་གནམ་དུ་སྐྱེ་བ་བླངས་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་བསྐུལ་བ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཞིང་ཁམས་གཞན་ནས་འོངས་པའི་བྱང་ཆུབ་སེམས་དཔའ་འབུམ་ཕྲག་ བཅུ་བཞིའི་ལེའུ་བརྒྱན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ལྷའི་བུ་འབུམ་ཕྲག་བརྒྱད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཐམས་ཅད་ཀྱིས་བྱམས་པའི་རྗེས་སུ་འབྲང་ནས། འཛམ་བུའི་གླིང་དུ་སྐྱེ་བར་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་བཞི་པོ་དང་། ལྷ་དང་། ཀླུ་ལ་སོགས་པ། སྡེ་བརྒྱད་པོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། ཐམས་ཅད་མངོན་པར་དགའ་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱིར་དོང་ངོ་། །འཕགས་པ་བྱང་ཆུབ་ སེམས་དཔའ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་པའི་མདོ་རྫོགས་སོ།། །།ཞུ་བའི་ལོཙྪ་བ་བན་དེ་པ་བ་ཏོང་དང་། བན་དེ་ཤེས་རབ་སེང་གེས་རྒྱའི་དཔེ་ལས་བསྒྱུར།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ལོ་ཀཱ་ནུ་བརྟན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇིག་རྟེན་གྱི་རྗེས་སུ་འཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པ་དུས་གཅིག་ན། ཐུབ་པའི་རྒྱལ་པོ་རི་ལ་བཞུགས། །བྱང་ཆུབ་སེམས་དཔའ་སེམས་ཆེན་དང་། །ཉན་ཐོས་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ནས་མཁས་པ་འཇམ་དབྱངས་ཀྱིས། །བཏུད་དེ་རྒྱལ་ལ་འདི་སྐད་གསོལ། །སླད་མའི་སྐྱེ་བོ་རྣམས་ སླད་དུ། །དཔའ་བོ་ཆེན་པོས་བཤད་དུ་གསོལ། །སངས་རྒྱས་ཀུན་གྱི་ཡོན་ཏན་འབྱུང་། །ཟབ་ཅིང་རྒྱ་ཆེན་ཕུན་སུམ་ཚོགས། །མདོ་སྡེ་དམ་པ་བློ་རབ་ཀྱིས། །སྨྲ་བའི་མཆོག་གིས་བཤད་དུ་གསོལ། །འཇིག་རྟེན་མགོན་པོའི་ཐུགས་སྐྱེས་སྲས། །གཅེས་འཛིན་ མཆོག་ལ་བཀའ་སྩལ་པ། །རྩེ་གཅིག་སེམས་སུ་ཡིད་བྱོས་ལ། །ཉོན་ཅིག་ད་ནི་བཤད་པར་བྱ། །བློ་དང་ལྡན་པས་ཡོན་ཏན་ཞུས། །དེ་བཞིན་གཤེགས་པས་བཀའ་སྩལ་པ། །ཆོས་སྨྲ་སེམས་ཅན་མཆོག་རྣམས་ཀྱིས། །ཆོས་ཉིད་དེ་ནི་མཉན་པར་གྱིས། །དེ་བཞིན་ གཤེགས་རྣམས་དཔག་མེད་ལས། །རང་སངས་རྒྱས་ནི་ཐམས་ཅད་དང་། །ཉན་ཐོས་དག་གིས་རྣམ་ཀུན་ཏུ། །རྫོགས་པའི་སངས་རྒྱས་བསགས་པ་ན། །དེ་བཞིན་གཤེགས་པ་སྤྲོས་མེད་ལ། །བྱིས་པ་སྤྲོས་པ་སྤྱོད་པ་ཡི། །སེམས་ཅན་ཀུན་གྱིས་རྒྱལ་བ་རྣམས། །རིག་ པར་མི་ནུས་སྨོས་ཅི་དགོས། །སངས་རྒྱས་ཀྱིས་ནི་སངས་རྒྱས་དང་། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །རང་བྱུང་སྐུ་ཐུགས་ཅི་འདྲ་དང་། །ཤེས་རབ་ཅི་འདྲ་རབ་ཏུ་མཁྱེན། །འཇིག་རྟེན་དུ་ནི་འཇིག་རྟེན་སྒྲོན། །རྣམ་པར་འདྲེན་པ་རྣམས་བྱུང་ཡང་། །འཇིག་ རྟེན་དང་ནི་འདྲེས་མེད་ལ། །འཇིག་རྟེན་དུ་ཡང་སྣང་བ་སྟོན། །སྐུ་དང་སྐུ་ཡི་ཕྲིན་ལས་དང་། །གསུང་གིས་གང་དག་བརྗོད་པ་དང་། །ཡིད་དང་ཡིད་ཀྱི་རྣམ་རྟོག་རྣམས། །རྒྱལ་བའི་ཐམས་ཅད་འཇིག་རྟེན་འདས། །འཇིག་རྟེན་ན་ནི་ཐུགས་བརྩེ་བས། །འཇིག་རྟེན་མགོན་ པོ་འོད་མཛད་པ། །འཇིག་རྟེན་ཇི་ལྟར་རྟོགས་པ་བཞིན། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འཇིག་རྟེན་འདས་པའི་སྤྱོད་རྣམས་ཀྱིས། །སངས་རྒྱས་ཐམས་ཅད་ཡང་དག་འཕགས། །དེ་དག་ཕྲིན་ལས་འཇིག་རྟེན་འདས། །རྣམ་པར་སྨིན་པ་བླ་ན་མེད། །གལ་ཏེ་ འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་འཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །འཇིག་རྟེན་ཀུན་ལ་ཕན་བཞེད་པ། །སྐྱོབ་པ་རྫུ་འཕྲུལ་ལྡན་པ་པོ། །རང་བྱུང་སྡིག་པ་མི་མངའ་བ། །དེ་དག་གཡོ་ བ་བསམ་མི་ཁྱབ། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པ་ལས་ནི་བྱུང་མིན་ལ། །ཡབ་དང་ཡུམ་ཡང་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བསྐལ་པ་བྱེ་བ་གྲངས་མེད་ནས། །ཤེས་རབ་ཕ་རོལ་ཕྱིན་ ལས་བྱུང་། །འོན་ཀྱང་བྱིས་པ་ཉིད་སྟོན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་འོད་ནི་དཔག་མེད་དེ། །ཕྱོགས་བཅུ་དག་ཏུ་སྣང་མཛད་ཀྱང་། །འདོམ་གང་འོད་དུ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། ། མི་ཡི་དམ་པ་ནམ་དུ་ཡང་། །ཞབས་གཉིས་ས་ལ་མི་རེག་སྟེ། །འོན་ཀྱང་ལམ་སྲང་དེ་སྟོན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འདོད་པ་དེ་དག་རྣམས་སྨད་དེ། །འདོད་པའི་རྫབ་ལས་ཡང་དག་འཕགས། །འོན་ཀྱང་སྲས་ལ་སོགས་ སྟོན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མར་མེ་མཛད་ནས་བཟུང་ནས་སུ། །དེ་བཞིན་གཤེགས་པ་འདོད་ཆགས་བྲལ། །སྒྲ་གཅན་ཟིན་ལ་སྲས་ཞེས་གསུངས། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ལྷ་དང་འཇིག་རྟེན་བཅས་ པ་ཡི། །ང་ནི་མཆོག་ཅེས་བཀའ་སྩལ་པ། །ཕྱིན་ནས་ཆོས་ནི་ཚོལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཐུབ་ཆེན་འཛམ་ཤིང་གྲིབ་མ་ལ། །བཞུགས་ཏེ་བསམ་གཏན་མཛད་བསྟན་དང་། །ལོ་དྲུག་བར་དུ་དཀའ་སྤྱད་ པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གཉིས་སུ་མེད་པར་ཞིང་འདི་ན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །བདུད་འདུལ་རྣམ་པར་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བྱང་ཆུབ་མཚུངས་མེད་སངས་ རྒྱས་ཏེ། །ལྷར་བཅས་འཇིག་རྟེན་སྟོན་ཡིན་ཡང་། །ཐུགས་ལས་ཆུང་ངུ་ཉིད་སྟོན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དཔའ་བོ་ཐུགས་རྗེ་ཆེ་ལྡན་པ། །བསྟན་པའི་ཕྱིར་ནི་འདིར་གཤེགས་ལ། །གསོལ་བ་འདེབས་ལ་གཞེས་ མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རང་བྱུང་རྣམས་ཀྱི་མཁྱེན་པ་ནི། །ཕྱིར་ཞིང་འཇུག་པ་མི་མངའ་ཡང་། །དེ་དག་དྲན་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫོགས་པའི་སངས་རྒྱས་རྣམས་ལ་ནི། ། བྱོན་དང་བཞུད་པ་མི་མངའ་ཡང་། །འོན་ཀྱང་བཞུད་པར་རྣམ་སྣང་བ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྒྱལ་བ་རྣམས་ནི་མཁའ་འདྲ་སྟེ། །ཆོས་རྣམས་ཀུན་ལ་མི་གནས་ཀྱང་། །ལྡང་བ་ལྟར་ཡང་སྣང་བ་ནི། །འདི་ནི་འཇིག་ རྟེན་འཐུན་འཇུག་ཡིན། །ཞབས་ནི་པད་མའི་འདབ་འདྲ་སྟེ། །དེ་དག་རྡུལ་གྱིས་མི་གོས་ལ། །ཞབས་ཀྱང་འཁྲུ་བ་མཛད་པ་ནི། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་དྲི་མ་མི་མངའ་སྟེ། །སྐུ་ནི་གསེར་གྱི་མདོག་འདྲ་ཡང་། ། རྫོགས་པའི་སངས་རྒྱས་ཁྲུས་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཞལ་ནི་པད་མའི་དྲི་ལྡན་ཞིང་། །ཚེམས་ནི་དྲི་མེད་མུ་ཏིག་འདྲ། །འོན་ཀྱང་ཚེམས་ཤིང་གསོལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་ སྒྲིམས་པ་མི་མངའ་ཡང་། །དེ་དག་ཞལ་ཟས་གསོལ་མཛད་ཅིང་། །སྦྱིན་པ་པོ་ལ་འབྲས་བུ་ཆེ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྐུ་མཁྲེགས་རྡོ་རྗེ་འདྲ་བའི་ཕྱིར། །ཟག་པ་དག་ནི་མི་མངའ་ཡང་། །བཤད་པའི་སར་ནི་གཤེགས་ མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་སྙུན་ནི་མི་མངའ་ཡང་། །དགེ་འདུན་བསྡུ་བ་མཛད་པའི་ཕྱིར། །སྨན་ཀྱང་བསྟེན་པར་མཛད་པ་ནི། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་ཡོན་ཏན་ཀུན་ལྡན་ཏེ། །སྐུ་ལ་ འགྱུར་བ་མི་མངའ་ཡང་། །དེ་དག་རྒ་བ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འཇིག་རྟེན་ཁམས་ནི་དཔག་ཏུ་མེད། །ཞབས་ཀྱི་མཐེ་བོས་གཡོ་མཛད་ལ། །འོན་ཀྱང་ཉམ་ཆུང་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། ། ཡིད་ཀྱི་སྐུ་དང་རབ་ལྡན་པས། །དེ་བཞིན་གཤེགས་པ་ཆོས་སྐུ་ཡང་། །རྣག་ཅན་སྐུ་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་རྣམ་རྟོག་མི་མངའ་ཡང་། །སེམས་ཅན་སྤྱོད་ཡུལ་ཇི་བཞིན་དུ། །དེ་ དག་སྤྱོད་པ་རྣམ་པར་རྟོག །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་རྟག་ཏུ་མཉམ་བཞག་ལ། །འགྲེང་དང་བཞུགས་དང་བཞུད་པ་དང་། །དེ་བཞིན་མནལ་བར་སྣང་བ་ཡང་། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫོགས་པའི་ སངས་རྒྱས་ཐུབ་དཀའ་ལ། །གྲང་དང་ཚ་དང་གྲིབ་མ་དང་། །དེ་བཞིན་ཉི་མ་སྟེན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཚངས་པའི་ཁྱིམ་ན་ཚངས་པ་ལྟར། །རྒྱལ་བ་རྟག་པར་ན་བཟའ་གསོལ། །འོན་ཀྱང་ན་བཟའ་ལེན་མཛད་པ། །འདི་ ནི་འཇིག་རྟེན་འཐུན་འཇུག་ཡིན། །སྤྱི་གཙུག་བལྟར་ནི་མི་མཐོང་ཕྱིར། །སྤུ་གྲིས་གཅད་དུ་ཡོང་མེད་ཀྱང་། །དབུ་འབྲེག་པར་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫུ་འཕྲུལ་རྐང་པ་རབ་བསྒོམས་ཏེ། །དེ་དག་རྫུ་འཕྲུལ་རྣམ་སྟོན་ ལ། །བསམ་གཏན་མཛད་པ་སྣང་བ་ཡང་། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འཇིག་རྟེན་རྣམ་པར་འདྲེན་པ་ཀུན། །རོ་བྲོ་མཆོག་རྣམས་བརྙེས་གྱུར་ཀྱང་། །ངན་ངོན་དག་ནི་བསྟེན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བསོད་ ནམས་མི་ཟད་ཐམས་ཅད་ཀྱིས། །སངས་རྒྱས་ཐམས་ཅད་ཡང་དག་འཕགས། །འོན་ཀྱང་མ་བརྙེས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དགའ་བའི་ཟས་ནི་མངོན་བསྒྲུབས་ཏེ། །བསྐལ་པ་བྱེ་བ་བཞུགས་མཛད་ཀྱང་། ། རྟག་ཏུ་ཞལ་ཟས་གསོལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བསོད་ནམས་ཕ་རོལ་ཕྱིན་པས་འཕགས། །ལྷ་ཡི་ན་བཟའ་བརྙེས་གྱུར་ཀྱང་། །ཕྱག་དར་ཁྲོད་པ་གསོལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འོག་ མིན་གཞལ་མེད་ཁང་པ་རྣམས། །རྣམ་འདྲེན་རྣམས་ཀྱིས་ཡོངས་སྤངས་ཏེ། །རྩྭ་ཁྱིམ་རྣམས་ནི་སྟེན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འདྲེན་པ་རྣམས་ནི་ཞལ་དབུགས་ཀྱིས། །རྒྱ་མཚོ་ཆེན་པོ་སྐམས་མཛད་ཀྱང་། །ཆར་པའི་སྐྱབས་ཀྱང་ རབ་འཛིན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བདུད་རྣམས་བྱེ་བ་དཔག་མེད་པ། །ཐུགས་བསྐྱེད་ཙམ་གྱིས་འདུལ་མཛད་ཀྱང་། །བདུད་ཀྱི་བགེགས་རྣམས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ང་དང་ང་ཞེས་ལྟ་བ་གང་། ། དེ་ནི་རང་བྱུང་རྣམས་ལ་མེད། །འོན་ཀྱང་ང་དང་ངའི་ཞེས་གསུངས། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྐྱོབ་པ་སངས་རྒྱས་ཆོས་ཀུན་ལ། །མི་མཁྱེན་པ་ནི་མི་མངའ་ཡང་། །གཞན་ལ་ཡོངས་སུ་འདྲི་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྣམ་པར་འདྲེན་པ་འབྱུང་མཛད་ཀྱང་། །རབ་ཏུ་དབེན་པར་སྣང་བ་སྟེ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་སྣ་ཚོགས་སྐུ་མེད་ཀྱང་། །སེམས་ཅན་མོས་པ་ཇི་བཞིན་དུ། །སྐུ་ལུས་སྤྲུལ་པ་མཛད་པ་ནི། །འདི་ནི་ འཇིག་རྟེན་འཐུན་འཇུག་ཡིན། །འཇིག་རྟེན་ཀུན་གྱི་སྒྲ་སྐད་ཀྱིས། །དེ་བཞིན་གཤེགས་པ་མི་གཡོ་ལ། །འོན་ཀྱང་སྒྲ་ཆུང་སྟེན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫོགས་པའི་སངས་རྒྱས་སྤྲོས་མི་མངའ། །ཆོས་རྣམས་ཀུན་ལ་གསལ་ གྱུར་ཀྱང་། །སྤྲོས་དང་བཅས་པར་གསུང་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་ཀྱི་རྣམས། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ ཡིན། །ཆོས་རྣམས་སེམས་ཅན་མེད་པ་དང་། །ཤིན་ཏུ་དངོས་པོ་མེད་མཁྱེན་ལ། །སེམས་ཅན་མང་པོ་འདུལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གང་གིས་ལས་བྱས་འདི་ཉིད་ཀྱིས། །མྱོང་བར་གྱུར་པ་མ་ཡིན་ཡང་། ། གང་གིས་བྱས་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །སྐྱེས་བུ་མཆོག་རྣམས་མངོན་སུམ་ཡང་། །འཆི་འཕོ་སྐྱེ་བ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་ འཇུག་ཡིན། །འཇིག་རྟེན་འདི་ནས་སྲིད་གཞན་དུ། །སུ་ཡང་འཁོར་བར་ཡོང་མིན་ལ། །འཁོར་བ་ཡང་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་ གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ ནི་འཇིག་རྟེན་འཐུན་འཇུག་ཡིན། །ཀུན་ལ་མི་མཁྱེན་རྣམ་བྲལ་ཏེ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །འོན་ཀྱང་སྔོན་མཐའ་མི་གསུང་བ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཡང་དག་ཇི་བཞིན་གཞན་ མིན་པར། །ཆོས་རྣམས་རྟོགས་པར་ཐུགས་ཆུད་ལ། །འོན་ཀྱང་གཞག་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དམ་པའི་དོན་དུ་ཆོས་རྣམས་ཀུན། །ཟབ་པར་རབ་ཏུ་མཁྱེན་གྱུར་ལ། །སྣ་ཚོགས་སུ་ནི་སྟོན་མཛད་ པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སེམས་ཅན་བསམ་པ་ཇི་བཞིན་དུ། །འཕགས་པའི་བདེན་པ་སྟོན་མཛད་ཅིང་། །བརྫུན་པར་ཡང་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །བདུད་ནི་བྱེ་བ་ཕྲག་བརྒྱ་ ཡིས། །དགེ་འདུན་དབྱེ་བར་མི་ནུས་ཀྱང་། །དགེ་འདུན་དབྱེན་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་གང་ཡང་ནི་མ་བསླབས་ལ། །མ་བསླབས་པ་ཡང་གང་ཡང་མེད། །སློབ་དང་མི་སློབ་སྟོན་མཛད་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འདུས་བྱས་རྣམས་ནི་ངོ་བོ་ཉིད། །ངོ་བོ་ཉིད་ཀྱིས་གྲོལ་བཅིངས་མེད། །འོན་ཀྱང་རྣམ་པར་གྲོལ་བ་སྟོན། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མྱ་ངན་འདས་ལ་འགྲོ་མེད་ཀྱང་། །དགྲ་བཅོམ་ དེ་ནི་འགྲོ་འོང་ཞེས། །སེམས་ཅན་རྣམས་ལ་དེ་བསྟན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དོན་དང་དོན་མིན་མི་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱི་མཆོག་གསུང་བ། །འདི་ནི་འཇིག་རྟེན་འཐུན་ འཇུག་ཡིན། །དངོས་པོ་མེད་པ་གསལ་བའི་དངོས། །རྙོག་མ་མེད་པ་རབ་སྟོན་ཀྱང་། །ཆོས་རྣམས་ཆུད་ཟ་མེད་ཅེས་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་རྣམས་ཐམས་ཅད་བརྗོད་མེད་པར། །དེ་བཞིན་གཤེགས་པས་ རབ་མཁྱེན་ཀྱང་། །བརྗོད་པ་དག་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་མཁྱེན་པ་ཆགས་མི་མངའ། །དུས་རྣམས་ཀུན་ཏུ་མཉམ་བཞག་ཀྱང་། །དབང་པོ་རྣམས་ནི་སྦེད་མཛད་པ། །འདི་ནི་འཇིག་རྟེན་འཐུན་ འཇུག་ཡིན། དེ་བཞིན་གཤེགས་པ་རྡོ་རྗེའི་སྐུ། །སངས་རྒྱས་ཅུང་ཟད་མི་བསྙུན་ཡང་། །དགེ་སློང་བྱང་ཆུབ་ཡན་ལག་སྨྲོས། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྡིག་པ་ཐམས་ཅད་ཡོངས་ཟད་དེ། །བསོད་ནམས་ཀུན་གྱིས་མངོན་ འཕགས་ཀྱང་། །ལས་ཀྱི་རྒྱུད་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྐྱོབ་པ་སངས་རྒྱས་དུས་གསུམ་ལ། །མཐར་ཐུག་འགྱུར་བ་ཡོད་མིན་ཡང་། །མཚམས་གཅོད་པ་ཡང་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་ འཇུག་ཡིན། །དེ་བཞིན་གཤེགས་པ་ཆོས་སྐུ་སྟེ། །གཅིག་ཅི་འདྲ་བར་དེ་བཞིན་ཀུན། །འོན་ཀྱང་ཐ་དད་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་སོ་སོའི་སྐྱེ་བོ་དང་། །འཁོར་ བ་དང་ནི་མྱ་ངན་འདས། །ཚིག་གི་ལམ་གྱིས་རབ་ཏུ་ཕྱེ། །སངས་རྒྱས་ཡེ་ཤེས་མཐའ་ཡས་ཏེ། །ཆོས་ཀྱི་དབྱིངས་ལས་བྱུང་ཡིན་ཡང་། །སངས་རྒྱས་ཞིང་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫོགས་པའི་ སངས་རྒྱས་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་བསམ་མི་ཁྱབ། །སེམས་ཅན་འདུལ་བའི་དོན་གྱི་ཕྱིར། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཟག་མེད་ཡོད་པ་མ་ཡིན་ཡང་། །དེ་བཞིན་གཤེགས་པ་ཉན་ཐོས་ལ། །ཟག་པ་མེད་པ་ཉིད་གསུང་ བ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མཁྱེན་པས་དེ་དག་གཉིས་མིན་ཡང་། །དུས་གསུམ་དག་ནི་རྣམས་གཟིགས་ཤིང་། །གཉིས་ཀྱི་འདུ་ཤེས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། ། སངས་རྒྱས་རིག་པར་སུ་འདོད་པ། །དེ་ནི་ཆོས་དབྱིངས་ཞུས་ཤིག་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྐྱེ་བ་མེད་པ་བཟོད་བསྟེན་པ། །རྟག་ཏུ་ཡང་དག་རབ་ཏུ་མཁྱེན། །མཁྱེན་ནས་རབ་ཏུ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ ཡིན། །རྟག་ཏུ་ཆོས་ཀྱི་དབྱིངས་མཚུངས་ཏེ། །འཇུག་པ་མེད་ཅིང་འབྱུང་མེད་ཀྱང་། །འགྲོ་བ་གནས་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མི་སྐྱེ་བ་ལ་གཅིག་པ་འམ། །མང་པོ་ཡོད་པ་མ་ཡིན་ཡང་། །སྣ་ཚོགས་ རིམ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་དག་ཐ་དད་སྐུ་མེད་ཀྱང་། །སངས་རྒྱས་ཞིང་རྣམས་དཔག་མེད་དུ། །སྐུ་ལུས་དག་ནི་སྤྲུལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །སྟོང་གསུམ་བྱེ་བ་བརྒྱ་བགྲངས་ པ། །སངས་རྒྱས་ཞིང་དུ་བརྗོད་བྱ་བ། །དེར་ནི་སྐྱེ་བ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །དེ་བཞིན་གཤེགས་པས་དུས་ཀུན་ཏུ། །ཆོས་ནི་གནས་པར་རབ་མཁྱེན་ཀྱང་། །ཆོས་ཀྱི་འཁོར་ལོ་རབ་སྐོར་བ། །འདི་ནི་འཇིག་རྟེན་ འཐུན་འཇུག་ཡིན། །སངས་རྒྱས་འོད་ནི་དཔག་མེད་ཅིང་། །སྐུ་ལུས་དཔག་ཏུ་མེད་མིན་ཡང་། །དཔག་ཏུ་ཡོད་པར་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་ཀྱི་དབྱིངས་ལ་མཆོག་མེད་དེ། །དུས་གསུམ་དག་ཏུ་སྟོང་ཉིད་ཀྱང་། ། མཆོག་གིས་ཆོས་རྣམས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །སྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་ཀྱི་ དབྱིངས་ནི་གྲུབ་མེད་དེ། །དེ་ལ་ངོ་བོ་ཉིད་མེད་ཀྱང་། །འོན་ཀྱང་ངེས་པར་འབྱུང་སྟོན་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གཟིགས་པ་ཅི་ཡང་མི་མངའ་ཡང་། །ལྷག་མཐོང་གིས་ནི་གཟིགས་གྱུར་ཅིང་། །ལྟ་བ་ཐམས་ཅད་སྟོན་མཛད་ པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་རྣམས་ཀུན་ལ་བྱེད་པ་པོ། །ཤིན་ཏུ་ཡོད་པ་མ་ཡིན་ཡང་། །བྱས་དང་མ་བྱས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མྱ་ངན་འདས་དང་ནམ་མཁར་ནི། །རྒྱལ་བ་གྲངས་སུ་མ་ཆུད་ ཀྱང་། །ཁམས་ཀྱི་གྲངས་རྣམས་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གྲངས་མེད་སྟོབས་རྣམས་བརྙེས་གྱུར་ལ། །མཐུ་ལས་ཉམས་པ་མི་མངའ་ཡང་། །ཞབས་འབྲིང་བ་དག་ཚོལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། ། ནམ་ཡང་བྱིས་པའི་བློ་ལྡན་དང་། །སངས་རྒྱས་འདྲེན་པ་མི་མངའ་ཡང་། །བྱིས་པ་དེ་དག་འདུལ་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཡོན་ཏན་ལྡན་པ་ཐམས་ཅད་ཀྱི། །ཕ་རོལ་དེ་བཞིན་གཤེགས་བྱོན་ཀྱང་། །དེ་ལ་ང་ནི་གཞན་ཞེས་ པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མི་སྐྱེ་བ་ནི་རྟག་ཏུ་སྐྱེས། །དེ་དག་རྒྱུ་ལས་བྱུང་མིན་ཡང་། །མ་རིག་རྐྱེན་གྱིས་འབྱུང་ཞེས་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྒྱལ་བ་རྙེད་དང་བཀུར་སྟི་ལས། །སྒྲིབ་པ་མེད་པ་ཉིད་བརྙེས་ལ། ། ཆོག་ཤེས་པ་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གང་ན་སེམས་ཅན་འདུལ་ཡོད་པར། །སྣང་བ་དེར་ནི་འདྲེན་པ་རྣམས། །དེ་དག་སྤྱོད་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རིག་པ་གསུམ་གྱི་ཚོགས་བསགས་པ། ། རིག་པ་སྐྱེད་པར་ངེས་པར་སྟོན། །འདི་ལ་མཐོང་བ་ཅི་ཡང་མེད། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འཇིག་རྟེན་སྒྲོན་མ་ཐམས་ཅད་དུ། །སྐྱེ་བོ་དཔག་ཏུ་མེད་པ་འདུལ། །གླིང་བཞི་དག་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །འཇིག་རྟེན་གསུམ་ པོ་གང་ན་ཡང་། །ཆོས་གང་ཕུང་པོ་གནས་པ་མེད། །འོན་ཀྱང་ཆོས་གྲུབ་བཀའ་སྩལ་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མཐའ་གསུམ་གྱི་ནི་མཐར་སྐྱེས་པ། །དེ་བཞིན་གཤེགས་རྣམས་སྟོན་མཛད་ཅིང་། །སེམས་ཅན་རྣམས་ལ་རབ་སྟོན་པ། ། འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །ཆོས་རྣམས་ཀུན་གྱི་རྒྱུད་མཁྱེན་ནས། །འཆི་འཕོ་སྐྱེ་བ་རྣམ་སྤངས་ལ། །དེ་དག་ཐམས་ཅད་སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །མི་སྐྱེ་བ་ནི་གང་མཐོང་བ། །མ་རིག་དེ་ནི་ཡེ་ཤེས་བགེགས། །རིག་པ་སྐྱེད་པར་ སྟོན་མཛད་པ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །རྫོགས་པའི་སངས་རྒྱས་གཅིག་ཡིན་ཡང་། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འབྱུང་བ་དག་ནི་བསམ་མི་ཁྱབ། །འདི་ནི་འཇིག་རྟེན་འཐུན་འཇུག་ཡིན། །གང་དག་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་ དུས་ན་ཐོས་འགྱུར་ཞིང་། །ཐེ་ཙོམ་མེད་ལ་ཤེས་འགྱུར་བ། །དེ་དག་སྔོན་གྱི་རྒྱལ་བ་མཐོང་། །འཇིག་རྟེན་མགོན་གྱིས་དེ་གསུངས་ནས། །སྲས་པོ་འཇམ་པའི་དབྱངས་ལ་སོགས། །རབ་ཏུ་དགའ་ཞིང་ཡི་རངས་ཏེ། །སྟོན་པའི་བཀའ་ལ་མངོན་པར་བསྟོད། །འཕགས་པ་ འཇིག་རྟེན་གྱི་རྗེས་སུ་འཐུན་པར་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།