Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 061_མདོ་སྡེ།_ཙ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
ོ། །བཙུན་
པ་རབ་འབྱོར་སེམས་ཅན་བརྒྱ་བྱིན་གྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ། དེ་དག་ལ་ནི་བདག་བརྒྱ་བྱིན་གྱི་དགའ་བ་སྟོབས་པར་བགྱིད་དེ། བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །བཙུན་པ་རབ་འབྱོར་སེམས་ཅན་ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ། དེ་དག་ལ་ནི་བདག་ལྟོ་འཕྱེ་ཆེན་པོའི་བར་གྱི་དགའ་བ་སྟོབས་པར་བགྱིད་དེ་བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །

བཙུན་པ་རབ་འབྱོར་སེམས་ཅན་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། །བློན་པོ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། །
སེམས་ཅན་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པའི་དགའ་བ་ལ་མོས་པ་དག་ཀྱང་མཆིས་སོ། །སེམས་ཅན་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག །ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྔ་ཡབ་ཀྱི་དགའ་བ་
ལ་མོས་པ་དག་ཀྱང་མཆིས་སོ། །སེམས་ཅན་གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། བྱི་རུ་དང་། རྡོའི་སྙིང་པོ་དང་། སྤུག་དང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་
མཆིས་སོ། །སེམས་ཅན་རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དང་། ཁར་རྔ་དང་། པི་བང་དང་། གླིང་བུ་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཀྱི་དགའ་བ་ལ་མོས་པ་དག་ཀྱང་མཆིས་ཏེ། བཙུན་པ་རབ་འབྱོར་སེམས་ཅན་དེ་དག་ལ་ཡང་བདག་གིས་བསམ་པ་ཐམས་ཅད་དང་། དགའ་བ་དང་། རྩེད་མོ་
ཐམས་ཅད་སྟོབས་པར་བགྱིད་དེ། བསྟབས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པར་བགྱིད་དོ། །རབ་འབྱོར་གྱིས་སྨྲས་པ། ཆེ་ཞེ་འདོད་པའི་ཡོན་ཏན་ལྔ་ནི་འཕགས་པའི་ལམ་གྱི་བར་དུ་གཅོད་པ་ཡིན་ན། ཇི་ལྟར་དེ་དག་བསྟབས་པས་འདུལ་བར་འགྱུར་ཏེ།
གནས་འདི་ཕན་ཚུན་མི་འཐུན་པ་ཡིན་ནོ། །ཆེ་ཞེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་གང་ཁོ་ན་ཡིན་པ་དེ་དག་ཉིད་ཀྱིས་སེམས་ཅན་རྣམས་འདུལ་བར་བྱེད་པ་ནི་དཀའ་བར་བྱེད་པ་སྟེ་ངོ་མཚར་ཏོ།། །།བམ་པོ་
གཉིས་པ་སྟེ་ཐ་མ། དེ་ནས་བུད་མེད་དེས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པའི་ཚོང་དཔོན་གྱི་བུ་གཉིས་ཆོས་མཉན་པའི་ཕྱིར་སྒོ་གང་དེར་འདུས་པར་གྱུར་ཏེ། དེ་གཉིས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་

ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་རང་གི་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའི་ཤེས་རབ་སད་པར་མ་མཛད་ཅིག །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་དགོངས། འབྲུ་མར་གྱི་མར་མེ་ཆུང་ངུ་གང་ལགས་པ་དེ་ཁའི་དབུགས་སམ། ལག་པས་གཡབས་པའམ།
གོས་ཀྱིས་གཡབས་པའི་རླུང་གིས་ཞི་བར་མཛད་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་དག་འབྲུ་མར་གྱི་མར་མེ་ཆུང་ངུ་གང་ཡིན་པ་དེ་ནི་ཁའི་དབུགས་སམ། ལག་པས་གཡབས་པའམ། གོས་ཀྱིས་གཡབས་པའི་རླུང་གིས་ཞི་བར་བྱེད་ནུས་སོ། །དེ་གཉིས་ཀྱིས་སྨྲས་པ། བཙུན་པ་
རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའི་ཤེས་རབ་ཀྱི་སྣང་བ་དང་། བསོད་ནམས་ཀྱི་སྣང་བ་ཆུང་ངུ་དེ་ནི་འདོད་པའི་རྟོག་པ་གཅིག་གིས་ཀྱང་མ་མཆིས་པར་བགྱིད་དོ། །བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་དགོངས། སྲེག་པའི་བསྐལ་པའི་མེའི་
ཕུང་པོ་གང་ལགས་པ་དེ་གང་གཱའི་ཀླུང་ཆུས་གང་བས་ཞི་བར་མཛད་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་དག་དེ་ནི་རྒྱ་མཚོ་འབུམ་གྱིས་ཀྱང་ཞི་བར་མི་ནུས་ན་གང་གཱའི་ཀླུང་ཆུས་ཡོངས་སུ་གང་བས་ལྟ་ཅི་སྨོས། དེ་གཉིས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་སྣང་བ་དང་། བསོད་ནམས་ཀྱི་སྣང་བ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ། །བཙུན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདོད་པའི་ཡོན་ཏན་ལྔས་རྩེ་ཞིང་དགའ་ལ་དགའ་
དགུར་སྤྱོད་ཀྱང་། དེ་དག་གིས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྣང་བ་དང་། བསོད་ནམས་ཀྱི་སྣང་བ་ཟད་པར་མི་ནུས་སོ། །བཙུན་པ་རབ་འབྱོར་དཔེར་ན་མི་དབུལ་པོ་ནད་པ་གསོ་ཞིང་ནད་ཞི་བར་བགྱི་བའི་སླད་དུ་སྨན་པས་སྨན་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། ཁ་བ་
དང་། བསྐ་བ་ལས་མོད་པ་དང་། རིན་ཆུང་བ་གང་ལགས་པ་དེ་དག་སྩོལ་བར་བགྱིད་དོ། །དེས་ཀྱང་བདག་བདེ་བ་ཉམས་སུ་མྱོང་བར་བགྱི་བའི་སླད་དུ་དེ་དག་བསྟེན་པར་བགྱིད་དོ། །དེ་དག་བསྟེན་པས་ནད་ཆུང་བའི་སླད་དུ་ནད་དེ་ལས་ཐར་བར་འགྱུར་བ་དེ་བཞིན་དུ། བཙུན་པ་རབ་འབྱོར་ཉན་ཐོས་ཀྱི་

ཐེག་པ་པ་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། འདོད་པ་ཉུང་བ་དང་། དགོན་པ་ན་གནས་པ་དང་། ཆོག་ཤེས་པ་དང་། ལོངས་སྤྱོད་ཆུང་བ་དང་། བྱ་བ་ཉུང་བས་སྡུག་བསྔལ་ཐམས་ཅད་ཉམས་སུ་མྱོང་ནས། དེའི་འོག་ཏུ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་
འདའ་བར་འགྱུར་ཏེ། བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བགྱི་སྟེ། ཇི་ལྟར་མི་དབུལ་པོ་གསོ་བ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་རྣམ་པར་གྲོལ་བ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ། །བཙུན་པ་རབ་འབྱོར་དཔེར་ན་རྒྱལ་རིགས་ཀྱི་རྒྱལ་པོ་སྤྱི་བོ་ནས་དབང་
བསྐུར་བ་ནད་པ་གསོ་བའི་ཕྱིར་སྨན་པས་རྒྱལ་པོ་ལ་འོས་པའི་སྨན་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་ཁར་བཅུག་ན་ཡང་ཞིམ་ལ་ལྟོར་སོང་ན་ཡང་བདེ་བ་དེ་ལྟ་བུ་ལེགས་པར་སྦྱར་ནས་སྦྱིན་པར་བགྱིད་དེ་རྒྱལ་པོ་ལ་འོས་པའི་ཁུ་བཅུད་དོ་ཅོག་ཀྱང་
དེ་ལ་སྦྱིན་པར་བགྱིད་དོ། །རྒྱལ་པོ་དེ་ཡིད་མི་བདེ་བར་མི་འགྱུར་བར་བགྱི་བའི་སླད་དུ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་དེ་ལ་འབུལ་བར་བགྱིད་དོ། །སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱང་དེ་དང་འཐུན་པར་སྦྱོར་ཞིང་གླུ་ལེན་པར་བགྱིད་དོ། །དེ་ཇི་
ཙམ་དུ་དགའ་བ་རྣམ་པ་སྣ་ཚོགས་དེ་དག་གིས་དགའ་བར་གྱུར་པ་དེ་ཙམ་དུ་ནད་དེ་ལས་ཐར་བར་འགྱུར་བ་དེ་བཞིན་དུ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཁ་ཅིག་དགའ་བ་བཀོད་པའི་ཐབས་ལ་མཁས་པས་དགའ་བ་ཐམས་ཅད་ཀྱང་མྱོང་ལ། བདེ་བ་ཐམས་ཅད་དང་ལྡན་པའི་ཐེག་
པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་དག་ཀྱང་མཆིས་ཏེ། བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བགྱི་སྟེ། ཇི་ལྟར་རྒྱལ་པོ་གསོ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་མངོན་པར་
རྟོགས་པ་ཡང་དེ་དང་འདྲ་བར་བལྟ་བར་བགྱིའོ། །བཙུན་པ་རབ་འབྱོར་གཞན་ཡང་འདོད་པའི་ཡོན་ཏན་ལྔ་ཡང་རྩ་བ་མ་མཆིས་པ་དང་། གནས་མ་མཆིས་པ་ལགས་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱང་རྩ་བ་མ་མཆིས་པ་དང་། གནས་མ་མཆིས་པ་ལགས་ཏེ། དེ་ལྟ་བུར་བཟོད་པ་གང་

ལགས་པ་དེས་ནི་བདག་གིས་བྱ་བ་ནི་གང་ཡིན། མི་བྱ་བ་ནི་གང་ཡིན་སྙམ་དུ་རང་གིས་འཚལ་ཏོ། །འདོད་པའི་ཡོན་ཏན་ལྔ་མི་དམིགས་པ་ལགས་ཏེ་གང་གིས་དེ་ལྟ་བུར་བཟོད་པ་དེས་ནི་ལམ་ནི་གང་ཡིན་ལམ་ངན་པ་ནི་གང་ཡིན་སྙམ་དུ་རང་གིས་འཚལ་ཏོ། །འདོད་པའི་ཡོན་ཏན་ལྔ་ཡང་སྟོང་
ལ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོང་སྟེ། གང་གིས་དེ་ལྟ་བུར་བཟོད་པ་དེས་ནི་འདོད་པ་རྣམས་ལས་བཟློག་མི་འཚལ་ཏེ་དེ་ནི་རང་ཉིད་ཀྱིས་འདོད་པ་རྣམས་ལ་སྨོད་པར་བགྱིད་དེ་སྟོན་པར་མི་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚོང་དཔོན་གྱི་བུ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་
སོ། །ཆེ་ཞེ་འདི་རིགས་ཀྱི་བུ་ཁྱེད་གཉིས་ཀྱི་ཅིར་འོང་། དེ་ནས་ཚོང་དཔོན་གྱི་བུ་དེ་གཉིས་ཀྱིས་དེའི་ཚེ་ཚེ་དང་ལྡན་པ་རབ་འབྱོར་ལ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ནི་ཕ་ལགས་མ་ཡང་ལགས། །འདི་ནི་མཛའ་བོ་གྲོགས་མཆོག་འདི། །འདི་ནི་ཁྱོ་ལགས་
འཁྲ་ས་ལགས། །འདི་ནི་སྟོན་པ་བླ་ན་མེད། །འདི་ནི་ཉིད་ཀྱི་མཐུ་སྟོབས་ཀྱི། །འདི་ནི་ཡོངས་སུ་གྲོལ་བར་བགྱིས། །འདི་ནི་དེ་བཞིན་ཉིད་ལྡན་པས། །སྡུག་བསྔལ་འཆིང་ལས་བདག་ཅག་བཀྲོལ། །འདི་ནི་ཆོས་ཀུན་སྟོན་པ་སྟེ། །རིགས་པ་ཀུན་གྱིས་རྣམ་པར་རྟོགས། །
བདག་ཅག་གཉིས་ནི་དགའ་བྱིན་ནས། །འཆི་བ་མེད་ལ་ལེགས་པར་བཙུད། །ཇི་ལྟར་ཉ་ནི་ཤས་གཡོགས་པའི། །མཆིལ་པ་ཡིས་ནི་བཟུང་བ་ལྟར། །འདིས་ནི་ཐབས་ཀྱིས་བདག་ཅག་གཉིས། །བསོད་ནམས་བརྒྱས་ནི་བཅུས་པར་གྱུར། །གདུག་པའི་སྦྲུལ་གྱིས་
ཟིན་པ་ཡི། །དུག་ནི་དུག་གིས་ཞི་བགྱིད་ལྟར། །དེ་བཞིན་འདིས་ནི་བདག་ཅག་གི། །འདོད་ཆགས་དུག་ནི་དུག་གིས་བཅོམ། །ཇི་ལྟར་མི་ནི་མེས་ཚིག་པ། །མེ་ཡིས་བསྲོས་ན་ཞི་བ་ལྟར། །དེ་བཞིན་རང་གི་ཉོན་མོངས་གདུང་། །ཉོན་མོངས་རྣམས་ཀྱིས་ཡོངས་སུ་བཀྲོལ། །
བདག་ཅག་གཉིས་ཀྱིས་དམ་ཆོས་རྟོགས། །འདོད་པ་བདག་ཅག་གཉིས་མི་འཚལ། །བྱིས་པ་གང་དག་འདོད་པ་འཚལ། །དེ་དག་བྱང་ཆུབ་འདོད་མ་ལགས། །འཇིག་རྟེན་འདོད་པར་གསུངས་པ་རྣམས། །དེ་དག་འཇིགས་ཆེན་གཤེད་མ་སྟེ། །དེ་དག་ཉིད་ནི་ཡོངས་རྟོགས་

པ། །མཁས་པ་རྣམས་ཀྱི་རྣམ་གྲོལ་ལགས། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཅི་ཁྱོད་ཀྱིས་རིགས་ཀྱི་བུ་རྣམས་ཁོ་ན་དགའ་བ་བཀོད་པའི་ཐབས་ལ་མཁས་པ་འདིས་འདུལ་བར་བྱེད་དམ། འོན་ཏེ་རིགས་ཀྱི་
བུ་མོ་དག་ཀྱང་འདུལ་བར་བྱེད། སྨྲས་པ། བཙུན་པ་རབ་འབྱོར་བདག་གིས་ནི་དགའ་བ་བཀོད་པའི་ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་གང་ཡང་འདུལ་བར་མི་བགྱིད་པ་མ་མཆིས་ཏེ། བཙུན་པ་རབ་འབྱོར་བུད་མེད་ཀྱི་སེམས་ནི་ལྷག་པར་ཡང་དགའ་བ་ལ་སྲེད་པས་ན་བདག་གིས་ནི་
བུད་མེད་ཆོས་མང་དུ་དགའ་བ་བཀོད་པའི་ཐབས་ལ་མཁས་པས་བཏུལ་གྱི་སྐྱེས་པ་དག་ནི་དེ་ལྟ་མ་ལགས་སོ། །སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་ཇི་ལྟར་བུད་མེད་ཀྱི་གཟུགས་ཀྱིས་བུད་མེད་འདུལ་བར་བྱེད། དེ་ནས་བུད་མེད་དེས་དེའི་ཚེ་སྐྱེས་པ་ལོ་ཉི་ཤུ་རྩ་གཉིས་ལོན་པ། གོས་གཙང་མ་སྲབ་
མོ་བགོས་པ། སྐྱེས་པའི་རྒྱན་གྱིས་བརྒྱན་པ། མཛེས་ཤིང་བལྟ་ན་སྡུག་ལ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་ཅི་འདྲ་བ་དེ་ལྟ་བུར་སྣང་བར་བྱས་ནས་དེས་སྨྲས་པ། བཙུན་པ་རབ་འབྱོར་བུད་མེད་ནི་གཟུགས་ཀྱི་ལུས་འདི་ལྟ་བུས་འདུལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་
གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་བུད་མེད་ཡིན་ནམ། འོན་ཏེ་སྐྱེས་པ་ཡིན། དེས་སྨྲས་པ། བཙུན་པ་རབ་འབྱོར་ཅི་ཁྱོད་སོ་སོའི་སྐྱེ་བོའམ། འོན་ཏེ་སློབ་པ་ལགས། སྨྲས་པ། རིགས་ཀྱི་བུ་བདག་ནི་སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན་ནོ། །སྨྲས་
པ། བཙུན་པ་རབ་འབྱོར་བ་དག་ཀྱང་དེ་བཞིན་ཏེ། བུད་མེད་ཀྱང་མ་ལགས། སྐྱེས་པ་ཡང་མ་ལགས་སོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་ཁྱོད་སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་ན་བདག་གིས་ཁྱོད་ཇི་ལྟར་གཟུང་བར་བྱ། སྨྲས་པ། གལ་ཏེ་བཙུན་པ་སོ་སོའི་སྐྱེ་བོ་
ཡང་མ་ལགས། སློབ་པ་ཡང་མ་ལགས་ན་བདག་གིས་ཁྱོད་ཇི་ལྟར་གཟུང་བར་བགྱི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་ཏེ་གལ་ཏེ་བདག་གིས་བརྩམས་ན་ནི་ཡང་བདག་ལ་འདྲི་བར་འོང་ངོ་སྙམ་

མོ། །དེ་ནས་རིགས་ཀྱི་བུ་དེས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་སེམས་ཀྱིས་བརྟགས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ནི་བརྟན་པོ་མ་ལགས་ཏེ་འདྲི་བས་སྐྲག་གིས། བཙུན་པ་རབ་འབྱོར་འདྲི་བས་སྐྲག་པར་མ་མཛད་ཅིག །སྨྲས་
པ། བདག་ནི་དགྲ་བཅོམ་པ་ཟག་པ་ཟད་པའོ། །སྨྲས་པ། བཙུན་པ་རབ་འབྱོར་ཟག་པ་ཟད་པ་དེ་དག་གང་ལགས། ཅི་འདས་པ་རྣམས་ལགས་སམ། མ་འོངས་པ་རྣམས་ལགས་སམ། ད་ལྟར་བྱུང་བ་རྣམས་ལགས་སམ། འདས་པ་གང་ལགས་པ་དེ་དག་ཟད་ཅེས་བགྱིར་ནི་
འདས་པ་ལ་ཟད་པ་མ་མཆིས་སོ། །མ་འོངས་པ་གང་ལགས་པ་དེ་དག་ཀྱང་ད་དུང་མ་ཕྱིན་པ་སྟེ། དེ་དག་ཀྱང་ཟད་པར་བགྱིར་མི་ནུས་སོ། །ད་ལྟར་བྱུང་བ་གང་ལགས་པ་དེ་དག་ནི་མི་གནས་པ་སྟེ། དེ་དག་ཀྱང་ཟད་པར་བགྱིར་མི་ནུས་སོ། །རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་བདག་གིས་
ནི་འདྲི་བ་ཐམས་ཅད་ཀྱི་ལན་གདབ་པར་མི་ནུས་པའི་སྟེང་དུ་བསོད་སྙོམས་ཀྱི་དུས་ལ་བབ་སྟེ་བདག་གི་དུས་ཡོལ་དུ་འོང་གིས་བསོད་སྙོམས་ལ་འགྲོའོ། །དེ་ནས་དེའི་ཚེ་རིགས་ཀྱི་བུ་དེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་
སོ། །རིགས་ཀྱི་བུ་དེ་སྙོམས་པར་ཞུགས་མ་ཐག་ཏུ་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་མཐོང་སྟེ། ལ་ལར་ནི་ཉི་མ་འཆར་ཀ་ཙམ། ལ་ལར་ནི་ཉི་མ་བག་དྲོས་ཙམ། ལ་ལར་ནི་དྲོས་བུ་ཆུང་ཙམ། ལ་ལར་ནི་སྔ་དྲོ་ཕྱེད་ཙམ། ལ་ལར་ནི་དྲོ་ལ་
བབ་ཏུ་ཉེ་བའི་དུས་ཙམ། ལ་ལར་ནི་གཎྜཱི་རྡུང་བའི་དུས་ཙམ། ལ་ལར་ནི་སྔ་མ་བཀད་པ་ཙམ། ལ་ལར་ནི་བཀད་ཟིན་པ་ཙམ། ལ་ལར་ནི་ཟན་ཟ་ཞིང་འདུག་པ་ཙམ། ལ་ལར་ནི་ལྡང་བ་ཙམ། ལ་ལར་ནི་ལྷུང་བཟེད་འཁྲུ་བ་ཙམ། ལ་ལར་ནི་ཕྱེད་ཡོལ་གྱི་དུས་ཙམ། ལ་ལར་ནི་
ཕྱེམ་རེད་ཀྱི་དུས་ཙམ། ལ་ལར་ནི་སྲོད་ཙམ། ལ་ལར་ནི་ནམ་ཕྱེད་ཙམ། ལ་ལར་ནི་ནམ་ཆུང་འཁོར་ཙམ། ལ་ལར་ནི་ཟླ་བ་དང་ཉི་མ་མེད་དེ་རང་གི་འོད་དང་ལྡན་པར་མཐོང་ངོ་། །དེ་ནས་རིགས་ཀྱི་བུ་དེས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་

འབྱོར་ཁྱོད་དུས་ཚོད་གང་གི་ཚེ་བཤོས་གསོལ། དུས་ཚོད་ནི་ཇི་ཙམ་དུ་གདའ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་བདག་ནི་འདི་ཉིད་ཀྱི་དུས་ཚོད་ལ་ཟན་ཟའི་སངས་རྒྱས་ཀྱི་ཞིང་གཞན་གྱི་དུས་ཚོད་ལ་མ་ཡིན་ནོ། །དེ་ནས་རིགས་ཀྱི་བུ་དེས་དེའི་ཚེ་ཉི་མའི་དཀྱིལ་
འཁོར་ནུབ་ཕྱོགས་སུ་སོང་བ་དེ་སྔ་དྲོའི་ཕྱེད་ཙམ་དུ་བཞག་སྟེ། ཅི་ནས་སྔ་དྲོའི་ཕྱེད་ཙམ་དུ་འཛིན་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་སོ། །དེ་ནས་རིགས་ཀྱི་བུ་དེས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་དུས་ཚོད་
ཇི་ཙམ་ལ་བབ་པ་གཟིགས་ཤིག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་མཐོང་ནས་ཡིད་ཆེས་ཏེ་མི་རིང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་མིང་ཅི་ཡིན་བདག་ལ་སྟོན་ཅིག །རིགས་ཀྱི་བུ་དེས་སྨྲས་པ།
བཙུན་པ་རབ་འབྱོར་ཁྱོད་ལ་བདག་གི་མིང་གིས་ཅི་ཞིག་བགྱི། །ཡང་ན་དེ་བཞིན་གཤེགས་པ་ཉིད་ལ་ཞུས་ཤིག་དང་དེ་ཁྱོད་ལ་ལན་འདེབས་སོ། །བཙུན་པ་རབ་འབྱོར་གཞན་ཡང་མིང་ཐམས་ཅད་ནི་མིང་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། མིང་ཐམས་ཅད་ནི་ཀུན་བརྟགས་པ་དང་།
ཡང་དག་པ་མ་ལགས་པ་སྟེ། གང་ཀུན་བརྟགས་པ་དང་། ཡང་དག་པ་མ་ལགས་པ་དེ་ལ་མིང་འདི་ཞེས་ཇི་སྐད་བགྱི། བཙུན་པ་རབ་འབྱོར་གྱིས་སྨྲས་པ། ཅི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་གང་ཡིན་པ་དེ་ཡང་ཀུན་བརྟགས་པ་དང་། ཡང་དག་པ་མ་ཡིན་པ་ཡིན་ནམ། སྨྲས་པ།
བཙུན་པ་རབ་འབྱོར་དེ་ནི་དེ་བཞིན་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཕན་ཚུན་ཐ་དད་པ་མ་མཆིས་པའི་སླད་དུའོ། །སྨྲས་པ། རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་ཐ་དད་པ་ཇི་ལྟ་བུ་ཡིན། སྨྲས་
པ། བཙུན་པ་རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ལ་སངས་རྒྱས་ཀྱི་ཞིང་ལ་ལར་ནི་མཐུ་ཞེས་བགྱིའོ། །ལ་ལར་ནི་སྡུད་པ་ཞེས་བགྱིའོ། །ལ་ལར་ནི་ཐམས་ཅད་དུ་སྣང་བ་ཞེས་བགྱིའོ། །ལ་ལར་ནི་དྲི་མ་མེད་པ་ཞེས་བགྱིའོ། །ལ་ལར་ནི་དོན་ཐམས་ཅད་སྟོན་པ་ཞེས་བགྱིའོ། །

ལ་ལར་ནི་ཉམས་པ་མེད་པ་ཞེས་བགྱིའོ། །ལ་ལར་ནི་མཆོད་པ་པོ་ཞེས་བགྱིའོ། །ལ་ལར་ནི་མངོན་སུམ་པ་ཞེས་བགྱིའོ། །ལ་ལར་ནི་བྱི་རུ་འཛིན་ཅེས་བགྱིའོ། །ལ་ལར་ནི་རྣམ་པར་རྒྱལ་བ་ཆེན་པོ་ཞེས་བགྱིའོ། །ལ་ལར་ནི་སྒྲ་ཆེན་པོ་ཞེས་བགྱིའོ། །ལ་ལར་ནི་དཔག་ཏུ་མ་
མཆིས་པ་ཞེས་བགྱི་སྟེ། བཙུན་པ་རབ་འབྱོར་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཐ་དད་པ་དཔག་ཏུ་མ་མཆིས་སོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་
མིང་ཐ་དད་པ་ཡང་དཔག་ཏུ་མ་མཆིས་སོ། །དེ་བཞིན་དུ་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་
ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ན་མིང་ཐ་དད་པ་དཔག་ཏུ་མ་མཆིས་ཏེ། དེ་བས་ན་བཙུན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་མིང་ཐམས་ཅད་ནི་མིང་མ་མཆིས་པ་དང་། ཀུན་བརྟགས་པ་
དང་། ཡང་དག་པ་མ་ལགས་པ་དེ་ལྟར་རིག་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ནི་དེ་ན་ཡོན་གནས་འདི་ལྟ་བུ་དག་འཁོད་པ་ལས་ན་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །
རིགས་ཀྱི་བུ་དེས་སྨྲས་པ། བཙུན་པ་རབ་འབྱོར་འཇིག་རྟེན་ན་ཡོན་གནས་གང་ལགས་པ་མཁྱེན་ཏམ། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་བདག་གིས་སྤོབས་པ་དེ་བཞིན་དུ་བསྟན་པར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ལ་ཞུགས་པ། སེམས་འཁྲུལ་པ་མེད་པ་གང་ཡིན་པ་དེ་
དག་ནི་འཇིག་རྟེན་ན་ཡོན་གནས་ཡིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་དག་ནི་ཡོན་གནས་ཡོངས་སུ་རྫོགས་པ་མ་ལགས་སོ། །སྨྲས་པ། རིགས་ཀྱི་བུ་ཡོན་གནས་ཡོངས་སུ་རྫོགས་པ་ཇི་ལྟ་བུ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་སེམས་ཅན་

ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་སྐྱེ་ལ་སེམས་ཅན་གང་ཡང་མི་དམིགས་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཚུལ་མི་གཅོད་པ་གང་དག་ལགས་པ་དེ་དག་ནི་
འཇིག་རྟེན་ན་ཡོན་གནས་ལགས་སོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་ལ་བརྩོན་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །ཡེ་ཤེས་མི་ཟད་པ་དང་། ཤེས་རབ་མི་ཟད་པ་དང་། བསོད་ནམས་མི་ཟད་པ་དང་། སྤོབས་པ་མི་
ཟད་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །སོ་སོའི་སྐྱེ་བོའི་གྲོགས་མི་བགྱིད་ལ་འཕགས་པའི་གྲོགས་བགྱིད་པ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །གང་དག་མཐོང་བ་ཙམ་གྱིས་སེམས་ཅན་རྣམས་ཀྱི་ཡེ་ཤེས་མཐོང་བ་
རྣམ་པར་དག་པར་འགྱུར་བ་གང་དག་ལགས་པ་དེ་དག་ནི་འཇིག་རྟེན་ན་ཡོན་གནས་ལགས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱི་ཕྱི་བཞིན་དུ་རྟག་ཏུ་འབྲང་བའི་ལྷ་ངེས་པ་ལ་མ་ཞུགས་པ་གང་ཡིན་པ་དེས་ཡོན་གནས་ཀྱིས་བསྟན་པ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་ཕྱག་འཚལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་བཟོད་པ་གསོལ་ཏེ། བཙུན་པ་རབ་འབྱོར་བ་དག་ཁྱོད་ཀྱི་སླད་བཞིན་དུ་འབྲང་བར་མི་བགྱིད་དོ་ཞེས་བྱས་སོ། །དེ་ནས་རིགས་ཀྱི་བུ་དེས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་
སོ། །ལྷ་ཁྱོད་ཅིའི་ཕྱིར་བཙུན་པ་རབ་འབྱོར་ལ་བཟོད་པ་གསོལ། སྨྲས་པ། རིགས་ཀྱི་བུ་བདག་ལོ་བཅུ་གཉིས་ཀྱི་བར་དུ་བཙུན་པ་རབ་འབྱོར་གྱི་ཕྱི་བཞིན་འབྲངས་ཀྱང་། བདག་གིས་ཡོན་གནས་ཀྱིས་བསྟན་པ་འདི་ལྟ་བུ་སྔོན་ཆད་མ་ཐོས་ཏེ། དེ་བས་ན་ད་ལྟར་ཡོན་གནས་
ཀྱིས་བསྟན་པ་འདི་ཐོས་ནས་བདག་གི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདག་འདི་སྙམ་དུ་སེམས་ཏེ། གང་དང་གང་ན་ཡོན་གནས་ཀྱིས་ཡོངས་སུ་དག་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སྡུད་པར་བྱེད་པའི་ཆོས་

འདི་ལྟ་བུ་དག་ཐོས་པར་འགྱུར་བ་དེ་དང་དེར་འགྲོའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ལྷ་དེའི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རངས་ནས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཁྱོད་ཀྱི་སེམས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བཏུད་པ་དེ་ནི་རྙེད་པ་ལེགས་པར་རྙེད་དོ། །ལྷ་
བདག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་སྣད་པར་གྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པས་ཅི་བྱར་ཡང་མེད་དོ། །ལྷ་གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན་ནི་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞིག་
མོད། ལྷ་གཞན་ཡང་ཁྱོད་ཀྱིས་ནི་སྔོན་མ་ཐོས་པའི་ཆོས་རྣམས་ཐོས་པར་བྱེད་པ་དང་། ཐོས་པ་རྣམས་ཀྱང་ཆུད་མི་ཟ་བར་བྱེད་པའི་སྐྱེས་བུ་དམ་པ་འདི་ཅི་འདྲ་བ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྟེན་པར་བྱའོ། །དེ་ནས་རིགས་ཀྱི་བུ་དེས་ལྷ་དེ་ལ་འདི་
སྐད་ཅེས་སྨྲས་སོ། །ལྷ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འགྲུབ་པར་དཀའ་སྟེ། དེ་ནི་གོ་ཆ་ངན་ངོན་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ལྷས་སྨྲས་པ། སྐྱེས་བུ་དམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འགྲུབ་པར་དཀའ་བ་ཡིན་མོད་
ཀྱི། འོན་ཀྱང་ཅི་ནས་བདག་གིས་བཙལ་བ་དོན་ཡོད་པར་འགྱུར་བར་བདག་གིས་བསྒྲུབ་པར་བྱའོ། །སྨྲས་པ། ལྷ་ཁྱོད་ཀྱིས་ཇི་ལྟར་བསྒྲུབ་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་རབ་ཏུ་གྲོལ་བར་བྱ་བ་
དང་། སེམས་ཅན་ཐམས་ཅད་ཀྱི་ཕུང་པོའི་ཁུར་ཁྱེར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སྡུག་བསྔལ་ཐམས་ཅད་རྟོགས་པར་བྱ་བའི་ཕྱིར་དེ་ལྟར་བསྒྲུབ་པར་བྱའོ། །རིགས་ཀྱི་བུ་དེས་སྨྲས་པ། ལྷ་སེམས་ཅན་དུ་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་ལ་སེམས་
སྙོམས་པ་མེད་དོ། །ཉོན་མོངས་པར་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་རབ་ཏུ་གྲོལ་བར་བྱེད་པ་མེད་དོ། །ཕུང་པོར་འདུ་ཤེས་པ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་ཕུང་པོའི་ཁུར་ཁྱེར་བ་མེད་དོ། །ཀུན་བརྟགས་པའི་དགེ་བའི་རྩ་བ་ཅན་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་

མེད་དོ། །བདག་དང་གཞན་དུ་འདུ་ཤེས་པ་ལ་ནི་སྡུག་བསྔལ་ཐམས་ཅད་རྟོགས་པར་བྱེད་པ་མེད་དོ། །དེ་ནས་ལྷ་དེ་གདམས་ངག་འདི་བསྟན་པས་འཐུན་པའི་ཆོས་རྣམས་ལ་བཟོད་པ་ཐོབ་བོ། །དེ་ནས་ལྷ་དེས་རིགས་ཀྱི་བུ་དེ་ལ་མཆོད་པའི་ལས་བྱ་བའི་ཕྱིར་
སྒོ་གང་དེར་ལྷའི་མེ་ཏོག་སིལ་མས་གཏོར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་ཁྱོད་ཀྱི་བསམ་པ་མ་ཤེས་ནས་ཉན་ཐོས་ཀྱི་ཆོས་རྣམས་ཀྱི་གཏམ་བྱས་ཏེ་དགའ་བ་སྐྱེད་པ་དེ་ཁྱོད་ཀྱིས་ཀྱང་བཟོད་པ་གྱིས་ཤིག །དེ་ནས་ལྷ་
དེས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ལ་བདག་ཕྱག་འཚལ་གྱིས་སེམས་ཅན་སུའི་ཚོད་ཀྱང་མ་འཛིན་ཅིག །སེམས་ཅན་སུ་ལ་ཡང་རུང་སྟེ་བསམ་པ་མ་བརྟགས་པར་ཆོས་མ་འཆད་ཅིག །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་རབ་འབྱོར་མ་ཐོས་པ་ནི་སླའི་བྱང་ཆུབ་
འདོད་པས་ཉན་ཐོས་ཀྱི་ཐེག་པ་ཐོས་པ་ནི་དེ་ལྟ་མ་ཡིན་ནོ། །བཙུན་པ་རབ་འབྱོར་ཡུན་རིང་དུ་བཀྲེས་པ་ནི་སླའི་ཁ་ཟས་དུག་དང་འདྲེས་པ་ཟོས་པ་ནི་དེ་ལྟ་མ་ཡིན་ནོ། །བཙུན་པ་རབ་འབྱོར་དེ་བཞིན་དུ་མ་ཐོས་པ་ནི་སླའི་བྱང་ཆུབ་སེམས་དཔའི་ཐེག་པ་པས་ཉན་ཐོས་ཀྱི་ཐེག་པ་ཐོས་པ་ནི་དེ་ལྟ་
མ་ཡིན་ནོ། །དེ་ནས་རིགས་ཀྱི་བུ་དེས་ཡང་བུད་མེད་ཀྱི་གཟུགས་དང་། ཁ་དོག་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བསྟན་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བདག་གིས་བསོད་སྙོམས་མ་ཕུལ་གྱི་བར་དུ་རེ་ཞིག་གཞེས་ཤིག །དེ་ནས་བུད་མེད་དེ་རང་
གི་ཁྱིམ་དུ་སོང་སྟེ། རོ་བརྒྱ་དང་ལྡན་པའི་ཟས་བླངས་ནས་ཕྱིར་བྱུང་སྟེ། འོངས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བསོད་སྙོམས་འདི་བཞེས་ལ་འདོད་ཆགས་དང་བཅས་པར་ཡང་མ་མཛད་ཅིག །འདོད་ཆགས་དང་བྲལ་བར་ཡང་མ་མཛད་
ཅིག །ཞེ་སྡང་དང་བཅས་པར་ཡང་མ་མཛད་ཅིག །ཞེ་སྡང་དང་བྲལ་བར་ཡང་མ་མཛད་ཅིག །གཏི་མུག་དང་བཅས་པར་ཡང་མ་མཛད་ཅིག །གཏི་མུག་དང་བྲལ་བར་ཡང་མ་མཛད་ཅིག །ཉོན་མོངས་པ་དང་བཅས་པར་ཡང་མ་མཛད་ཅིག །ཉོན་མོངས་པ་དང་བྲལ་བར་

ཡང་མ་མཛད་ཅིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་སྡུག་བསྔལ་ཡོངས་སུ་མ་མཁྱེན། ཀུན་འབྱུང་བ་མ་སྤངས། འགོག་པ་མངོན་སུམ་དུ་མ་བགྱིས། ལམ་མ་བསྒོམས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་དྲན་པ་ཉེ་བར་གཞག་པ་
བཞི་མ་བསྒོམས། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བསྒོམས་ན། དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་
པ་རབ་འབྱོར་གྱིས་འཇིག་ཚོགས་ཀྱང་མ་དཀྲུགས་ལ་བགྲོད་པ་གཅིག་པའི་ལམ་ཡང་ཐོབ་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་མ་རིག་པ་མ་བཤིག་པར་རིག་པས་རྣམ་པར་གྲོལ་བ་མངོན་སུམ་དུ་མཛད་པ་དང་། འདུ་བྱེད་ཟད་པར་
མ་མཛད་པར་འདུས་མ་བྱས་མངོན་སུམ་དུ་མཛད་པ་དང་། རྣམ་པར་ཤེས་པའི་རྒྱུ་བ་ལ་མ་བརྟེན་པར་རྣམ་པར་གྲོལ་བར་གྱུར་པ་དང་། མིང་དང་གཟུགས་སུ་སྒྲོ་མ་བཏགས་པར་ཁམས་གསུམ་པ་ལས་ཡང་དག་པར་འདས་པ་དང་། སྐྱེ་མཆེད་དྲུག་ལ་མ་བརྟེན་པར་རྣམ་པར་
ཐར་པའི་སྒོ་སྟོང་པ་ཉིད་བསྒོམས་པ་དང་། མིག་གི་འདུས་ཏེ་རེག་པ་ལ་མ་བརྟེན་པར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བསྒོམས་པ་དང་། ཚོར་བ་མ་དམིགས་པར་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་མངོན་སུམ་དུ་མཛད་པ་དང་། སྲེད་པ་མི་དམིགས་པར་དེ་
བཞིན་ཉིད་ཡོངས་སུ་མཁྱེན་པ་དང་། ལེན་པ་རློམ་སེམས་སུ་མ་མཛད་པར་ལེན་པ་མེད་པ་ཀུན་མཁྱེན་པ་དང་། སྲིད་པ་མི་འབྱུང་བའི་ཚུལ་དུ་ཡོངས་སུ་མཁྱེན་པ་དང་། སྐྱེ་བ་མི་སྐྱེ་བར་ཡོངས་སུ་མཁྱེན་པ་དང་། རྒ་ཤི་བརྗོད་དུ་མེད་པའི་ཚུལ་དུ་ཡོངས་སུ་མཁྱེན་པ་
དེ་ལྟ་བུར་སྲིད་པའི་ཡན་ལག་རྣམས་ཀུན་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱང་མ་གཟིགས། ཆོས་ཀྱང་མ་གསན། དགེ་འདུན་ལ་ཡང་མི་རྟོན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་

པ་རབ་འབྱོར་གྱིས་འཕགས་པའི་མཉམ་པ་ཉིད་ཀྱིས་སོ་སོའི་སྐྱེ་བོ་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་ཉིད་འདི་ནས་ཀྱང་མེད་པར་གྱུར་ལ་ཕ་རོལ་ཏུ་ཡང་མི་སྐྱེ་ན་དེ་ལྟ་ན་བསོད་
སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མཉམ་པ་ཉིད་ཀྱིས་ཉོན་མོངས་པ་མེད་པ་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ལ། ཉོན་མོངས་པ་མེད་པ་མཉམ་པ་ཉིད་ཀྱིས་ཀྱང་འདོད་ཆགས་དང་། ཞེ་སྡང་དང་། གཏི་
མུག་མཉམ་པ་ཉིད་དུ་ཡོངས་སུ་མཁྱེན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་སོ་སོའི་སྐྱེ་བོའི་ས་ལས་ཀྱང་མ་འདས་ལ་འཕགས་པའི་ས་ལ་ཡང་མ་ཞུགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་སྣང་བ་ཡང་
མ་ལགས། སྣང་བར་འགྲོ་བ་ཡང་མ་ལགས། འཁོར་བ་ལ་ཡང་མ་ཞུགས། མྱ་ངན་ལས་འདས་པ་ཡང་མི་འཐོབ། བརྫུན་དུ་སྨྲ་བ་ཡང་མ་ལགས། བདེན་པར་སྨྲ་བ་ཡང་མ་ལགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །གལ་ཏེ་བཙུན་པ་རབ་འབྱོར་གྱིས་ཟག་
པ་ཡང་ཟད་པར་མི་མཛད་ལ་མི་ཟད་པ་ཡང་འཁྲུག་པར་མི་མཛད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལས་ཀྱང་མི་གཡོ་ལ་རྟེན་པ་མ་མཆིས་པར་ཡང་ཉོན་མོངས་པ་མ་མཆིས་པ་བསམ་གཏན་དུ་མཛད། ཐམས་ཅད་ལ་ཡང་རྟག་ཏུ་སྨོན་པ་མི་མངའ་ལ་ཆོས་
རྣམས་ཀྱང་སེམས་ཀྱིས་ཤིན་ཏུ་ཐུགས་སུ་ཆུད་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །བཙུན་པ་རབ་འབྱོར་གལ་ཏེ་ཁྱོད་ཀྱིས་གང་གི་ཕྱིར་རབ་ཏུ་བྱུང་བའི་ཆོས་དེ་མ་རྟོགས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །བཙུན་པ་རབ་འབྱོར་གྱི་ཉོན་མོངས་པ་མེད་པ་གང་ལགས་
པ་དང་། སེམས་ཅན་དམྱལ་བ་པ་རྣམས་ཀྱི་ཉོན་མོངས་པ་མེད་པ་གང་ལགས་པ། བཙུན་པ་རབ་འབྱོར་གལ་ཏེ་ཉོན་མོངས་པ་མེད་པ་འདི་གཉིས་ལ་ཡོན་གནས་ཆེས་ལྷག་པ་མ་མཆིས་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །འཕགས་པ་རབ་འབྱོར་ལ་ཡོན་གནས་

ཡིན་པར་འདུ་ཤེས་སྐྱེད་པ་གང་ལགས་པ་དེ་དག་ནི་བཙུན་པ་རབ་འབྱོར་ལ་མེད་པ་དང་། ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པ་སྟེ། གལ་ཏེ་བཙུན་པ་རབ་འབྱོར་ཁྱོད་ཆོས་དེ་ལྟ་བུ་དང་ལྡན་ན་དེ་ལྟ་ན་བསོད་སྙོམས་འདི་བཞེས་ཤིག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྒོ་གང་དེ་གཡོས་
པར་བྱས་ནས་ལག་པ་གཡས་པ་བརྐྱང་སྟེ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་གང་དག་ཡང་དག་པར་སྨྲ་བ་ན་འདི་ལྟ་བུའི་ཆོས་ལྡན་པར་སྨྲ་བ་དེ་དག་ནི་བདག་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས་བསོད་སྙོམས་དེ་བླངས་སོ། །དེ་ནས་བུད་མེད་དེས་ཚེ་དང་
ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འདི་སྐད་ཅེས་སྨྲས་སོ། །གང་དག་མཉམ་པ་ཉིད་ཀྱིས་བསོད་སྙོམས་ལེན་པའི་ཡོན་གནས་དེ་དག་ནི་དཀོན་ནོ། །སྨྲས་པ། མངོན་པའི་ང་རྒྱལ་ཅན་རྣམས་ནི་མཉམ་པ་ཉིད་འདི་སུན་ཕྱུང་སྟེ་སྨད་ནས་ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་
བར་འགྱུར་རོ། །དེ་ནས་ལྷ་དེས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ཀྱིས་ཅི་ལས་བསམས་ཏེ་གང་དག་ཆོས་འདི་སུན་ཕྱུང་སྟེ་སྨད་ནས་ཕལ་ཆེར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་དེ་སྐད་སྨྲ། སྨྲས་པ། ལྷ་འདི་ཇི་སྙམ་དུ་
སེམས། སྒྱུ་མའི་ཆོས་འགའ་ཞིག་ལ་འདི་ནི་རྒྱུ་དང་བཅས་པའོ། །འདི་ནི་རྒྱུ་མེད་པའོ་ཞེས་སུན་འབྱིན་པའམ། སྨོད་པར་བྱེད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ལྷ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ན་བདག་གིས་
སུན་དབྱུང་བའམ་སྨད་དུ་ཅི་ཞིག་ཡོད། ལྷ་གཞན་ཡང་བདག་ནི་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པའམ། ཡང་དག་པ་མ་ཡིན་པ་བརྗོད་པའི་སྒྲ་དེ་དག་ཐམས་ཅད་དང་མཉམ་མོ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་པ་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་དོ། །བསོད་
སྙོམས་ལེན་པ་བསྟན་པ་འདི་བཤད་པ་ན་ལྷའི་བུ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་བུད་མེད་དེས་འཕགས་པ་རབ་འབྱོར་ལ་བཟོད་པ་གསོལ་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བཤོས་གསོལ་ནས་བཅོམ་ལྡན་འདས་

ག་ལ་བ་དེར་བཞུད་ཅིག་དང་། བདག་ཀྱང་ཆོས་མཉན་པའི་སླད་དུ་དེར་མཆིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསོད་སྙོམས་དེ་བླངས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་བྱུང་ནས་དེ་ཆོས་ཐོས་པའི་དགའ་བ་དང་། མཆོག་ཏུ་དགའ་བས་ཟས་ལ་
སེམས་མི་འཇུག་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་བསོད་སྙོམས་བླངས་ན་གང་ལ་ལོག་པར་ལྟུང་བར་མི་འགྱུར་བ་སུ་ཞིག་ལ་སྦྱིན་པར་བྱ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་ལེན་པས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་སེམས་ཀྱིས་ཤེས་
ནས། ཚེ་དང་ལྡན་པ་རབ་འབྱོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བསོད་སྙོམས་འདི་བདག་ལ་བྱིན་ཅིག་དང་། བདག་ལ་བྱིན་ན་ལོག་པར་ལྟུང་བར་
མི་འགྱུར་རོ། །སྨྲས་པ། རིགས་ཀྱི་བུ་ཅི་ཁྱོད་ཚུལ་ཁྲིམས་བླངས་པའམ། ཚུལ་ཁྲིམས་ལ་གནས་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བླང་དུ་མེད་པ་སྟེ། དེ་ལ་ནི་ཚུལ་ཁྲིམས་ཀྱང་མེད། འཆལ་པའི་ཚུལ་ཁྲིམས་ཀྱང་མེད་དོ། །བཙུན་པ་
རབ་འབྱོར་གཞན་ཡང་བདག་ནི་སྲོག་གཅོད་པར་བྱེད་པ་དང་། མ་བྱིན་པར་ལེན་པ་བྱེད་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་བྱེད་པ་དང་། བརྫུན་དུ་སྨྲ་བ་བྱེད་པ་དང་། ཕྲ་མ་བྱེད་པ་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་
སེམས་ཀྱི་སེམས་དང་ལྡན་པ་དང་། ལོག་པར་ལྟ་བ་ཅན་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདིའི་བསྟན་པ་འདི་འདྲ་བ་ལས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པར་ཐེ་ཙོམ་མེད་ཀྱིས་ལྡེམ་པོ་ངག་འདི་བདག་གིས་དྲི་བར་
བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཅི་ལས་བསམས་ཏེ། འདི་སྐད་དུ་བདག་ནི་སྲོག་གཅོད་པ་བྱེད་པ་དང་། མ་བྱིན་པར་ལེན་པ་བྱེད་པ་དང་། འདོད་པས་ལོག་པར་གཡེམ་པ་བྱེད་པ་དང་། བརྫུན་དུ་

སྨྲ་བ་བྱེད་པ་དང་། ཕྲ་མ་བྱེད་པ་དང་། ཚིག་རྩུབ་པོ་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་ཀྱི་སེམས་དང་ལྡན་པ་དང་། ལོག་པར་ལྟ་བ་ཅན་ཡིན་ནོ་ཞེས་སྨྲ། དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མི་ལེན་པས་ཚེ་དང་ལྡན་པ་རབ་འབྱོར་ལ་ཚིགས་སུ་
བཅད་དེ་སྨྲས་པ། བྱང་ཆུབ་ལམ་ནི་བླ་མེད་པའི། །ལམ་ནི་བདག་གིས་རྣམ་པར་སྦྱངས། །སྲོག་ཆགས་བྱེ་བ་ཕྲག་སྟོང་ཡང་། །ལམ་དེ་ལ་ནི་ཡོངས་སུ་བཀོད། །སྲོག་ནི་བདག་གི་ཤིན་ཏུ་གཏུགས། །དེ་ཕྱིར་བདག་ནི་དེ་སྐད་སྨྲ། །གང་དག་ལམ་ནི་རྣམ་པར་སྦྱངས། །དེ་དག་སྲོག་
གཅོད་པ་ཞེས་བྱ། །ལྷས་ནི་བྱང་ཆུབ་བྱིན་མ་ཡིན། །བརྒྱ་བྱིན་ཚངས་པས་མ་བྱིན་ཏེ། །མ་བྱིན་པར་ནི་བདག་གིས་བླངས། །དེ་ཕྱིར་བདག་ནི་མ་བྱིན་ལེན། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །འཐུན་པའི་ཐེག་པ་བླངས་པས་ན། །དེ་ཕྱིར་ཐེག་པ་ཆེན་པོ་འདི། །མ་བྱིན་བླངས་
ཞེས་བྱ་བ་ཡིན། །འདོད་པས་ལོག་པར་ཡོངས་ཤེས་པ། །ཆོས་འདོད་ཡིན་ཞེས་དེ་དག་ཤེས། །འདོད་པ་འདི་དག་འདོད་མ་ཡིན། །དེ་ཕྱིར་ལོག་ཅེས་སྤྱོད་པར་བྱེད། །སྒྲར་ནི་ཇི་སྙེད་གདགས་པ་རྣམས། །དེ་དག་བརྫུན་ཞེས་ཡང་དག་གསུངས། །མེད་པའི་ཕྱིར་ན་དེ་བརྫུན་ཏེ། །
བརྫུན་དུ་སྨྲ་བ་ཞེས་ཀྱང་བྱ། །ཐེག་པ་དམན་པ་འདོད་པ་ཡི། །སེམས་ཅན་གང་དག་སུ་ཡང་རུང་། །སེམས་ཅན་དེ་དག་དབྱེ་བའི་ཕྱིར། །ཐེག་པ་ཆེ་ལ་དགོད་པར་བྱེད། །ཕྲ་མའི་ཚིག་ནི་སྨྲ་བྱེད་ཅིང་། །མུ་སྟེགས་ཅན་གཞན་འབྱེད་པར་བྱེད། །སེམས་ཅན་ལམ་ངན་ལྷུང་བ་རྣམས། །
ཡང་དག་ལམ་ལ་འཛུད་པར་བྱེད། །རྒོལ་བ་དེ་དག་ཚར་བཅད་དེ། །དེ་དག་ཤིན་ཏུ་དགའ་བ་མེད། །རྩུབ་པའི་ཚིག་ནི་སྨྲས་ནས་ཀྱང་། །བདུད་རྣམས་ཐམས་ཅད་ཕམ་པར་བྱས། །རྩུབ་པའི་ཚིག་ནི་སྨྲ་མོད་ཀྱི། །འོན་ཀྱང་སེམས་ལ་ཁྲོ་བ་མེད། །སེམས་ཅན་སྨིན་པར་བྱ་བ་
ལ། །དཔའ་བོ་རྣམས་ཀྱིས་ཐབས་ལ་ལྟོས། །གང་ལས་དགོངས་ཏེ་གསུངས་པ་ཡི། །དགོངས་པའི་ཚིག་ནི་རབ་ཏུ་ཤེས། །དེས་ན་བསམས་ཏེ་རབ་སྨྲ་ཞིང་། །སེམས་ཅན་བྱེ་བ་འདུལ་བར་བྱེད། །ཁ་ཅིག་ལ་ནི་བསམས་ཏེ་སྨྲས། །ཁ་ཅིག་དེ་དག་བརྫུན་པར་ཤེས། །

དེ་ཕྱིར་བསམས་ཏེ་སྨྲ་བ་ཡིན། །ཆོས་ཀྱི་མངོན་སུམ་རྟོགས་པར་བྱེད། །སེམས་ཅན་ཇི་སྙེད་ཡོད་པ་རྣམས། །རེ་རེ་ལ་ཡང་དེ་དག་ནི། །མི་མིན་ལྷ་ཡི་བདེ་བ་དག །འཇིག་རྟེན་ན་ནི་བརྣབ་སེམས་བྱེད། །བདེ་བ་གང་དག་ལྡན་གྱུར་ན། །འཇིག་རྟེན་མགོན་པོ་ཕན་
བྱེད་འགྱུར། །བདེ་བ་དེ་ནི་སེམས་ཅན་ཀུན། །ལྡན་པར་མཁས་རྣམས་བརྣབ་སེམས་བྱེད། །སེམས་ཅན་ཐམས་ཅད་རྒྱལ་གྱུར་ཅེས། །རྟག་ཏུ་དེ་དག་བརྣབ་སེམས་བྱེད། །བརྣབ་སེམས་དེ་འདྲ་ཡིན་པས་ན། །དེ་ཕྱིར་བརྣབ་སེམས་ཅན་ཞེས་སྨྲས། །དམ་པའི་ཆོས་ནི་
འཇིག་པའི་ཚེ། །སྟོབས་ཆེན་རྣམས་ཀྱིས་ཚར་བཅད་དེ། །དེ་དག་རང་གི་བདེ་བ་སྤོང་། །ཆོས་དང་སྲོག་ཆགས་སྤོང་མི་བྱེད། །འཇིག་རྟེན་ཀུན་གྱི་རྒོལ་བ་དང་། སེམས་ཅན་ཀུན་དང་མི་འཐུན་ཏེ། །ཐམས་ཅད་འཐུན་པར་བྱ་བའི་ཕྱིར། །དེ་དག་གནོད་སེམས་སྟོན་པར་བྱེད། །
དེ་དག་བསྐལ་པར་རྩོད་བྱེད་དམ། །བསྐལ་པ་བྱེ་བར་རྩོད་ཀྱང་རུང་། །དམ་པའི་ཆོས་ནི་སྤོང་མི་བྱེད། །སླར་ཡང་ལྡོག་པར་ཡོངས་མི་བྱེད། །ལོག་པར་ལྟ་ལ་དཔའ་བ་རྣམས། །དེ་དག་འདུས་བྱས་ཀུན་ལ་སྙོམས། །ལོག་པར་ལྟ་བ་རབ་ཏུ་ཤེས། །ཡང་དག་ལྟ་བའི་རྣམ་པར་
རྟོག །གང་དག་དེ་འདྲའི་ཆོས་དང་ལྡན། །དེ་དང་དེ་དག་ཁྲིམས་ལ་གནས། །གནས་མེད་ལ་ནི་གནས་བཅས་ནས། །མཁས་རྣམས་བྱང་ཆུབ་རྟོགས་པར་འགྱུར། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་རིགས་ཀྱི་བུ་དེ་ལ་བསོད་སྙོམས་དེ་བྱིན་ནས་འདི་སྐད་དུ་སྐྱེས་བུ་དམ་པ་འདི་ལྟ་བུ་
དག་གིས་ནི་དད་པས་བྱིན་པའི་བསོད་སྙོམས་ལོག་པར་ལྟུང་བར་མི་བྱེད་དོ་ཞེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཟན་མ་ཟོས་ཏེ་ཕྱེམ་རེད་ཀྱི་དུས་ན་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། ཇི་ལྟར་གྱུར་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་སུ་ཡིན་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བུད་མེད་འགྱུར་བ་ཞེས་བྱ་སྟེ་དགའ་བ་བཀོད་པའི་ཐབས་ལ་མཁས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །རབ་འབྱོར་དཔེར་ན་ཡུངས་འབྲུས་ཤིང་རྟ་བཀང་བ་ལ་ཡུལ་མ་ག་དྷཱའི་ཁལ་བཅུ་ཚད་ཉི་ཤུ་
ཡོད་པ་ལས་ལོ་བརྒྱ་ཞིང་ཡུངས་འབྲུ་རེ་རེ་བོར་བ་ནི་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཤིང་རྟ་དེའི་ཡུངས་འབྲུའི་མཐའ་ཆེས་མྱུར་དུ་རྟོགས་པར་ནུས་ཀྱི། བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་མང་པོ་ལྷ་དང་མིར་སྐྱེ་བ་ལ་བཀོད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་བུད་མེད་དེ་བུད་མེད་ལྔ་བརྒྱས་བསྐོར་ཅིང་མདུན་དུ་བདར་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་བྱ་རྒོད་ཀྱི་ཕུང་པོའི་རི་
ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་བུད་མེད་དེ་འོང་བ་ཐག་རིང་པོ་ནས་གཟིགས་ཏེ། གཟིགས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བུད་མེད་ལྔ་བརྒྱ་ཙམ་འོང་བ་འདི་དག་མཐོང་ངམ། གསོལ་པ། བཅོམ་
ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་དགའ་བ་བཀོད་པའི་ཐབས་ལ་མཁས་པས་ཡོངས་སུ་སྨིན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་ཤ་སྟག་གོ། །
དེ་ནས་བུད་མེད་དེ་བུད་མེད་ལྔ་བརྒྱས་བསྐོར་ཅིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བུད་མེད་དེ་བསུ་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་སོ། །དེ་ནས་ཚེ་དང་ལྡན་
པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འཕགས་པའི་ཆོས་མ་ཐོབ་པ་དང་། འཕགས་པའི་ལུས་སུ་མི་གནས་པའི་བུད་མེད་ལ་ཅིའི་ཕྱིར་ཕྱག་འཚལ། བུད་མེད་དེས་སྨྲས་པ། གནས་བརྟན་ཤཱ་རིའི་བུ་གལ་ཏེ་འཇིག་རྟེན་ན་འཕགས་པ་ནི་གང་

དག་ལགས། འཕགས་པ་མ་ལགས་པ་ནི་གང་དག་ལགས་པ་མཁྱེན་ན་ཁྱོད་ཀྱིས་སྤོབས་པ་མཛོད་ཅིག །གནས་བརྟན་ཤཱ་རིའི་བུས་སྨྲས་པ། ཆེ་ཞེ་ཁྱོད་ཀྱིས་འཇིག་རྟེན་ན་འཕགས་པ་གང་དག་ཡིན་པ་དང་། འཕགས་པ་མ་ཡིན་པ་གང་དག་ཡིན་པ་ཤེས་སམ།
སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་གིས་འཚལ་ཏོ། །སྨྲས་པ་དེ་དག་གང་ཡིན། སྨྲས་པ། བཙུན་པ་ཤཱ་རིའི་བུ་འཕགས་པའི་རིགས་མི་གཅོད་པ་གང་དག་ལགས་པ་དེ་དག་ནི་འཕགས་པའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་རིགས་མི་གཅོད་པ་གང་དག་ལགས་པ་
དེ་དག་ནི་འཕགས་པའོ། །འཕགས་པ་རྣམས་ལ་བྱམས་པའི་སེམས་དང་ལྡན་པ་དང་། འཕགས་པ་མ་ཡིན་པ་རྣམས་ལ་ཐར་བ་འདོད་པ་གང་དག་ལགས་པ་དེ་དག་ནི་འཕགས་པའོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་བུད་མེད་རྒྱན་གྱིས་ལེགས་པར་བརྒྱན་པ། གོས་གཙང་མ་སྲབ་མོ་
གྱོན་པ། ཕྱེ་མ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་རྣམས་ལ་སྟེན་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་ཆེས་སླའི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དབེན་པ་ན་གནས་པ་ནི་དེ་ལྟ་མ་ལགས་སོ། །
བཙུན་པ་ཤཱ་རིའི་བུ་གཞན་ཡང་དོན་འདི་ཉིད་བརྡ་སྤྲད་པའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བགྱི་ན་བཙུན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་དགོངས། མཆིང་བུའི་ནོར་བུ་བཻ་དཱུརྱའི་སྣོད་དུ་བཅུག་པ་འདམ་མམ། འོན་ཏེ་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་འདམ་རྫབ་ཏུ་བཅུག་པ་འདམ། གནས་བརྟན་ཤཱ་རིའི་
བུས་སྨྲས་པ། ཆེ་ཞེ་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་འདམ་རྫབ་ཏུ་བཅུག་པ་འདམ་གྱི་མཆིང་བུའི་ནོར་བུ་བཻ་དཱུརྱའི་སྣོད་དུ་བཅུག་པ་ནི་དེ་ལྟ་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བུད་མེད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་
ཆེས་འཕགས་ཀྱི། དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དབེན་པ་ན་གནས་པ་དེ་ནི་དེ་ལྟ་མ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཆེ་ཞེ་ཁྱོད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནམ། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ནི་

གང་ལ་ཡང་མི་གནས་ལ་ལྡོག་པ་ཡང་མ་མཆིས་སོ། །སྨྲས་པ། ཆེ་ཞེ་གལ་ཏེ་ཁྱོད་ཐེག་པ་ཆེན་པོ་གང་ལ་ཡང་མི་གནས་ལ་ལྡོག་པ་ཡང་མེད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་དག་ཡིན་པ་དེ་དག་ཅི་ལ་ཞུགས། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཐེག་པ་ཆེན་པོ་པ་རྣམས་ནི་
ཅི་ལ་ཡང་མི་གནས་ཏེ། མ་རིག་པ་ཟད་པར་བགྱི་བའི་སླད་དུ་དེ་དག་མི་གནས་པ་ནས་རྒ་ཤིའི་བར་དུ་ཟད་པར་བགྱི་བའི་སླད་དུ་དེ་དག་མི་གནས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་ཤཱ་རིའི་བུ་མ་རིག་པ་ནས་རྒ་ཤིའི་བར་དུ་མི་ཟད་པའི་སླད་དུའོ། །དེས་ན་དེ་དག་ནི་སྐྱེ་བའི་ཆོས་ཅན་
ཡང་མ་ལགས། འགག་པའི་ཆོས་ཅན་མ་ལགས་སོ། །གལ་ཏེ་སྐྱེ་བར་གྱུར་ན་ནི་དེ་ལས་ཟད་པར་འགྱུར་ན་གང་གི་ཕྱིར་མི་སྐྱེ་བ་དེའི་ཕྱིར་མི་ཟད་དོ། །དེ་བས་ན་ཟད་པ་ཡང་མ་མཆིས། སྐྱེ་བ་ཡང་མ་མཆིས་སོ། །དགེ་སྦྱོང་གི་ཆོས་ནི་མི་སྐྱེ་བའི་ཆོས་ཅན་ནོ། །བཙུན་པ་ཤཱ་རིའི་བུ་དེ་
ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་མ་སྐྱེས་པ་དང་མ་འགགས་པ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ནི་ལྷར་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དང་། རང་སངས་རྒྱས་དང་བཅས་པས་ཕྱག་བྱ་བའི་འོས་ཡིན་ན་ཚེ་དང་
ལྡན་པ་རབ་འབྱོར་གྱིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་སུ་ཞིག་མཆིས་ཏེ། ཆེ་ཞེ་འདི་ནི་འདི་ལྟར་རྒྱན་གྱིས་ལེགས་པར་བརྒྱན་ལ་འདི་ལྟར་སྤོབས་པ་ཕུན་སུམ་
ཚོགས་པ་དང་ལྡན་པ་ལགས་སོ། །བུད་མེད་དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་འདི་ནི་རྒྱན་གྱི་སྤོབས་པ་མ་ལགས་སོ། །སྨྲས་པ། འོ་ན་གང་གི་སྤོབས་པ་ཡིན། སྨྲས་པ། བཙུན་པ་ཤཱ་རིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱན་ལགས་ཏེ། བརྒྱད་གང་ཞེ་ན། འདི་
ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་། སྙིང་རྗེ་ཆེན་པོའི་ལྷག་པའི་བསམ་པ་ལ་གནས་པའི་རྒྱན་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ཀྱི་རྒྱན་དང་། ཐོས་པའི་ཆོས་ཡོངས་སུ་འཚོལ་བ་ལ་ཆོག་མི་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དང་

ཇི་ལྟར་ཀུན་ཆུབ་པར་བྱས་པ་རྣམས་ལ་ཚུལ་བཞིན་དུ་སོ་སོར་རྟོག་ཅིང་དཔྱོད་པའི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་རྒྱན་དང་། ཆོས་ཟབ་མོ་རྣམ་པར་ངེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སེམས་ཅན་གྱི་དབང་པོ་
མཆོག་དང་། མཆོག་མ་ཡིན་པ་ཤེས་པའི་ཡེ་ཤེས་ཀྱི་རྒྱན་དང་། རྒྱན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཐབས་ལ་མཁས་པའི་རྒྱན་ཏེ། བཙུན་པ་ཤཱ་རིའི་བུ་བརྒྱད་པོ་དེ་དག་ནི་རྒྱན་དག་ལགས་ཏེ། རྒྱན་དེ་དག་གིས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ནི་ཐོགས་པ་མེད་པའི་སྤོབས་པ་
དང་ལྡན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆེ་ཞེ་འདི་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་ལགས། དེ་ནས་བུད་མེད་དེས་བདག་ཉིད་ཀྱི་ལུས་ཅི་འདྲ་བ་དེ་ཁོ་ན་འདྲ་བའི་བུད་མེད་དག་གཅིག་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་
སྤྲུལ་ཏོ། །སྤྲུལ་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བུད་མེད་འདི་ལ་ག་ལས་ཤི་འཕོས་ཏེ་འདིར་སྐྱེས་ཞེས་དྲིས་ཤིག །གནས་བརྟན་ཤཱ་རིའི་བུས་སྨྲས་པ། བུད་མེད་འདི་ནི་སྤྲུལ་པ་ཡིན་ཏེ། སྤྲུལ་པ་ལ་ནི་འཆི་འཕོ་དང་སྐྱེ་བ་མེད་དོ། །
སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ལ་ནི་འཆི་འཕོའམ་སྐྱེ་བ་འདྲི་བར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་འགྱུར་བ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་ནས་ཤི་འཕོས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་
འདིར་འོངས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་འདིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བས་

བུད་མེད་ཀྱི་གཟུགས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པའི་བར་དང་། བདག་གི་བུད་མེད་ཀྱི་ལུས་མ་མཆིས་པར་གྱུར་ཏེ། སྐྱེས་པའི་ལུས་སུ་མ་གྱུར་གྱི་བར་
དུ་བཅོམ་ལྡན་འདས་ཀྱི་ཞབས་ལས་མི་ལྡང་ལགས་སོ། །བུད་མེད་ལྔ་བརྒྱ་པོ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་བུད་མེད་ཀྱི་རང་བཞིན་ལས་གྱུར་ཏེ། སྐྱེས་པའི་རང་བཞིན་དུ་མ་གྱུར་གྱི་བར་དང་། བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་གྱི་བར་དུ་བདག་ཅག་མི་ལྡང་ལགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་
ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་
པའི་འཇིག་རྟེན་གྱི་བར་དུ་ཐུག་སྟེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་བུད་མེད་ལྔ་བརྒྱས་བསྐོར་བ་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་

བུད་མེད་འགྱུར་བ་འདི་བསྐལ་པ་བགྲང་བ་ལས་འདས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་རྒྱལ་པོའི་སྤོབས་
པ་ཅན་ཞེས་བྱ་བར་འགྱུར་ཏེ། དེས་བྱང་ཆུབ་ཐོབ་པ་ན་བུད་མེད་ལྔ་བརྒྱ་པོ་འདི་དག་གཟུངས་ཐོབ་པ་དང་། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་འགྱུར་བ་འདིས་ཡོན་ཏན་གྱི་རྒྱན་བསྟན་པ་གང་དག་ཡིན་པའི་རྒྱན་བརྒྱད་པོ་དེ་དག་
གིས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོ་སྤོབས་པ་ཅན་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ཡོན་ཏན་
གྱི་རྒྱལ་པོ་སྤོབས་པ་ཅན་དེའི་སངས་རྒྱས་ཀྱི་ཞིང་ཡང་འབྱོར་ཅིང་རྒྱས་ལ། བདེ་བ་དང་། ལོ་ལེགས་པ་དང་། མི་དང་། སྐྱེ་བོ་མང་པོས་གང་བར་འགྱུར་ཏེ། དགའ་ལྡན་གྱི་ལྷའི་ལོངས་སྤྱོད་དང་མཉམ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ནི་མིང་ཙམ་ཡང་མེད་པར་
འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་པད་མའི་སྙིང་པོ་ལས་རྫུས་ཏེ་སྐྱེས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་གཙང་ཞིང་ཚངས་པར་སྤྱོད་པ་དང་། རྒྱན་བརྒྱད་པོ་དེ་དག་གིས་བརྒྱན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་དེ་དང་། བུད་མེད་ལྔ་བརྒྱ་པོ་
དེ་དག་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཁོ་ནས་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་འཕགས་ནས། དེའི་མོད་ཁོ་ན་ལ་ཁྱེའུ་ལོ་བཅུ་དྲུག་ལོན་པ་ཙམ་དུ་སྣང་བར་གྱུར་ཏོ། །དེ་དག་བར་སྣང་དེ་ལས་བབས་ཏེ་
བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཕྱག་གིས་བྱུགས་སོ། །དེ་ནས་དེ་དག་ཐམས་ཅད་ཀྱིས་དེའི་ཚེ་གཟུངས་དང་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་

པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ་གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་སྤོབས་པ་བཀོད་པའི་རྒྱན་ཅེས་བྱ་བར་ཟུང་ཤིག །བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་
འགྱུར་བ་འཁོར་དང་བཅས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་
བསྟོད་དོ།། །།འཕགས་པ་བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ཤླཽ་ཀ་དྲུག་
བརྒྱ། བམ་པོ་གཉིས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཙན་དྲོཏྟ་རཱ་དཱ་རི་ཀཱ་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་
ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགྲ་བཅོམ་པ་ལྔ་བརྒྱ་ཙམ་གྱི་དགེ་སློང་
གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་

ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། མི་སྐྱེ་བའི་ཆོས་ལ་བཟོད་
པ་ཐོབ་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ཚིག་ཐོགས་པ་མེད་པ། ཚུལ་འཆོས་པ་མེད་པ། ཁ་གསག་མེད་པ། ཤེས་ཀྱི་ཁེ་འདོད་པའི་སེམས་དང་བྲལ་བ། ཟང་ཟིང་མེད་པར་ཆོས་སྟོན་པ། ཆོས་ཟབ་མོ་ལ་བཟོད་པ་དམ་པའི་ཕ་རོལ་ཏུ་སོན་པ། མི་འཇིགས་པ་དང་ལྡན་པ།
བདུད་ཀྱི་ལས་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་སྤངས་པ། ཆོས་ཀྱི་རང་བཞིན་ལ་ཐེ་ཙོམ་མེད་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམས་པ་བཞིན་འཛུམ་པ། ཁྲོ་གཉེར་མེད་པ་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲ་བ་ལ་མཁས་པ།
སེམས་ཡོངས་སུ་མ་གཏུགས་པ། སྤོབས་པ་རྒྱུན་མི་འཆད་པ། ཆོས་མཉམ་པ་ཉིད་ལ་བཟོད་པ་ཐོབ་པ། མི་འཇིགས་པ་ཆེན་པོས་འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ། ཚིག་གཅིག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གཅིག་ཏུ་སྟོན་པའི་ཡེ་ཤེས་ལ་མཁས་པ། འདས་
པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པ་དང་། གཡོ་བ་མེད་པ། གཟུང་བ་མེད་པ། ནམ་
མཁའི་ངོ་བོ་ཉིད་ལྟ་བུར་མོས་པ། ཤེས་རབ་དང་ཡེ་ཤེས་ཚད་མེད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་མཁས་པ། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། སེམས་ཐོགས་པ་མེད་པ་ཆོས་ལ་སྲེད་པ་དང་བྲལ་བ། ཉེ་བའི་ཉོན་མོངས་པ་
མེད་པའི་བཟོད་པ་དང་ལྡན་པ། ཆོས་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་པར་རྒྱུན་དུ་མངོན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་

པ་ཤེས་པ་ལ་མཁས་པ། ཀུན་ནས་ལྡང་བ་དང་། ལྟ་བ་དང་། ཉོན་མོངས་པ་དང་། བག་ལ་ཉལ་སྣ་ཚོགས་སྤོང་བ་ལ་མཁས་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བའི་མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འབྱུང་དཀའ་དང་། སྤོས་ཀྱི་གླང་པོ་དང་། བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་།
སྤོས་ཀྱི་འོད་ཟེར་རབ་ཏུ་གཏོང་བ་དང་། འབྲུག་སྒྲ་དང་། གསེར་འོད་རྣམ་པར་ངེས་པའི་རྒྱལ་པོ་དང་། སྲེད་མེད་ཀྱི་བུ་དང་། ལག་ན་རིན་པོ་ཆེ་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། ནམ་མཁའ་མཛོད་དང་། སྣང་བའི་རྒྱལ་པོ་དང་། མཐོང་དགའ་དང་། སེམས་ཅན་སྒྲོལ་དང་། རྟག་
ཏུ་བརྩོན་དང་། རྟག་ཏུ་རྒོད་དགའ་དབང་པོ་དང་། ངན་སོང་སྤོང་དང་། རྡོ་རྗེའི་གནས་རྣམ་པར་གནོན་པ་དང་། འཇིག་རྟེན་གསུམ་གྱི་གནས་རྣམ་པར་གནོན་པ་དང་། མི་གཡོ་བའི་གནས་རྣམ་པར་གནོན་པ་དང་། མཐོང་བ་དོན་ཡོད་དང་། དཔལ་གྱི་སྙིང་པོ་དང་། པད་མའི་དཔལ་དང་།
བལ་གླང་སྤོས་ཀྱི་གླང་པོ་ཆེ་དང་། སྤོབས་པ་ཟབ་མོ་དང་། སྤོབས་པ་ཆེན་པོ་དང་། ཆོས་འཕགས་དང་། ཆོས་ཀྱི་རང་བཞིན་ཐེ་ཙོམ་མེད་པ་དང་། སེང་གེའི་སྟབས་སུ་འགྲོ་བ་དང་། འཇིགས་པ་ཀུན་སེལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སེང་གེ་ཆེན་པོ་མངོན་པར་
སྒྲོགས་པའི་སྒྲ་དང་། བརྗོད་མེད་དང་། སྤོབས་པ་བརྩེགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། སྣ་ཆེན་པོ་ལ་
གཏོགས་པ་རྣམས་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་མི་རྣམས་དང་། ཞབས་འབྲིང་གཉུག་མ་རྣམས་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ཚལ་ཆེན་པོའི་

ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །དེའི་ཚེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ལོངས་སྤྱོད་མང་བ། མཛོད་དང་བང་བ་མང་བ་ཞིག་གནས་ཏེ། དེ་ལ་ཆུང་མ་དྲི་མེད་མ་
ཞེས་བྱ་བ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ། རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་དེ། ཟླ་བ་དགུ་འདས་པ་དང་། དེ་ལས་བུ་མོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ལེགས་པར་རྫོགས་པ་ཞིག་བཙས་སོ། །
བུ་མོ་དེ་བཙས་མ་ཐག་ཏུ་ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར། ཕྱི་རོལ་གྱི་སྒོ་གང་གི་ཝ་དག་ལས་ཀྱང་མར་ཁུ་དང་། འབྲུ་མར་དག་རབ་ཏུ་འཛག་ཅིང་ཞན་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། སྡུག་ཕོངས་པ་གང་ཡིན་
པ་དག་ཅི་བདེར་ཡོངས་སུ་སྤྱོད་དོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ན། རྔ་བོ་ཆེ་དང་། རྫ་རྔ་དང་། ཁར་རྔ་དང་། སིལ་སྙན་དང་། ཕེག་རྡོབ་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་མ་བརྡུངས་པར་སྒྲ་འབྱིན་པར་གྱུར་ཅིང་མེ་ཏོག་གི་ཆར་ཆེན་པོ་དག་ཀྱང་རབ་ཏུ་བབ་པར་གྱུར། ཁྱིམ་
གྱི་གྲྭ་བཞིར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་གང་བའི་གཏེར་ཆེན་པོ་བཞི་བྱུང་ཞིང་ཁ་བྱེ་སྟེ་ཀུན་ཏུ་སྣང་བར་གྱུར་ཏོ། །བུ་མོ་དེ་བཙས་མ་ཐག་ཏུ་ངུ་སྐད་མི་འབྱིན་ཅིང་མཆི་མ་མི་བློག་ལ་ལྷག་པར་ཡང་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྡིག་
ལས་བྱས་པས་འདིར་ནི་གཙང་མ་ཡི། །ལུས་སུ་མི་སྐྱེ་ཡིད་དུ་འོང་བར་མིན། །སྡིག་ལས་བྱས་པས་འདིར་ནི་ལོངས་སྤྱོད་དག །འབྱོར་པའི་ཁྱིམ་རྣམས་སུ་ཡང་མི་སྐྱེའོ། །སྦྱིན་དུལ་ཡང་དག་སྡོམ་དང་བག་ཡོད་ཅིང་། །གུས་དང་བཅས་པས་བླ་མ་བསྙེན་བཀུར་བའི། །གྱ་ནོམ་རང་
བཞིན་ལས་ཀྱི་རྟག་ཏུ་ནི། །ལོངས་སྤྱོད་བདག་ཉིད་ཆེན་པོའི་ཁྱིམ་དུ་འགྲུབ། །འདྲེན་པ་རྒྱལ་བ་འོད་སྲུང་བསོད་སྙོམས་ཕྱིར། །ཡངས་པ་ཅན་གྱི་གྲོང་དུ་ཞུགས་པ་ན། །བདག་གིས་ཁང་བཟངས་སྟེང་ནས་མཐོང་གྱུར་ཅིང་། །མཐོང་ནས་དེར་ནི་བདག་ཡིད་དང་བ་དྲན། །དེ་ཚེ་

བདག་ཡིད་རབ་ཏུ་དང་གྱུར་ནས། །བདག་ལ་མེ་ཏོག་མེད་ཅིང་བྱུག་པ་མེད། །ཕྱེ་མ་སྤོས་མེད་ཟས་དང་སྐོམ་མེད་པས། །སྟོན་པ་འདི་ལ་ཅིས་མཆོད་བྱ་སྙམ་སེམས། །དེ་ནས་བདག་གིས་སྒྲ་ཐོས་སངས་རྒྱས་ནི། །འགྲོ་བ་དགྲོལ་ཕྱིར་ཟང་ཟིང་མེད་སྤྱོད་ཅིང་། །འཇིག་རྟེན་བརྩེ་
ཕྱིར་ཐུགས་རྗེ་སྐྱེས་ནས་ནི། །སངས་རྒྱས་བསོད་སྙོམས་སླད་དུ་འཇིག་རྟེན་བརྒྱན། །གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས་སྨོན་ལམ་ཐོབ། །བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། །དེ་ལས་ལྷག་མཆོད་སྲིད་པ་གསུམ་ན་མེད། །
བར་སྣང་སྒྲ་ཐོས་དེ་ནས་བདག་གིས་ནི། །མཚན་མཆོག་སྤྲས་པའི་སངས་རྒྱས་མཐོང་བ་དང་། །བྱང་ཆུབ་ཕྱིར་ནི་མི་གཡོ་ཡིད་སྐྱེས་ནས། །ཁང་པ་དེ་ནས་རང་གིས་ལུས་མཆོངས་ཏེ། །བར་སྣང་ཏ་ལ་སྲིད་ལ་འདུག་ནས་ནི། །ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་། །
དེ་བཞིན་རྒྱལ་བ་འོད་སྲུང་དེ་ཡི་སྐུ། །རིན་ཆེན་རི་དང་ལྷུན་པོ་འདྲ་བ་མཐོང་། །རྒྱལ་བའི་མཐུས་ནི་བདག་གི་ལག་མཐིལ་དུ། །མན་དཱ་ར་བའི་ཕུར་མ་ཆེ་བྱུང་ཞིང་། །དེ་དག་བདག་གིས་འོད་སྲུང་གཏོར་བ་དང་། །མེ་ཏོག་གདུགས་གྱུར་ནམ་མཁའ་ལ་ནི་གནས། །གང་དག་
ཕྱོགས་བཅུའི་སངས་རྒྱས་མཐའ་ཡས་པ། །མཚན་གྱིས་སྐུ་བརྒྱན་དེ་དག་བལྟས་ན་ཡང་། །ཇི་ལྟར་འོད་སྲུང་སྟེང་ན་འདུག་པ་ལྟར། །དེ་དག་ལ་ཡང་མེ་ཏོག་གདུགས་ཉིད་སྣང་། །མཁའ་ལ་གནས་བཞིན་བདག་གིས་ཚིག་སྨྲས་པ། །བསྐལ་པ་ཆུ་རྡུལ་སྙེད་དུ་སྤྱད་བྱ་ཞིང་། །
བྱང་ཆུབ་མ་ཐོབ་བདག་ཕྱིར་མི་ལྡོག་གིས། །བདག་ནི་སངས་རྒྱས་རྐང་གཉིས་གཙོར་གྱུར་ཅིག །བདག་གིས་སེང་གེའི་ང་རོ་དེ་ཐོས་ནས། །དེ་ཚེ་སྟོང་ཕྲག་བཅུ་གཉིས་ཚང་བ་ཡི། །ལྷ་མི་ལྷ་མིན་གནོད་སྦྱིན་སྲིན་པོ་རྣམས། །སངས་རྒྱས་བྱང་ཆུབ་མཆོག་ལ་ཡང་དག་ཞུགས། །
ཐོས་ནས་སུམ་ཅུ་རྩ་གསུམ་ལྷར་སྐྱེས་ཤིང་། །ལས་བཟང་བྱས་པ་ཆུད་ཟར་མ་གྱུར་པས། །དེ་ནས་ཤི་འཕོས་འཛམ་གླིང་འདིར་འོངས་ཀྱིས། །དེ་ཕྱིར་སྐྱེ་བོ་རྣམས་ཀྱིས་བསོད་ནམས་བྱོས། །གང་ཚེ་སུམ་ཅུ་རྩ་གསུམ་གནས་གྱུར་པ། །དེ་ཚེ་བདག་གིས་རྒྱལ་བ་ཤཱཀ་ཐུབ་

མཆོད། །བདག་ནི་འདོད་དང་ལོངས་སྤྱོད་ལུས་མི་གཉེར། །རྒྱལ་བ་ཡང་དང་ཡང་དུ་མཆོད་པར་བྱ། །བདག་གིས་བསོད་ནམས་རྣམ་སྨིན་དེ་མཐོང་ཞིང་། །ཉིན་གཅིག་འདྲ་བ་ཚེ་རབས་བརྒྱ་ཡང་དྲན། །བདག་འདིར་སྐྱེས་པའི་དཔལ་ཡང་འདི་འདྲ་ན། །མཁས་
པ་སུ་ཞིག་རྒྱལ་ལ་གུས་མི་སྐྱེད། །དེ་ནས་བུ་མོ་དེས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་ཅང་མི་ཟེར་བར་འདུག་པར་གྱུར་ཏོ། །དེའི་སྔོན་གྱི་དགེ་བའི་རྩ་བའི་འབྲས་བུའི་རྒྱུ་འཐུན་པས་ལུས་ལ་ལྷའི་གོས་རིན་པོ་ཆེ་དག་གྱོན་བཞིན་དུ་བྱུང་བར་གྱུར་ནས་དེའི་ལུས་ལས་ཟླ་བ་ལས་ཤིན་ཏུ་ཁྱད་
པར་དུ་འཕགས་པའི་འོད་ཟེར་གསེར་གྱི་མདོག་ཏུ་སྣང་བ་དག་ཀྱང་བྱུང་ངོ་། །དེ་ནས་ཕ་མ་དག་གིས་དེའི་མིང་ཟླ་མཆོག་ཅེས་བྱ་བར་བཏགས་སོ། །དེ་ནས་བུ་མོ་ཟླ་མཆོག་དེ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཅིག་གིས་འདི་ལྟ་སྟེ། དཔེར་ན་བུ་མོ་ལོ་བརྒྱད་ལོན་པ་ལྟ་བུའི་ན་
ཚོད་དུ་ཀུན་ཏུ་སྣང་ངོ་། །དེས་སའི་ཕྱོགས་གང་དང་གང་དག་ཏུ་འགྲེང་བ་དང་། འཆག་པ་དང་། འདུག་པ་དང་། མལ་བཅས་པར་གྱུར་པ་དེ་དང་དེ་དག་ཏུ་འོད་ཟེར་གསེར་གྱི་མདོག་ལྟ་བུ་དག་སྣང་བར་གྱུར་ཏོ། །དེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་ས་མཆོག་པའི་དྲི་དག་དང་། ཁ་ནས་ཀྱང་
ཨུད་པ་ལ་སྔོན་པོའི་དྲི་ངད་བྱུང་བར་གྱུར་ཏོ། །དེ་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཚོང་དཔོན་དང་། ཁྱིམ་བདག་དང་། རྒྱལ་བུ་རྣམས་དང་། དེ་ལས་གཞན་པ་རིགས་ཆེ་བ་རྣམས་དང་། རིགས་མཐོ་བ་དག་གིས་བུ་མོ་ཟླ་མཆོག་གི་ལུས་ཀྱི་གཟུགས་དང་། ཁ་དོག་ཡོངས་སུ་
རྫོགས་པ་ཐོས་སོ། །ཐོས་ནས་ཀྱང་འདོད་པའི་འདོད་ཆགས་ཀྱིས་སེམས་ཤིན་ཏུ་དཀྲིས་པར་གྱུར་ཅིང་སོ་སོ་ནས་འདི་སྙམ་དུ་སེམས་ཏེ། དེ་བདག་གི་ཆུང་མར་གྱུར་ན་ཅི་མ་རུང་སྙམ་མོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་སེམས་བརྩོན་པར་གྱུར་ཏེ། དེ་དག་ལས་
ཁ་ཅིག་ནི་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་སྟེན་པར་བྱེད། སྟེན་པར་བྱེད་ཅིང་བསྙེན་བཀུར་བྱེད་པར་གྱུར་ཏོ། །ཁ་ཅིག་ནི་ནོར་བུ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་དཱུརྱ་དང་། སྤུག་དང་། ཨན་ད་རྙིལ་དང་། དུང་དང་། མེན་ཤེལ་དང་། བྱི་རུ་བྱེ་བ་སྙེད་དག་སྦྱིན་ཞིང་

འདོད་པ་སྐྱེད་པར་བྱེད་དོ། །ཁ་ཅིག་ནི་ནོར་དང་། འབྲུ་དང་། ཁྱིམ་དང་། ལོངས་སྤྱོད་དང་། ཁ་ཟས་དག་སྟོབས་པར་བྱེད་དོ། །ཁ་ཅིག་ནི་བྲན་དང་། བྲན་མོ་དང་། ལས་མི་དང་། ཞོ་ཤས་འཚོ་བ་དག་ལ་གསད་པ་དང་། བཅིང་བ་དང་། བརྡེག་པ་ལ་སོགས་པ་དག་གིས་འཇིགས་པ་
སྟོན་པར་བྱེད་དོ། །ཁ་ཅིག་ནི་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་ཟེར་ཏེ། གལ་ཏེ་ཁྱོད་ཁོ་བོ་ཅག་ལ་བུ་མོ་ཟླ་མཆོག་འབུལ་བར་མི་བྱེད་ན། དེའི་ཕྱིར་ཁྱེད་ལ་དེས་སྡུག་བསྔལ་འབྱུང་བར་བྱ་ཞིང་ཁྱོད་ལ་གནོད་པ་ཆེན་པོ་ཡང་བྱའོ་ཞེས་ཟེར་རོ། །དེ་ནས་ལིཙྪ་བཱི་
དྲི་མ་མེད་པར་གྲགས་པ་འདི་སྙམ་དུ་མ་ལ་དཔུང་དག་ལྷགས་ནས་བདག་བཟུང་ཞིང་བཅོམ་སྟེ། བུ་མོ་ཡང་ཕྲོགས་ལ་བདག་ཀྱང་སྲོག་དང་ཕྲལ་བར་མི་འགྱུར་གྲང་སྙམ་ནས། སྐྲག་ཅིང་དངངས་ལ་སྒྱིད་ལུག་ཅིང་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། དེ་དྲན་པ་ཉམས་ཤིང་གཞན་གྱི་སྲོ་
ཤི་ལ་རབ་ཏུ་ངུ་ཞིང་མཆི་མ་བླགས་ཏེ། མིག་མི་འཛུམས་པར་བུ་མོ་ཟླ་མཆོག་ལ་ལྟའོ། །བུ་མོ་ཟླ་མཆོག་གིས་རང་གི་ཕ་ངུ་ཞིང་ཡི་ཤི་ལ་གདོང་མཆི་མས་ཡོག་ཅིང་ཡུལ་ཡུལ་པོར་གྱུར་པ་མཐོང་ངོ་། །མཐོང་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཅིའི་སླད་དུ་འདི་ལྟར་
བཤུམས་ཤིང་བཤུམས་མོ་དག་རབ་ཏུ་གློག་པར་མཛད་ལགས། དེ་ནས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པས་བུ་མོ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་འདི་ལྟར་ཁྱོད་དབྲོག་ཅིང་ཁྱོད་ཀྱི་ཕྱིར་གྲོང་ཁྱེར་ཐམས་ཅད་དུ་ཐབ་མོ་དང་རྩོད་པ་དག་ཀུན་ཏུ་འབྱུང་བར་ཁྱོད་ཀྱིས་མི་ཤེས་སམ།
དེའི་ཕྱིར་དཔུང་དག་ལྷགས་ཤིང་བཅོམ་སྟེ། ཁྱོད་ཕྲོགས་པར་མི་འགྱུར་གྲང་སྙམ་ནས་དེས་ན་མཆི་མ་བྱུང་བ་ཡིན་མོད། དེ་ནས་བུ་མོ་ཟླ་མཆོག་གིས་རང་གི་ཕ་ལ་ཚིགས་སུ་བཅད་དེ་སྨྲས་པ། གལ་ཏེ་འཛམ་གླིང་སེམས་ཅན་ཐམས་ཅད་དག །སྲེད་མེད་བུ་འདྲའི་བརྩོན་འགྲུས་ཐོབ་གྱུར་
ཅིང་། དེ་དག་མཚོན་ཐོགས་བདག་སླད་རྒྱུག་གྱུར་ཀྱང་། །དེ་དག་རྣམས་ཀྱིས་བདག་གཞོམ་རྔོ་མི་ཐོགས། །བྱམས་སེམས་ལྡན་ལ་དུག་དང་མཚོན་མི་ཚུགས། །རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་། །བྱམས་སེམས་ཐ་བ་ཞེ་སྡང་མ་མཆིས་པས། །བྱམས་

པའི་སེམས་ལ་གཞན་གྱིས་གནོད་མི་འགྱུར། །ཡབ་བདག་འཇིག་རྟེན་དག་ལ་བྱམས་པ་ཆེ། །ངན་བུ་བདག་བཞིན་འགྲོ་ལ་དགའ་བར་གནས། །ནམ་ཡང་གཞན་ལ་སྡུག་བསྔལ་མ་བགྱིས་པས། །དེ་ཕྱིར་ངན་བུ་སྡུག་བསྔལ་མི་འགྱུར་ཡབ། །ཆགས་བྲལ་ནམ་
ཡང་འདོད་ཆགས་མ་མཆིས་ཤིང་། །བྱམས་པ་ཡོངས་བསྒོམས་ཞེ་སྡང་མ་མཆིས་ལགས། །བདག་ལ་ཆགས་སྡང་གཏི་མུག་མ་མཆིས་ཏེ། །དེ་ཕྱིར་ངན་བུ་གཞན་གྱིས་མི་ཐུབ་ཡབ། །ཡབ་དང་ཡུམ་ལ་བྱམས་པ་མཆིས་པ་ལྟར། །འགྲོ་བ་ཀུན་ལ་རྒྱུན་དུ་བདག་དེ་བཞིན། །
ཡབ་གང་འཇིག་རྟེན་དག་ལ་དེ་འདྲར་བྱམས། །དེ་ནི་ནམས་ཀྱང་གཞན་གྱིས་གནོད་མི་འགྱུར། །ནམ་མཁའ་དོག་ས་འཛིན་པར་བགྱིད་གྱུར་རམ། །ལྷུན་པོ་ཡུངས་འབྲུའི་ནང་དུ་གནས་གྱུར་ཏམ། །རྒྱ་མཚོ་ཆེན་པོ་གནག་རྗེས་ཞུགས་གྱུར་ཀྱང་། །བདག་འཇོམས་
བགྱིད་པར་རྔོ་ཐོགས་མ་མཆིས་ཡབ། །དེ་ནས་བུ་མོ་ཟླ་མཆོག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དེའི་སླད་དུ་འདི་ལྟར་དེང་ནས་དགུང་བདུན་ན་བུ་མོ་ཟླ་མཆོག་ཕྱིར་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་རང་གང་འདོད་པའི་
ཁྱིམ་ཐབ་འདམ་པར་འགྱུར་གྱིས། དེར་ཁྱོད་ཅག་གིས་བསྒྲིམ་པར་བྱ་ཞིང་ལམ་སྲང་དང་བཞི་མདོ་དང་སུམ་མདོའི་ཕྱོགས་ཐམས་ཅད་ཀྱང་རྒྱན་དག་གིས་བརྒྱན་པར་བྱ་ཞིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པའི་ཆོ་ག་དག་གིས་ཀྱང་བྱི་དོར་
གྱིས་ཤིག་ཅེས་ཤུལ་པོ་ཆེ་དང་། བཞི་མདོ་དང་། སུམ་མདོ་ཐམས་ཅད་དུ་དྲིལ་དཀྲོལ་ཞིང་སྒྲ་བསྒྲག་ཏུ་གསོལ། དེ་ནས་བུ་མོ་ཟླ་མཆོག་གིས་ཕ་མ་གཉིས་རང་གི་ཁྱིམ་ནས་བྱུང་སྟེ། འདི་སྐད་དུ་དེང་ནས་ཞག་བདུན་ན་བུ་མོ་ཟླ་མཆོག་ཕྱིར་འབྱུང་བར་འགྱུར་ཞིང་བྱུང་ནས་ཀྱང་བུ་མོ་
གང་འདོད་པའི་ཁྱིམ་ཐབ་འདམ་པར་འགྱུར་གྱིས། དེར་ཁྱེད་ཅག་གིས་བསྒྲིམ་པར་བྱ་ཞིང་ལམ་སྲང་དང་། བཞི་མདོ་དང་། སུམ་མདོའི་ཕྱོགས་ཐམས་ཅད་རྒྱན་དག་གིས་བརྒྱན་པར་བྱ་ཞིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པའི་ཆོ་ག་

དག་གིས་ཀྱང་བྱི་དོར་གྱིས་ཤིག་ཅེས་རང་བཞིན་དེ་དག་ཀུན་ཏུ་བསྒྲགས་སོ། །དེ་སྐད་སོ་སོར་ཐོས་ནས། ཡངས་པ་ཅན་གྱི་སྐྱེ་བོ་ཕལ་པོ་ཆེ་རྣམས་འདི་ལྟར་རང་རང་གི་ལམ་སྲང་དང་། བཞི་མདོ་དང་། སུམ་མདོའི་ཕྱོགས་དག་བརྒྱན་པར་བྱ་བ་ལ་བརྩོན་པར་གྱུར་ཅིང་། སེམས་
ལ་འདི་སྙམ་དུ་ཅི་ནས་ཀྱང་བུ་མོ་ཟླ་མཆོག་ནི་བདག་ལ་འཛིན་གྱི་གཞན་དག་ལ་ནི་མ་ཡིན་གྲང་སྙམ་དུ་སེམས་ཏེ། དེ་དག་ཕན་ཚུན་འགྲན་པས་རང་རང་བརྒྱན་པར་བྱེད་དེ། འདི་ལྟ་སྟེ། ཚོང་དཔོན་དང་། ཁྱིམ་བདག་དང་། ཞང་བློན་དང་། བྲམ་ཟེ་དང་། རྒྱལ་བུ་རྣམས་དང་
ལས་མིའི་བར་དག་ཀྱང་ཤིན་ཏུ་ཁྲུས་བྱས་ཤིང་ལུས་ལེགས་པར་བྱུགས་ཏེ། གོས་བཟང་པོ་བགོས་ཤིང་རྒྱན་སྣ་ཚོགས་ཀྱིས་ལུས་བརྒྱན་ནས་རང་རང་གི་གཡོག་འཁོར་རྣམས་ལ་ཁྱེད་ཅག་སྒྲིམས་ཤིག །གལ་ཏེ་བུ་མོ་ཟླ་མཆོག་འུ་བུ་ཅག་གི་གན་དུ་རང་མི་འོང་བ་ལྟ་ན། དེའི་
ཕྱིར་མཐུས་དྲངས་ལ་ཕྲོགས་ཤིག་ཅེས་སྐུལ་བར་བྱེད་དོ། །དེ་ལྟར་ཞག་བདུན་འདས་པ་དང་། སྐྱེ་བོ་ཕལ་པོ་ཆེ་དག་ངོ་མཚར་དུ་འཛིན་པར་གྱུར་ནས། བུ་མོ་ཟླ་མཆོག་བལྟ་བའི་ཕྱིར་འདུས་པར་གྱུར་ཏོ། །དེ་ནས་བུ་མོ་ཟླ་མཆོག་ཉི་མ་དྲུག་པ་ལ་ཟླ་བ་ཉ་བའི་ཚེ་གསོ་སྦྱོང་ཡན་
ལག་བརྒྱད་པོ་ཡང་དག་པར་བླངས་ཏེ་མཚན་མོ་མི་ཉལ་ཙམ་ན། སྟེང་གི་ཁང་བཟངས་ཀྱི་ཐོག་ན་འཆག་ཅིང་འདུག་གོ། །དེ་ནས་སངས་རྒྱས་ཀྱི་མཐུས་བུ་མོ་ཟླ་མཆོག་གི་ལག་པ་གཡས་པར་པད་མ་སྡོང་བུ་ནི་གསེར། འདབ་མ་ནི་དངུལ། ཟེ་བ་ནི་བཻ་དཱུརྱ། སྙིང་པོ་ནི་རྡོའི་སྙིང་པོ་
ལས་བྱས་པ། འདབ་མ་