Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 061_མདོ་སྡེ།_ཙ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
མེད་པས་སྒྲུབ་པར་འགྱུར། དཀར་པོའི་ཆོས་ལ་གནས་པ་སོ་སོར་རྫོགས་པར་འགྱུར། ཁམས་གསུམ་ནས་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་ཐེག་པ་ལ་དད་པ་དང་། སྨོན་ལམ་གྱིས་འབྱུང་བར་འགྱུར། དེ་དང་དེ་དག་དེ་བཞིན་གཤེགས་པ་ལ་བྱས་པ་ཤེས་ཤིང་བྱས་པ་གཟོ་བ་སོ་སོར་རྙེད་པར་འགྱུར་ཏེ། ཕྱིར་འབྲང་བ་དང་། གནས་དང་། མགོན་དང་། སྐྱབས་དང་། དཔུང་གཉེན་སངས་རྒྱས་བཅོམ་ལྡན་འདས་ རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པས་ཀྱང་བསམ་གྱིས་མི་ཁྱབ་པའི་སྦྱིན་གནས་སྦྱོང་སྟེ། བསོད་ནམས་ཡོངས་སུ་མི་གནས་པའི་སྦྱིན་གནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་སྐྱེ་བ་འདི་ལྟ་བུའི་རྣམ་པ་མང་ པོར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་འཕེལ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ སངས་རྒྱས་ཀྱི་མཛད་པ་ཡངས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་སྟེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་མ་གཏོགས་པར་གཞན་འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱི་ལྷ་དང་འཇིག་རྟེན་དུ་བཅས་པ་གང་གིས་ཀྱང་ཚད་གཟུང་བར་མི་ནུས། འདས་པ་དང་། མ་འོངས་ པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་སུ་བཅས་པས་ཀྱང་འཇུག་པར་ནུས་པ་མ་ཡིན་ནོ།། །།འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། བམ་པོ་གསུམ་པ། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ རྣམས་གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་དབང་པོའི་ཆོས་མི་གཉིས་པར་འགྲོ་བ་བཅུ་སྟེ། བཅུ་གང་ཞེ་ན། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལུང་སྟོན་ཏེ། མི་གཉིས་པར་འགྲོ་བ་དང་། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་ པའི་སེམས་ཅན་རྣམས་ཀྱི་སེམས་དང་བསམ་པ་སྣ་ཚོགས་མེད་བཅུ་རྡུལ་ཡབ་བརྗོད་དུ་མེད་པར་གཤེགས་པ་མི་གཉིས་པ་དང་། ཆོས་ཀྱི་དོན་མ་ལུས་པ་ཐམས་ཅད་ལས་རྫོགས་པར་སངས་རྒྱས་པའི་སྐུ་མི་གཉིས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ངོ་བོ་ དང་། དེ་བཞིན་གཤེགས་པའི་ཡེ་ཤེས་གཉིས་སུ་མེད་པ་དང་། འབྱུང་བའི་སྐད་ཅིག་མའི་མཐའི་ཡེ་ཤེས་མི་གཉིས་ཤིང་ཐོག་མའི་མཐའ་དང་། ཐ་མའི་མཐའ་དང་། ད་ལྟར་བྱུང་བ་གཉིས་སུ་མེད་པ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། སངས་རྒྱས་ གཅིག་གི་ཞིང་གི་རྗེས་སུ་འགྲོ་བ་བསྟན་པའི་ཡེ་ཤེས་གཉིས་སུ་མེད་པ་དང་། སངས་རྒྱས་གཅིག་གི་གསུང་དང་། སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུལ་བ་དང་། རབ་ཏུ་ཕིགས་པ་དང་། རྣམ་པར་རིག་པ་གཉིས་ སུ་མེད་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཆོས་ཉིད་དང་། སངས་རྒྱས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང་། གཅིག་གི་དགེ་བའི་རྩ་བ་གཉིས་སུ་མེད་དེ། ཀྱེ་རྒྱལ་ བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་དབང་པོའི་ཆོས་ཀྱིས་མི་གཉིས་པར་གཤེགས་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ལ་ནན་ཏན་གྱིས་གནས་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཡེ་ཤེས་ཀྱི་རྗེས་སུ་སངས་རྒྱས་པ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཇི་ལྟར་སྨོན་ལམ་གྱིས་འབྱུང་བ་ལ་ གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཡོངས་སུ་མི་གཏོང་ཞིང་འདུལ་བ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ངོ་བོ་མེད་པ་ལ་རབ་ཏུ་གནས་པའི་ཆོས་ཉིད་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དོན་མེད་པ་མ་ཡིན་པ་དང་། དེ་ བཞིན་གཤེགས་པ་རྣམས་སྐལ་བ་མཉམ་པ་མ་ཡིན་པར་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་སེམས་མཉམ་པ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་ཉམས་པའི་དབང་པོ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ སེམས་ཆགས་པ་མེད་པར་སྤྱོད་པ་ལ་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་ཅིང་མི་འཇིགས་པ་ཡང་དག་པའི་མཐའི་མཚན་ཉིད་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་རྣམས་ཆོས་ཐམས་ཅད་ཀྱི་ནན་ཏན་ལ་གནས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འདས་པའི་ གྲངས་ཐམས་ཅད་མངོན་པར་མཁྱེན་པ་དང་། མ་འོངས་པ་ཐམས་ཅད་ཀྱི་གྲངས་ཐམས་ཅད་མངོན་པར་མཁྱེན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་གྲངས་ཐམས་ཅད་མངོན་པར་མཁྱེན་པ་དང་། ངག་ཐམས་ཅད་ཀྱི་ལམ་ཐམས་ཅད་མངོན་པར་མཁྱེན་པ་དང་། འཇིག་རྟེན་ ཐམས་ཅད་ཀྱི་འཇུག་པ་ཐམས་ཅད་མངོན་པར་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ངོ་བོའི་ཡེ་ཤེས་ཐམས་ཅད་མངོན་པར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། སྣ་ཚོགས་རྣམ་པར་གནས་པའི་ མཚན་ཉིད་དང་། དགེ་བའི་རྩ་བ་ཐམས་ཅད་དང་། བསམ་པ་ཚད་མེད་པ་རྒྱུན་མི་གཅོད་པའི་མཚམས་ཀྱི་སྐད་ཅིག་མའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐམས་ཅད་མངོན་པར་མཁྱེན་པ་དང་། ཆོས་ཐམས་ཅད་རྐྱེན་དང་འདུས་པ་ཚོགས་པར་ཁོང་དུ་ཆུད་པ་ཐམས་ཅད་ མངོན་པར་མཁྱེན་པ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རིགས་རབ་ཏུ་འབྱེད་པའི་ཡེ་ཤེས་མཐོང་བ་ཐམས་ཅད་མངོན་པར་མཁྱེན་པ་དང་། ཆོས་ཀྱི་དབྱིངས་དབྱེ་བ་མིག་འཕྲུལ་མཁན་གྱིས་རྣམ་པར་ཕྱེ་བ་ལྟར་ཐམས་ཅད་མངོན་པར་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་ཆེན་པོ་དང་། སྟོབས་དང་། སྟོབས་ཚད་མེད་པ་དང་། སྟོབས་ཀྱི་བདག་ཉིད་ཆེ་བ་དང་། བཟོད་ པར་དཀའ་བའི་སྟོབས་དང་། ཡོངས་སུ་མ་ཉམས་པའི་སྟོབས་དང་། སྙིང་པོའི་སྟོབས་དང་། མི་ཕྱེད་པའི་སྟོབས་དང་། འཇིག་རྟེན་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཀྱིས་མི་འཕྲོགས་པའི་སྟོབས་དང་། སངས་རྒྱས་ཀྱི་མཐུ་ ཆེན་པོའི་སྟོབས་ཀྱི་དཔལ་གྱི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། གང་འདི་སངས་རྒྱས་ཀྱི་སྐུ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་ཕྱེད་པ་དང་། འཚོ་བའི་དབང་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་མི་ཆོད་ཅིང་དུག་གིས་མི་འཇིགས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ འཚིག་པའི་མེའི་བསྐལ་པས་མི་ཚིག་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུད་པ་དང་འཛིན་པའི་ཆུའི་ཕུང་པོའི་ཆུས་མི་འཆི་བ་དང་། བདུད་ཐམས་ཅད་དང་། བདུད་ཀྱི་སྡེ་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱི་སྟོབས་དང་། ཀླུ་ཐམས་ཅད་དང་། གནོད་སྦྱིན་ ཐམས་ཅད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་སྟོབས་དང་། ཤ་ཟ་དང་། འབར་བ་ཐམས་ཅད་ཀྱི་སྟོབས་དང་། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་མིག་གི་སྟོབས་ཀྱིས་མི་ཚུགས་ པ་དང་། རི་རབ་ལྷུན་པོའི་རི་དང་མཉམ་པའི་རྡོ་རྗེའི་ཆར་འབེབས་པ་དང་། གཞན་ཡང་འཁོར་ཡུག་ཆེན་པོའི་རི་དང་མཉམ་པ་དང་། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཀྱི་རྡོ་རྗེའི་ཆར་བབས་ཏེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བ་སྤུ་ཡང་མི་འགུལ། བག་ཚ་བར་ཡང་མི་འགྱུར། བཞུད་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བའི་སྤྱོད་ལམ་སྤང་བའང་མི་མངའ་སྟེ། ཡུལ་གང་དུ་དེ་བཞིན་གཤེགས་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་ཏུ་ཇི་ ཙམ་དུ་བཞེད་པ་ཀུན་ཏུ་དེ་ཙམ་དུ་མ་བབ་བོ། །སངས་རྒྱས་ཀྱི་བསྔགས་པ་ལ་ཡང་གཙེས་པར་མ་གྱུར། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་སེམས་ཅན་ལ་ཡང་གཙེས་པར་མ་གྱུར་ན་དེ་བཞིན་གཤེགས་པའི་སྐུ་མི་འཁྲུགས་པ་ལྟ་ཅི་སྨོས་ཏེ། འདི་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་དང་པོའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་བཞེད་ན་ཆོས་ཐམས་ཅད་ཀྱི་དབྱིངས་མཆོག་མ་ལུས་པ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། རི་རབ་ ལྷུན་པོའི་རི་དང་བཅས། ཁོ་ར་ཁོར་ཡུག་དང་། ཁོར་ཡུག་ཆེན་པོའི་རི་དང་བཅས། རྒྱ་མཚོའི་རི་དང་ནགས་སྟུག་པོར་བཅས་པ་དང་། སེམས་ཅན་གནས་པའི་གནས་སྣ་ཚོགས་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་བ་སྤུའི་ བུ་ག་གཅིག་ཏུ་བཅུག་སྟེ་ཐ་མའི་མཐའི་བསྐལ་པའི་མཐའ་བཟུང་ན། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་མ་གཏོགས་པར་སེམས་ཅན་གཞན་གྱིས་ཤེས་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་དུ་མ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་སྐུའི་བ་སྤུའི་བུ་ གར་བཅུག་ནས་མཐའ་མའི་མཐའི་བསྐལ་པར་བཟུང་སྟེ། བཞེངས་པ་དང་། བཞུད་པ་དང་། བཞུགས་པ་དང་། མནལ་བ་དང་། བསྐལ་པར་གཤེགས་ཀྱང་དེ་བཞིན་གཤེགས་པའི་ཐུགས་ལ་སྐད་ཅིག་ཀྱང་སྡུག་བསྔལ་དུ་མི་འགྱུར། སྐྱོ་བ་མི་མངའ་སྟེ། སྟོབས་ དང་མཐུ་ཡོངས་སུ་ཉམས་པར་མི་འགྱུར། སྤྱོད་ལམ་ལ་རྣམ་པར་རྟོག་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་འཛིན་ཏེ། འབྱིང་བ་མ་ཡིན། ཞུམ་པ་མ་ ཡིན། འཕེལ་བ་མ་ཡིན། འབྲི་བ་མ་ཡིན། འབྱུང་བ་མ་ཡིན། སྐྱེ་བ་མ་ཡིན། རྣམ་པ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བ་སྤུའི་བུ་ག་གཅིག་ཏུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀུན་འཛིན་ཀྱང་དེའི་ཕྱིར་སྡུག་བསྔལ་ཚོར་བའི་ སེམས་སྐྱེ་བ་གཅིག་ཀྱང་མི་མངའ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བརྙེས་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་གོམ་པ་གཅིག་གི་སྤྱོད་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་འདྲའོ། །སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་གོམ་པས་སྤྱོད་དོ། །དུ་མའི་སེམས་སྐྱེ་ཞིང་འཇུག་པ་དེ་ལྟར་གཤེགས་ཤིང་ འཇིག་རྟེན་གྱི་ཁམས་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་གཤེགས་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སེམས་བསྐྱེད་པ་བཞིན་དུ་བསྐལ་པར་གཤེགས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་འཇིག་རྟེན་གྱི་ ཁམས་ཀུན་གནས་ཤིང་ཚད་མེད་པ་དང་། ཁོར་ཡུག་ཆེན་པོའི་རི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འགྱུར་བ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཐ་དད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པ་འདས་ཤིང་བ་སྤུའི་བུ་ག་གཅིག་འགག་པར་འགྱུར་ཏེ། ཇི་ལྟར་བ་སྤུའི་བུ་ག་ གཅིག་པ་དེ་ལྟར་སྐུའི་སྤུའི་བུ་ག་ཐམས་ཅད་དེ་སེམས་ཅན་ཐམས་ཅད་ཇི་སྙེད་པ་བ་སྤུའི་བུ་གར་གྱུར་ལ། དེ་ལྟར་སེམས་ཅན་ཐམས་ཅད་ལྕི་བར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སོར་མོ་གཅིག་གི་རྩེ་མོས་ཐ་མའི་མཐའི་བསྐལ་པར་ འཛིན་ཏེ། ཇི་ལྟར་སོར་མོ་གཅིག་གིས་དང་པོར་འཛིན་པ་དེ་ལྟར་སོར་མོ་ཐམས་ཅད་ཀྱི་རྩེ་མོས་འཛིན་ཀྱང་དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་བསྙེལ་བ་ཡང་མི་མངའ། ཐུགས་ལ་སྐྱོ་བར་ཡང་མི་འགྱུར། སྡུག་བསྔལ་གྱི་རེག་པ་ཚོར་རོ་སྙམ་པའི་སེམས་ཕྲ་རབ་གཅིག་ཙམ་ ཡང་མི་སྐྱེའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་རེ་རེར་གཤེགས་ཤིང་འཇུག་པ་དང་། ནམ་མཁའ་ལ་གཤེགས་ཤིང་འཇུག་པ་དང་། རྒྱ་མོའི་ཕྱོགས་ཐམས་ཅད་དུ་གཤེགས་ཤིང་འཇུག་པ་དང་། དེ་ལྟར་ནམ་མཁའི་ཁམས་ཀྱི་མཐའ་མ་ལུས་པ་ཐམས་ཅད་དང་། ཆོས་ཀྱི་ དབྱིངས་ཀྱི་མཐར་འཇུག་པ་དང་། སྐྲའི་རྩེ་མོའི་མཐའི་ཚད་ཀྱི་ཁམས་ཐམས་ཅད་དུ་འཇུག་པ་དང་། སྐྲ་རྩེ་རེ་རེའི་མཐའ་ཚད་ཀྱི་གྲངས་ཀྱི་ནམ་མཁའི་ཁམས་མ་ལུས་པ་ཐམས་ཅད་ཡོངས་སུ་གསོལ་བའི་སྐྲའི་རྩེ་མོའི་མཐའི་ཚད་ཀྱི་ནམ་མཁའི་ཁམས་སུ་འཇུག་པ་འདིས་དེ་བཞིན་ གཤེགས་པའི་སྤྱོད་ལམ་ཐོག་མའི་མཐའ་དང་ཐ་མའི་མཐའི་བསྐལ་པར་ཟད་ཅིང་འདས་ཀྱི་བར་དུ་ཕྱོགས་དང་ཕྱོགས་ན་སྐྱིལ་མོ་ཀྲུང་གཅིག་གིས་བཞུགས་ཤིང་ཡོངས་སུ་ལོངས་སྤྱོད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་ པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བཞི་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སྐུ་དང་དབུ་དུ་མར་གྱུར་ལ། དབུ་གཅིག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ལྗགས་སུ་གྱུར་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་དབྱངས་ཀྱི་ཡན་ལག་དང་། སྒྲ་དང་གསུང་འཇུག་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་ཁམས་ལ་ གོ་བར་བྱེད་པ་དང་། དབྱངས་ཀྱི་ཡན་ལག་དང་། སྒྲ་དང་། གསུང་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་མདོ་སྡེ་དམ་པ་རབ་ཏུ་བཤད་ལ། མདོ་སྡེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་ དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ཆོས་སྟོན་པའི་རྗེས་སུ་འབྲང་ལ་ཆོས་བསྟན་པ་རེ་རེ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ཆོས་ཀྱི་ཚིག་དང་འབྱེད་པ་རྣམས་ཀྱི་བརྗོད་པ་འགྲོ་སྟེ། ཇི་ལྟར་གང་གི་ཕྱིར་ཆོས་ སྟོན་པ་དེ་ལྟར་ཆོས་ཐམས་ཅད་སྟོན་ཏེ། དེ་དག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་སྟོན་ཅིང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པ་རྣམས་ཡོངས་ སུ་ཟད་ནས་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་སྟོན་ཏེ། གཞུང་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་སྟོན་ལ། གཞུང་འདིས་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པ་ཟད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྙེད་ཀྱི་བསྐལ་པ་ཟད་ཅིང་འདས་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་ལྟ་མ་ཡིན་ཏེ། ཆོས་ཐམས་ཅད་མགལ་མེའི་འཁོར་ལོ་ལྟར་འཇུག་ཅིང་ཆོས་ཐམས་ ཅད་ཤེས་རབ་ཀྱིས་སྟོན་ཏེ། བརྡ་སྤྲོད་ཅིང་ཐེ་ཙོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཆོས་ཐམས་ཅད་སྣང་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཆགས་པ་མེད་པའི་མཛོད་ཀྱི་འཁོར་ལོ་སྐོར་བ་དང་། སེམས་ཅན་མཐའ་ཡས་པ་ཚིམ་པར་བྱེད་པའི་ འདུལ་བའི་རྒྱན་གྱི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པའི་རྒྱན་གྱི་འཁོར་ལོ་སྐོར་བ་དང་། ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ཆེན་པོའི་རྒྱུན་གྱི་འཁོར་ལོ་སྐོར་བ་དང་། འགྲོ་བ་མ་ལུས་པ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྒྲོན་མ་ཆེན་པོའི་རྒྱུན་ གྱི་འཁོར་ལོ་སྐོར་བ་དང་། སོ་སོ་ཡང་དག་པར་རིག་པ་དང་། མི་འཇིགས་པ་ཆེན་པོའི་རྒྱན་གྱི་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ཇི་ལྟར་སངས་རྒྱས་གཅིག་གི་སྐུའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་སྤྲིན་ཆེན་པོ་ཡང་དཔེ་ཐམས་ཅད་ཀྱིས་དཔེར་བྱ་བ་མ་ཡིན་ཏེ། དེ་ལྟར་ཆོས་ཀྱི་ དབྱིངས་མ་ལུས་པ་ཐམས་ཅད་དང་། ནམ་མཁའི་ཁམས་ཀྱི་མཐར་སྐྲའི་རྩེ་མོའི་མཐའ་ནས་རྣམ་པར་ཕྱེ་བ་ཆགས་པ་མེད་པ་མ་ལུས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སེམས་ཀྱི་སྐད་ཅིག་མ་དང་། སེམས་ ཀྱི་སྐད་ཅིག་མ་རེ་རེ་དེ་སྙེད་ཀྱི་སངས་རྒྱས་ཀྱི་སྤྲུལ་པ་སྤྲུལ་པ་དང་། ཇི་སྲིད་དུ་མཐའ་མའི་བསྐལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་རེ་རེ་བ་དེ་སྙེད་དེ་སྙེད་ཀྱི་དབུར་གྱུར་པའི་བར་དུ་སྔར་ཀུན་ཏུ་བརྗོད་པ་བཞིན་དུ་དབུ་རེ་རེ་ལ་དེ་སྙེད་དེ་སྙེད་ ཀྱི་ལྗགས་སུ་གྱུར་པའི་ལྗགས་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་དབྱངས་ཀྱི་ཡན་ལག་དང་། གསུང་དང་། སྐུ་དང་། གསུང་འཇུག་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་ཁམས་ན་གོ་བར་བྱེད་པ་དང་། དབྱངས་ཀྱི་ཡན་ལག་དང་། སྒྲ་དང་། གསུང་རེ་རེས་དེ་སྙེད་དེ་སྙེད་ཀྱི་མདོ་ སྡེ་རྣམས་འཆད་དེ། མདོ་སྡེ་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་ཆོས་སྟོན་པ་རྗེས་སུ་འབྲང་ལ་ཆོས་སྟོན་པ་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་ཆོས་ཀྱི་ཚིག་དང་འབྱེད་པའི་བརྗོད་པ་འགྲོ་སྟེ། ཆོས་ཀྱི་ཚིག་དང་འབྱེད་པ་རེ་རེས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སྒྲ་གསལ་བར་བྱེད་ཅིང་སེམས་ ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་གོ་བར་བྱེད་ཀྱང་དེ་བཞིན་གཤེགས་པའི་གསུང་འཛིན་པའང་མེད། ཉམས་པའང་མེད། ཟད་པའང་མེད། དམས་པའང་མེད་དེ། དེ་ལྟར་ཐ་མའི་མཐར་བསྐལ་པའི་བར་དུ་གནས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ནི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་ལྔ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དཔལ་གྱི་བེའུའི་རྒྱུན་དང་ལྡན་ཞིང་། རྡོ་རྗེའི་སྙིང་པོ་ཆེན་པོས་བཟུང་བ་དེ་དག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་ རྣམས་ལ་བཞག་ནས་སེམས་ཅན་ཐམས་ཅད་སྙེད་ཀྱིས་བདུད་སྡིག་ཅན་གྱི་སྡེ་གཟུགས་སྣ་ཚོགས་བསྐྲད་ཅིང་མི་སྡུག་པ། མཆོག་ཏུ་འཇིགས་པའི་གཟུགས་འཇིག་རྟེན་ཐམས་ཅད་འཇིགས་པའི་གཟུགས་མཆོག་ཏུ་སེམས་བསྐྱེད་པའི་གཟུགས་སུ་འཕྲུལ་པར་བྱེད་དོ། །བྱང་ཆུབ་ཀྱི་ ཤིང་མཆོག་གི་དྲུང་དུ་སོང་ནས་ཆོས་ཐམས་ཅད་ཀྱི་དབྱིངས་ནམ་མཁའི་མཐར་བདུད་ཀྱི་མི་སྡུག་པའི་གཟུགས་འཛིན་པ། སྐྲག་པ་ཆེན་པོས་འཇིགས་པ་ཆེན་པོར་བྱེད་པ། འགྲོ་བ་ཐམས་ཅད་འཇོམས་པས། འཇིག་རྟེན་ཐམས་ཅད་འཇིག་པའོ། །དེ་ན་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ ཤིང་དྲུང་དུ་གཤེགས་ནས་ཐམས་ཅད་ལ་གཟིགས་ཏེ། གཟིགས་ནས་མི་བསྙེངས། བག་མི་ཚ། སྤུ་འགའ་ཡང་མི་གཡོ། གཟུགས་སྣ་ཚོགས་ཀྱི་མཚན་མ་སྣ་ཚོགས་འཛིན་པ་ཡང་མི་མངའ། སེམས་ཕྲ་མོ་ཡང་མི་མངའ་བར་གནས་ཏེ་མི་གཡོ། མི་བསྐྱོད་མི་འགྱུར་རྣམ་པར་མི་ རྟོག །ཤིན་ཏུ་རབ་ཏུ་ཞི། བསྙེངས་ཤིང་བ་སྤུ་ལྡང་བ་ཤིན་ཏུ་མི་མངའ། འདོད་པ་དང་ཁོང་ཁྲོ་བ་ཤིན་ཏུ་མི་མངའ། སངས་རྒྱས་ཀྱི་མཛད་པ་བྱམས་པ་ཆེན་པོ་ཆགས་པ་མེད་པའི་སྟོབས་ཀྱིས་གཏོང་བ། དབང་པོ་སྦེད་ཅིང་ཐུགས་རྗེ་ཆེན་པོ་ལ་གནས་པ། བག་མི་ཚ་བའི་ཐུགས་དབྱེར་མི་ ཕྱེད་པའི་སྙིང་པོ་ཐུགས་མི་དང་ངས་ཤིང་ཟིལ་གྱིས་མི་ནོན་པའི་ཐུགས་ཀྱིས་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་དང་། བདུད་ཀྱི་སྡེ་མང་པོ་སྣ་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་གཟོད་ནས་ཟིལ་གྱིས་གནོན། བཟུང་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་སྟེ། དེ་དག་ ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གསུམ་དང་དེ་བཞིན་གཤེགས་པས་འདུལ་བ་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་ གནས་པའི་ཆོས་དྲུག་པའོ། །གཞན་ཡང་སངས་རྒྱས་རྣམས་ཀྱི་གསུང་ཐོགས་པ་མེད་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་འཇུག་ཅིང་དེ་དང་དེ་དག་ཏུ་འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་རིག་ཅིང་སེམས་ཅན་རྣམས་འདུལ་བའི་དབང་གིས་དེ་བཞིན་གཤེགས་ པའི་སྒྲ་དེ་རི་ལ་ཐོགས་པ་མེད་དེ། རི་རབ་ལྷུན་པོ་ལ་མི་ཐོགས་རིན་པོ་ཆེའི་རི་ལ་མ་ཡིན། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ལ་མ་ཡིན། ལྷའི་གནས་ལ་མ་ཡིན། ཀླུའི་གནས་ལ་མ་ཡིན། གནོད་སྦྱིན་གྱི་གནས་ལ་མ་ཡིན། དྲི་ཟའི་གནས་ལ་མ་ཡིན། ལྷ་མ་ཡིན་གྱི་ གནས་ལ་མ་ཡིན། ནམ་མཁའ་ལྡིང་གི་གནས་ལ་མ་ཡིན། མིའམ་ཅིའི་གནས་ལ་མ་ཡིན། མི་དང་མི་མ་ཡིན་པའི་གནས་ལ་ལྟ་ཞིང་ཆགས་པར་མི་འགྱུར་རོ། །གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་ནའང་མི་ཆགས་ཏེ། འཇིག་རྟེན་སྲིད་པའི་ཁམས་ ཐམས་ཅད་ཀྱི་སྒྲ་ཆེན་པོ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྒྲ་སྣ་ཚོགས་རབ་ཏུ་རྫོགས་པ་དེ་ལ་དེ་བཞིན་གཤེགས་པས་བརྗོད་པའི་སྒྲས་བསྒྲིབས་པར་འགྱུར་ཏེ། ཇི་ལྟར་འདུལ་བའི་སེམས་ཅན་རྣམས་ཀྱི་རྣ་བས་རྣམ་པར་རིག་སྟེ། གང་འདི་རྣ་བས་རྣམ་པར་རིག་ཅིང་རྣམ་པར་རིག་པའི་ ཚིག་དང་འབྱེད་པ་ཉམས་པར་མི་འགྱུར་ཏེ། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྒྲ། ལྷམ་མེ། ལྷན་ནེ། ལྷང་ངེའོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་དཔལ་གྱི་སྟོབས་ལ་གནས་པའི་ཆོས་ཀྱི་སྒྲ་བདུན་པའོ། །གཞན་ཡང་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཐུགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཤིན་ཏུ་ཡོངས་སུ་སྦྱངས་པས་ཆགས་པ་མེད། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རྒྱན་དང་ཞིང་རྙོག་ པ་མེད་པ། བདག་གི་མེད་པའི་ཆོས་ཐམས་ཅད་ལ་གནས་པ། ནང་དང་ཕྱི་དང་ལྡན་པ་མ་ཡིན། མ་སྐྱེས་པ་ལ་བརྩམ་པ་ཐམས་ཅད་རྣམ་པར་ཕྱེ་བ། ཞི་བ། གནས་མེད་པ། རྩོམ་པ་སྣ་ཚོགས་ཐམས་ཅད་མེད་པ། ངོ་བོ་ཐམས་ཅད་རྣམ་པར་རྟོག་པའི་འདུ་ཤེས་ལ་གནས་ པ་འགག་པ། རང་བཞིན་འོད་གསལ་བ། ཤིན་ཏུ་ཡོངས་སུ་དག་པ། རྩོམ་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་མ་ཆགས་པའི་ཉོན་མོངས་པ་མེད་པའི་ཆོས་ཐམས་ཅད་ཀྱི་ཡུལ་གྱི་རྗེས་སུ་སོང་བ། ཡང་དག་པའི་མཐའ་འདོད་ཆགས་དང་བྲལ་ཞིང་དག་པ། ཆོས་ཀྱི་ དབྱིངས་སྟོན་པའི་མཐར་སོང་བ། ཆོས་ཀྱི་དབྱིངས་ཀུན་ཏུ་མི་ཟད་པའི་རྗེས་སུ་སོང་བ། འདུ་ཤེས་སུ་གྱུར་པ་ཐམས་ཅད་དང་། ཚད་དང་། ཚད་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མངོན་པར་སྨྲ་བ་ཐམས་ཅད་འགགས་པ་དག་གིས་ལམ་བརྗོད་དུ་མེད་པའི་མཐའི་ ཡུལ་མི་ཟད་ཅིང་ཆགས་པ་མེད་པའི་དབྱིངས་ཀྱི་མཐའི་སྔོན་དུ་ཡེ་ཤེས་འགྲོ་ཞིང་འཇུག་པ་དང་། སྟོབས་བཅུའི་རྒྱན་དང་ཆོས་ཐམས་ཅད་རྣམ་པར་དག་པ། ཐབས་མཁས་པ་ལ་ཞུགས་པས་ཆོས་སྣ་ཚོགས་དང་། ཆོས་དུ་མ་དང་། ཆོས་ཐམས་ཅད་དང་། སྟོན་པ་འགལ་བ་ མེད་པ། དུས་གསུམ་དུ་དབྱེར་མེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དང་། ཆོས་ཐམས་ཅད་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་དབང་གི་ཕ་རོལ་ཏུ་སོང་བ། ཆོས་ཐམས་ཅད་ཀྱི་དབང་གི་འབྱུང་གནས་ཀྱི་མཛོད་ཀྱི་ཁྱད་པར་ཆོས་ཐམས་ཅད་ཀྱི་ཚུལ་དྲན་ཞིང་ཀུན་ནས་གཏི་ མུག་པ་ཞིང་ཐམས་ཅད་དུ་འགྲོ་བའི་དབང་དང་། རྒྱ་མོའི་ཕྱོགས་མ་ལུས་པ་ཐམས་ཅད་ཀྱི་མདོ་མེད་བཅུ་རྡུལ་ཡབ་ལ་མི་གནས་པ། བརྟན་པར་གནས་ཤིང་མི་འཕོ་བ། ཡེ་ཤེས་ཀྱི་ལྟ་བ་ཆོས་མ་ལུས་པ་ཐམས་ཅད་ཀྱི་མཐར་ཐུག་པ། ཟག་པ་ཐམས་ཅད་ཡོངས་སུ་ཟད་ཅིང་ཟག་ པ་མེད་པ། སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། ཤིན་ཏུ་རྣམ་པར་གྲོལ་བ་ཡང་དག་པའི་མཐའ་མི་ཟད་པའི་མཆོག་ཆགས་པ་མེད་པར་གནས་པ། རྟག་ཏུ་མཉམ་པ་དང་རབ་ཏུ་ལྡན་པ། དུས་གསུམ་ལ་ཆགས་པ་མེད་པར་གནས་པ། སེམས་ཀྱི་སྐད་ཅིག་མ་ལ་ དུས་གསུམ་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་མ་ལུས་པར་རབ་ཏུ་ཤེས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་སྟོབས་བརྒྱད་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྒྲ་དང་ལུས་གཅིག་ ཏུ་འདུས་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡུལ་ཚད་མེད་པ་མཐའ་དང་དབུང་མེད་པའི་སྐུ་ཡོངས་སུ་གྲུབ་པ། འཇིག་རྟེན་ཐམས་ཅད་ཡོངས་སུ་འཛིན་པའི་སྐུ། ཁམས་གསུམ་གྱིས་མི་གོས་པའི་སྐུ། རྐྱེན་གྱི་སྐུ་རྣམ་པར་རིག་ཅིང་ལྷག་པའི་བསམ་པས་རྗེས་སུ་དྲན་པ་ལ་བྱིན་ གྱི་བརླབས་ཀྱི་སུའི་ཚོགས་སྟོན་པ། མི་བདེན་མི་བརྫུན་ཞིང་མཉམ་པ་ཉིད་རྣམ་པར་དག་པའི་སྐུ། འོང་བ་དང་། འགྲོ་བ་མེད་པའི་ཆོས་ཀྱི་སྐུ་འདུས་པ། འདུས་མ་བྱས་ཤིང་འཇིག་པ་མེད་པའི་སྐུ། མཚན་ཉིད་གཅིག་དང་། མཚན་ཉིད་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་སྐུ། ཡུལ་ན་མི་ གནས་ཕྱོགས་ན་མི་གནས་པའི་སྐུ། ཚོགས་མ་ལུས་པ་ཐམས་ཅད་ཀྱི་སྐུ། སངས་རྒྱས་ཁྱུ་མཆོག་རྣམ་པར་སྤྲུལ་པའི་སྐུ། ཁ་དོག་མཐའ་ཡས་པའི་སྐུ། སྐུ་ཐམས་ཅད་རྗེས་སུ་འབྲང་བ། སྐུ་སྣ་ཚོགས་སུ་རྣམ་པར་རིག་པ། ཆོས་ཀྱི་སྐུའི་ཚུལ་གྱི་རྗེས་སུ་སོང་བ། མཐའ་ཡས་པར་ སྣང་བའི་ཡེ་ཤེས་ཀྱི་སྙིང་པོའི་དཀྱིལ་འཁོར་གྱི་མཛོད་ཀྱི་སྐུ། བྱ་བ་སྣ་ཚོགས་མེད་པ། ཆོས་ཐམས་ཅད་ཀྱི་དབྱིངས་སྟོན་པའི་སྐུ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་ཁྱབ་པར་གསོལ་བའི་སྐུ་འདུས་པ། མི་གཡོ་མི་སེམས་པའི་སྐུ་རྣམ་པར་དག་པ། མེད་པ་དང་མེད་པ་མ་ ཡིན་པ་དང་། ཚུལ་དང་ཚུལ་མ་ཡིན་པས་ཕྱེ་བའི་སྐུ། སེམས་ཅན་ཐམས་ཅད་ཀྱི་དད་པ་སྣ་ཚོགས་ཀྱི་རྗེས་སུ་སོང་ཞིང་འདུལ་བའི་སྐུ། འགགས་པ་དང་། འགགས་པ་མ་ཡིན་པ་འདུལ་བ་ལ་གཟིགས་པའི་ཡོན་ཏན་དཀོན་མཆོག་ཐམས་ཅད་བྱུང་བ་བསྒྲེང་བའི་སྐུ། ཆོས་ཐམས་ཅད་སངས་ རྒྱས་ཀྱི་ཆོས་དང་དེ་བཞིན་ཉིད་བསྡུས་པའི་སྐུ། རང་བཞིན་གྱིས་ཤིན་ཏུ་ཞི་བ་དང་བསྒྲིབས་པ་མེད་པའི་མཐའི་སྐུ། ཐོགས་པ་མེད་པའི་ཆོས་ཐམས་ཅད་ལས་སྐྱེས་པའི་སྐུ། ཐམས་ཅད་ཀྱི་རྗེས་སུ་སོང་བ། ཆོས་ཀྱི་དབྱིངས་དག་པ། འཇིག་རྟེན་ཐམས་ཅད་ དུ་རྣམ་པར་ཕྱེ་བའི་སྐུ། བརྩམ་པ་ལས་མི་ལྡོག་པ། སངས་རྒྱས་ཀྱི་རྣམ་པར་ཐར་པའི་ཡེ་ཤེས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ། ཀུན་འབྲང་བའི་རྗེས་སུ་སོང་བའི་སྐུ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་དཔལ་གྱི་སྟོབས་དང་། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འདུས་ པ་དགུ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉམ་པ་དང་། མཉམ་པའི་ཡེ་ཤེས་རྣམ་པར་ཆུད་པ་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་བྱུང་བ། སྤྱོད་པ་ལས་མངོན་པར་བྱུང་བ། སྨོན་ལམ་གྱི་ཁྱད་པར་ དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་བྱ་བ་སྣ་ཚོགས་མེད་པའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་བྱུང་བ། བྱང་ཆུབ་སེམས་དཔའི་སྤྱོད་ པ་རྒྱ་མཚོའི་སྤྱོད་པ་ཐམས་ཅད་ཀྱི་ཆོ་ག་ཤེས་པ། སྨོན་ལམ་ཆེན་པོ་དང་། སྤྱོད་པ་མི་ཆུང་བ། སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་དགའ་བ་མ་ཡིན་པ། སྤྱོད་པའི་སྟོབས་བཟོད་པར་དཀའ་བའི་སྤྱོད་པ་ཐམས་ཅད་ལས་བྱུང་ཞིང་སྤྱོད་པ་ཐམས་ཅད་རྣམ་པར་དག་པ། བྱང་ཆུབ་ སེམས་དཔའི་སྤྱོད་པ་བཟང་པོ་སྤྱད་པ་མི་འབྲི་བར་སྤྱོད་པ། སངས་རྒྱས་ཐམས་ཅད་ཏིང་ངེ་འཛིན་ཚད་མེད་པ་ཐམས་ཅད་ལ་གནས་པ། སྤྱོད་ཡུལ་མཐའ་ཡས་པ་ལམ་ཐམས་ཅད་སྟོན་པ། ལམ་མ་ཡིན་པའི་ཡུལ་དང་ལམ་ཐམས་ཅད་ལ་ཞུགས་པ། ཡེ་ཤེས་མཆོག་གི་སྟོབས་ ཀྱི་ཆོ་ག་ཤེས་པ། འཛེམ་པ་མེད་པར་ཆོས་ཀྱི་འཁོར་ལོ་འབེབས་པ། དགེ་བ་འདྲི་བ་དང་། མི་འདྲི་བ་དང་། བཙུན་པའི་ཆོས་ཀྱི་ཚུལ་སྟོན་པའི་ཡེ་ཤེས་མཉམ་པ་དང་མཉམ་པའི་ཡེ་ཤེས་ཤིན་ཏུ་ཡོངས་སུ་དག་པ་ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་གསུམ་ཡོངས་སུ་དག་པ། སངས་རྒྱས་ཀྱི་སྒོ་མ་རྙེད་པ་དང་། སངས་རྒྱས་ཀྱི་སྤྱོད་པས་སོང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། མཛད་པ་ཐམས་ཅད་ལ་ཞུགས་པ། ཐམས་ཅད་མཁྱེན་པ་ལ་གནས་པ། ཚད་མེད་པར་སྟོན་པ་དག་གནས་པ། རྩ་བ་མེད་ ཅིང་མཐའ་མེད་པའི་མངོན་པར་ཤེས་པ་ཐམས་ཅད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། ཡེ་ཤེས་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་རྗེས་སུ་འགྲོ་བ། འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཐོང་བ་དང་། ཕྲ་བ་མ་ལུས་པ་མཐའ་དང་ དབུང་མེད་པའི་ཡེ་ཤེས། དུས་གསུམ་ཐམས་ཅད་ལ་འཇུག་པའི་ཚུལ་དང་ཕྲ་བའི་ཡེ་ཤེས་རྗེས་སུ་རྟོགས་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྣམ་པར་དག་པ་དང་། འཇིག་རྟེན་ལས་འདས་པའི་དོན་དང་། ཡེ་ཤེས་དང་། སངས་རྒྱས་ཀྱི་མཛད་པར་བརྗོད་དུ་མེད་ པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ལྡན་ཞིང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ། གྲངས་ལ་འཇུག་པའི་ཡེ་ཤེས་ཀྱི་ཆོས་ཡི་གེ་མེད་པར་རབ་ཏུ་རྟོག་པ། བརྗོད་དུ་མེད་པའི་ཡེ་ཤེས་སྣ་ཚོགས་རྣམ་པར་ཕྱེ་བ་དང་། ཡི་གེ་ཐམས་ཅད་བརྗོད་དུ་མེད་པར་ཤེས་ པར་བྱེད། ཡེ་ཤེས་ཀྱི་དགེ་བར་སྤྱོད་པའི་ཆོས་ཐམས་ཅད་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་རིམ་པ། སེམས་སྐད་ཅིག་མ་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་ཇི་ལྟར་འོས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་དང་། ཇི་ལྟར་ སྐྱེ་མཆེད་ཀྱི་ཆོས་གཏོང་བར་རབ་ཏུ་ཡིད་ལ་བྱེད་པའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཡུལ་གྱི་མཚམས་མ་ཡིན་པ། འཇིག་རྟེན་གྱི་ཡུལ་ཁམས་མ་ལུས་པ་ཐམས་ཅད་དང་། འགྲོ་བ་མ་ལུས་པ་ཐམས་ཅད་དང་། སེམས་ཅན་མ་ལུས་པ་ཐམས་ཅད་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ ཐམས་ཅད་དང་། དུས་གསུམ་གྱི་སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བའི་ཡུལ་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་སངས་རྒྱས་འབྱུང་བའི་ཡུལ་ལ་འཇུག་ཅིང་ཐམས་ཅད་འདུལ་བའི་ཡུལ་མ་ལུས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ། རྣམ་ པར་དག་པར་སངས་རྒྱས་ཀྱི་ཡིད་ཀྱི་མཚམས་སུ་ཐོབ་པ་མངོན་པར་མཁྱེན་ཅིང་ཡུལ་ཐམས་ཅད་ལས་མངོན་པར་སངས་རྒྱས་པ། སེམས་ཅན་གྱི་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་མ་ལུས་པ་ཐམས་ཅད་རྟོགས་པ། དུས་གསུམ་གྱིས་ཕྱེ་བའི་སེམས་ཀྱི་སྐད་ཅིག་མ་ལ་ཡེ་ ཤེས་ཀྱི་རྗེས་སུ་སངས་རྒྱས་ཤིང་མཚམས་མ་ཡིན་པའི་སངས་རྒྱས་པ། སེམས་ཅན་ཐམས་ཅད་དུ་འགྲོ་བ་མཐའ་ཡས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་མཐའ་མེད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་མཐའ་ཡས་པ་དང་། དུས་གསུམ་ ཐམས་ཅད་དུ་འགྲོ་བ་དཔག་ཏུ་མེད་པ་དང་། སངས་རྒྱས་ཁྱུ་མཆོག་ཐམས་ཅད་དུ་འགྲོ་བ་དང་། ཁོང་དུ་ཆུད་པ་མ་ལུས་པ་ཐམས་ཅད་དུ་འགྲོ་བ་དང་། དེ་དག་མ་ལུས་པ་ཐམས་ཅད་ལས་མངོན་པར་རྫོགས་པར་སངས་རྒྱས་པ་རྣམ་པར་ཆུད་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ ཞིང་སངས་རྒྱས་ཀྱི་ཡེ་ཤེས་མི་གཏོང་བ། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་རྣམ་པར་སྤྲུལ་པ་ལ་བཞུགས་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་མཐའ་དང་དབུང་མེད་པར་གནས་པ། སངས་རྒྱས་ཁྱུ་མཆོག་གི་སྐུ་མཐའ་དང་དབུང་མེད་པར་གནས་པ། སེམས་ཆགས་པ་མེད་པར་ གནས་པ། མཐའ་དང་དབུང་མེད་པའི་སྙིང་རྗེ་ཆེན་པོ་སྦྱོར་བ་ལ་གནས་པ། དུས་ཐམས་ཅད་དུ་རྟག་ཏུ་རྒྱུན་མི་འཆད་པར་ཆོས་སྟོན་པར་གནས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་དཔལ་དང་། ཡེ་ཤེས་ཆེན་པོ་ལ་གནས་པའི་ཆོས་བཅུ་ པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བཅུ་སྟེ། སེམས་ཅན་ཐམས་ཅད་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་ཚད་མི་ཟིན་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚེ་ཇི་ཙམ་པར་དགའ་ལྡན་ན་བཞུགས་ཤིང་ཚེ་ཟད་ནས་འཕོ་བར་བྱེད་པ་དང་། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཟླ་བ་བཅུར་བཞུགས་པའི་ཚེ་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འབྱུང་ཞིང་འབྱུང་བར་བཞེད་པའི་ཐུགས་ཀྱིས་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་སངས་རྒྱས་ཀྱི་ ཆོས་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་ནས་བཞུགས་ཤིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་ གཤེགས་པ་ཐམས་ཅད་རྣམ་པར་སྤྲུལ་པར་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དགེ་བའི་རྩ་བ་སྐྱེད་པའི་དུས་ཇི་ལྟ་བ་བཞིན་དུ་སྟོན་ཏེ་བརྡ་སྤྲོད་ཅིང་ བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་ལ་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྡ་སྤྲོད་ཅིང་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ སྐད་ཅིག་ལ་སེམས་ཅན་ཐམས་ཅད་ཀྱིས་དྲི་བ་དྲིས་པ་རྣམས་སྐད་ཅིག་ལ་བརྡ་སྤྲོད་ཅིང་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པའི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་གཟིགས་མ་ཐག་ཏུ་མྱུར་བའི་དེ་བཞིན་གཤེགས་ པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ངན་པར་འགྲོ་བའི་སེམས་ཅན་རྣམས་གཟིགས་མ་ཐག་ཏུ་དེ་དག་མྱུར་དུ་ཟློག་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་བསོད་ནམས་ཡོངས་སུ་རྫོགས་ པར་ལྷག་པར་འགྲོ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་མཐོ་རིས་སུ་སྐྱེ་བ་རྣམ་པར་དག་པ་སོ་སོར་ཐོབ་པར་ མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་ནེམ་ནུར་དང་། ཡིད་གཉིས་འཇོམས་པར་ཉེ་བར་གཤེགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་གཟིགས་མ་ཐག་ཏུ་ ཕྱིར་མི་ལྡོག་པར་མཛད་པའི་ཕྱིར་མྱུར་དུ་གཤེགས་ཤིང་སེམས་རྒྱ་ཆེན་པོ་ལ་དད་པ་དང་། སངས་རྒྱས་ཀྱིས་འདུལ་བའི་འགྲོ་བ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་གཤའ་ མར་ཞུགས་པ་གཟིགས་མ་ཐག་ཏུ་དམིགས་པར་ལྟ་བ་དང་། གཤའ་མར་འཇུག་པའི་རྒྱུ་རབ་ཏུ་འཛིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་གཟིགས་མ་ཐག་ཏུ་མྱུར་དུ་སེམས་ཅན་རྣམས་ཀྱི་དབང་པོ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པར་མཛད་པ་ དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་བསྒྲིབས་པ་ཐམས་ཅད་ཟད་པར་མཛད་དུ་གཤེགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་སྣང་བ་སོ་སོར་རྙེད་ཅིང་ཞུམ་པ་མེད་དེ། མི་འཇིགས་པ་ལ་ སྤོབས་པ་རྩོམ་པར་མཛད་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་གཟིགས་མ་ཐག་ཏུ་མྱུར་བའི་དེ་བཞིན་དུ་གཟིགས་པའི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབས་པའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་ རྒྱས་ཀྱི་སྔོན་གྱི་ཚངས་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་ལུས་ཚད་མེད་མཐའ་ཡས་པའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་དང་རྣམ་པར་སྤྲུལ་པ་ཚད་མེད་མཐའ་ཡས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་རྗེས་སུ་དགོངས་ པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་ སྲས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ལ་གནས་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ཚོགས་དང་། སེམས་གཅིག་གི་སྤྱོད་པ་དང་། རྣམ་པར་གཡོ་ བ་ལྡོག་པ་སེམས་ཀྱི་སྐད་ཅིག་མ་ལ་མཁྱེན་པ་དང་། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དུས་གསུམ་ཀུན་གྱི་ལས་རྣམས་དང་། ལས་དང་ལྡན་པ་སྣ་ཚོགས་དང་། རྣམ་པ་དང་། རིམ་པ་དང་། ལས་རྣམས་ཀྱི་འཕེལ་ཞིང་སོག་པའང་ཕྱི་མའི་རྣམ་པར་སྨིན་པའི་རིམ་པ་སེམས་ཀྱི་ སྐད་ཅིག་མ་གཅིག་ལ་མཁྱེན་པ་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། སེམས་ཅན་གྱི་རིས་སྣ་ཚོགས་དང་། སེམས་ཅན་གྱི་རིས་གཅིག་དང་། སེམས་ཅན་མ་ལུས་པ་ཐམས་ཅད་དུས་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འདུལ་ཞིང་སྟོན་པའི་ཆོ་འཕྲུལ་དང་རྗེས་སུ་ བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། རྒྱ་མོའི་ཕྱོགས་ཀྱི་རིས་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ ཀྱིས་མཚན་མར་བཟུང་བ་དང་། སངས་རྒྱས་འབྱུང་བ་ལྟ་བ་རྣམ་པར་ཕྱེ་བ་མཁྱེན་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་། དད་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སྐད་ཅིག་ལ་ཚད་མེད་ པའི་རིམ་པས་སངས་རྒྱས་ལ་ལྟ་བ་དང་། རྣམ་པར་རིག་པའི་བྱིན་གྱིས་བརླབས་མཁྱེན་པ་དང་། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་ཕ་རོལ་གྱི་བསམ་པར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ ཅད་འཛིན་པ་མེད་པས་སངས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བ་བཞིན་དུ་འདོམས་ཤིང་རྗེས་སུ་བསྟན་པ་དང་། དེ་བཞིན་གཤེགས་པ་འབྱུང་བ་སྟོན་པར་མཁྱེན་པ་དང་། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་འགྲོ་ ཞིང་སེམས་ཀྱི་སྐད་ཅིག་མ་ལ་དེ་དང་དེ་དག་ཏུ་འགྲོ་བའི་ནན་ཏན་མཁྱེན་པ་དང་། སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་ཕྱོགས་ཐམས་ཅད་ལ་སངས་རྒྱས་རྗེས་སུ་དྲན་པ་གཏོང་ཞིང་སྦྱོར་བ་མཁྱེན་པ་དང་། སེམས་ཀྱི་སྐད་ཅིག་ མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་དད་པ་ཚད་མེད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལ་ལྟ་བ་དང་། གཟུགས་ཀྱི་སྐུའི་ཁ་དོག་གི་གནས་མཐའ་ཡས་པ་སྟོན་པ་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐམས་ཅད་མཁྱེན་པ་ལ་གནས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་བཅུ་སྟེ། བཅུ་ གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་རྟག་ཏུ་སྙོམས་པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ ཐམས་ཅད་ལ་སྙོམས་པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མ་ལ་སེམས་ཅན་གྱི་ཁམས་སྣ་ཚོགས་ཀྱི་རིམ་པ་བདག་མེད་པའི་མཐར་གྱུར་པ་ཀུན་ནས་སྣང་བར་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། དུས་གསུམ་ལ་སྙོམས་ པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མའི་མཐའ་ལ་སྙོམས་པར་འཇུག་ཅིང་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་མེད་བཅུ་རྡུལ་ཡབ་ཐམས་ཅད་ཀྱི་རྒྱ་མོ་ཐམས་ཅད་དང་། སངས་རྒྱས་ཀྱི་རིགས་དང་ཞིང་ཐམས་ཅད་ལ་རྟག་ཏུ་སྙོམས་པར་ཞུགས་ ཤིང་ཞིང་མི་ཟད་པའི་མཐར་གྱུར་པར་གནས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ལ་སྙོམས་པར་ཞུགས་ཤིང་སྐད་ཅིག་ལ་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་པར་རིག་པ་སྟོན་པ་དང་། སངས་རྒྱས་ བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། ལུས་དང་། ངག་དང་། སེམས་ཡོངས་སུ་གསལ་བ་ལ་རྟག་ཏུ་སྙོམས་པར་ཞུགས་ཤིང་སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ཚོགས་ཀྱི་གནས་མཛོད་དུ་གནས་ཤིང་སྐད་ཅིག་ལ་དད་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་དང་། སངས་རྒྱས་ བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སྙོམས་པར་ཞུགས་ཤིང་འདོད་ཆགས་དང་བྲལ་བའི་མཐར་གྱུར་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། འཇིག་རྟེན་ཐམས་ཅད་ཀྱི་རྐྱེན་ལ་སྙོམས་པར་འཇུག་ཅིང་ སྐད་ཅིག་ལ་སྨྲ་བའི་རྐྱེན་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པ་མེད་བཅུ་རྡུལ་ཡབ་ཐམས་ཅད་ལ་རྟག་ཏུ་སྙོམས་པར་ཞུགས་ཤིང་སྐད་ཅིག་ལ་མཐའ་ཡས་པའི་རྐྱེན་གྱི་རྗེས་སུ་སོང་བ་སྟེ། སངས་རྒྱས་ ལ་ལྟ་བ་མི་གཅོད་ཅིང་སེམས་ཅན་སངས་རྒྱས་མཐའ་ཡས་པ་ལ་ལྟ་བར་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་བསྒྲུབ་པ་མེད་པ་ལ་སྙོམས་པར་ཞུགས་ཤིང་སྐད་ཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་ཤིང་རིག་ནས་སངས་རྒྱས་ཀྱི་རྣམ་པར་ཐར་པ་ མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་བསམ་གྱིས་མི་ཁྱབ་པ་བཅུའོ། ། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་བཅུ་སྟེ། བཅུ་གང་ཞེ་ན། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་འབྱུང་བ་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་ བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སེམས་ཅན་འདུལ་ཞིང་ཡོངས་སུ་སྨིན་པར་མཛད་པ་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ ཡང་བརྗོད་དུ་མེད་པའི་ཞིང་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བར་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་ཞིང་རྗེ་བ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་། རྣམ་པར་སྤྲུལ་པ་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་ པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་རྣམ་པར་ཐར་པ་དང་། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་མཚན་སྟོན་པ་རྣམ་པར་ཐར་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་ པ་བཅུའོ། །སྙན་གྱི་གོང་རྒྱན་རྒྱས་པ་ཆེན་པོའི་མདོ་ལེའུ་འབུམ་པ་ལས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཉི་ཤུ་དགུ་པ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་དཱི་པཾ་ཀ་ར་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་མང་པོས་ ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་དགེ་བའི་རྩ་བ་ལ་སོ་སོར་བརྟག་པ་ཉིད་ཀྱིས་བསམ་པ་ཤིན་ཏུ་ཡོངས་སུ་དག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ངས་སངས་རྒྱས་བརྒྱ་སྟོང་མང་པོ་ལ་ཞེ་ས་དང་བཅས་པས་བསྙེན་བཀུར་བྱས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ང་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་གྱི། གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་ནས་ཨུད་ པལ་ལྔ་ཕུལ་བ་དེའི་འོག་ཏུ་ང་ཆོས་བདག་མེད་པ་ཉིད་ལ་མོས་པར་གྱུར་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན་ཁྱོད་དགེ་བའི་རྩ་བས་ཆོག་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ ཡང་ཆེས་གྲངས་མེད་པ་ཡངས་པ་ཚད་མེད་པ། བསམ་གྱིས་མི་ཁྱབ་པ་འདས་པ་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ། རྒྱས་པ་མཆོག་དང་ལྡན་པ་ཞིག་བྱུང་སྟེ། ཀུན་དགའ་ བོ་རྒྱལ་པོ་མ་སྐྱེས་དགྲ་དེ་ལ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་ཡོད་དེ་ཐམས་ཅད་ཀྱང་བཀྲ་བ། བལྟ་ན་སྡུག་པ། སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ། རྫིང་བུ་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། བདེ་བ་ལོ་ལེགས་པ། ཉམས་དགའ་བ། འབྱོར་པ། རྒྱས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཤ་སྟག་གོ། །ཀུན་དགའ་བོ་རྒྱལ་པོ་མ་སྐྱེས་དགྲ་དེ་ལ་རྒྱལ་པོའི་ཕོ་བྲང་པད་མ་ཅན་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་མ་སྐྱེས་དགྲ་དེ་དེ་ན་གནས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན་ན་འདོན་བྲམ་ཟེ་གླིང་ལྡན་ཞེས་ བྱ་བ་སྙིང་དུ་སྡུག་ཅིང་མཐོང་ན་མི་འཐུན་པ་མེད་པ་དང་ལྡན་པ་ཞིག་ཡོད་དོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རིགས་བཞིའི་མི་ཐམས་ཅད་བསྡུས་ནས་བྲམ་ཟེ་གླིང་ལྡན་བཀུག་སྟེ། ཅོད་པན་བཅིངས་ནས་རྒྱལ་སྲིད་ཕྱེད་བྱིན་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ། །བྲམ་ཟེ་ཁྱོད་རང་གི་ ཡུལ་དུ་སོང་སྟེ། རྒྱལ་པོའི་ཕོ་བྲང་བྱོས་ལ་མིང་ཡང་པད་མ་ཅན་དུ་ཐོགས་ཤིག །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་གྱིས་རང་གི་ཡུལ་དུ་རྒྱལ་པོའི་ཕོ་བྲང་བྱས་ཏེ། མིང་ཡང་པད་མ་ཅན་དུ་བཏགས་སོ། །ཀུན་དགའ་བོ་དེ་ལྟར་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདི་ན་རྒྱལ་པོ་གཉིས་རྒྱལ་ སྲིད་བྱེད་དེ། གཅིག་ནི་མ་སྐྱེས་དགྲའོ། །ཅིག་ཤོས་ནི་གླིང་ལྡན་ནོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་གྱི་བཙུན་མོ་དམ་པ་ཁང་བཟངས་ཀྱི་ཡང་ཐོག་ན་བདེ་བར་ཉལ་ཞིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་མར་མེ་མཛད་དགའ་ལྡན་གྱི་གནས་ནས་ཤི་འཕོས་ནས་གླང་པོ་ ཆེའི་ཕྲུ་གུ་ཐལ་ཀར་དུ་བསྒྱུར་ཏེ། འོད་ཟེར་རབ་ཏུ་འགྱེད་ཅིང་མའི་གློ་གཡས་པར་ཞུགས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཙུན་མོ་དམ་པ་དེས་རྒྱལ་པོ་གླིང་ལྡན་ལ་སྐབས་འདིར་སྨྲས་སོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་གྱིས་བྲམ་ཟེ་མཚན་མཁན་དང་། ལྟས་མཁན་དང་། མཆོད་སྦྱིན་མཁན་ རྣམས་བསྡུས་ཏེ་རྨི་ལམ་གྱི་སྐབས་འདི་བསྙད་པ་དང་། བྲམ་ཟེ་མཚན་མཁན་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དེ། ཁྱོད་ཀྱི་སྲས་སེམས་ཅན་རིན་པོ་ཆེ་ཞིག་བལྟམ་པར་འགྱུར་རོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་རྨི་ལམ་བསྟན་པ་འདི་ཐོས་ནས་ དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྒྱལ་པོ་གླིང་ལྡན་དེའི་རྒྱལ་ཁམས་སུ་གཏོགས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཏེ། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་ པ། སྤོས་དང་། ཕྲེང་བ་རྒྱུ་དང་། བྱུག་པ་དང་། གནས་མལ་རུང་བ་ཁ་ན་མ་ཐོ་བ་མེད་པ་དང་། གང་ཅི་དང་ཅི་འདོད་པ་ཐམས་ཅད་བྱིན་ནོ། །ཀུན་དགའ་བོ་དེ་ནས་ཟླ་བ་བཅུ་འདས་པ་དང་། རྒྱལ་པོ་གླིང་ལྡན་གྱི་བུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་ རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་ཏེ། བཙས་མ་ཐག་ཏུ་ལུས་ལས་འདི་ལྟ་བུའི་འོད་བྱུང་སྟེ། འོད་དེས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་ཐམས་ཅད་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་རང་གི་གནས་ནས་མི་སྣང་བར་གྱུར་ནས། གཞོན་ནུ་གང་ན་བ་ དེར་སོང་སྟེ་ཕྱིན་ནས་གཞོན་ནུ་དེ་ལ་ཤིས་པར་བརྗོད་པ་བྱས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །འདི་བཙས་མ་ཐག་ཏུ་ལུས་ལས་འདི་ལྟ་བུའི་འོད་བྱུང་སྟེ། འོད་དེས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་ཐམས་ཅད་སྣང་བས་ཁྱབ་པར་གྱུར་པས་གཞོན་ནུའི་མིང་མར་མེ་མཛད་དུ་བཏགས་ སོ། །དེ་ནས་གཞོན་ནུའི་མིང་མར་མེ་མཛད་མར་མེ་མཛད་ཅེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་དགའ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཡང་དེའི་རྒྱལ་ཁམས་སུ་གཏོགས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཏེ། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། སྤོས་དང་། ཕྲེང་བ་རྒྱུ་དང་། བྱུག་པ་དང་། གནས་མལ་རུང་བ་ཁ་ན་མ་ཐོ་བ་མེད་པ་དང་། གང་ཅི་དང་ཅི་འདོད་པ་ཐམས་ཅད་བྱིན་ནོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་གྱིས་རྒྱལ་ བུ་གཞོན་ནུ་མར་མེ་མཛད་བཀུག་སྟེ། ཅོད་པན་བཅིངས་ནས་རྒྱལ་སྲིད་ཕྱེད་བྱིན་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །གཞོན་ནུ་ཁྱོད་སོང་ལ་བཙུན་མོའི་འཁོར་གྱི་ནང་ན་འདུག་ཅིང་རྩེས་ཤིག །དགའ་བར་གྱིས་ཤིག །དགའ་དགུར་སྤྱོད་ཅིག །ཀུན་དགའ་བོ་དེ་ནས་རེ་ཞིག་ན་རྒྱལ་བུ་གཞོན་ནུ་མར་མེ་ མཛད་བཙུན་མོའི་འཁོར་གྱི་ནང་དུ་སོང་ནས་བཞོན་པ་ཆེན་པོ་ལ་ཞོན་ཏེ། བུད་མེད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་གྱི་གནས་སུ་སོང་བ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་གཅིག་གིས་བདག་ཅག་ཉིད་རྒས་ཤིང་འཁོགས་པ་དང་། ནད་ཀྱིས་བཏབ་པ་དང་། ཤི་བ་ཡང་བསྟན་ཏེ་དགེ་སྦྱོང་ཞིག་ཀྱང་དེར་བཞག་པ་དང་། རྒྱལ་བུ་གཞོན་ནུ་མར་མེ་མཛད་ཀྱིས་མཐོང་ནས་ཁ་ལོ་སྒྱུར་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁ་ལོ་སྒྱུར་བ་རྣམ་པ་སྣ་ཚོགས་སྣང་བ་འདི་དག་ཅི་ཡིན། ཁ་ལོ་སྒྱུར་བས་སྨྲས་པ། གཞོན་ནུ་འདི་དག་ནི་རྒས་ པ་ཞེས་བགྱི་བ་དང་། ན་བ་ཞེས་བགྱི་བ་དང་། ཤི་བ་ཞེས་བགྱི་བ་ལགས་ཏེ། གཞོན་ནུ་ཇི་སྲིད་དུ་ཆོས་ཉིད་གདགས་པ་མཆིས་པ་དེ་སྲིད་དུ་རྒ་བ་དང་། ན་བ་དང་། འཆི་བའི་ཆོས་རྣམས་མཆིས་ཏེ་གཞོན་ནུ་ཁྱོད་དང་འོ་སྐོལ་ཡང་དེ་ལྟ་བུ་ལགས་ཏེ། འཁོར་བ་ན་གནས་པ་ཁོ་ན་ལགས་ སོ། །གཞོན་ནུས་སྨྲས་པ། ཁ་ལོ་སྒྱུར་བ་མགོ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ལ་ཞི་ཞིང་ཉེ་བར་ཞི་བ་གཉའ་ཤིང་གང་ཙམ་དུ་བལྟ་བ་འདི་སུ་ཞིག །ཁ་ལོ་སྒྱུར་བས་སྨྲས་པ། གཞོན་ནུ་འདི་ནི་དགེ་སློང་སྟེ། སྡིག་པ་ཐམས་ཅད་སྤངས་པ་ཐར་པ་ལ་མངོན་པར་དགའ་བའི་འདུ་ཤེས་བསྐྱེད་ནས་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལགས་སོ། །གཞོན་ནུས་སྨྲས་པ། ཁ་ལོ་སྒྱུར་བ་ལེགས་སོ་ལེགས་སོ། །དགེ་སློང་འདིའི་ལམ་འདི་ནི་འདོད་པ་ཡིན་ནོ་ཞེས་ནས་ཕྱིར་ལོག་སྟེ་ཁྱིམ་དུ་སོང་ངོ་། །ཀུན་དགའ་བོ་དེ་ནས་རེ་ཞིག་ན་རྒྱལ་བུ་གཞོན་ནུ་མར་མེ་མཛད་ཡང་སྐྱེད་མོས་ ཚལ་གྱི་གནས་སུ་སོང་ངོ་། །དེ་སྐྱེད་མོས་ཚལ་གྱི་གནས་སུ་ཕྱིན་པ་དང་། དེ་ན་སངས་རྒྱས་བརྒྱ་སྟོང་མང་པོས་བསྟན་པའི་བྱང་ཆུབ་ཀྱི་སྙིང་པོ་མཐོང་ངོ་། །ཀུན་དགའ་བོ་དེ་ནས་བྱང་ཆུབ་སེམས་དཔའ་མར་མེ་མཛད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་དེ་མཐོང་ནས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ ཐམས་ཅད་ཧ་ཅང་ཐག་མི་རིང་བར་བོར་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེས་བྱང་ཆུབ་ཀྱི་སྙིང་པོ་མཐོང་བ་དང་། ལན་གསུམ་བསྐོར་བ་བྱས་ནས་བྱང་ཆུབ་ཀྱི་སྙིང་པོ་དེར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །བྱང་ཆུབ་སེམས་དཔའ་མར་མེ་མཛད་འདུག་མ་ཐག་ཏུ་དེ་ནས་དེའི་ ཚེ་དེ་ཉིད་ཀྱི་མཚན་མོའི་སྐྱ་རེངས་དང་པོ་ཤར་བའི་དུས་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མར་མེ་མཛད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ ཏུ་དེའི་ཚེ་སྐུ་ལས་འདི་ལྟ་བུའི་འོད་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་སྒྲ་འདི་སྐད་ཅེས་ཀྱང་བསྒྲགས་སོ། །ཀྱེ་མའོ་དེ་བཞིན་གཤེགས་པ་མར་མེ་མཛད་འདི་འཇིག་རྟེན་དུ་བྱུང་སྟེ། འདི་ལྟར་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་མཛད་དོ། །དེ་བཞིན་གཤེགས་པ་མར་མེ་མཛད་ལོ་ལྔ་བཅུའི་བར་དུ་བྱང་ཆུབ་ཀྱི་སྙིང་པོ་དེ་ན་བཞུགས་ཀྱང་ཐ་ན་སེམས་ཅན་གཅིག་ཙམ་ཡང་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་མི་ འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་གི་འཁོར་གྱི་མི་རྣམས་བདེ་བ་དང་ལྡན་པའི་ཕྱིར་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་མི་འགྲོའོ། །ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་འདི་སྙམ་དུ་དགོངས་ཏེ། རྒྱལ་ པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་བདེ་བ་དང་ལྡན་པས་ཧ་ཅང་བག་མེད་པར་གྱུར་གྱི། ངས་དེ་རྣམས་ཅུང་ཞིག་ཡིད་བྱུང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་དེའི་ཚེ་ འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་ཀྱི་ནང་དུ་བཻ་དཱུརྱ་ལས་བྱས་པའི་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་པ། སྐྱེ་བོ་དང་མི་མང་ པོས་གང་ལ། མི་དེ་དག་ཀྱང་ལྷག་པར་མཛེས་པ། ལྷག་པར་བལྟ་ན་སྡུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་ཅིག་མངོན་པར་སྤྲུལ་ཏོ། །དེ་ནས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་བཻ་དཱུརྱ་ལས་བྱས་པའི་གྲོང་ཁྱེར་ན་གནས་པའི་མི་རྣམས་ཀྱིས་སྤ་ གོང་བར་ནི་གྱུར་ན་གང་ཡང་སྐྱོ་བར་ནི་མ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་ཧ་ཅང་བག་ མེད་པ་དང་ལྡན་པར་གྱུར་པས་ངས་ཡང་ཅུང་ཞིག་སྐྱོ་བ་བསྐྱེད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ཡང་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་བཻ་དཱུརྱ་ལས་བྱས་པའི་གྲོང་ཁྱེར་ཆེན་པོ་དེ་ལ་མེ་ཆེན་པོ་འབར་བར་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ་དེ་ལ་མེ་འབར་བར་གྱུར་ཏོ། །དེ་ནས་དེའི་ཚེ་སེམས་ཅན་དེ་དག་དང་གྲོང་ཁྱེར་ཆེན་པོ་ དེ་ཡང་ཡོངས་སུ་ཟད་ཅིང་མཐར་ཐུག་པ་དང་ཞིག་པར་གྱུར་ནས་སེམས་ཅན་དེ་དག་ཀྱང་ཚུལ་མ་ཡིན་པ་མཐོང་བས་སྡུག་བསྔལ་བར་གྱུར་ཏོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་ཀྱིས་བཻ་དཱུརྱ་ལས་བྱས་པའི་གྲོང་ཁྱེར་ཆེན་པོ་རྒུད་པར་ མཐོང་ནས་དངངས་སྐྲག་པར་གྱུར་ཅིང་སྐྱོ་བར་གྱུར་ནས་སྤུ་ཟིང་ཞེས་བྱེད་དེ། དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏོ། །གང་གི་ཕྱིར་གྲོང་ཁྱེར་དེ་ཡོངས་སུ་ཟད་ཅིང་མཐར་ཐུག་པ་དང་ཞིག་པར་གྱུར་པ་ལས་ན་རིང་པོ་མི་ཐོགས་པར་བདག་ཅག་ཀྱང་དེ་ལྟ་བུའི་མི་རྟག་པའི་གནས་སྐབས་སུ་གྱུར་ ན་སུ་ཞིག་བདག་ཅག་གི་སྐྱབས་སུ་འགྱུར་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་འདི་རྣམས་ཡོངས་སུ་སྨིན་པས་ངས་ཆོས་བསྟན་པ་ ཀུན་ཤེས་པར་ནུས་ཤིང་སྐལ་བ་དང་ལྡན་པ་དང་མཐུ་ཡོད་པར་གྱུར་ཏོ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་མི་དེ་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་དྲན་པ་དང་ཤེས་བཞིན་གྱིས་བྱང་ཆུབ་ཀྱི་སྙིང་པོ་དེ་ལས་བཞེངས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ལྷའི་དབང་པོ་ བརྒྱ་བྱིན་དང་ཐབས་ཅིག་ཏུ་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་གཤེགས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་མར་མེ་མཛད་བྱོན་མ་ཐག་ཏུ་དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཆོས་བསྟན་པ་དང་པོའི་ཚེ་སྲོག་ཆགས་ཉི་ཁྲི་རབ་ཏུ་ཕྱུང་སྟེ། དེ་དག་ཐམས་ ཅད་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཆོས་བསྟན་པ་གཉིས་པའི་ཚེ་སྲོག་ཆགས་སུམ་ཁྲི་རབ་ཏུ་ཕྱུང་སྟེ། དེ་དག་ཐམས་ཅད་ཀྱང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཆོས་བསྟན་པ་གསུམ་པའི་ཚེ་སྲོག་ཆགས་བཞི་ཁྲི་རབ་ ཏུ་ཕྱུང་སྟེ། དེ་དག་ཐམས་ཅད་ཀྱང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ཆོས་བསྟན་པ་བཞི་པའི་ཚེ་སྲོག་ཆགས་ལྔ་ཁྲི་བར་ཏུ་ཕྱུང་སྟེ། དེ་དག་ཐམས་ཅད་ཀྱང་ལེན་པ་མེད་པ་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཀུན་དགའ་བོ་དེ་ནས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དགེ་སློང་གི་དགེ་འདུན་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོ་གླིང་ལྡན་གྱི་བུ་ཞིག་སྐྱེས་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཐོས་ནས་དེ་ལ་ཕོ་ཉ་བཏང་སྟེ། འདི་ལྟར་བདག་ཀྱང་མཆོད་པར་འཚལ་ན་བདག་གི་ཐད་དུ་གཤེགས་པར་གསོལ་ཞེས་སྤྲིང་ངོ་། །དེ་ནས་ཕོ་ཉ་དེས་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་རྒྱལ་པོ་གླིང་ལྡན་གྱི་རྒྱལ་པོའི་ཕོ་བྲང་ག་ལ་བ་དང་། རྒྱལ་ པོ་གླིང་ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕྲིན་དེ་སྐད་སྨྲས་སོ། །དེ་ནས་རྒྱལ་པོ་གླིང་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་ འདུག་ནས་སྐབས་དེ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ལ་སླར་སོང་ཤིག །ང་ནི་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་གཤེགས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་ མེ་མཛད་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་། རྒྱལ་པོ་གླིང་ལྡན་ཡང་རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་ཚོགས་མང་པོ་དང་། རྒྱལ་པོའི་རྣམ་པར་འཕྲུལ་པ་ཆེན་པོ་དང་། རྒྱལ་པོའི་བདོག་པ་ཆེན་པོ་དང་། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་རྣམ་པར་རྩེ་བ་ཆེན་པོ་དང་ཆས་ཏེ་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ ཐབས་ཅིག་ཏུ་གཤེགས་སོ། །ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་མར་མེ་མཛད་དེ་རིམ་གྱིས་རྒྱལ་པོའི་ཕོ་བྲང་པད་མ་ཅན་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་རིའི་རྒྱལ་པོ་གངས་རི་ལ་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་ཞིག་འདུག་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བསྟན་བཅོས་ དང་རིག་བྱེད་དང་། གསང་སྔགས་ཐམས་ཅད་སློབ་ཏུ་འཇུག་གོ། །དེ་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་པོ་དེ་དག་གི་ནང་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བ་གཞོན་ནུ་དར་ལ་བབ་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། གསང་ སྔགས་དང་། བསྟན་བཅོས་དང་། ཆོག་ཤེས་པ་ཇི་སྙེད་པ་ཐམས་ཅད་ལ་མཁས་པ་ཞིག་ཡོད་དོ། །ཀུན་དགའ་བོ་དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བས་མཁན་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མཁན་པོ་བདག་གྲོང་དང་། གྲོང་ཁྱེར་དང་། ལྗོངས་ དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་མཆིའོ། །མཁན་པོས་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་བདག་ཅག་བྲམ་ཟེ་རྣམས་ཀྱི་ཆོས་ཉིད་ནི་འདི་ཡིན་ཏེ། གང་གིས་བསྟན་བཅོས་དང་། རིག་བྱེད་དང་། གསང་སྔགས་ཐམས་ཅད་ལོབས་པ་དེས་མཁན་པོ་ལ་ཟོང་ལྔ་བརྒྱ་ དང་། རས་ཟུང་གཅིག་དང་། ཁར་བ་དང་། རིལ་བ་རྣམས་སྦྱིན་དགོས་སོ། །བྲམ་ཟེའི་ཁྱེའུ་སྤྲིན་གྱིས་སྨྲས་པ། མཁན་པོ་བདག་ལ་པགས་པ་དང་། ཁར་བ་དང་། རིལ་བ་མ་གཏོགས་པར་ཅི་ཡང་མ་མཆིས་པས་མཆིའོ། །ལན་གསུམ་གྱི་བར་དུ་གསོལ་ནས་དེ་བཞིན་གྱིས་ཤིག་ ཅེས་སྨྲས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་རིམ་གྱིས་རིའི་རྒྱལ་པོ་གངས་ལས་བབས་ནས་གྲོང་དང་། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་ཞུགས་སོ། །དེའི་ཚེ་ན་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བ་ན་བྲམ་ཟེ་ས་ག་བཟང་པོ་ཞེས་བྱ་བ་ཞིག་ གནས་ཏེ། དེ་ལ་བུ་མོ་བཟང་ལེན་ལྡན་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་པ་དེའི་ཕྱིར་ཉི་མ་རེ་རེ་ཞིང་བྲམ་ཟེ་བཞི་ཁྲི་ལ་ཟན་སྦྱིན་པར་བྱེད་ཅིང་། དེ་རྣམས་ཀྱི་ནང་ན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ གང་ཡིན་པ་དེ་ལ་བདག་གི་བུ་མོ་སྦྱིན་ནོ་སྙམ་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་ཞིག་གིས་བྲམ་ཟེའི་ཁྱེའུ་སྤྲིན་ལ་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བའི་ལམ་བསྟན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་མཆོད་སྦྱིན་གྱི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ཏོ། །བྲམ་ཟེའི་ཁྱེའུ་ སྤྲིན་མཆོད་སྦྱིན་གྱི་གནས་དེར་ཕྱིན་མ་ཐག་ཏུ་དེའི་ཚེ་བུ་མོ་དེས་རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་བྲམ་ཟེའི་ཁྱེའུ་འདིའི་མཚན་མ་ཇི་ལྟར་གདའ་བ་ལས་ན་འདི་བདག་གི་ཁྱིམ་ཐབ་ཏུ་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་བྲམ་ཟེ་དེ་དག་ཐམས་ཅད་དང་ལྷན་ཅིག་ཀུན་ཏུ་སྨྲ་བར་ བྱེད་ཅིང་། དེ་ན་བྲམ་ཟེ་སྤྲིན་ཉིད་བསྟན་བཅོས་དང་། གསང་སྔགས་དག་གིས་ཁྱད་པར་དུ་འཕགས་སོ། །དེའི་ཚེ་ན་མཆོད་སྦྱིན་གྱི་གནས་དེར་བྲམ་ཟེ་དུམ་བུ་བྱིན་ཞེས་བྱ་བ་ཞིག་རྒན་གྲལ་དུ་འདུག་སྟེ། མཆོད་སྦྱིན་བྱེད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་བྲམ་ཟེ་དུམ་བུ་བྱིན་ག་ལ་བ་དེར་སོང་སྟེ་ ཕྱིན་ནས། བྲམ་ཟེ་དུམ་བུ་བྱིན་དང་ལྷན་ཅིག་ཏུ་རིག་བྱེད་དང་གསང་སྔགས་དག་སྨྲ་བར་བྱེད་ཅིང་། དེ་ན་འདི་ལྟ་སྟེ། སྤྲིན་ཉིད་རིག་བྱེད་དང་། གསང་སྔགས་དང་། བསྟན་བཅོས་དག་གིས་ཁྱད་པར་དུ་འཕགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་བྲམ་ཟེ་དུམ་བུ་བྱིན་ལ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་བྲམ་ཟེ་བདག་ཅག་བྲམ་ཟེ་རྣམས་ཀྱི་ཆོས་ཉིད་ནི་གང་གིས་བསྟན་བཅོས་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པ་དེ་སྟན་མཆོག་ལ་འདུག་པ་ཡིན་ནོ། །དེ་ནས་ཡང་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་བྲམ་ཟེ་དུམ་བུ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་འདིར་ཁོ་བོ་འདུག་གིས་སྟན་ འདི་ལས་ལོངས་ཤིག །དེ་ནས་བྲམ་ཟེ་དུམ་བུ་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ང་སྟན་འདི་ལས་མ་བསླང་ཤིག་དང་། ཁོ་བོས་ཟོང་ལྔ་བརྒྱ་ཐོབ་པ་ཁྱོད་ལ་སྦྱིན་ནོ་སྨྲས་པ། ཁོ་བོ་ལ་མི་དགོས་སོ། །དེ་མ་ལངས་པ་དང་དེའི་མགྲིན་པ་ནས་བཟུང་ སྟེ་བསླང་ངོ་། །དེ་ནས་བྲམ་ཟེ་དུམ་བུ་བྱིན་གྱིས་བྲམ་ཟེའི་ཁྱེའུ་སྤྲིན་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་ཁོ་བོ་སྟན་འདི་ལས་བསླངས་ནས་ཐོ་བཙམས་ཤིང་དངངས་པར་བྱས་པས་ཁྱོད་གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྦྱིན་པའི་བར་ཆད་བྱའོ་ཞེས་དམ་བཅས་སོ། ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་སེང་གེའི་ཁྲི་དེ་ལ་འདུག་གོ། །དེ་ནས་བྲམ་ཟེ་ས་ག་བཟང་པོས་བུ་མོ་བཟང་ལེན་ལྡན་ལག་གཡས་པས་བཟུང་སྟེ། གསེར་གྱི་ཁར་བ་དང་། རིལ་བ་དང་། རས་ཟུང་གཅིག་དང་། ཟོང་ལྔ་བརྒྱ་ཁྱེར་ནས་བྲམ་ཟེའི་ཁྱེའུ་སྤྲིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྲམ་ཟེའི་ ཁྱེའུ་སྤྲིན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ལོང་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་ཟོང་ལྔ་བརྒྱ་དང་། རས་ཟུང་གཅིག་དང་། ཁར་བ་དང་། རིལ་བ་རྣམས་བླངས་ཏེ་བུ་མོ་དེ་མ་བླངས་སོ། །འདི་སྐད་ཅེས་ཀྱང་སྨྲས་སོ། །བུད་མེད་འདིས་ཅི་ཞིག་བྱ། བུད་མེད་ནི་སྤྲེའུ་དང་ འདྲ་སྟེ། རྒོད་པ་འཕྱར་བ་དགེ་བའི་བར་ཆད་བྱེད་པ་ཡིན་ལ། ཁོ་བོ་ནི་དགོན་པ་དང་རབ་ཏུ་དབེན་པ་རྣམས་ན་གནས་པས་འདི་ཁོ་བོ་ལ་མི་དགོས་སོ། །རིགས་ཀྱི་བུ་བདག་ལ་སྙིང་བརྩེ་བའི་ཕྱིར་ལོང་ཤིག །དེས་མ་བླངས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་མཆོད་སྦྱིན་གྱི་གནས་དེ་ནས་ སོང་སྟེ་རིའི་རྒྱལ་པོ་གངས་ག་ལ་བ་དེར་སོང་ངོ་། །དེ་ནས་བྲམ་ཟེ་ས་ག་བཟང་པོས་བུ་མོ་བཟང་ལེན་ལྡན་ལ་སྨྲས་པ། བུ་མོ་ཁྱོད་ཁྱིམ་ཐབ་ཀྱི་ཕྱི་བཞིན་ཅིའི་ཕྱིར་མི་འགྲོ། དེས་དེའི་ཚིག་མཉན་ཏེ། མཉན་ནས་རིའི་རྒྱལ་པོ་གངས་ག་ལ་བ་དེ་ལོགས་སུ་འཕགས་སོ། །དེའི་ཚེ་ན་ གནས་གཙང་མའི་རིས་ཀྱི་ལྷའི་བུ་ཞིག་གིས་རིའི་རྒྱལ་པོ་གངས་སུ་འགྲོ་བའི་ལམ་མི་སྣང་བར་བྱས་ནས་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་གང་ནས་འགྲོ་བའི་ལམ་བསྟན་ཅིང་། གང་དུ་བྲམ་ཟེའི་ཁྱེའུ་སྤྲིན་དྲོ་འདེབས་པ་དེར་བུ་མོ་བཟང་ལེན་ལྡན་ཡང་དགོངས་འདེབས་སོ། །དེ་ནས་བྲམ་ ཟེའི་ཁྱེའུ་དེས་རྒྱལ་པོའི་ཕོ་བྲང་པད་མ་ཅན་དར་གྱི་ལྡ་ལྡི་བྲེས་པ། མེ་ཏོག་བཀྲམ་པ། བདུག་སྤོས་འཐུལ་བའི་སྣོད་དངར་བ་མཐོང་ནས་དེས་དྲིས་པ། གྲོང་ཁྱེར་ཆེན་པོ་འདི་ཅིའི་རྒྱུས་མངོན་པར་བརྒྱན་པར་གྱུར། དེ་ནས་རྒྱལ་པོའི་ཕོ་བྲང་པད་མ་ཅན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་ ཀྱིས་བྲམ་ཟེའི་ཁྱེའུ་སྤྲིན་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མ་ཐོས་སམ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོ་མ་སྐྱེས་དགྲས་སྤྱན་དྲངས་ནས་དེ་འདིར་བྱོན་པའི་ ཕྱིར་གྲོང་ཁྱེར་ཆེན་པོ་མངོན་པར་བརྒྱན་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་འདི་སྙམ་དུ་སེམས་ཏེ། བདག་ཅག་བྲམ་ཟེ་རྣམས་ཀྱི་ནང་ན་གང་བསྟན་བཅོས་ཐམས་ཅད་ལ་སྤྱོད་པ་གསལ་ཞིང་མཁས་པ་ཡང་དཀོན་ན། སེམས་ཅན་རིན་པོ་ཆེ་འདི་ལྟར་འཇིག་རྟེན་དུ་བྱུང་བ་ལྟ་སྨོས་ཀྱང་ཅི་ དགོས་ཀྱིས་བདག་གིས་ཟོང་ལྔ་བརྒྱ་པོ་འདིས་མེ་ཏོག་ཉོས་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་གོར་མ་ཆག་སྙམ་ནས་དེས་ཕན་ཚུན་མེ་ཏོག་བཙལ་ན་གང་ནས་ཀྱང་མ་རྙེད་པ་དང་། རྒྱལ་པོའི་ཕོ་བྲང་པད་མ་ཅན་གྱི་རྒྱལ་པོའི་ཕོ་བྲང་འཁོར་བའི་མི་རྣམས་ན་རེ་བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་མ་ ཐོས་སམ། རྒྱལ་པོ་མ་སྐྱེས་དགྲས་བཀའ་སྩལ་ཏེ། མེ་ཏོག་ཐམས་ཅད་དེ་བཞིན་གཤེགས་པ་མར་མེ་མཛད་ལ་མཆོད་པ་བྱ་དགོས་ཀྱིས། འདི་ལྟར་སུ་ཡང་མེ་ཏོག་ཉོར་ཡང་མི་གནང་། འཚོང་དུ་ཡང་མི་གནང་ངོ་། །གང་ཞིག་གིས་ཉོས་སམ་བཙོངས་ན་ངས་དེ་ཆད་པ་ཆེན་པོས་ གཅད་དོ་ཞེའོ། །དེ་མེ་ཏོག་ཚོལ་བ་ན་བུ་མོ་བཟང་ལེན་ལྡན་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཅི་ཚོལ། བྲམ་ཟེའི་ཁྱེའུ་སྤྲིན་གྱིས་སྨྲས་པ། བུ་མོ་མེ་ཏོག་ཚོལ་ལོ། །དེ་ནས་བུ་མོ་བཟང་ལེན་ལྡན་མེ་ཏོག་ཕྲེང་བརྒྱུད་མཁན་ཞིག་གི་ཁྱིམ་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་མེ་ཏོག་ཕྲེང་བརྒྱུད་མཁན་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁོ་མོ་ལ་མེ་ཏོག་བྱིན་ཅིག །ཁོ་མོའི་ཁྱིམ་ཐབ་ལ་དགོས་སོ། །མེ་ཏོག་ཕྲེང་བརྒྱུད་མཁན་གྱིས་སྨྲས་པ། བུ་མོ་ཁྱོད་ཀྱིས་མ་ཐོས་སམ། འདི་ལྟར་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་བཀའ་སྩལ